Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྡ་སའི་ས་གནས་མདོ་སྨད་ལོ་གསར་མཉམ་རོལ་དུས་སྟོན་ཐོག་ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས་བསྩལ་པའི་གསུང་བཤད།

Posted on 2018-02-242018-02-25 By ཁ་བརྡ 22 Comments on རྡ་སའི་ས་གནས་མདོ་སྨད་ལོ་གསར་མཉམ་རོལ་དུས་སྟོན་ཐོག་ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས་བསྩལ་པའི་གསུང་བཤད།

རེ་མདོ་སེངྒེས་འོས་སྦྱོར་བྱས།
 
༄༅།། དེ་རིང་ལོ་གསར་ཐོག་མཉམ་འཛོམས་བྱུང་བའི་མི་རེ་རེའི་མཚན་ནས་སྨོས་མ་དགོས་པར་མདོ་སྨད་པ་སྐྱ་སེར་ཡོངས་རྫོགས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཡོད། ཨ་མདོའི་ཁ་སྐད་ལྟར་བྱས་ན། ལོ་སར་བཟང༌། དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་བོད་ཕྱི་ནང་གི་མདོ་སྨད་པ་ཡོངས་རྫོགས་གནམ་ལོ་གསར་པ་འདིའི་ནང་བཀྲ་ཤིས་བདེ་ལེགས་དང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།

དེ་རིང་དགའ་དགའ་སྤྲོ་སྤྲོའི་ཐོག་ནས་ལོ་གསར་ལ་རོལ་པའི་དགའ་སྟོན་གྱི་ཉིན་མོ་ཞིག་ཡིན་དུས་སྐད་ཆ་ཉུང་ཉུང་ཞིག་བཤད་ནས་འཐུས་པར་བྱ་རྒྱུ་ཡིན། བོད་ནང་དུ་དེང་སང་མདོ་སྨད་པ་ཡོངས་རྫོགས་སྔར་དང་མ་འདྲ་བའི་འཆམ་མཐུན་ཡག་པོ་ཞིག་གི་ཐོག་ཏུ་གནས་ཐུབ་ཀྱི་འདུག གཤོག་ཀ་ཕན་ཚུན་གྱི་བར་དང༌། དགོན་པ་ཕན་ཚུན་གྱི་བར། ཆོས་བརྒྱུད་ཕན་ཚུན་གྱི་བར་མཐུན་ལམ་བཟང་པོ་ཞིག་ཆགས་ཐུབ་འདུག ལྷག་པར་དུ་མདོ་སྨད་ཁུལ་གྱི་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་ཁག་མང་ཆེ་བ་ཆོས་འཆད་ཉན་དང་བསླབ་པ་སློབ་གཉེར་གང་ཅིའི་ཐད་ནས་འགྲན་ཟླ་མེད་པ་ཤིན་ཏུ་ཡག་པོ་འདུག བཟང་ཕྱོགས་ཀྱི་ཡར་རྒྱས་ལ་མཐའ་མེད་པ་ཡིན་དུས་རྣམ་པ་ཚོས་མ་འོངས་པར་སྔར་ལས་ལྷག་པའི་ཤུགས་བརྒྱབས་ཏེ་ཡར་རྒྱས་འགྲོ་བར་འབད་བརྩོན་གནང་རོགས་ཞེས་རེ་སྐུལ་ཞུ་འདོད་བྱུང༌།

བོད་ནང་དུ་བོད་མིའི་རང་དབང་གི་དོན་དང་བོད་ཀྱི་ཆོས་དང་རིག་གཞུང་གི་དོན་དུ་སྐུ་ལས་བསྐྱོན་མཁན་ཤིན་ཏུ་མང་པོ་རེད། རྣམ་པ་ཚོས་དེ་སྔ་སྐུ་ལས་བསྐྱོན་པ་བཞིན་མ་འོངས་པར་ཡང་སྔར་བཞིན་བོད་ཀྱི་ཆོས་དང་རིག་གཞུང་གི་དོན་དུ་སྐུ་ལས་བསྐྱོན་རོགས་ཞེས་སྤྱི་ཡོངས་ཀྱི་ཆ་ནས་གཞེན་སྐུལ་ཞུ་འདོད་བྱུང༌། ཨ་མདོའི་བརྙན་འཕྲིན་ཁང་གི་ལས་བྱེད་ཚོ་ལ་ལོ་སྔོན་མའི་ནང་ངའི་ངོས་ནས་ལོ་གསར་གྱི་དུས་སྟོན་དང་བསྟུན་ནས་འཚམས་འདྲི་ཞུས་པ་ཡིན་ལ། ད་ལོ་ཡང་རྣམ་པ་ཚོར་དམིགས་བསལ་གྱིས་ལོ་གསར་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་འདོད་བྱུང༌། གང་ཡིན་ཟེར་ན། ཁྱེད་རྣམ་པ་ཚོས་བོད་ཀྱི་སྐད་ཡིག རིག་གཞུང་དང་བཅས་པར་བསྲེས་བསླད་མེད་པར་བདག་སྐྱོང་ཡག་པོ་གནང་གི་འདུག ལས་བྱེད་པ་ཡོངས་རྫོགས་འཆམ་མཐུན་ཡོད་པའི་ཐོག་ནས་བོད་ཀྱི་སྐད་ཡིག་བསྲེས་བསླད་མེད་པ་དང༌། རིག་གཞུང་དང་གོམས་གཤིས། ཆས་གོས། སྐྲ་ལུགས་བཅས་པར་བསྲེས་བསླད་མེད་པར་བདག་སྐྱོང་ཡག་པོ་གནང་གི་འདུག མ་འོངས་པར་ཡང་བོད་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་དོན་དུ་སྔར་བཞིན་འབད་བརྩོན་གནང་རོགས་ཞེས་ཞུ་འདོད་བྱུང༌། ཁྱེད་ཚོའི་བརྙན་འཕྲིན་དང་རླུང་འཕྲིན་གྱི་ལེ་ཚན་ཁག་བརྒྱུད་ནས་བོད་རིགས་གཞོན་སྐྱེས་ཚོ་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་དོ་སྣང་ཡོང་བར་ཕན་ཐོགས་ཆེན་པོ་ཡོང་གི་འདུག དེ་ཙམ་མ་ཟད་བོད་ཕྱི་ལོགས་སུ་ཡོད་མཁན་རྣམས་ཀྱིས་ཀྱང་ལེ་ཚན་དེ་དག་བརྒྱུད་ནས་བོད་ནང་གི་གནས་ཚུལ་མང་པོ་ཞིག་ཤེས་རྟོགས་ཡོང་ཐུབ་ཀྱི་འདུག ཨ་མདོའི་བརྙན་འཕྲིན་ཁང་གི་མགོ་འཛིན་དང་ལས་བྱེད་ཡོངས་ལ་ལོ་གསར་པའི་ཐོག་མར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

སྐྱབས་བཅོལ་དུ་ཡོད་པའི་མདོ་སྨད་མི་མང་རྣམས་ཀྱིས་ཀྱང་གནའ་སྔ་མོ་ནས་བཟུང་བོད་སྤྱི་པའི་དོན་དུ་ཕྱག་ལས་གནང་སྟེ་སྐུ་ལས་བསྐྱོན་ནས་ད་ལྟའི་བར་དུ་ཕེབས་པ་ཞིག་རེད། ད་ཕྱིན་ཆད་ཡིན་ན་ཡང་མདོ་སྨད་མི་མང་རྣམས་ཀྱིས་སྔར་རྒྱུན་བཞིན་བོད་སྤྱི་པའི་དོན་དུ་འགན་ཁུར་ནས་སྐུ་ལས་བསྐྱོན་གྱི་རེད་ལ་བསྐྱོན་དགོས་པ་ཡང་རེད། བོད་སྤྱི་པའི་བསྟན་སྲིད་ཀྱི་དོན་དུ་མདོ་སྨད་པ་སེར་སྐྱ་མི་མང་ཡོངས་རྫོགས་ལ་དམིགས་བསལ་གྱི་འགན་འཁྲི་ཞིག་ཡོད་དུས། རང་རང་གི་གནས་བབས་དང་བསྟུན་པའི་ཐོག་ནས་ལྷག་བསམ་རྣམ་དག་གིས་སྐུ་ལས་བསྐྱོན་རོགས་ཞེས་གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་རེ་སྐུལ་ཞུ་འདོད་བྱུང༌།

ང་ཚོ་ཐེངས་དང་པོར་རྒྱ་གར་དུ་སྐྱབས་བཅོལ་ལ་འབྱོར་བའི་སྐབས། བཙན་བྱོལ་བའི་སྤྱི་ཚོགས་ནང་མདོ་སྨད་པའི་གྲངས་ཀ་ཤིན་ཏུ་ཉུང་ངུ་ལས་མེད་ན་ཡང་བོད་སྤྱི་པའི་དོན་ལ་ཐུག་དུས་མདོ་སྨད་པ་ཚོས་ཆོལ་ཁ་གཅིག་གི་འགན་ཁུར་ནས་ཆོལ་ཁ་གཞན་དག་དང་མཉམ་གཤིབ་འདྲ་མཚུངས་ཀྱིས་ཧུར་ཐག་འབད་ཐག་བྱས་ཏེ་མི་གོ་ཆོད་པའི་བྱ་བ་བྱས་ཡོད་པ་མ་གཏོགས་མདོ་སྨད་པས་ཞབས་འདྲེན་ཞུས་པའི་གནས་ཚུལ་ཞིག་གཏན་ནས་བྱུང་མྱོང་མེད། ད་ཕྱིན་ཆད་ཡིན་ན་ཡང་མདོ་སྨད་པ་ཚོས་སྤྱི་སྒེར་གྱི་བྱ་བ་གང་བྱས་ཀྱང་རུང་གཟབ་གཟབ་བྱ་དགོས་པ་དེ་གལ་ཆེན་པོ་རེད།

མི་ཐོག་གསར་པའི་མདོ་སྨད་པ་ཚོ་ཤེས་ཡོན་གྱི་ཐོག་ནས་ཞུས་ན། རྣམ་པ་ཚོ་མང་ཆེ་བར་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་ཡག་པོ་ཐོབ་ཡོད་པར་མ་ཟད་ལས་ཀའི་ཉམས་མྱོང་ཡང་གང་འཚམས་ཡག་པོ་ཐོབ་ཡོད་མཁན་ཤ་སྟག་ཡིན་དུས། རང་གི་ལས་ཀ་བྱེད་སྟངས་ཀྱི་ཐོག་ནས་ནོར་འཁྲུལ་གྱི་ལམ་དུ་མ་ཕྱིན་པར་སྤྱི་སྒེར་གཉིས་ཀའི་ཐོག་ཕན་ཐོགས་ཡོད་པ་དང་ནུས་པ་ཐོན་པ་ཞིག་བྱེད་དགོས། སྔ་མོ་ང་ཚོའི་སྐབས་ཀྱི་མི་རྒན་པ་ཚོའི་ནང་ཡི་གེ་འབྲི་ཀློག་ཙམ་ཡང་ཤེས་མཁན་ཤིན་ཏུ་དཀོན་པོ་ཡིན་ན་ཡང་ནུས་པ་གང་ཡོད་ཀྱིས་བོད་སྤྱི་པའི་དོན་དུ་ཧུར་ཐག་འབད་ཐག་བྱས་ཡོད། དེང་སྐབས་རྣམ་པ་ཚོ་སློབ་སྦྱོང་དང་ཉམས་མྱོང་གང་ཅིའི་ཐད་ནས་ཆ་རྐྱེན་འཛོམས་པའི་སྐབས་འདིར་སྤྱི་པའི་ཐོག་སྔར་ལས་ཀྱང་ནུས་པ་ལེགས་པོ་ཞིག་ཐོན་པར་འབད་བརྩོན་བྱེད་དགོས་ཀྱི་འདུག

མི་སྒེར་པ་རེ་ཟུང་གི་ལས་ཀ་བྱེད་སྟངས་ཀྱི་ཐོག་ནས་མདོ་སྨད་པ་སྤྱི་པའི་མིང་གི་ཐོག་ལ་ནག་ཐིག་མ་ཕོག་པ་ཞིག་བྱ་དགོས་པ་དེ་གལ་ཆེན་པོ་རེད། མདོ་སྨད་པ་སྤྱིའི་མིང་གི་ཐོག་ལ་ནག་ཐིག་ཅིག་ཕོག་པ་ཡིན་ན་དེ་སེལ་ཐབས་ཡོད་པ་མ་རེད། ང་ལོ་བདུན་ཅུ་དོན་བདུན་ལོན་པའི་མདོ་སྨད་པའི་མི་རྒན་ལོ་ལོན་ཞིག་ཡིན་པའི་ཆ་ནས་འདིའི་ཐོག་སེམས་མ་བདེ་བ་ཞིག་དེང་སང་རྒྱུན་དུ་ཡོང་གི་འདུག སེམས་མ་བདེ་བའི་ཐོག་ནས་དེ་རིང་རྣམ་པ་ཚོ་ལ་རེ་སྐུལ་འདི་མི་ཞུ་ཀ་མེད་བྱུང༌། ནོར་འཁྲུལ་ཟེར་བ་དེ་མི་སུ་ལ་ཡིན་ན་ཡང་ཡོང་སྲིད་པ་ཞིག་ཡིན་དུས་ནོར་འཁྲུལ་བྱུང་སྐབས་ནོར་འཁྲུལ་ལ་ཡོ་བསྲང་བྱས་ཏེ་ལམ་བཟང་པོ་ཞིག་གི་ཐོག་ལ་འགྲོ་ཐུབ་ཐབས་བྱ་དགོས་པ་དེ་གལ་ཆེན་པོ་རེད།

ལོ་གསར་པ་འདིའི་ནང་ྋརྒྱལ་བ་རིན་པོ་ཆེ་དགུང་ལོ་བརྒྱད་ཅུ་གྱ་བཞི་ལ་ཕེབས་ཀྱི་ཡོད། ྋརྒྱལ་བ་རིན་པོ་ཆེ་དགུང་ལོ་བརྒྱ་དང་བཅུ་གསུམ་ལ་བཞུགས་པའི་ཞལ་བཞེས་བཟང་པོ་ཡོད་ནའང་ཞལ་བཞེས་ཡོད་པ་བཞིན་ྋརྒྱལ་བ་རིན་པོ་ཆེ་དགུང་ལོ་བརྒྱ་དང་བཅུ་གསུམ་བར་དུ་བཞུགས་མི་བཞུགས་དང་སྐུ་ཚེ་བརྟན་དང་མི་བརྟན་ནི་ང་ཚོའི་མང་ཚོགས་ཀྱི་བསམ་སྤྱོད་ལ་རག་ལུས་པ་ཞིག་ཡིན་པ་མ་གཏོགས། ྋརྒྱལ་བ་རིན་པོ་ཆེས་ཞལ་བཞེས་གནང་བ་ཙམ་གྱིས་དགུང་ལོ་བརྒྱ་དང་བཅུ་གསུམ་བར་དུ་བཞུགས་ཐུབ་པའི་ཁ་ཚོན་ཆོད་རྒྱུ་ཁག་པོ་རེད། ྋརྒྱལ་བ་རིན་པོ་ཆེ་དགུང་ལོ་བརྒྱ་དང་བཅུ་གསུམ་ལ་བཞུགས་ཐུབ་པ་ཞིག་ཡོང་བའི་དོན་དུ་བོད་མི་ཡོངས་རྫོགས་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་བྱ་དགོས་པ་དེ་གལ་ཆེ་ཤོས་ནང་གི་ཆེ་ཤོས་རེད། བོད་ཆོལ་ཁ་གསུམ་གྱི་མཐུན་ལམ་གོང་བུ་གཅིག་ཏུ་གནས་ཐུབ་པ་ཞིག་བྱེད་དགོས་པ་དེ་ང་ཚོ་ཡོངས་རྫོགས་ཀྱི་ལས་འགན་རེད། ང་ཚོ་རང་རང་གི་ལས་འགན་འདི་ལ་གཡོལ་ནས་མཐུན་ལམ་གྱི་ཐོག་བསམ་བློ་མ་བཏང་བ་ཡིན་ན་ྋརྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་དགོས་ཀྱི་ཡོད་ཅེས་བརྟན་བཞུགས་ཚར་བརྒྱ་ཐམ་པ་ཕུལ་ཡང་ཕན་ཐོགས་ཡོད་པ་མ་རེད།

དེང་སང་སྐྱབས་བཅོལ་བའི་སྤྱི་ཚོགས་ནང་གི་བོད་ཆོལ་ཁ་གསུམ་ཆིག་སྒྲིལ་གྱི་གནས་སྟངས་ལ་ཉམས་ཆག་འགྲོ་དང་འགྲོ་བཞིན་པའི་གནས་སྟངས་འདི་བོད་མི་ཡོངས་རྫོགས་ཀྱིས་གསལ་པོར་ཤེས་ཀྱི་ཡོད། དེང་སང་བོད་ཀྱི་ཕྱི་ལོགས་ལ་ཆོལ་ཁ་གསུམ་གྱི་མཐུན་ལམ་གནས་སྟངས་སྐྱོ་པོ་ཞིག་གི་ཐོག་འགྲོ་བཞིན་པ་འདིའི་ཐོག་ནས་མུ་མཐུད་དེ་ཕྱིན་པ་ཡིན་ན་བོད་སྤྱི་སྒེར་གཉིས་ཀར་གྱོང་གུད་ཆེན་པོ་ཡིན་པ་ལས་བོད་མི་སུ་ལའང་ཕན་ཐོགས་མེད། དེ་དགྲ་དགའ་གཉེན་སྡིག་གི་ལས་ཀ་བྱེད་སྟངས་རེད། བོད་ཆོལ་ཁ་གསུམ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཡོང་བ་ཞིག་བྱེད་པ་ལ་མདོ་སྨད་པ་ཡོངས་རྫོགས་ལ་འགན་འཁྲི་དང་ནུས་པ་གཉིས་ཀ་དམིགས་བསལ་ཅན་ཞིག་ཡོད་དུས། དེ་རིང་འདིར་དངོས་སུ་ཕེབས་ཡོད་པ་དང་ཕྱི་རྒྱལ་ཁག་ཏུ་ཡོད་པའི་མདོ་སྨད་པ་ཡོངས་རྫོགས་ལ་བོད་སྤྱི་པའི་ཆིག་སྒྲིལ་དང་མཐུན་ལམ་གྱི་ཐོག་ཐུགས་བསམ་བཞེས་ཏེ་བབ་བརླིང་བརྟན་གསུམ་གནང་རོགས་ཞེས་ངས་དེ་རིང་དམིགས་བསལ་གྱིས་རེ་འདུན་ཞུ་འདོད་བྱུང༌།

བོད་གཞུང་ངམ་སྐྱབས་བཅོལ་བོད་མིའི་སྒྲིག་འཛུགས་འདི་མ་འོངས་པར་བརྟན་པོར་གནས་ཐུབ་མིན་གྱི་གཞི་རྟེན་ས་གཙོ་བོ་ནི་བོད་ཆོལ་ཁ་གསུམ་ནང་ཁུལ་གྱི་མཐུན་ལམ་ཡག་པོ་ཡོད་མེད་ལ་རག་ལུས་ཀྱི་རེད། གལ་སྲིད་བོད་གཞུང་འདི་བརྟན་པོར་གནས་མ་ཐུབ་ན་ྋརྒྱལ་བ་རིན་པོ་ཆེས་དུས་ད་ལྟའི་བར་དུ་སྐུ་ལས་བསྐྱོན་ནས་བཙུགས་པའི་བོད་གཞུང་འདི་མི་ཐོག་གསར་པ་ཚོས་བདག་པོ་བརྒྱབ་མ་ཐུབ་པ་ཞིག་ཏུ་འགྱུར་སྲིད་པ་རེད་ལ། གཞིས་ལུས་བོད་རྒྱ་ཆེ་མི་མང་གིས་རེ་བ་རྒྱག་སའི་གཞུང་དེ་མེད་པར་ཆགས་རྒྱུའི་ཉེན་ཁ་ཡང་ཡོང་སྲིད། གཞིས་ལུས་བོད་རྒྱ་ཆེ་མི་མང་གིས་ཆབ་སྲིད་ཀྱི་ཐོག་ནས་ྋརྒྱལ་བ་རིན་པོ་ཆེས་དབུ་ཁྲིད་པའི་སྐྱབས་བཅོལ་པའི་གཞུང་འདི་ལ་རེ་བ་རྒྱག་གི་ཡོད། ྋརྒྱལ་བ་རིན་པོ་ཆེས་ཆབ་སྲིད་དབུ་ཁྲིད་ཀྱི་མཚན་གནས་དངོས་སུ་བཞེས་མ་བཞེས་ཀྱི་གནས་ཚུལ་ཙམ་ཞིག་གཏན་ནས་མིན། ྋརྒྱལ་བ་རིན་པོ་ཆེས་དངོས་སུ་ཆབ་སྲིད་ཀྱི་དབུ་ཁྲིད་ཀྱི་མཚན་གནས་བཞེས་མ་བཞེས་གང་ཡིན་ཀྱང་རུང། གཞིས་ལུས་བོད་རྒྱ་ཆེ་མང་ཚོགས་ཀྱི་སེམས་གཏིང་ལ་གཞུང་འདི་ྋརྒྱལ་བ་རིན་པོ་ཆེས་དབུ་ཁྲིད་པའི་གཞུང་དེ་ཡིན་པའི་ངོས་འཛིན་གཏིང་ཟབ་ཡོད། གཞུང་འདི་མ་འོངས་པར་སྲ་བརྟན་དང་ནུས་པ་ལྡན་པ་ཞིག་གི་ཐོག་ནས་རྒྱུན་གནས་ཡོང་བ་ལ་བོད་མི་ཡོངས་རྫོགས་ཀྱིས་ཤུགས་རྒྱག་དགོས།

ལྷག་པར་དུ་ད་ལྟའི་ཆར་བཙན་བྱོལ་ནང་གི་མདོ་སྨད་མི་མང་གི་ངོས་ནས་ཀྱང་ལུགས་དང་མཐུན་པ་དང་གཟབ་གཟབ་གནང་དགོས་པ་ཞིག་ཏུ་གྱུར་ཡོད། གཞུང་འདི་བརྟན་པོ་ཡོང་བ་ལ་ང་ཚོ་མདོ་སྨད་མི་མང་གི་ངོས་ནས་ཀྱང་བབ་བརླིང་བརྟན་གསུམ་གྱི་སྒོ་ནས་བོད་མི་ཡོངས་རྫོགས་མཐུན་ལམ་རྡོག་རྩ་ཆིག་བསྒྲིལ་ཡོང་ཐབས་ལ་གཙོ་བོར་འབད་དགོས། ཧོལ་རྒྱུག་མི་བྱེད་པར་དཔྱད་པ་ཞིབ་མོ་དང་ཞི་བདེ་ལྷིང་འཇགས་མཛད་དགོས་པའི་དུས་ཤིག་ཡིན། ྋརྒྱལ་བ་རིན་པོ་ཆེས་སྲིད་སྐྱོང་འོས་བསྡུའི་སྐབས། མ་འོངས་པར་བོད་ཆོལ་ཁ་གསུམ་ཡོངས་རྫོགས་འཆམ་མཐུན་ཡོང་བ་ཁྱེད་རང་གཉིས་ལ་འགན་ཡོད་པ་རེད། ཅེས་དངོས་སུ་བཀའ་གནང་མྱོང་ཡོད་ནའང་དངོས་ཡོད་གནས་ཚུལ་ལ་སོ་སོའི་ངོས་ནས་ྋརྒྱལ་བ་རིན་པོ་ཆེས་བཀའ་གནང་བ་ནང་བཞིན་ལས་འགན་འདིའི་ཐོག་དམིགས་ཀྱིས་བཀར་ནས་ཕྱག་ལས་ནུས་པ་ཐོན་པ་ཞིག་གནང་ཐུབ་འདུག་གམ་མི་འདུག་སོ་སོ་སོ་སོས་དགོངས་པ་གཟབ་ནན་བཞེས་རོགས་ཞེས་ཞུ་འདོད་བྱུང༌། ངའི་སྐད་ཆ་འདི་དག་དེ་རིང་དུས་སྟོན་འདིའི་ཐོག་བཤད་དགོས་པ་དང་བཤད་འོས་པ་ཞིག་ཡིན་མིན་མི་ཤེས་ཀྱང་ང་རང་བློ་མ་བདེ་བ་དང་ལྷག་བསམ་རྣམ་དག་གིས་གལ་ཆེན་དོན་ཆེན་ཞིག་ཏུ་བརྩིས་ནས་ཞུས་པ་ཡིན།

དེ་རིང་གི་དུས་སྟོན་གོ་སྒྲིག་བྱེད་མཁན་ཚོའི་ངོས་ནས་གོ་སྒྲིག་ཚགས་ཚུད་པོ་དང་ཡག་པོ་བྱས་འདུག མདོ་སྨད་པ་རྣམས་མཉམ་དུ་འཛོམས་ནས་ཕན་ཚུན་ངོ་ཤེས་པ་དང་རྒྱུས་ཡོད་ཅི་ཙམ་མང་པོ་བྱུང་བའི་ཚོད་ཀྱིས་མདོ་སྨད་པའི་ནང་ཁུལ་མཐུན་ལམ་ཡོང་བར་ཕན་ཐོགས་ཡོང་གི་རེད། བོད་མི་རྣམས་རྒྱུན་དུ་གོ་སྐབས་ནམ་བྱུང་ལ་མཉམ་རུབ་བྱ་དགོས་པ་འདི་གལ་ཆེན་པོ་རེད། མཉམ་འཛོམས་བྱས་པའི་ཐོག་ནས་མཐུན་ལམ་ཡོད་པ་དང་རྡོག་རྩ་ཆིག་སྒྲིལ་ཡོང་བའི་ཕྱོགས་ལ་འགྲོ་ཐུབ་ཐབས་བྱ་དགོས་པ་དེ་ད་ལྟའི་ཆར་གལ་ཆེ་ཤོས་སུ་གྱུར་ཡོད། འབྲེལ་ཡོད་ཚོའི་ངོས་ནས་སྐུ་ལས་བསྐྱོན་ཏེ་གོ་སྒྲིག་ཡག་པོ་གནང་འདུག་པ་ལ་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང༌། ཐུགས་རྗེ་ཆེ།

རེ་མདོ་སེངྒེ།
ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༢ ཚེས་ ༡༧ ཉིན།

གསུང་བཤད།

Post navigation

Previous Post: བརྩེ་དུང་གིས་ལོ་གསར་བསུ་སྟངས།།
Next Post: རྒྱལ་ཐང་ལ་འཕུར་བའི་འཇོལ་མོ།

Comments (22) on “རྡ་སའི་ས་གནས་མདོ་སྨད་ལོ་གསར་མཉམ་རོལ་དུས་སྟོན་ཐོག་ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས་བསྩལ་པའི་གསུང་བཤད།”

  1. ལ་དྭགས་འཇམ་དཔལ།། says:
    2018-02-24 at 9:04 pm

    བོད་ལོ་གསལ་ལ། ༧སྐྱབས་མགོན་ཀི་རྟི་རིན་པོ་ཆེས་བཀའ་སློབ་བཟང་པོར་སྩལ་པ་དང་། རིན་པོ་ཆེ་མཆོག་ཉིད་ཞབས་པད་བརྟན་ཅིག

  2. དགྲ་ལས་རྣམ་རྒྱལ། says:
    2018-02-25 at 12:06 am

    ཀིརྟི་རིན་པོ་ཆེ་འདི་ཉིད་ནག་ཚོ་ལོ་ཙཱ་བའི་རྣམ་སྤྲུལ་ཡིན་པ་ཞིག་གོ་མྱོང་། དེ་ལྟར་ཡིན་ཚུལ་འཇམ་མགོན་བླ་མ་ཙོང་ཁ་བའི་དངོས་སློབ་ཁྲོད་རོང་ཆེན་ལྗགས་པ་ནག་དེ་ཉིད་ལྗགས་ནག་པོ་ཡིན་དོན་ཡང་། ནག་ཚོས་དཔལ་ལྡན་ཇོ་བོ་རྗེ་ཨ་ཏི་ཤ་བོད་ལ་གདན་འདྲེན་སྐབས། ནག་ཚོས་གནས་བརྟན་རབ་ན་ཨ་ཀ་ར་ལ་ཇོ་བོ་ལོ་གསུམ་ནས་ཕར་རྒྱ་གར་ལ་སྐྱེལ་རྒྱུ་ཁས་བླངས། འོན་ཀྱང་བལ་ཡུལ་ནང་འཁྲུག་གི་རྐྱེན་པས་སྐྱེལ་མ་ཐུབ་སྟབས། སྐུ་སྐྱེ་ཕྱི་མ་ཞིག་དེ་ལྟར་ལྗགས་ནག་པོར་གྱུར་རབས་ཤིག་བླ་མ་ཚད་ལྡན་ཞིག་གི་ཞལ་ནས་གོ། དངོས་ནས་སྐྱབས་རྗེ་འདི་ཉིད་མདོ་སྨད་ཙམ་མིན་པར། སྐུ་ཡི་ཚེ་རབས་མང་པོར་བོད་སྤྱི་ལ་བཀའ་དྲིན་ཆེ།

  3. རྒྱ་ཞིང་མྱི་དཀར། says:
    2018-02-25 at 3:42 am

    བཀའ་སློབ་རིན་ཐང་ལྡན་པ་ཞིག་གནང་འདུག་རིན་པོ་ཆེ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བཞིན།

  4. ལོ་ཡག says:
    2018-02-25 at 4:17 am

    ཐུགས་ཀྱི་བཅུད་ཕྱུང་པའི་བཀའ་སློབ་སྙིང་བཅང་ཞུའོ།

  5. ཁམས་ཕྲུག says:
    2018-02-25 at 6:56 am

    བཀའ་སློབ་རིན་ཐང་ཅན་དུས་ལ་རན་པ་ཞིག་གནང་འདུག་པས། རིན་པོ་ཆེ་དང་ཡིག་འབེབས་པ་གཉིས་ཀ་ལ་བཀའ་དྲིན་ཞུའོ།།

  6. འཇམ་དཔལ་ཚུལ་ཁྲིམས says:
    2018-02-25 at 10:50 am

    ཀརྟི་རིན་པོ་ཆེས་བཀའ་སློབ་ཡག་པོ་གནང་འདུག བཀའ་དྲིན་ཆེ། ནམ་རྒྱུན་ཁོང་དེ་འདྲ་གནང་མཁན་ཞིག་ཀྱང་ཡིན་པ་ངས་ཤེས་ཀྱི་ཡོད།
    རྣམ་པ་ཚོར་བཀའ་འདྲི་ཞིག་ཡོད། ངས་འདི་དཀྲུགས་བསམ་སོགས་ཀུན་སློང་ངན་པས་དྲིས་པ་ཡེ་ནས་མིན། ཁོང་གི་བཀའ་སློབ་ཀྱི་ནང་ནས་ “ལྷག་པར་དུ་ད་ལྟའི་ཆར་བཙན་བྱོལ་ནང་གི་མདོ་སྨད་མི་མང་གི་ངོས་ནས་ཀྱང་ལུགས་དང་མཐུན་པ་དང་གཟབ་གཟབ་གནང་དགོས་པ་ཞིག་ཏུ་གྱུར་ཡོད། གཞུང་འདི་བརྟན་པོ་ཡོང་བ་ལ་ང་ཚོ་མདོ་སྨད་མི་མང་གི་ངོས་ནས་ཀྱང་བབ་བརླིང་བརྟན་གསུམ་གྱི་སྒོ་ནས་བོད་མི་ཡོངས་རྫོགས་མཐུན་ལམ་རྡོག་རྩ་ཆིག་བསྒྲིལ་ཡོང་ཐབས་ལ་གཙོ་བོར་འབད་དགོས། ཧོལ་རྒྱུག་མི་བྱེད་པར་དཔྱད་པ་ཞིབ་མོ་དང་ཞི་བདེ་ལྷིང་འཇགས་མཛད་དགོས་པའི་དུས་ཤིག་ཡིན། ྋརྒྱལ་བ་རིན་པོ་ཆེས་སྲིད་སྐྱོང་འོས་བསྡུའི་སྐབས། མ་འོངས་པར་བོད་ཆོལ་ཁ་གསུམ་ཡོངས་རྫོགས་འཆམ་མཐུན་ཡོང་བ་ཁྱེད་རང་གཉིས་ལ་འགན་ཡོད་པ་རེད། ཅེས་དངོས་སུ་བཀའ་གནང་མྱོང་ཡོད་ནའང་དངོས་ཡོད་གནས་ཚུལ་ལ་སོ་སོའི་ངོས་ནས་ྋརྒྱལ་བ་རིན་པོ་ཆེས་བཀའ་གནང་བ་ནང་བཞིན་ལས་འགན་འདིའི་ཐོག་དམིགས་ཀྱིས་བཀར་ནས་ཕྱག་ལས་ནུས་པ་ཐོན་པ་ཞིག་གནང་ཐུབ་འདུག་གམ་མི་འདུག་སོ་སོ་སོ་སོས་དགོངས་པ་གཟབ་ནན་བཞེས་རོགས་ཞེས་ཞུ་འདོད་བྱུང༌། ངའི་སྐད་ཆ་འདི་དག་དེ་རིང་དུས་སྟོན་འདིའི་ཐོག་བཤད་དགོས་པ་དང་བཤད་འོས་པ་ཞིག་ཡིན་མིན་མི་ཤེས་ཀྱང་ང་རང་བློ་མ་བདེ་བ་དང་ལྷག་བསམ་རྣམ་དག་གིས་གལ་ཆེན་དོན་ཆེན་ཞིག་ཏུ་བརྩིས་ནས་ཞུས་པ་ཡིན།”་ཞེས་པ་འདིའི་དོན་དག་གང་ཡིན་ནམ། ང་རང་གི་སེམས་པར་བཀའ་སློབ་འདིའི་ནང་དོན་ངའི་ལངས་ཕྱོགས་དང་མཐུན་པར་གསུང་གི་མེད་དམ་སྙམ། ངའི་ལངས་ཕྱོགས་ནི་རྣམ་པ་ཚོས་མཁྱེན་ཡོད་ཚོད་རེད།

  7. ཁམས་ཕྲུག says:
    2018-02-25 at 1:06 pm

    དུས་ལ་རན་པའི་གསུང་བཤད་ཡག་པོ་གནང་འདུག རིན་པོ་སྐུ་ཚེ་བརྟན་པར་ཤོག དཀའ་ངལ་ལ་ཐུག་དུས་སྐད་ཆ་ཞལ་གསོང་ནས་ཤོད་ཐུབ་མཁན་དཀོན་པོ་རེད། རིན་པོ་ཆེས་ནམ་ཡང་འགན་ཁུར་བར་ཐུགས་རྗེ་ཆེ། ཡིག་འབེབས་ཞུ་མཁན་ལ་ཡང་ཐུགས་རྗེ་ཆེ་ཞུ།

  8. སྲིན་པོ་རྫ་རྒན says:
    2018-02-25 at 2:02 pm

    ཀིརྟི་རིན་པོ་ཆེའི་་བཀའ་སློབ་ཡིག་འབེབས་གནངས་འདུག་པར་བཀའ་དྲིན་ཆེ་ཞུ། ཡིན་ནའང་། ཡིག་ནོར་ཅན་དུ་སྤེལ་ནས་ཡོང་གི་འདུག་པར་བློ་ཕམ་ཡོད། འབྲེལ་ཡོད་རྣམ་པས་ནན་ཏན་གནང་སྐྱོང་ཡོང་བའི་རེ་འདུན་གསོལ་འདེབས་ཞུ་བ་ཡིན།

  9. སྲིན་པོ་རྫ་རྒན says:
    2018-02-25 at 2:04 pm

    གཤམ་གྱི་འདི་ཚོ་བསྡུར་དཔྱད་ཞིབ་ཅིག་གནང་དགོས་པར་མཐོང་།

    ལོ་གསར་ལ་རོལ་༼པའི་༽
    ལོ་གསར་ལ་རོལ་༼བའི༽

    ༼གཤོག་ཀ་༽ ཕན་ཚུན་
    ༼ཤོག་ཁ༽ཕན་ཚུན་

    མི་སྒེར་༼པ༽
    མི་སྒེར་༼བ༽

    དགྲ་དགའ་གཉེན་༼སྡིག༽
    དགྲ་དགའ་གཉེན་ས༼སྡུག༽

    གཞུང་དེ་མེད་༼པར་༽ ཆགས་རྒྱུའི་ཉེན་ཁ་
    གཞུང་དེ་མེད་ ༼པ༽ཆགས་རྒྱུའི་ཉེན་ཁ་

    སྐྱབས་བཅོལ་༼པའི་༽
    སྐྱབས་བཅོལ་༼བའི༽

  10. རྒྱ་ཞིང་མྱི་དཀར། says:
    2018-02-25 at 2:25 pm

    པ་བའི་ཙམ་ལ་རྐང་པ་ཐོག་མ་འདུག་ལོ་

  11. ABHARU jIGWANG says:
    2018-02-25 at 6:35 pm

    ༄༅། མདོ་སྨད་པ་ རྣམས་ ༢༠༡༨ ལོའི་བོད་གནམ་ལོ་གསར་ཚེས་ཀྱི་དགའ་སྟོན་
    སྐབས་ཀིརྟི་རིན་པོ་ཆེ་མཆོག་ནས་བཀའ་སློབ་རིན་ཐང་ཅན་ཞིག་གནང་བར་ཐུགས་རྗེ་ཆེ་ཞུ་གི་
    ཡོད། ང་ཚོ་ཆོལ་གསུམ་བོད་མི་ཚང་མས་རྒྱལ་བ་རིན་པོ་ཆེའི་བྱམས་བརྩེའི་བཀའ་སློབ་མཐའ་ཡས་པ་
    ཞིག་གནང་ཡོད་པ་ནས་ཕྲན་བུ་རེ་བསྒྲུབ་ཐུབ་པ་དང། ༧གོང་ས་མཆོག་ཐུགས་ཕམ་མི་ཡོང་བའི་འབད་བརྩོན་ངེས་པར་གནང་
    དགོས་པ་པ་ཡིན། གལ་སྲིད་སྤྱི་བར་ཕན་མ་ཐོགས་ཀྱང་གནོད་ནམ་མ་སྐྱེལ་བ་བྱེད་དགོས།
    ཕ་ཡུལ་བཙན་འཕྲོག་པས་ནམ་ཡང་མིག་བལྟས་ནས་བསྡད་བཞིན་པ་རེ།

  12. བསྟན་འཛིན་བྱམས་ཆེན། says:
    2018-02-27 at 1:38 am

    བོད་སྤྱི་པའི་བསྟན་སྲིད་ཀྱི་དོན་དུ་མདོ་སྨད་པ་སེར་སྐྱ་མི་མང་ཡོངས་རྫོགས་ལ་དམིགས་བསལ་གྱི་འགན་འཁྲི་ཞིག་ཡོད་ ་་་་

    བོད་ཆོལ་ཁ་གསུམ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཡོང་བ་ཞིག་བྱེད་པ་ལ་མདོ་སྨད་པ་ཡོངས་རྫོགས་ལ་འགན་འཁྲི་དང་ནུས་པ་གཉིས་ཀ་དམིགས་བསལ་ཅན་ཞིག་ཡོད་དུས།་་་་་་་་་་་་་
    ་ད་ལྟའི་ཆར་བཙན་བྱོལ་ནང་གི་མདོ་སྨད་མི་མང་གི་ངོས་ནས་ཀྱང་ལུགས་དང་མཐུན་པ་དང་གཟབ་གཟབ་གནང་དགོས་པ་ཞིག་ཏུ་གྱུར་ཡོད། གཞུང་འདི་བརྟན་པོ་ཡོང་བ་ལ་ང་ཚོ་མདོ་སྨད་མི་མང་གི་ངོས་ནས་ཀྱང་བབ་བརླིང་བརྟན་གསུམ་གྱི་སྒོ་ནས་བོད་མི་ཡོངས་རྫོགས་མཐུན་ལམ་རྡོག་རྩ་ཆིག་བསྒྲིལ་ཡོང་ཐབས་ལ་གཙོ་བོར་འབད་དགོས།་་་་

  13. བསྟན་འཛིན། says:
    2018-02-27 at 4:59 pm

    ངོ་མ་བཀའ་སློབ་ཡག་པོ་ཞིག་གནང་འདུག་ དུས་ཐོག་ཆར་པ་རང་རེད།

  14. བསྟན་འཛིན། says:
    2018-02-27 at 5:02 pm

    དུས་ཚོད་ཟང་ཟིང་འདི་ཡི་ནང་བཀའ་སློབ་གནད་ལ་སྨིན་པ་ཞིག་གསུང་འདུག་པས་ཡི་རངས་ཡོད།

  15. ཁྲི་སྲོང་བཙན། says:
    2018-02-28 at 10:44 pm

    དོན་དང་ལྡན་པ་སྤེལ་འདུག

  16. ཀརྡོ་རབ་འབྱམས་པ་ says:
    2018-03-01 at 2:06 am

    #14 ཆོས་དབྱིངས་བསྟན་འཛིན། ་ལགས་ཀྱིས་སྤེལ་དོན།:
    March 1st, 2018 at 1:45 am
    #14 ཆོས་དབྱིངས་བསྟན་འཛིན་ཞབས་འདྲེན་མཁན།
    ཀརྟི་བླ་མ་སྐྱབས་སུ་མཆིས།
    བོད་སྤྱི་པ་ཕན་ལྷ་མོ་དོན་གྲུབ་མཁྱེན། མཁྱེན། མཁྱེན།
    རྒྱལ་ལོ་དོན་གྲུབ་དང་པད་མ་ལ་སོགས་ལ་བཀའ་དྲིན་ཆེའོ།
    ་
    ཁ་བརྡས་འདིར་ནོར་འཁྲུལ་ཕྱིན་མི་འདུག་གམ། ལགས།

  17. འོད་བསམ་པ་སྐལ་བཟང་ཕུན་ཚོགས། says:
    2018-03-01 at 2:12 pm

    ༧གོང་ས་༧སྐྱབས་མགོན་༧རྒྱལ་དབང་ཡིད་བཞིན་ནོར་བུ་རིན་པོ་ཆེ་གཆོག་གི་དབུས་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་གང་ན་སུ་བཞུགས་རྣམས་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། མཛད་འཕྲིན་ཡར་ཟླ་ལྟར་རྒྱས་ཏེ་བོད་དོན་དཀའ་རྙོགས་མྱུར་དུ་སེལ་བའི་གསོལ་འདེབས་སྨོན་འདུན་ཞུ།

  18. འོད་བསམ་པ་སྐལ་བཟང་ཕུན་ཚོགས། says:
    2018-03-01 at 2:23 pm

    གངས་རི་རྭ་བས་བསྐོར་བའི་ཞིང་ཁམས་སུ། ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།
    སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག།

    བླ་མ་སྐུ་ཁམས་བཟང་བར་གསོལ་བ་འདེབས། མཆོག་ཏུ་སྐུ་ཚེ་རིང་བར་གསོལ་བ་འདེབས།
    ཕྲིན་ལས་དར་ཞིང་རྒྱས་པར་གསོལ་བ་འདེབས། བླ་མ་དང་འབྲལ་བ་མེད་པར་བྱིན་གྱིས་རློབས།།

  19. ཟུར་གནས། says:
    2018-03-01 at 9:48 pm

    ཀིརྟི་རིན་པོ་ཆེས་བཀའ་སློབ་རླབས་ཆེན་ཞིག་གནང་འདུག 

    བསྟན་པའི་དཔལ་འགྱུར་བླ་མའི་སྐུ་ཚེ་བརྟན།
    བསྟན་འཛིན་སྐྱེས་བུས་ས་སྟེང་ཡོངས་ལ་ཁྱབ།
    བསྟན་པའི་སྦྱིན་བདག་མངའ་ཐང་རྒྱས་པ་ཡིས།
    བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག

    ཨ་མདོ་ཁམས་པ་ངས་མི་ཤེས།
    ཆོལ་གསུམ་འཐོར་བ་ངས་མཐོང་གིས།
    རྙིང་མ་གསར་མ་ངས་མི་ཤེས།
    ཆོས་ལུགས་འཁྲུགས་པ་ངས་མཐོང་གིས།

    བོད་པ་རྒྱས་ན་རང་རེ་རྒྱལ།
    བོད་པ་སྐྱིད་ན་རང་རེ་སྐྱིད།
    བོད་པའི་ལས་དང་རང་རེ་རྣམས།
    ཆུ་ལ་ཆུ་བོ་བཞག་པ་འདྲ།

  20. བསྟན་འཛིན་བྱམས་ཆེན། says:
    2018-03-02 at 2:49 am

    རེ་མདོ་སེང་གེ་ཟེར་བ་འདི་ཀི་རྟི་རིན་པོ་ཆ་ག་ས་གང་དུ་བེད་སྤྱོད་བྱེད་མཁན་ཞིག་རེད།

  21. བསམ་ཤེས། says:
    2018-03-02 at 11:08 am

    ཀིརྟི་བླ་མ་དེ་ཚེ་གང་བོར་རྒྱལ་བའི་ཞབས་ཕྱི་བསྒྲུབས་སོང་། མེ་ཚེ་དོན་ལྡན་རེད། བསོད་ནམས་རེད། ངོ་མ་ཁོང་གི་བླ་མ་སྟེན་ཚུལ་དེར་དད་པ་དང་ཡིད་རངས་ཤོར་སོང་། བླ་མ་མཁྱེནོ།

  22. གཡག་རྒོད། says:
    2018-03-13 at 5:06 pm

    ཆོས་དབྱིངས་བསྟན་འཛིན་སྐད་པའི་འབྱུང་བོའི་གྲིབ་གཟུགས་ཤིག་ཁ་བརྡ་ཚང་གི་སྒེའུ་ཁུང་ནས་མཐོང་གི་འདུག་ད། གཉིད་ཁུག་མེད་ན་འབྱུང་བོ་འདི་དག་མིའི་གྲལ་ནས་ཕུད་དགོས་བ་རེད་མ་གཏོགས་ནང་ཁུལ་ལ་བླ་བཙོང་རྐང་འདྲེན་གྱི་འཛེ་གྲུབ་དེ་ཕོག་གི་རེད་དོ།། གོ་སོང་ངམ་ཁ་བརྡ་ཚང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (95)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme