Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྡ་སའི་རི་གྲོང་ན།

Posted on 2012-04-13 By ཆུ་སྐྱེས་སྒྲོལ་མ། 34 Comments on རྡ་སའི་རི་གྲོང་ན།

ཉི་མ་འཚོ།

གཅིག

ཁོ་མོ་ནི་གྱོན་ཆས་གསར་བ་དང་རྒྱན་ཆ་ལ་ཧ་ཅང་དགའ། ཁོ་མོའི་ངོ་གདོང་དང་ལུས་ཀྱི་རྣམ་པ་ནི་ནམ་ཡང་དཔེ་གསར་ཁོ་ན་ལས་མ་འདས། ཁོ་མོ་བྱིས་པ་ཞིག་གི་ཨ་མ་རེད་ཟེར་ན་སུས་ཀྱང་ཡིད་མི་ཆེས་ལ། ཁོ་མོར་ཡང་ཨ་མ་ཞིག་ཡིན་བསམ་པའི་སྣང་བ་ཁྱོན་ནས་མེད། ཁོ་མོས་ཤེལ་སྒོ་ནང་རང་ཉིད་ཀྱི་སྐྱེས་གཟུགས་དང་རྣམ་པ་ལ་ཡིད་ཚིམ་པ་ཞིག་བལྟས་རྗེས། ཐག་སྒྲ་ཞིག་གི་འགྲོས་དང་བསྟུན་ནས་ཁ་གཏད་ཕྱི་རྒྱལ་གྱི་ཟ་ཁང་ཞིག་གི་ནང་དུ་འཛུལ། ཁོ་མོས་ཁ་སང་གྲོགས་པོ་ཞིག་གི་མགྲོན་བྱས་པའི་ཟ་མ་དེ་ཡོད་མེད། ཚལ་ཐོ་ཐོག་མིག་གཤེར་གྱིས་ཕར་ཀློག་ཚུར་ཀློག་འགའ་བྱས། “དིར དིར དིར” ཁ་པར་གྱི་སྒྲ་བསྟུན་མར་གྲགས་བྱུང་།

“ཧ་ལོ(hello)། སུ་ཡིན་ནམ།”

“ང་རྒྱ་མཚོ་ཡིན། ཁྱོད་ལ་དུས་ཚོད་ཡོད་དམ།”

“དགོངས་དག ང་busy (བྲེལ་བ)ཡིན་ལོ།” ཟེར་བ་མཉམ་དུ་ཁ་པར་སྒང་གི་གཡོན་ཕྱོགས་ན་གློག་དམར་པོ་སྤར་བའི་རྟགས་དེ་མནན་སོང་།

“སྤྲང་གོག་ཁྱོད་ཚོར་སུས་ཁ་ཡ་བྱེད་དམ།” ཁོ་མོའི་གདོང་ལ་མི་འདོད་པའི་རྣམ་འགྱུར་ཞིག་བཟུང་ནས་སྐད་ཤུགས་ཆུང་ངུས་བཤད།

ཁོ་མོས་གྲོགས་པོ་ཞིག་ལ་ཞབས་ཞུ་ཡི་རིམ་པ་ཆ་ཚང་བསྒྲུབས་ཚར་རྗེས། ཆུ་ཚོད་བཅུ་གཉིས་ཟིན་འདུག་མོད། ཕྱིར་ལོག་པའི་ལམ་བར་དུ། ཡང་ཁ་པར་གྱི་སྒྲ་གྲགས་བྱུང་།

“སུ་ཡིན་ནམ”

“ང་སྟོབས་ལྡན་ཡིན། ང་དེ་རིང་ལྡི་ལི་ནས་ཡོང་བ་ཡིན།”

“ཚོང་པ་ཆེན་པོ། ཁྱོད་བདེ་མོ།” ཁ་ཡག་ཅིག་བཤད་རྩིས་བྱེད་སྐབས།

“མོ་རེ། འཛམ་བུ་གླིང་། ང་ན་ནིང་གི་མགྲོན་ཁང་དེའི་ནང་བསྡད་ཡོད། སྒོ་རྟགས་༢༠༥ཡིན། ཁྱོད་ལ་དུས་ཚོད་ཨ་ཡོད།

“ང་་་་”

“གོང་ཚད་ཁྱོད་ཀྱིས་བཤད་ན་ཆོག འཛམ་བུ་གླིང་། མགྱོགས་པ་ཤོག” མནའ་ཚིག་འདྲེས་པའི་སྐད་ཆ་དེ་ཚོ་གོ་མ་ཐག་ཁོ་མོའི་གདོང་ལ་འཛུམ་མདངས་ཤིག་འཕྱུར།

རྐང་སྣམ་ཁོམ་སྲང་ལ་གཡས་སྐོར་ཞིག་བརྒྱབ་ནས་ཆང་དྲི་དང་དུ་དྲི་འདྲེས་མའི་མགྲོན་ཁང་ནང་འཛུལ་མ་ཐག ཁོ་མོའི་མིག་ལམ་དུ་གསེར་དངུལ་གྱིས་གཡོགས་པའི་སྐྱེས་པ་སྟོབས་ཆེན་བཞི་མངོན་བྱུང་།

“ག་རེ། group(མཉམ་དུ)་ཡིན་པས།” ཁོ་མོས་དེ་ལྟར་ཟེར་བ་ན།

“ང་ཚོ་མཉམ་དུ་ཡིན་དཱ། ཧ་ཧ་ཧ” ཁོང་ཚོས་མགྲིན་གཅིག་ཏུ་བཤད་ཚུལ་ལ་བལྟས་ན་བྲེལ་བས་སྒུག་ཡོད་པ་འདྲ།

དེ་ནི་དེང་གི་ཞབས་ཞུའི་གོ་རིམ་ཞིག་ལ་ཟེར་བ་དང་། རྒྱུ་ཐོག་ལ་རྒྱག་ཐུབ་པའི་ཞབས་ཞུའི་རྣམ་གྲངས་ཨང་དང་པོ་ཡིན།

ཁོ་མོས་དུས་ཡུན་གང་འཚམས་ཤིག་གི་རིང་ཞབས་ཞུའི་གོ་རིམ་མ་ནོར་བར་རང་ཉིད་ཀྱིས་སེམས་ཁོང་ནས་ཤོད་འདོད་པའི་གོང་ཚད་དེ་བླངས་རྗེས། རང་ཉིད་འདུག་སར་སྐྱེལ་རུ་བཅུག

གཉིས།

ཁོ་མོས་ཁྱིམ་མཚེས་ཕོ་གསར་དེ་ཟུར་མིག་གིས་ཕུགས་ཐེངས་རེར་ཁོའི་ཆུང་མས་ཁོ་ལ་བཟའ་འཁོན་ཐེངས་རེ་རྒྱག་གི་ཡོད། ད་སྐབས་དེ་ཡང་རྒྱུན་ལྡན་ལྟར་ཆགས་ནས་ཁོ་མོའི་ཧམ་པ་ཇེ་ཆེར་གྱུར་སོང་། ཁོ་མོའི་ཞབས་ཞུ་སྒྲུབ་སའི་མགྲོན་པོ་ནི་བོད་དང་།རྒྱ་གར། ཁ་ཆེ། ཕྱི་རྒྱལ་མགོ་སེར་སོགས་ཧ་ཅང་མང་ལ། ཁོ་མོར་ཁོམ་པ་ཞིག་གཏན་ནས་མེད། ཤེལ་སྒོ་ནང་རང་གི་བཟོ་ལྟ་ཡིད་ཚིམ་པ་ཞིག་བཅོས་ཡོད་ལ། གྱོན་གོས་གསར་བ་དང་དྲི་ཞིམ་སྤོས་ཆུའང་ལུས་ལ་གཏོར་ཡོད། ཡིན་ནའང་། ཁོ་མོའི་ལུས་པོའི་གསེང་ནས་སྐྱུག་བྲོ་བའི་དྲི་མ་གཞན་ཞིག་ག་ལེར་བ་སྤུའི་བུ་ག་རེ་རེ་ནས་འཐུལ་ཡོང་བ་ནི་སུས་ཀྱང་བཟོད་མི་ཐུབ་པ་ཞིག་རེད།

ཁོ་མོས་འདི་ལྟར་བྱེད་དོན་ནི་ཁྱོ་ག་དེས་གཡུགས་པས་རེད་ཟེར། འདི་ནི་ཁྱིམ་མཚེས་རྒན་མོ་དེའི་སྐད་ཆ་རེད། “ཁྱོ་ག་དེ་ཕྱི་རྒྱལ་ལ་མ་སོང་གོང་ཁོ་གཉིས་བཟའ་ཚང་བདེ་སྐྱིད་ལྡན་པ་ཞིག་ཡིན་པ་མ་ཟད། བུ་ཆུང་སྙིང་རྗེ་བོ་ཞིག་ཀྱང་ཡོད།དེང་སང་གི་འགྱུར་བ་འདི་དག་རྒན་མོ་ངའི་བསམ་ཡིད་ལས་འདས་སོང་། ཁྱིམ་མཚེས་གཡས་གཡོན་ཚང་མས་ཁོ་མོར་ཁ་ཏ་སློབ་གསོ་དང་གདུང་སེམས་མཉམ་སྐྱེད་བྱས་ནའང་། ཁོ་མོ་ནི་ཁ་ཐུར་དུ་འཁོར་བའི་རྦབ་རྡོ་ཞིག་དང་ཀུན་ནས་མཚུངས།”ཁྱིམ་མཚེས་རྒན་མོས་དེ་ལྟར་བཤད་ཚུལ་ལས་ཁོ་མོ་ལ་སེམས་ཁྲལ་ཚད་མེད་བྱེད་བཞིན་པའི་རྣམ་འགྱུར་ཞིག་མངོན་ཡོང་།

གསུམ།

ལས་ལམ་འགྲོ་མེད་དུས་ཞི་ལ་ཆམ་པ་ཕོག་ཟེར་བ་ཅིས་མ་བདེན། ད་སྐབས་ཁོ་མོར་ཅི་ཡིན་འདི་ཡིན་མི་ཤེས་པའི་ན་ཚ་ཞིག་ཕོག་སོང་བས། སྔོན་ཆད་ཀྱི་གཟུགས་པོའི་ཉམས་དེ་བོར་ཞིང་། སྔོན་ཆད་ཀྱི་བཞིན་གྱི་མདངས་དེ་བརླགས་འདུག་པས། ཉིན་རེར་ལས་མ་འདས་པར་ཉམ་ཐག་ནད་པ་ཞིག་གི་ཚུགས་ཀ་བཅོས་མི་དགོས་པར་རང་བཞིན་གྱི་མངོན་ཡོང་གི་འདུག འདི་ནི་འཇིགས་སུ་རུང་བའི་ན་ཚ་ཞིག་ཡིན་པ་ཁོ་མོས་ཧ་གོ་བ་ནས། སྨན་པའི་རྟགས་དཔྱད་ཀྱི་ཤོག་ལྷེ་དེ་བཟུང་ནས་རྡ་སྟེང་བུ་གསོ་ཁང་ལ་ཐེངས་རེར་རྒྱུགས་འགྲོ།

“’འགན་འཛིན་ལགས། ཐུགས་རྗེ་གཟིགས། ང་བུ་ལ་ཐུག་ན་འགྲིག་གི་རེད་དམ།”

ཁོ་མོའི་མིག་ཆུ་དྭངས་མོ་ཞིག་ཁ་རས་གསེང་ལ་བཞུར་བྱུང་། འགན་འཛིན་གྱིས་ཁོ་མོ་ཡུན་རིང་གསོན་ཐབས་མེད་པའི་ཤོག་ལྷེ་དེ་ཚོར་ནན་ཏན་གྱིས་ལྟ་བཞིན་”ཁྱོད་ལ་ཁག་མི་འདུག ཁྱོད་ལ་ཁག་མི་འདུག”ཟེར་ནས་ཡང་ཡང་བཟླས།

རྡ་སྟེང་བུ་གསོ་ཁང་གི་ངྷེལ་མཚེའུ་འགྲམ་ན་བྱིས་པ་འགས་རྩེ་མོ་རྩེད་བཞིན་པའི་ནང་ནས་ཆུང་ཤོས་ནི་བསྟན་འཛིན་མིང་མེད་རེད། ལོ་བརྒྱད་ཀྱི་ཡར་སྔོན་གྱི་ཞོགས་པ་ཞིག་ལ་ཨག་སྐད་ཆེན་པོས་ཁྱིམ་ཚང་བཅུ་པ་གཉིད་ལས་སློང་མཁན་གྱི་ཕྲུ་གུ་བདག་མེད་དེའང་རེད། འོན་ཀྱང་ཁོས་རང་ཉིད་དྭ་ཕྲུག་ཅིག་ཡིན་པ་མི་ཤེས་ལ། ཨ་མས་རང་ཉིད་བཙལ་བཞིིན་པའང་མི་ཤེས། ཁྱིམ་ཚང་བཅུ་པའི་ཨ་མ་ལགས་ནི་རང་ཉིད་ཀྱི་ཨ་མ་ངོ་མར་བརྩིས་ཡོད།

“ཨ་མ་ལགས། ཐུགས་རྗེ་གཟིགས། ང་བུ་ལ་ཐེངས་ཤིག་བལྟ་རུ་འཇུག་རོགས།”ཁོ་མོའི་ཁ་རས་ཡོངས་རྫོགས་མིག་ཆུས་བརླན་འདུག

“ག་རེ་བུ། དགོས་དུས་རྡོ་རྗེ་དང་། མི་དགོས་དུས་གདོན་རྫས་ཟེར་བ་མ་ཡིན་ནམ། ངས་ལོ་བརྒྱད་ལ་གསོས་ཡོད།”ཁྱིམ་ཚང་བཅུ་པའི་ཨ་མ་ལགས་ཧ་ཅང་ཁྲོས་འདུག

“་་་་་་་་”

“ཁྱོད་གཞི་ནས་ཡོང་རྒྱུར་ངོ་མི་ཚའམ། མ་གཞི་ཁྱོད་ཨ་མ་རེད་དམ།”

བུ་ལ་བག་ཆགས་ངན་པ་མི་འཇོག་པའི་ཆེད་དུ། ཁོ་མོས་ཐག་རིང་ནས་བུ་ལ་བལྟས་རྗེས། ཁྱིམ་ཚང་བཅུ་པའི་ཨ་མ་ལགས་ཀྱི་ལག་པར་སྒོར་ཁྲི་ལྔ་ཡོད་པའི་ཁུག་མ་དེ་བཞག་ནས་ཁ་རོག་གེར་བུད་སོང་།

ཆར་རླུང་འཚུབ་ཅིང་འབྲུག་སྒྲ་ལྡིར་བའི་མཚན་མོར་དེར། གློག་འོད་འཁྱུག་པའི་ངོས་ན་བུད་མེད་སྐམ་པོ་ཞིག་རྡ་སའི་ནགས་ཀླུང་སྟུག་པོའི་ཁྲོད་ནས་མངོན་ཡོང་ལ། དེ་དང་མཉམ་དུ་སྐྱི་གཡའ་བའི་ངུ་འབོད་ཀྱང་ལྷང་ངེར་གོ་ཡོང་། འཇིགས་སུ་རུང་བའི་མཚན་མོར་དེར། ཁོ་མོའི་རུས་གོག་སྤར་མོ་གང་བོ་འདི་ལྟར་ཆར་རླུང་ཁྲོད་ལྷེབ་ལྷེབ་དུ་འཕུར་བཞིན་འདུག

བརྩམས་སྒྲུང་།

Post navigation

Previous Post: ཉམས་མྱོང་དང༌། ལག་རྩལ་དེ་ཚོ་བེད་སྤྱོད་ཐེངས་གཅིག་གནང་རོགས།
Next Post: ༅༅།། ས་གཤིས་རིག་པའི་ཟིན་བྲིས་ཐོར་བུ། ༣༽

Comments (34) on “རྡ་སའི་རི་གྲོང་ན།”

  1. མེ་ཏོག་དཀར་པོ། says:
    2012-04-13 at 1:42 am

    ཆང་སའི་དྲྭ་བར་བཀླགས།

  2. lhako says:
    2012-04-13 at 4:01 am

    ཡག་པོ་བྲིས་འདུག འདི་དངོས་ནས་ཡིན་པ་འདྲ་ལ། དེ་ལྟར་ཁྱེད་ཀྱི་གྲོགས་མོ་ཞིག་ཡིན་སྙམ།

  3. ཁ་སྒང་ཤེར་རྒྱམ། says:
    2012-04-13 at 5:18 am

    སྒྱུ་རྩལ་བརྩམས་ཆོས་སམ་རྩོམ་རིག་གསར་རྩོམ་ཁྲོད་ཀྱི་ཐེ་ཚོམ་དང་དོགས་སློང་ནི་རྩོམ་རིག་མཛེས་དཔྱོད་ཀྱི་རིན་ཐང་འབྱུང་བའི་སྒོ་མོ་ཉག་ཅིག་ཏུ་གསུངས་པ་བཞིན། བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་ན་གཞོན་བུད་མེད་རྩོམ་པ་པོ་ཉི་མ་མཚོས་སྒྲུང་རྩོམ་རེ་རེར་ཡང་སྤྱི་ཚོགས་སྒུལ་ཤུགས་ཀྱི་ནུས་པ་ཆེས་ཆེར་ལྡན་ན། ཁོ་བོས་འདིར་མུ་མཐུད་སྒྱུ་རྩལ་གྱི་ལྗགས་ཕྱེ་གྱ་ནོམ་པ་རེ་བསྩལ་བར་ཐུགས་རྗེ་བླ་ལྷག་ཏུ་ཆེ་ཞུ་འདོད་བྱུང།

  4. བསོད་ནམས། says:
    2012-04-13 at 6:10 am

    རྡ་སའི་རི་གྲོང་རང་རེད་འདུག ངོ་མ་གསོ་ཉམས་ལྡན་གི འདི་འདྲའི་རྡ་སའི་འཚོ་བ་སྒྱུར་རྩལ་གྱིས་ལམ་ནས་དངོས་བྲིས་བྱས་བ་ཞིག་ད་རག་བར་མཐོང་མྱོང་མེད། མཛངས་མའམ་རྩོམ་འབྲི་མ་ཉི་མ་འཚོར་བཀའ་དྲིན་ཆེ་ཞུ། ལྷག་པར་མུ་མཐུད་ནས་རྒྱུན་སྲིང་སྟེ་འདི་ལྟ་བའི་སྒྱུར་རྩལ་རྩོམ་རིག་གང་མང་ངའི་ཀློག་པ་པོ་ཀུན་གྱི་མིག་ལམ་ཏུ་སྤེལ་རྒྱུར་རེ་བ་ཆེ། སྤྱིར་འུ་ཚང་གི་ཨ་མ་ཚོས་འདི་ལྟར་བུའི་ལས་སུ་ཞུགས་རྒྱུར་གལ་ཆེར་བ་འདུག

  5. ལྕགས་འགོར says:
    2012-04-13 at 6:59 am

    ཡག་པོ་འདུག ཐེངས་གཉིས་ལ་ཞིབ་ཀློག་བྱས་ཡིན། སྐྱོན་ཕྲན་བུ་ཞིག་ཡོད་པ་ནི་བྱ་བ་འགའ་རེ་གློ་བུར་དུ་བརྗོད་འདུག དེ་གོ་རིམ་དང་ཞིབ་ཆ་ཡོད་ན་དེ་ལས་བཟང་བར་སེམས།

  6. འཛུམ་ཤོར། says:
    2012-04-13 at 7:30 am

    རྩོམ་ཡོངས་བཀླགས་ཟིན། སྐྱོན་ཞིག་ནི། བུད་མེད་དེ་ཁྱོ་ག་དང་ཁ་འབྲལ་དགོས་པའི་རྒྱུ་མཚན་མ་བྲིས་པས།
    བུད་མེད་དེས་རང་གིས་རང་ཉིད་མེད་པ་བྱེད་དགོས་པ་ཤེས་ཀྱི་མི་འདུག
    ཡོན་ཏན་ཞིག་ནི་སྒྲུང་གི་དཀྱོགས་མཚམས་དང་མི་སྣའི་སྣང་བརྙན་ཡག་པོ་བསྐྲུན་འདུག

  7. ཁྲི་རལ་པ། says:
    2012-04-13 at 11:53 am

    དངོས་གནས་སྤྱི་ཚོགས་ཀྱི་ཕྱོགས་གཅིག་ཞིབ་འབྲི་བྱས་འདུག་པ་དོན་སྙིང་ལྡན་པ་ཅིག་རེད་མོད།་ད་རུང་སྤྱི་ཚོགས་ཀྱི་ཉམས་མྱོང་དང་འཚོ་བའི་བདེན་དོན་སོགས་མ་འདང་བའི་ཆ་ཅུང་རེ་ཡོད་པ་མ་ཟད།བརྗོད་གཞི་འདི་འདྲ་ང་ཚོའི་སྤྱི་ཚོགས་ནང་ཧ་ཅང་ཉུང་ང་རེ་ཟུང་ཙམ་ཡིན་པས།གུས་པའི་རེ་བར་རྩོམ་པ་མོ་མཆོག་ནས་དེ་ལས་ཀྱང་ཉེན་ཚབ་ཅན་རང་རེའི་སྤྱི་ཚོགས་ནང་ཕོ་མོའི་གསང་འབྲེལ་གྱི་བརྩེ་དུང་དང་འགལ་འདུ་སོགས།འཛམ་གླིང་གང་སར་རྐུན་ཇག་འདུར་འདུར་བྱེད་མཁན་དང་བྱ་བ་བཟང་ངན་སྣ་ཚོགས་མཐོང་མྱོང་མཁན་ནུབ་ཕྱོགས་པ་ཚོའང་ཧང་སངས་འགྲོ་བ་དེ་འདྲའི་རིགས་འདུག་པ་རྣམས།སྒྲུང་རྩོམ་ལམ་དྲངས་ཐུབ་ན་དངོས་གནས་རིན་ཐང་ལྡན་པ་ཅིག་དང་མི་ཚོ་ཧ་ལས་པ་ཅིག་ཡོང་ས་རེད།

  8. སྲས་ཆུང། says:
    2012-04-13 at 12:00 pm

    བསམ་པའི་ཀློང་ན། རྩམ་སྒྲུང་དེ་ལྟ་བུ་རྡ་སའི་རི་གྲོང་ན་དངོས་སུ་བྱུང་མེད་དམ་བསམ་པའང་བྱུང། ཇི་ལྟར་ཡང་ཧ་ཅང་ལེགས་པོ་བྲིས་འདུག

  9. བསྟན་སྐལ། says:
    2012-04-13 at 12:12 pm

    གནས་ཚུལ་བྲིས་པ་རྣམས་འགོད་གྲོ་པོ་འདུག།

  10. བསྟན་འོད་ says:
    2012-04-13 at 12:17 pm

    རྩོམ་སྙན་མོ་བྲིས་འདུགས་ཐུགས་རྗེ་ཚར་གཅིག་བཀླགས་ཡིན་དུས་ཚོད་བྱུང་ན་་ཡངས་བསྐྱལ་ཀློག་རྒྱུ་ཡིན་། རྩོམ་དེ་འདྲ་མུ་འཐུད་དུ་སྤེལ་བར་ཞུ་ལེགས་།

  11. རྩམ་དགའ། says:
    2012-04-13 at 1:21 pm

    སྙན་པ་ལ་ཚོད་ཅིག་མི་འདུག་་་་་་བཀའ་དྲིན་ཆེ་་་་རིག་བཟང་མ།
    རྡ་སའི་རི་གྲོང་ཆུང་ཆུང་དེ་ན་འདི་འདྲའི་སྒྲུང་མང་ནི་རེད། ད་རུང་བྱུང་ན་མོ་ཏོ་དེའི་མིང་དངོས་སུ་ཤོད་མ་ཐུབ་རུང་་་་་གཟུགས་རིང་ཐུང་དང་་ཤ་མདོག་དཀར་ནག་་་ནུ་མ་ཆེ་ཆུང་་་་ཨོང་ཤ་ག་འདྲ་ཡོད་མེད་སོགས་ཅུང་ཞིབ་མོར་བྲིས་ན་་་་ཕན་ཐོགས་ཏག་ཏག་ཡོང་གི་རེད་་་་

  12. འབྲི་ཆུ། says:
    2012-04-13 at 2:58 pm

    བུ་མོ་ཚོས་རྩོམ་དེ་འདྲ་རེ་བྲི་ན་བོད་པའི་འཇིག་རྟེན་དེ་གསར་པ་ཞིག་ཏུ་ངོ་མ་སྒྱུར་ཐུབ།རྒྱུན་དུ་བུད་མེད་ལ་ཐོབ་ཐང་དགོས་ཟེར་ནས་འུར་ཆ་རྒྱག་མི་དགོས་པ་རང་དབང་རང་ལག་ལ་ཡོད་པ་དེ་འདྲ་ཡོང་རྒྱུ་རེད།

  13. སེར་ཤུལ་རིན་ཆེན་དོན་གྲུབ། says:
    2012-04-13 at 4:44 pm

    སྙན་པོ་བྱུང་། ཁྱེད་ཀྱི་འབྲི་རྩལ་དང་ཞིབ་འཇུག་བྱེད་སྟངས་ལེགས་སོ།།

  14. ཐུབ་པ། says:
    2012-04-13 at 5:19 pm

    སྒྱུ་རྩལ་བརྩམས་ཆོས་སམ་རྩོམ་རིག་གསར་རྩོམ་ཁྲོད་ཀྱི་ཐེ་ཚོམ་དང་དོགས་སློང་ནི་རྩོམ་རིག་མཛེས་དཔྱོད་ཀྱི་རིན་ཐང་འབྱུང་བའི་སྒོ་མོ་ཉག་ཅིག་ཏུ་གསུངས་པ་བཞིན། བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་ན་གཞོན་བུད་མེད་རྩོམ་པ་པོ་ཉི་མ་མཚོས་སྒྲུང་རྩོམ་རེ་རེར་ཡང་སྤྱི་ཚོགས་སྒུལ་ཤུགས་ཀྱི་ནུས་པ་ཆེས་ཆེར་ལྡན་ན། ཁོ་བོས་འདིར་མུ་མཐུད་སྒྱུ་རྩལ་གྱི་ལྗགས་ཕྱེ་གྱ་ནོམ་པ་རེ་བསྩལ་བར་ཐུགས་རྗེ་བླ་ལྷག་ཏུ་ཆེ་ཞུ་འདོད་བྱུང།
    ཡག་པོ་འདུག

  15. འདོད་ལྷ་ཁམས་པ། says:
    2012-04-13 at 5:45 pm

    ཨཨཨ
    སྒྱུ་རྩལ་གི་གསོན་ཉམས་ལྡན་པ།
    ཀློག་འདོད་གི་བྲོ་བ་ལྡན་པ།
    བརྗོད་བྱ་གི་ནང་དོན་ལྡན་པ།
    དངོས་བྱུང་གི་ལོ་རྒྱུས་ལྡན་པ།

    དངོས་ནས་བཞིན་བཟང་མ་ཉི་མ་འཚོ། ཁྱེད་ངེད་ཀློག་པ་པོ་རྣམས་ཀྱི་ཡིད་སེམས་ལ་རང་དབང་མི་སྟེར་བའི་ལེགས་རྩོམ་འདི་འདྲ་བ་ག་རེ་བྱས་ནས་ད་ལྟ་བར་དུ་ཁ་བརྡ་དྲ་ནང་དུ་མ་བཀོད་པ་ཡིན།
    རྗེས་སོར་འདི་འདྲ་བའི་དངོས་བྱུང་རྩོམ་བྲིས་གང་ཡོད་པ་ངེད་ཀློག་མཁན་གི་མིག་མདུན་ལ་སྦས་གསང་མི་གནང་རོགས།

  16. གཞོན་ནུ་ཟླ་མེད། says:
    2012-04-13 at 10:35 pm

    རྩམ་དགའ་རྩམ་པའི་ཁུག་ཏི།།
    རྩོམ་ཡིག་འདི་ལ་མ་དགའ།།
    རྩོམ་ཡིག་ནང་གི་མོ་དེའི།།
    ཨོང་ཤ་ནུ་མར་དགའ་འདུག།

    འདོད་ལྷ་ཁམས་པའི་འདོད་ཆགས།།
    སྒྱ྄ུ་རྩལ་རྩོམ་ཡིག་ཕར་ཞོག།
    རྩོམ་གྱི་མི་སྣར་མ་ལངས།།
    རྩོམ་པ་པོ་ལངས་འདུག།

    མི་རེའི་དགའ་ཕྱོགས་ཟེར་བ།།
    ཡ་མཚན་ནང་གི་ཡ་མཚན།།
    མཆན་པ་མང་པོ་ཞིག་ནི།།
    དགའ་ཕྱོགས་བཤད་པར་སྐྲག་འདུག།

  17. མེ་ཏོག་དཀར་པོ། says:
    2012-04-13 at 10:39 pm

    ཀ་ཀ ཀོ་ཀོ ཟླ་མེད་ཟླ་མེད། ངའི་དགའ་ཕྱོགས་ཀྱང་་་་་་ཀ་ཀ་ཀི་ཀི་་་་

  18. ཤུག་པ། says:
    2012-04-13 at 11:36 pm

    འདོད་ལྷ་ཁམས་པ་ནས།
    ༼སྒྱུ་རྩལ་གི་གསོན་ཉམས་ལྡན་པ།
    ཀློག་འདོད་གི་བྲོ་བ་ལྡན་པ།
    བརྗོད་བྱ་གི་ནང་དོན་ལྡན་པ།
    དངོས་བྱུང་གི་ལོ་རྒྱུས་ལྡན་པ།༽ ཅེས་བྲིས་འདུག
    སྔོན་རིག་གནས་གསར་རྗེས་ཀྱི་རླུང་འཚུབ་ལྡང་དུས་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་ལས་གི་གཅིག་བུ་ལས་འགྲེལ་སྒྲའི་ཕྲད་ལྷག་མ་ཁུར་སོང་བ་རེད། དེ་རིང་ཁྱོད་ཀྱི་རྩོམ་ཡིག་གློག་དུས་བཙན་བྱོལ་དུ་ཡང་དེ་འདྲའི་རླུང་བུ་གཡུག་པ་མིན་ནམ་སྙམ་པའི་དོགས་པ་བྱུང་།

  19. རྩམ་དགའ། says:
    2012-04-14 at 1:22 am

    ཀ་ཡེ་ཁུ་ལོ་གཞོན་ནུ་ཟླ་མེད། །
    ཁ་རོག་སྡོད་ཚོད་མེད་ཚུལ་བལྟས་ན། །
    ག་ལེར་སེམས་ནང་ཅི་ཞིག་དྲན་པ། །
    ང་ཚོ་ལས་ཀྱང་སྡིག་ཅིག་ཡིན་ཚོད། །

  20. གསེར་རྟ་བསོད་ནམས་ཕུན་ཚོགས། says:
    2012-04-14 at 3:58 am

    ཁྱེད་ཀྱི ་སྙན་རྩོམ་གྱི་བྲོ་བ་ཟབ་མོ་ལྷོག་ལྷོག་གདུ་སྐབས་ངའི་སེམས་ངོགས་སུ་སེམས་ཚོར་དྲག་ཏུ་ལྡང་བའི་ཆུ་རྒྱུན་རིང་མོ་ཞིག་ཁད་ཀྱིས་བྲང་གཞུང་ངོགས་སུ་བཞུར་གྱིན་འདུག་ཁྱེད་ཀྱི་བཞག་པའི་ལོ་རྒྱུས་སོ་མ་ཞིག་རེད་ནམ་ཡང་བརྗེད་མི་སྲིད་ཁྱེད་སྒུག་གྱིན་ཡོད་ཁྱེདའཚོལ་གྱིན་ཡོད་་་་་་་་་་་

  21. པད་མ་ཆོས་སྒྲོན། says:
    2012-04-14 at 12:45 pm

    བཀླགས་ཟིན། མི་སྣའི་བར་གྱི་སྐད་ཆར་གསོན་སྙན་ཆེ་ཆེར་ཐོན་འདུག ཨ་མ་སེམས་ཆུང་ཞིག་གིས་བུ་མོར་ཁ་ཏ་བྱེད་པ་ཞིག་ལ་རིག་གི

  22. འདོད་ལྷ་ཁམས་པ། says:
    2012-04-14 at 2:54 pm

    ཟླ་མེད་ལོ་ལོ།
    མི་མཇེད་འཇིག་རྟེན་གྱི་འདོད་པའི་ཁམས་ཆེན་མོ་འདི་ན་འདོད་ཆགས་དང་མི་ལྡན་པའི་སྐྱེ་བ་བླངས་ཡོད་མཁན་ཞིག་མེད། གལ་སྲིད་འདོད་ཆགས་དང་མི་ལྡན་པའི་སྐྱེ་བོ་ཞིག་ཡིན་ན་འདོམས་ཀྱི་དབང་བོར་རྩ་གཅིག་མ་ཚང་བའི་རྟགས་ཡིན། སོང་ཙང་། འདོད་ཁམས་གི་གང་ཟག་དང་སྲོག་ཆགས་ཤིག་ཡིན་ན་འདོད་ཆགས་ནི་འཇིག་རྟེན་དུ་ཡོང་ཉིན་ནས་ལྷན་སྐྱེས་སུ་ཡོད་ལ། ཡོད་དགོས་ངེས་ཤིག་ཀྱང་ཡིན།
    ཁ་ནས་མི་དགོས་ཟེར་མཁན་མང་ན་ཡང་ཁོག་ན་མི་དགོས་མཁན་ཞིག་མེད་ཟེར་ན་མི་ཆོག་རྒྱུ་མེད། དེ་གཅིག་ཡིན། དེ་ནས།
    མིང་ལ་གཞོན་ནུ་བཏགས་ཀྱང་། །
    དོན་ལ་མི་རྒན་ལོ་ལོན། །
    གཞན་གྱི་སྐྱོན་མཚང་བརྗོད་ལ། །
    འགྲན་ཟླ་མེད་པའི་ཁ་རྒོད། །

    སྒྱུ་རྩལ་རྩོམ་ལ་བྱང་བའི། །
    ན་གཞོན་བུ་དང་བུ་མོའི། །
    སེམས་ཤུགས་ཐུར་དུ་མ་འདྲུད། །
    སྤོབས་པའི་ཁ་གཡང་སྒྲོགས་ཤིག །

    ཤུག་པ་ལགས།
    ཁྱེད་ཀྱིས་ངའི་གི་སྒྲ་ལ་རྒོལ་གཏམ་སྤེལ་པར་ངོས་ལེན་ཡོད། ཡིན་ན་ཡང་། རང་གི་ལྟ་ཚུལ་བཞིན་གི་སྒྲ་འཇུག་ཚུལ་ལ་གསལ་བཤད་མི་འདུག་ཁར་མ་དགོས་པའི་རིག་གནས་གསར་རྗེ་ཟེར་བའི་ཚིག་རྙིང་ཚིགས་དྲི་ཁ་བ་དེ་མི་དགོས་བཞིན་དུ་འདིར་འཁུར་ཡོང་འདུག ས་འོག་ལ་སྦས་པའི་རོ་གོག་དེ་ཕྱིར་མ་བཏོན་ན་ཡག་གི་རེད།
    མ་གཞི་འབྲེལ་སྒྲ་རྣམ་པ་ལྔ་བོ་སྦྱོར་ཚུལ་རང་རང་གི་མཐའ་རྟེན་གྱི་ཡི་གེ་ལ་ལྟོས་དགོས་ན་ཡང་། ངའི་འདི་ནས་གི་སྒྲ་ཁོ་ན་བྲིས་པ་ནི་རང་གི་ངག་ནས་བརྗོད་བདེ་ཁོ་ནའི་ཕྱིར་དུ་བྲིས་པ་ཡིན་ལགས། མི་གཞན་ལ་བསམ་བློ་ཅང་བཏང་མེད།

  23. ཤུག་པ། says:
    2012-04-15 at 9:01 am

    འདོད་ལྷ་ཁམས་པ་ལགས།
    ཉིད་ཀྱིས་གི་གཅིག་བུ་བྲིས་པ་དེ་ནོར་ནས་བྲིས་འདུག་བསམ་པ་ང་ལ་ཡང་མེད། དེའི་ཕྱིར་མཐའ་རྟེན་གང་ལ་འབྲེལ་སྒྲའི་ཕྲད་གང་སྦྱོར་མིན་གྱི་འགྲེལ་བཤད་ནི་ལྷག་མ་ཞིག་ཏུ་མཐོང་སོང་།
    འོན་ཀྱང་ཁ་སང་གི་རིག་གནས་དམར་གསོད་ཀྱི་ལོ་རྒྱུས་ལ་དེ་རིང་ཕྱིར་དྲན་བྱེད་འོས་ཞེས་པ་ཙམ་ཡིན། བཤད་ཐལ་ཤོར་སོང་ན་དགོངས་དག་ཞུ་་་་ཞུ

  24. མིག་སྨྱོན། says:
    2012-04-15 at 10:51 am

    ཁ་བརྡ་ཚང་ལ་བཀྲིས་བདེ་ལེགས།

  25. མིག་སྨྱོན། says:
    2012-04-15 at 10:57 am

    ཐུགས་རྗེ་ཆེ།

  26. གང་དཀར། says:
    2012-04-15 at 11:39 am

    ཡག་པོ་འདུག

  27. བསྟན་སྐལ། says:
    2012-04-15 at 12:02 pm

    གནས་ཚུལ་གསལ་པོ་ཞེས་དྲགས་འདུག།

  28. ལུང་རྟོགས། says:
    2012-04-15 at 12:28 pm

    སྒྲུང་རྩོམ་ཡག་གི་་་་མི་ཡག་གི་ན་ཨ་མའི་ཤ།

  29. མེ་ཏོག་དཀར་པོ། says:
    2012-04-15 at 12:35 pm

    བསྟན་བསྐལ་དབུས་པ་དང་ལུང་རྟོགས་ཨ་མདོ་བ་རེད། འདི་བོད་སྐད་ཡིག་གི་ཞན་ཆ་ལྷང་ལ་བུད་པའི་རྟགས་མཚན་ཁ་གསལ་ཏེ་ཚིག་རྐང་བཅུ་ཙམ་གྱི་ཡི་གེའི་ནང་འབྲི་བ་པོའི་ཕ་ཡུལ་གསལ་བས་སོ།།

    འདི་འདྲ་བོད་ཆིག་སྒྲིལ་ཕན་པ་མེད་པའི་ལས་སོ།།

  30. མཐོ་རླུང་། says:
    2012-04-15 at 12:56 pm

    བྱེ་བྲག་ཡག་པོ་བྲིས་གནང་ཤག་བསྔགས་བརྗོད་ཡོད་ད།

  31. བསྟན་འཛིན་པདྨ་ says:
    2012-04-16 at 12:06 am

    སྒྲུང་འདི་ངོ་མ་ཡིན་ན་སེམས་འགུལ་འཐེབ་པ་ཞིག་རེད་འདུག གལ་ཏེ་ངོ་མ་མིན་ནའང་ང་ཚོའི་སྤྱི་ཚོགས་ནང་དུ་དེ་འདྲ་ཡོད་སྲིད་པ་རེད། བོད་མི་རྒན་གཞོན་དར་གསུམ་ཡོངས་རྫོགས་ནས་གཟབ་གཟབ་བྱེད་དགོས། མི་ལུས་རྩ་ཆེན་དེ་བེད་སྤྱོད་ལེགས་པར་གཏོང་ཐབས་བྱེད་ཨ་།

  32. བྲོ་འཚལ། says:
    2012-04-16 at 1:30 am

    བརྩམས་སྒྲུབ་འདི་ནི་ད་ལྟའི་དུས་སྐབས་འདིར་རྡ་སའི་རི་གྲོང་ལ་མཚོན་ན་སྤྱིར་བཏང་ནང་གི་ཆེས་སྤྱིར་བཏང་གི་གནས་ཚུལ་ཞིག་ཏུ་གྱུར་ཏེ་གནད་འགག་དང་ཉེན་ཁ་ཡོད་ཟེར་བ་ཙམ་ལས་དོན་དུ་དེའི་ཚེ་སྲོག་འཕྲོག་པའི་རང་བཞིན་དེ་སེམས་ན་འཁོར་མཁན་ཉུང་ཉུང་ཡིན་པས་རྩོམ་པ་པོ་ཁོ་རང་གི་མཐོང་ཚུལ་གསར་པ་ཞིག་དཔེ་གཞི་རུ་བཞེངས་ཏེ་རྩོམ་རིག་གི་གར་སྟེགས་སུ་བཤམས་པ་ནི་བཤད་མ་དགོས་ལ།་་་་ལྷག་པར་འོས་འཚམས་གྱི་བྱུང་རིམ་དང་རྩོམ་གྱི་སྒྲིག་གཞི།་་་མི་སྣ་བཀོད་འབྲི་དང་སྐད་ཆ།་་་་བརྗོད་བྱ་སོགས་ནི་དུས་དང་མཐུན་པའི་རྡ་སའི་རི་གྲོང་གི་སྒྱུ་རྩོམ་མཛེས་དཔྱོད་ཀྱི་རིན་ཐང་མཆིས་པ་སོགས་དུས་དང་མཐུན་པའི་ཆར་པ་རང་རེད།

  33. མེ་ཏོག་དཀར་པོ། says:
    2012-04-16 at 8:08 am

    ང་སྟོབས་ལྡན་ཡིན། དེང་སང་ཨ་རིར་སྡོད་གི་ཡོད། སྙིང་རྗེ་མོ་མཉམ་དུ་ཚར་མང་པོ་སྡད་ཚར་པ་ཡིན། མོ་མོ་རང་གི་ལས་ཀ་ལ་འཇོན་པོ་ཧ་ལས་པ་ཡོད།
    ཡིན་ནའང་འཇིགས་སུ་རུང་བའི་ནད་དེ་ང་ལ་་་་་་་་

  34. རུས་གོང་། says:
    2012-04-17 at 11:41 am

    རྡ་ས་ན་ཡ་མཚན་གྱི་གནས་ཚུལ་ཅི་ཡང་ཚོར་རྒྱུ་ཡོད་ལ། ངོ་མཚར་བའི་ལྟད་མོ་ཅི་ཡང་མཐོང་རྒྱུ་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme