Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄༅། །རྟགས་འཇུག་གི་དགོངས་དོན་ལ་ཁ་གཡར་ནས་ཉ་ཉུང་མཉམ་བསྲེ་མ་བྱེད། པ་བ་གཉིས་ཀྱི་འཇུག་ཚུལ་ཟུར་ཙམ་གླེང་བ།

Posted on 2020-01-102020-01-11 By ཁ་བརྡ 15 Comments on ༄༅། །རྟགས་འཇུག་གི་དགོངས་དོན་ལ་ཁ་གཡར་ནས་ཉ་ཉུང་མཉམ་བསྲེ་མ་བྱེད། པ་བ་གཉིས་ཀྱི་འཇུག་ཚུལ་ཟུར་ཙམ་གླེང་བ།

དཔའ་རིས་སངས་རྒྱས། (རོང་བོ་ཐང་དཀར་གྱིས་འོས་སྦྱོར་བྱས།)

[ནང་དོན་གནད་བཤུས] སློབ་དཔོན་ཐོན་མི་མཆོག་གིས་བསྐྲུན་པའི་རྟགས་ཀྱི་འཇུག་པ་ནི། སྒྲ་རིག་པའི་རྩ་བ་ཡིན། དེ་ལས་གསུངས་པའི་མིང་མཐའ་རྟགས་མཚུངས་དྲང་བ(ཞར་བྱུང་སྒྲ་མཚུངས་དྲུང་བ)ནི། མིང་དང་ཚིག་གི་སྦྱོར་བ་རྣམས་བརྗོད་པ་བདེ་ཞིང་། ངག་སྙན་པར་བྱེད་པའི་ཚད་མ་རིག་པ་ཞིག་ཡིན། ཕྲད་གཞན་དབང་ཅན་རྣམས་ཀྱི་ཐོབ་ཐང་ལས་ཀྱང་གསལ་མོད། དེས་ན་རྗེས་འཇུག་མོ་ཡིག་ང་འ་དག་ལ་མིང་མཐའ་ཕོ་ཡིག་པ་པོ་སྦྱར་ན། སྒྲའི་སྐྱེ་གནས་ཀྱི་བར་ཐག་ཤིན་ཏུ་རིང་བ་དང་། སྒྲ་དྲག་ཞན་གྱི་ཁྱད་པར་ཆེ་བས། སྡེབ་སྦྱོར་དང་འགལ་བའི་སྐྱོན་འཇུག་པས། དེ་ལུགས་མེད་པར་གཏོང་བ་གལ་ཆེའོ། །

[ཐ་སྙད་གཙོ་བོ།] ཁང་བ་དང་ཁང་པ། ལྔ་བ་དང་ལྔ་པ། སུམ་ཅུ་བ་དང་སུམ་ཅུ་པ། ཡོད་པ་བོ་དང་ཡོད་པ་པོ།

གླེང་གཞི།

གངས་ཅན་མཁས་པའི་གཙུག་རྒྱན་ཀུན་ཏུ་བཟང་བོ་ལ་ཕྱག་འཚལ་ལོ། །
བོད་དུ་འཁྲུངས་པའི་མཁས་དབང་དང་བོ་མཆོག །
ཐོན་མི་སམ་བྷོ་ཊ་ཞེས་གྲགས་པ་ཡིས། །
བོད་ཡིག་གསར་དུ་བསྐྲུན་པའི་སྐུ་དྲིན་གྱིས། །
མ་རིག་མུན་པ་སེལ་བའི་ཉིན་བྱེད་ཤར། །
སུམ་རྟགས་ལུང་དུ་བསྟན་པའི་སྐུ་དྲིན་གྱིས། །
ལྔ་རིག་དཔག་བསམ་རྒྱས་པའི་རྒྱུ་རྐྱེན་འཛོམས། །
ལོ་ཙཱའི་ལམ་ནས་ཐུབ་བསྟན་བོད་ལ་དྲངས། །
དགེ་བཅུ་ཁྲིམས་ཀྱིས་རྒྱུ་འབྲས་ལེགས་པར་སྲུང་། །
མི་ཆོས་གཙང་མས་སྤྱི་ཚོགས་མཛའ་མཐུན་བྱུང་། །
ཁོང་གི་མཛད་པ་ཆེན་པོ་མི་དྲན་སུ། །
དྲན་པའི་མཆོག་ནི་ཁོང་གི་ཡོན་ཏན་རྣམས། །
རང་གི་རྒྱུད་ལ་གཟུངས་སུ་འདེབས་པ་དང་། །
ཁོང་གི་དགོངས་པའི་དར་ཆ་རླབས་པོ་ཆེ། །
མཐོན་པོར་བསྒྲེངས་ཏེ་གཞུག་མར་ལེགས་ཚོགས་སྐྲུན། །

དེ་ཡང་ཁ་ཅིག་གིས་ཁང་བ་ལ་ཁང་པ་དང་། ལྔ་བ་ལ་ལྔ་པ། དགུ་བོ་ལ་དགུ་པོ་སོགས་སུ་ཀློག་པ་ནི། དབུས་སྐད་ཀྱི་ཁྱད་ཆོས་ཡིན་ཟེར། དངོས་སུ་ན། དབུས་སྐད་དུ་པ་དང་བ་གཉིས་མཆུ་བཙུམས་ནས་ཀློག་པ་འདྲ་ཡང་། པ་ནི་ཕོ་ཡིག་དང་བ་ནི་མོ་ཡིག་ཡིན་པས། སྒྲ་དྲག་ཞན་ཐད་ཁྱད་པར་གསལ་བར་སྣང་མོད། ཡིན་ན་ཡང་། སྨྲ་བ་ལྡབ་ལྡིབ་ཅན་གྱི་ཁ་ན་ཉ་ཉུང་མཉམ་བསྲེས་བྱས་ཏེ། དེ་གཉིས་ཁྱད་མེད་གཅིག་འདྲར་སོང་ཡོད་པ་མ་ཟད། ད་དུང་སྤྲེལ་ལ་ངོམ་རྒྱུ་རྐུབ་ཟེར་བ་ལྟར། དེ་འདྲའི་མ་དག་རྒྱུན་འབྱམས་བདེན་པར་རློམ་སྟེ། སྔོ་ལོ་དགུང་ལ་ཅི་འདོད་དུ་འཕྱར་བཞིན་མཆིས། ཞིབ་ཆ་གསལ་ན་ངེས་ཤེས་འདྲོངས་པར་སྲིད་པས། གཤམ་ནས་དེ་ཐད་ནས་ཅུང་ཟད་གླེང་ན།

དང་པོ། རྟགས་འཇུག་གི་ཆེ་བ་བརྗོད་པ།

སློབ་དཔོན་ཐོན་མི་མཆོག་གིས་ལུང་བསྟན་པའི་རྟགས་ཀྱི་འཇུག་པ་ནི། ཡི་གེ་དང་མིང་ཚིག་བརྗོད་པ་ཀུན་གྱི་སྡེབ་སྦྱོར་ཏེ། ། ངག་སྙན་པར་བྱེད་པའི་རོལ་མོ་འཕྲུལ་དང་ལྡན་པ་ཞིག་ཡིན། རྟགས་འཇུག་གི་གཞུང་དེ་ལས་དོན་ཆེན་གཉིས་བསྟན་ཡོད་དེ། གཅིག་ནི། ཡི་གེའི་དག་ཆ་ནི་སྒྲ་གདངས་གཙོ་བོ་ཕོ་མོ་མ་ནིང་ལ་རག་ལས་པ་དང་། ཅིག་ཤོས་ཚིག་གི་དག་ཆ་གཙོ་བོ་བདག་གཞན་བྱ་བྱེད་ལས་གསུམ་ལ་རག་ལས་པ་ཡིན། མིང་དང་ཚིག་གི་སྦྱོར་བ་ལ་དག་ཆ་ཐོན་ན། འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་འགྲོའོ། །

རིགས་ལམ་ཕྲ་མོ་རྣམ་པར་ཕྱེད་པའི་རྣམ་དཔྱོད་ཆེ་ཞིང་། ཕྱི་ཐག་རིང་དུ་མཐོང་བའི་སྔོན་གྱི་ཤེས་ལྡན་པའི་སློབ་དཔོན་ཐོན་མི་ཁོང་གིས་རྟགས་འཇུག་གི་གཞུང་འདི་བསྐྲུན་པ་ལ། ཁེབས་རྒྱ་ཉི་མའི་འོད་ལྟར་ཁྱབ། ཞིབ་ཆ་ཀུ་ཤའི་རྩེ་ལྟར་ཕྲ། སྒྲའི་ཞིབ་ཆ་མི་འདྲ་བ་རྣམས། ཕོ་མོ་མ་ནིང་གི་རྣམ་པར་ཕྱེ་སྟེ། ཐ་སྙད་བྱེ་བྲག་པ་བགྲང་གིས་མི་ལང་པ་གྲུབ་ནས། ཚིག་རྗོད་ཚུལ་ལ་མཁས་པའི་ངག་གི་དཔལ་ཤར་བ་ལས། གཅིག་ཏུ། བོད་སྐད་ཕུན་སུམ་ཚོགས་པ་ཡིན་ཚུལ་ངེས་པར་བསྟན་པ། གཉིས་སུ། མིང་དང་ཚིག་གི་སྦྱར་སྲོལ་སྤུ་རིས་མ་འདྲེས་པར་བསྟན་པ། གསུམ་དུ། ཚིག་ཉུང་དོན་རྒྱས་པའི་རྩོམ་རྩལ་ལེགས་པར་བསྟན་པ། དེ་ལྟར་བསྟན་པ་གསུམ་གྱིས་ཕྱུག་པའི་སྒྲ་རིག་པའི་བསྟན་བཅོས་འདི་ལྟ་བུ་ཞིག སྤྱི་ལོའི་དུས་རབས་བདུན་པའི་སྟོད་ཀྱི་ཆ་སྟེ། དེ་འདྲ་སྔ་མོ་ཞིག་ནས་བྱུང་བ་ལ། འཇིག་རྟེན་ཁམས་ནའང་ཤིན་ཏུ་དཀོན་ནོ། ། ངོ་མཚར་ཆེའོ། །

རྟགས་འཇུག་གི་གཞུང་འཁྲུངས་པ་ཧ་ཅང་སྔ་བས། ད་ལྟ་རྒས་ནས་བཀོལ་ས་མི་འགྲོ་སྙམ་དུ་མ་སེམས། ཚད་མས་གྲུབ་པའི་གཞུང་འདིའི་ལང་ཚོའི་དཔལ་ནི། ཇི་སྲིད་བར་དུ་ཉམས་རྒུད་འགྲོ་མི་སྲིད་པས། སྒྲ་རིག་པར་མཁས་འདོད་རྣམ་པས་གཞུང་འདི་དཔྱིས་ཕྱིན་པར་སྦྱང་བ་གལ་ཆེ། དེང་གི་སྐྱེ་བོ་ཕལ་གྱི་བརྩམས་ཆོས་ལ་བལྟས་ན། མིང་དང་ཚིག་གི་སྦྱོར་བ་ལས། དག་ཆ་མ་ཐོན་ས་མང་དུ་མཐོང་ངོ་། ། དེ་ལ་རྒྱུ་མཚན་དུ་མ་ཡོད་ཀྱང་། གཙོ་བོ་རྟགས་འཇུག་གི་དགོངས་དོན་ཟབ་མོ་མ་རྟོགས་པའི་སྐྱོན་དུ་མངོན་ཚབས་ཆེ། སྐབས་འདིར་གལ་བོ་ཆེ་ལ་ནན་ཏན་ཞིག་བྱ་བ་གཤམ་གསལ། །

གཉིས་པ། མིང་མཐའ་པ་པོ་དང་བ་བོ་ཉ་ཉུང་མཉམ་བསྲེ་མ་བྱེད།

འདོད་རྒྱལ་གྱི་མིང་གི་མིང་མཐའ་འདྲེན་ཚུལ་ལ། རྟགས་འཇུག་རྩ་བ་ལས།
ཕྱི་མ་དག་གི་འདྲེན་ཚུལ་ནི། །
ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་། །
མོ་ཡིས་མོ་ཡི་མིང་མཐའ་དྲང་། །
མ་ནིང་གིས་ནི་མ་ནིང་ངོ་། །

ཞེས་པ་གནད་ཆེ། ཅུང་ཟད་བཀྲལ་ན། རྗེས་འཇུག་གི་ཕོ་ཡིག་ག་ད་བ་ས་བཞི་བོས། མིང་མཐའ་ཀ་ཅ་ཏ་པ་ཙ་དབྱངས་དང་ལྡན་མི་ལྡན་གང་འཚམ་རེ་དྲངས་པ་ནི། དྲག་པ་ལྕགས་དང་ལྕགས་མཚམས་སྦྱར་བ་འདྲ། རྗེས་འཇུག་གི་མོ་ཡིག་ང་མ་འ་གསུམ་གྱིས་མིང་མཐའ་མོ་ཡིག་ག་ང་ཇ་ཉ་ད་ན་བ་མ་ཛ་ཝ་ཞ་ཟ་འ་ཡ་ར་ལ་ཤ་ས་ཧ་དབྱངས་དང་ལྡན་མི་ལྡན་གང་འཚམ་རེ་དྲངས་པ་ནི། ཞན་པ་རས་དང་རས་སྦྱར་བ་འདྲ། རྗེས་འཇུག་མ་ནིང་ན་ར་ལ་གསུམ་གྱིས་མིང་མཐའ་མ་ནིང་ཁ་ཆ་ཐ་ཕ་ཚ་གང་འོས་རེ་དྲངས་པ་ནི། རན་པ་ཤིང་དང་ཤིང་སྦྱར་བ་འདྲ་སྟེ། བརྗོད་པ་བདེ་ཞིང་། ངག་གི་སྙན་ཆ་ཐོན་པ་སྡེབ་སྦྱོར་གྱི་མཆོག་བྱིན་པ་ཡིན། གཞན་ཡང་རྗེས་འཇུག་ན་མ་གཉིས་སྣ་སྒྲ་དང་ལྡན་ཞིང་། དེ་གཉིས་དང་སྐྱེ་གནས་ཉེ་བའི་མིང་མཐའ་པ་དྲངས་པ་ནི། གནས་མཚུངས་འདྲེན་པའི་རིགས་ཏེ། དེ་ཡང་བརྗོད་བདེ་འདྲེན་པ་ཡིན།

དོ་བོ་གཡས་གཡོན་མཉམ་ན་བཀལ་པ་བདེ། ། མིང་མཐའ་རྟགས་མཚུངས་དྲངས་ན་བརྗོད་པ་བདེ། ། ཟེར་བའི་དོན་མ་གོ་བའི་རྩོམ་མཁན་རྣམ་པས། ཁང་བ་ལ་ཁང་པ། དང་བོ་ལ་དང་པོ། བཟང་བོ་ལ་བཟང་པོ། ལྔ་བ་ལ་ལྔ་པ། དགུ་བ་ལ་དགུ་པ། ཡོད་པ་བོ་ལ་ཡོད་པ་པོ། སུམ་ཅུ་བ་ལ་སུམ་ཅུ་པ་སོགས་སུ་བྲིས་པ་ནི། རྗེས་འཇུག་མོ་ཡིག་ལ་མིང་མཐའ་ཕོ་ཡིག་དྲངས་པ་ནི། རས་དང་ལྕགས་མཚམས་སྦྱར་བ་འདྲ། ཕན་ཚུན་བཞུན་ཆ་མེད་སོང་། ངག་གི་སྙན་ཆ་ཤོར་སོང་། ཡིན་ན་ཡང་། ཁ་ཅིག་གིས་ལྟར་སྣང་ཙམ་ལ་ཡང་དག་པར་སེམས་ཏེ། དེ་འདྲའི་བརྗོད་པ་དབུས་སྐད་ཀྱི་ཁྱད་ཆོས་ཡིན་ཟེར། ཨུ་ཚུགས་མཐའ་སྐྱེལ་བྱེད། དབུས་སྐད་དུ་པ་བ་གཉིས་མཆུ་བཙུམས་ནས་ཀློག་པ་འདྲ་ཡང་། པ་ཕོ་ཡིག་དང་མ་མོ་ཡིག་གི་སྒྲ་དྲག་ཞན་གྱི་ཁྱད་པར་གསལ་བ་ལ། སྨྲ་བ་ལྡབ་ལྡིབ་ཅན་གྱི་ཁ་ན་ཉ་ཉུང་མཉམ་བསྲེས་ཀྱིས་ཁྱད་པར་མེད་སོང་། མ་དག་རྒྱུན་འབྱམས་དེ་འདྲ་ལ། ཡིག་མཁན་མང་བོས་བདེན་པར་རློམ་ནས། མདོ་དབུས་ཐུན་མོང་དུ་གྲགས་པའི་རྒྱལ་བ་ལ་རྒྱལ་པ། མཐོ་བ་ལ་མཐོ་པ་ལྟར་བྲིས་པ་ཡང་བྱུང་། ཤིང་པར་རྙིང་བའི་དཔར་མ་ལས། རྩ་བ་སུམ་ཅུ་བ་ལས་བྱུང་བའི་དང་བོ། བཅུ་བ། བྱེད་པ་བོ་ཞེས་སུ་འབྱུང་བ་རྣམས། དེང་གི་ཞན་པར་གསར་མ་ལས། དང་པོ། བཅུ་པ། བྱེད་པ་པོ་ཞེས་སྦྱར་ཡོད་པ་ནི། ཐོན་མིའི་རྟགས་འཇུག་གི་མིང་མཐའ་འདྲེན་ཚུལ་དང་ལོག་པར་སྦྱར་བའི་དཔེ་རུ་མངོན། སྒོས་སུ་བཀའ་བསྟན་གསར་དུ་དཔར་བ་ལས་ཀྱང་། མིང་མཐའ་བ་བོའི་དོད་དུ་པ་པོ་བཅུག་པ་མང་དུ་མཐོང་ངོ་། །

སྐྱོན་དེ་རིགས་སེལ་བའི་ཆེད་དུ། སྔོན་བྱུང་མཁས་དབང་དག་གིས། བ་ཕྱི་ཝ་རུ་གདོན་པར་བྱ་ཞེས་གསུངས། དོན་ནི་པ་སྔ་མ་སྒྲ་དྲག་པར་འདོན་པ་དང་། བ(བྷ)ཕྱི་མ་སྒྲ་ཞན་པ་ཝ(བ)རུ་གདོན་དགོས་ཟེར་བ་ཡིན། ཆོས་བཟང་བོའི་དོན་མ་རྟོགས་པའི་ཁ་གཅུ་འགའ་རེས། པ་ཕྱེད་ཝ་རུ་གདོན་པར་བྱ་ཞེས། ལབ་ཟློས་ཙམ་ལས་དོན་མེད་པར་གྱུར་སོང་། དག་ཡིག་ངག་སྒྲོན་མིང་མཐའ་པ་བའི་དབྱེ་བ་ནི། ། ག་ད་བ་ས་ན་མ་པ། ། ང་འ་ར་ལ་མཐའ་མེད་བ། ། ཞེས་གསལ་བར་བསྟན་ཀྱང་། ལོ་རྒྱུས་ཀྱི་དབང་གིས། (སློབ་གྲྭ་མེད་པ། མཁས་པ་ཉུང་བ། དཔེ་ཆ་དཀོན་པ) གོ་ཆེར་མ་ཆོད། སྐབས་འདིར་གལ་བོ་ཆེ་ལ་ནན་ཏན་བྱ་རྒྱུ་ནི། རྗེས་སོར་གནའ་དཔེ་དཔར་པ་ལ། དེའི་ནང་གི་མིང་མཐའ་དང་། ཐ་སྙད་གོ་དཀའ་བའམ་ཐེ་ཚོམ་ཅན་ནམ། མ་དག་པར་འདོད་པ་རྣམས་གྱ་ཚོམས་སུ་ཞུ་དག་མ་མཛད་པར་སོར་ན་ཞོག་ཅིག དེ་བཞིན་བཞག་ན། དཔྱད་རིན་མི་དམན་ནོ། །

མ་རིག་མུན་སེལ་གྱི་སྒྲོན་མེ་སྦར་དགོས། ། མ་དག་རྒྱུན་འབྱམས་ཀྱི་བརྡར་ཤ་གཅོད་དགོས། ། བརྒྱ་བཤད་སྟོང་བཤད་ཡོས་ལ་ཡོང་རྒྱུ་རྩམ་པ། བ་ཡིག་གི་ཀློག་ཚུལ་མི་འདྲ་ས། ཨམ་སྐད་དུ་མ་མཆུ་ཡ་སོར་སྦྱར་ནས་瓦 ལྟར་ཀློག་པ་དང་། དབུས་སྐད་དུ་མཆུ་ཡོངས་སུ་སྦྱར་ཏེ་བྷ་ལྟར་ཀློག་པ་ཡིན། མིང་མཐའ་རྟགས་མཚུངས་འདྲེན་པའི་ཁྱད་ཆོས་ནི། སྒྲའི་སྐྱེ་གནས་གཅིག་པའམ་ཉེ་བ་དག རླུང་ཤུགས་འདྲ་བའི་ཚུལ་གྱིས་ཀློག་པ་ཡིན། ཕྲད་གཞན་དབང་ཅན་གྱི་ཐོབ་ཐང་རྣམས་དེ་ལྟར་མ་ཡིན་ནམ། དེས་ན། ཁང་བ་ལ་ཁང་པ་ཞེས་ཚེ། རྗེས་འཇུག་ངའི་སྐྱེ་གནས་མགྲིན་པར་སོང་བས་སྒྲ་ཞན་པ་ཡིན་ཞིང་། མིང་མཐའ་པའི་སྐྱེ་གནས་མཆུ་དང་། སྒྲ་དྲག་པར་ཀློག་པ་ལ། འདི་གཉི་གའི་སྐྱེ་གནས་ཀྱི་བར་ཐག་ཧ་ཅང་རིང་ཞིང་། སྒྲ་དྲག་ཞན་གྱི་ཁྱད་པར་ཧ་ཅང་ཆེ་བས། བརྗོད་པར་བདེ་བར་ཡོང་བའི་དཔེ་མེད། དེས་ན་དབུས་སྐད་དུ་ཁང་བ་ལ་ཁང་བྷ་ཞེས་ཀློག་པ་ལ། ཉན་མཁན་གྱིས་སྒྲ་དྲག་ཞན་གྱི་དབྱེ་བ་མ་ཕྱེད་པའི་སྐྱོན་ཡིན། རང་ཉིད་ཀྱི་ལྟ་བ་གཞན་དབང་གི་དེ་ཉིད་དང་འགལ་ན། ཚུལ་དང་མི་མཐུན་པ་མིན་ནམ། དབུས་སྐད་དུ་མིང་གཞི་བ་དང་། མིང་མཐའ་བ་གཉིས་ཀ་བྷ་ལྟར་ཀློག་ཚུལ་འདྲ་བས། བོད་ལ་པོད་དང་། ། བུ་མོ་ལ་པུ་མོ་དང་། བ་ལང་ལ་པ་ལང་དང་། རྒྱལ་བ་ལ་རྒྱལ་པོ་ལྟར་ཀློག་པ་ཡིན་ཏེ། ཡིག་རིས་ལ་ཁྱད་པར་མེད་དོ། །

གསུམ་པ། ཁ་སྐད་མི་གཅིག་ཀྱང་ཡིག་སྐད་སྦྱོར་བ་འདྲ།

ཡུལ་སྐད་ཀྱི་ཁྱད་ཆོས་གཙོ་བོ་སྒྲའི་གྲག་ཚུལ་མི་འདྲ། ཨམ་སྐད་དུ། ཐག་པ་ལ་ཐག་ཧཱ(化)དང་། ཐེག་པ་ལ་ཐེག་ཧཱ(化)། ཐོག་པ་ལ་ཐོག་ཧྭ(化)། ཐིག་པ་ལ་ཐིག་ཀྭ(瓜)། ཐུག་པ་ལའང་ཐུག་ཀྭ(瓜)ཞེས་བརྗོད་པ་ཡིན། མགོ་ལོག་སྐད་དུ། ཚེ་སྲོག་ལ་། ཚེ་ཧྲོག་དང་། སྲིད་བྱུས་ལ་ཏྲིད་བྱུས། སྐུ་སྲུང་ལ་སྐུ་ཏྲུང་དུ་བརྗོད། དཔའ་རིས་སྐད་དུ། སྤང་རི་ལ་བསང་རི་དང་། སྤར་བ་ལ་བསར་བ། སྤུན་ཟླ་ལ་བསུན་རྫ་ཞེས་བརྗོད་པ་ལྟ་བུ། དེ་དག་གང་ཡང་ཡི་གེར་བྲིས་ན་སྤྱི་སྐད་དང་ཁྱད་པར་ཅི་ཡང་མེད་དོ།།

རང་ཡུལ་དུ་ཡུལ་སྐད་བཤད་ན་གོ་བདེ་ཡང་། ཡུལ་སྐད་བཟང་ཞེས་ཨུ་ཚུགས་བྱས་དྲགས་ན། ལུང་བ་རེ་རེར། སྐད་ལུགས་རེ་རེ། ཞེས་ལུང་བ་ཕན་ཚུན་བར་བརྡ་མི་འཕྲོད་པར་གྱུར་ཏེ། མི་རིགས་གཅིག་ཀྱང་མི་རིགས་དུ་མར་གྱུར་བ་འདྲ། འདང་རྒྱོབས་དང་། དེས་ལྟ་ན། སྤྱི་སྐད་ལ་གནོད་པ་མི་ཆེའམ། སྔོན་བྱོན་མཁས་པ་རྣམ་པས་ནམ་ཡང་རྩོམ་དུ་ཡུལ་སྐད་མ་འབྲི་ཞེས་ནན་ཏན་མཛད་པའང་གནད་འདི་ལ་ཐུག་ཡོད་དོ། །

མི་རིགས་གཅིག་གི་སྐད་ཆ་བཤད་ལུགས་གཅིག་པར་གྱུར་ན། བསམ་ཚུལ་འདོད་ཚུལ་ཕན་ཚུན་བརྗེ་རེས་བྱེད་པར་ཐོགས་པ་མེད་འགྲོ མི་ཐག་ཇེ་ཉེ། སྣང་བ་ཇེ་མཐུན། སྤུན་ཟླའི་འདུ་ཤེས་ཇེ་བརྟན་དུ་སོང་སྟེ། མི་རིགས་རང་གི་ལེགས་ཚོགས་ལ་མཉམ་དུ་སྡོངས་ཏེ་འབད་རྩོལ་བྱེད་ཐུབ་བོ། ། རྒྱ་མི་རིགས་ཀྱི་ཡུལ་སྐད་ལའང་ཁྱད་པར་ཤིན་ཏུ་ཆེ་མོད། མི་རིགས་ཐུན་མོང་གི་བཤད་ལུགས་གཏན་ལ་ཕབ་པའི་ཚུན་ཆད་ནས། རྒྱ་མི་རིགས་རང་གི་ནང་ཁུལ་གྱི་མི་དང་མིའི་བར་དུ་བརྡ་མི་འཕྲོད་པའི་བཀག་རྒྱ་མེད་སོང་བ་མ་ཟད། གྲངས་ཉུང་མི་རིགས་ཀྱིས་རྒྱ་སྐད་སློབ་པ་ལའང་ཕན་ཆེན་པོ་ཐོགས་སོང་། ང་ཚོས་ཀྱང་ཡིག་སྐད་གཞི་རུ་བཟུང་ནས་ཡུལ་སྐད་ཀྱི་ཁྱད་པར་མེད་པར་གཏོང་ཐབས་བྱ་དགོས་སོ། །

སྤྱིར་མིང་མཐའ་མི་གཅིག་པས་དོན་མི་འདྲ་བ་སྟོན་སྲིད་པས་ན། པ་པོ་དང་བ་བོ་གདམ་ང་མེད་པར་གང་རུང་སྦྱར་ན་མི་འགྲིག དཔེར་ན། ཞིབ་པ་ཞེས་ན་ཁྱད་ཆོས་དང་། ཞིམ་པོ་ཞེས་ན་དངོས་པོ་སྟོན། དེ་བཞིན་དུ། བདག་པ་ཞེས་ན་བྱ་བ་དང་། བདག་པོ་ཞེས་ན་དངོས་པོ་སྟོན། ཡང་། རི་བ་ཞེས་ན་བྱ་བ་དང་། རི་བོ་ཞེས་ན་དངོས་པོ་སྟོན། ཆག་པ་ཞེས་ན་བྱ་བ་དང་། ཆག་པོ་ཞེས་ན་དངོས་པོ་སྟོན། ཕྱུག་པ་ཞེས་ན་ཁྱད་ཆོས་དང་། ཕྱུག་པོ་ཞེས་ན་དངོས་པོ་སྟོན། གསུམ་ཞེས་ན་བགྲང་གྲངས་དང་། གསུམ་པ་ཞེས་ན་རིམ་གྲངས། གསུམ་པོ་ཞེས་ན་བསྡོམས་གྲངས། གསུམ་པ་བོ་ཞེས་ནི་གནས་གྲངས་སྟོན་པ་ཡིན་ནོ། །

སྨྲས་པ། ཁེབས་རྒྱ་ཆོད་ན་ཕྱོགས་ལྷུང་མེད། །
ཞིབ་ཆ་གསལ་ན་ངེས་ཤེས་འདྲོངས། །
ཚད་མར་གྲུབ་པའི་གཞུང་ལུགས་ནི། །
གདམས་པར་ཤར་བའི་ཉམས་ལེན་ཡིན། །

[རྩོམ་པ་པོ་ངོ་སྤྲོད།] དཔའ་རིས་སངས་རྒྱས། ཀན་སུའུ་ཞིང་ཆེན་དཔའ་རིས་བོད་རིགས་རང་སྐྱོང་རྫོང་གི་མི་ཡིན། སློབ་དཔོན་ཆེན་མོའི་ལས་ཐོབ་བླངས་ཡོད། གཙོ་བོ་བོད་ཀྱི་སྒྲ་རིག་པའི་ཕྱོགས་ལ་ཞིབ་འཇུག་བྱེད་མུས་ཡིན།

དཔྱད་རྩོམ།

Post navigation

Previous Post: འ་འགོ་དང་མ་མགོའི་རྣམ་གཞག་ལས་ཐོག་མའི་དོན་ཅན་གྱི་དག་ཆར་དཔྱད་པ།
Next Post: སློབ་དེབ་བློ་གསལ་མགུལ་རྒྱན་ལས་འཕྲོས་པའི་གཏམ་གླེང།

Comments (15) on “༄༅། །རྟགས་འཇུག་གི་དགོངས་དོན་ལ་ཁ་གཡར་ནས་ཉ་ཉུང་མཉམ་བསྲེ་མ་བྱེད། པ་བ་གཉིས་ཀྱི་འཇུག་ཚུལ་ཟུར་ཙམ་གླེང་བ།”

  1. ཀརྡོ་རབ་འབྱམས་པ་ says:
    2020-01-10 at 11:54 pm

    ་་་་་་་་་་་་་ དོན་མ་གོ་བའི་རྩོམ་མཁན་རྣམ་པས། ཁང་བ་ལ་ཁང་པ། དང་བོ་ལ་དང་པོ། བཟང་བོ་ལ་བཟང་པོ། ལྔ་བ་ལ་ལྔ་པ། དགུ་བ་ལ་དགུ་པ། ཡོད་པ་བོ་ལ་ཡོད་པ་པོ། སུམ་ཅུ་བ་ལ་སུམ་ཅུ་པ་སོགས་སུ་བྲིས་པ་ནི། རྗེས་འཇུག་མོ་ཡིག་ལ་མིང་མཐའ་ཕོ་ཡིག་དྲངས་པ་ནི། རས་དང་ལྕགས་མཚམས་སྦྱར་བ་འདྲ། ཕན་ཚུན་བཞུན་ཆ་མེད་སོང་། ངག་གི་སྙན་ཆ་ཤོར་སོང་། ཡིན་ན་ཡང་། ཁ་ཅིག་གིས་ལྟར་སྣང་ཙམ་ལ་ཡང་དག་པར་སེམས་ཏེ། ་་་་་་་་་་་་་ ཟེར་བ་མི་ཐད་དེ།
    ་
    ཞི་པ། ལྔ་པ། དགུ་པ། བཅུ་པ། ཁང་པ། ངང་པ། རྐང་པ། ཀ་པ། ཁ་པ། ག་པ། ང་པ་དང་ཅ་པ་སོགས་དང་། མང་པོ། བཟང་པོ། ཆེན་པོ། སོགས་ལ། དེ་དག་གི་རྗེས་སུ། བོ་དང་གཅིག བྷོ་དང་གཉིས། ཝོ་དང་གསུམ་སྦྱར་མི་རུང་ཏེ། བོད་སྤྱི་སྐད་ལ་གནོད་་པའི་ཕྱིར་རོ། །

  2. རྒྱ་མ་ཚང་ says:
    2020-01-11 at 5:35 am

    དང་པོ་རྩོམ་པོ་རང་ཉིད་སྐྱེ་ཡུལ་་བོད་ཀྱི་ལོ་རྒྱུས་ནང་མེད་པའི་རྒྱ་ནག་པོའི་ཆབ་སྲིད་བོད་དུམ་པོ་གཏོང་བའི་༼ཀན་སུའུ་ཞིང་ཆེན་༽ཞེས་པ་ཕར་ཞག་ནས་དེ་ནས་ཁང་བ་དང་ཁང་པ་བཙོད་ན

  3. ཉི་མ་རང་གྲོལ། says:
    2020-01-13 at 1:40 am

    ཡང་གྲ་བ་དང་གྲ་ལོག་དྲ་འབུ་རྣམས་ཐོན་མགོ་ཚུགས་སོང་། ཕུལ་དུ་བྱུང་བའི་སྒྲ་རིག་པའི་དཔྱད་རྩོམ་ལ་རང་ཉིད་ཀྱི་དགོངས་ཚུལ་བཤད་རྒྱུ་མེད་པར་འབྲེལ་བ་མེད་པའི་སྨྱོ་ལབ་རྒྱབ་མ་བསྡད་རོགས།

  4. ཀརྡོ་རབ་འབྱམས་པ་ says:
    2020-01-13 at 9:03 am

    བོད་ཀྱི་མཁས་པ་ཡིན་ན། ཨ་མདོ་ཡིན་པས་ཁྱབ་ན། ཨ་མདོ་མཁས་པ་ཡིན་ན། བོད་སྐད་ཡག་པོ་མི་ཤེས་པས་ཁྱབ་བོ།།

  5. ཨོ་རྒྱན་སྐྱབས། says:
    2020-01-14 at 11:50 am

    གུས་ཤིང་བཀུར་བར་འོས་པའི་མཁས་དབང་རྣམ་པ།

    བདག་སྒྲའི་སྐོར་དེ་གླེང་དུས། ང་ཚོ་ཚང་མ་ཁ་ཆེའི་ཕྱོགས་ལྷུང་པ་ལྟ་བུར། རྒྱུ་མཚན་དང་ལོ་རྒྱུས། དངོས་ཡོད་ཀྱི་འབྲས་བུ་སོགས་གླེང་ས་གཅིག་ཀྱང་མེད་པར་འགྱུར་བཞིན་འདུག ལྷག་པར་དུ་ཨ་མདོ་བ་རྣམས་གླེན་རྟགས་ཚ་ཤོས་གཅིག་ལ་གྱུར།

    མང་པོ་མི་བཤད། བཀའ་བསྟན་གྱུར་ཚང་མའི་ནང་ལ། རྐང་པ་དང་། ཁང་པ། མང་པོ། ཞང་པོ་སོགས་བྲིས་ཡོད་པ་ལས་མང་བོ་ལྟ་བུ་བྲིས་མེད། དེ་བཞིན་ས་དགེ་བཀའ་རྙིང་གི་བླ་མ་དང་ཚད་ལྡན་མཁས་པ་ཚང་མའི་གསུང་ནང་ལ་ཡང་དེ་བཞིན་ནོ།

    ད་དངོས་ཡོད་འདི་ལ་གཟིགས་ནས་ལན་ཞིག་སྟེར་རོགས།

    ཕྱིས་ཀྱི་ཨ་མདོ་བ་ཚོས་ས་སྐྱ་པན་ཊི་ཏ་མཁས་པར་འཛིན་པ་མང་མོས། ཁོང་གི་གསུང་འབུམ་ལ་གཟིགས་དང་། རྐང་བ་ཟེར་བ་དང་། ཁང་བ་ཟེར་བ་གཅིག་ཀྱང་མེད། ད་སེམས་རྣལ་ལ་ཕབ་ནས་བགྲོ་གླེང་གནང་རོགས།

  6. ཇ་མ་ says:
    2020-01-16 at 1:26 pm

    ལྟས་ཟིན།

  7. ངག་ཚུལ། says:
    2020-01-16 at 6:40 pm

    ཁ་བརྡའི་དྲ་རྒྱ་རྟག་ཏུ་ལྟ་ཀློག་བྱེད་མུས་ཀྱང་། ད་ཕན་དཔྱད་རྩོམ་དང་། མཆན་བུ་བྲིས་མྱོངས་མེད་ཅིང་། འོན་ཀྱང་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་སྐོར་སྦྱང་མྱོངས་ཕྲན་བུ་ཡོད་ཁུལ་ལས་འདིར་ཆ་ཤས་བླང་འདོད་བྱུང་། གཞི་རྐང་གོང་དུ་རྩོམ་པ་པོས་ཇི་ལྟར་རྟགས་འཇུག་རྩ་བ་ལུང་འདྲེན་བྱས་དོན་ལྟར། ཕྱི་མ་དག་གི་འདྲེན་ཚུལ་ནི། ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་སོགས་གསལ་བ་་གོར་མ་ཆགས། འོན་ཀྱང་དེ་རྗེས་སྐད་གསར་བཅད་ཀྱི་བཀོད་བསྒྲིགས་རིམ་བྱུང་ཁར། བོད་ཀྱི་མཁས་པ་ཚོས་རྗེས་འཇུག་གི་མིང་མཐའ་དྲང་ཚུལ་སྐོར་རྟགས་མཚུངས་དང་བརྗོད་བདེ་འདྲེན་པ་གཉིས་སུ་བཞེད་པས་གོང་གསལ་ཁྱེད་ཀྱིས་དཔེར་བརྗོད་དུ་བཀོད་པར (།ཁང་པ་དང་། དང་པོ། བཟང་པོ) ་ལ་སོགས་ནི་བརྗོད་བདེ་དྲང་ཚུལ་ཁོངས་ཡིན་པས་མ་དག་རྒྱུན་འབྱམས་སུ་སོང་བ་མིན། གལ་ཏེ་བརྗོད་བདེ་དྲང་ཚུལ་ངོས་ལེན་བྱ་ཡི་མེད་ཚེ་གཤམ་གསལ་དཔེར་བརྗོད་། (སྐར་མ་དང་། ཨང་ཀི། དབང་ཆ། དག་ཆ་) རྣམས་རྟགས་མཚུངས་དྲང་ཚུལ་ལ་མི་འཇུག་སྟེ། །སྐར་མ་ལྟ་བུར་མཚོན་ན། རྗེས་འཇུག་ར་ནི་མ་ནིང་ཡིན་ཡང་ད་དྲག་དབང་གིས་ཕོ་ཡིག་ཏུ་གྱུར་པས་མིང་མཐར་གསལ་བྱེད་ཀྱི་ཕོ་ཡིག་དགོས་པར་(སྐར་པ་)་
    ཞེས་འབྲི་རྒྱུ་ཡིན་ནམ། ཡང་ཨང་ཀི་ལྟ་བུར་རྗེས་འཇུག་ང་མོ་ཡིག་ཡིན་སྟབས་མིང་མཐར་གོང་བཞིན་མོ་ཡིག་དགོས་པར་ཨང་གི་ཞེས་བྲིས་ན་འགྲིགས་སམ། དེ་བཞིན་དག་ཆར་མཚོན་ན་རྗེས་འཇུག་ག་ཕོ་ཡིག་ལ་སོང་མིང་མཐར་གོང་བཞིན་ཕོ་ཡིག་ཅིག་དགོས་པར་དག་ཅ་) ཞེས་འབྲི་རྒྱུ་ཡིན་ནམ། སྐར་མ་ལ་སོགས་བྲིས་པ་ནི་བརྗོད་བདེ་འདྲེན་ཚུལ་ཡིན་པས་འགྲིགས་ཤིང་། གཞན་རྣམས་ཀྱང་རིགས་འགྲེ་གཏང་ཆོག །གོང་གི་དཔེར་བརྗོད་ཁག་ལ་ཁྱེད་ཀྱི་རྟགས་མཚུངས་དྲང་ཚུལ་ཇི་ལྟར་ཡིན་ནམ།
    ཁྱོད་ཀྱིས་བརྗོད་པ་ལྟར་རྟགས་མཚུངསཁོ་ནར་འདོད་ཚེ་རྒྱལ་བའི་བཀའ་བསྟན་དག་སྨོས་ཅི།
    མཁས་དབང་དགེ་འདུན་ཆོས་འཕེལ་གྱི་དེབ་ཐེར་དག་ལའང་བཅོས་སྒྲིག་དགོས་པར་དེ་ནི་་བོད་ཀྱི་རྩ་ཆེའི་རིག་གཞུང་ལ་སེལ་འཇུག་ཏུ་འགྱུར་གཞི་བཅས།

  8. ཀརྡོ་རབ་འབྱམས་པ་ says:
    2020-01-17 at 12:49 am

    མཁས་པའི་དབང་པོ་#7 ངག་ཚུལ། ་ལགས་ཀྱིས་གསུངས་པ་ལ། དེ་དེ་བཞིན་ནོ། རིགས་ཀྱི་བུ། དེ་་དེ་བཞིནད་ཏེ་་་་་་་་ ཟེར་འདོད་ཀྱང་། དིང་སང་བོད་ཀྱི་མཁས་པ་ཡིན་ན། ཨ་མདོ་བ་ཡིན་པའི་ཁྱབ་ཟེར་དགསོ་ཙང་། ཅང་སྨྲ་མི་ཕོད། དེ་མིན།ཨ་མདོ་མཁས་པས་བོད་སྐད་ཡང་དག་པར་ཤེས་པའང་ཤིནད་ཏུ་དཀོན་པོ་འདུག་གོ། །།ཧ་ཧ། ཀུ་རེ་དང་བཅས་སོ།། །།

  9. ཀླུ་སྨྱོན། says:
    2020-01-17 at 12:00 pm

    ཕོ་ཡིག་མོ་ཡིག་ཚོ་ཤར་ལ་འཕོངས། ཕོ་གསར་མོ་གསར་ཚོས་ཕྲུ་གུ་མང་ཙམ་བཟོ་རོགས།

  10. ཀརྡོ་རབ་འབྱམས་པ་ says:
    2020-01-17 at 11:05 pm

    རྟགས་མཚུངས་ལ་བཙན་རྒོལ་ཡོད། རྗོད་བདེ་ལ་རྒྱབ་སྐྱོར་ཡོད། རྒྱུ་མཚན་མང་ཡང་བཤད་ནས་སུ་ལ་ཕན།།

  11. ལྷག་པ། says:
    2020-01-18 at 5:51 am

    བོད་ཀྱི་ལོ་ཙྰ་བ་ཡིན་ན་དབུས་གཙང་པ་ཡིན་པས་ཁྱབ། དེ་བཞིན་བོད་ཀྱི་ཁྱིམ་པའི་པཎཌི་ཏ་ཡིན་ན་དབུས་གཙང་པ་ཡིན་པས་ཁྱབ།

  12. སྲིན་པོ་རྫ་རྒན says:
    2020-01-24 at 5:55 pm

    དཔའ་རིས་སངས་རྒྱས་ཀྱིས་ཡག་པོ་བཤད་འདུག་སྟེ། ཁས་ལེན་དང་དག་པ་སྟེར་ས་མི་འགྲོ་སའང་འགའ་རེ་འདུག གོ་བ་ལེན་སྟངས་ཟེར་དགོས་མིན་འགྲོ ཧཧཧ

  13. ཀརྡོ་རབ་འབྱམས་པ་ says:
    2020-01-25 at 12:16 am

    #9 ཀླུ་སྨྱོན། ་ལགས་ཀྱིས་སྤེལ་དོན།:
    January 17th, 2020 at 12:00 pm
    ཕོ་ཡིག་མོ་ཡིག་ཚོ་ཤར་ལ་འཕོངས། ཕོ་གསར་མོ་གསར་ཚོས་ཕྲུ་གུ་མང་ཙམ་བཟོ་རོགས། ་་་་་་ ཟེར།
    ང་ལ་ཕྲུ་གུ་བཟོ་སའི་བོད་མོ་མི་རག་པར། ཨིན་མོ་རྐྱང་རྐྱང་ངའི་རྐུབ་ལ་རྒྱུགས་འོངས་བགྱིན་འདུག ད་བོད་ཕྲུག་བཟོ་ཡ་ལ། ་ཐབས་ཤེས་གང་ཡོད་དམ། དྲ་གྲོགས་སྤྱི་དང་། ཀླུ་སྨྱོན་ལགས།།

  14. Sangye says:
    2020-01-25 at 6:42 am

    “ཁོས་ཕ་མ་ལ་བལྟས་སོང།”དང་“ཁོས་ཕ་མ་བལྟས་སོང།”ལྟ་བུའི་བརྗོད་པ་འདི་གཉིས་ཀྱི་
    བྱ་ཡུལ་“ཕ་མ་”དེ་ལ་“ལ་དོན་”གྱི་ཕྲད་ཡོད་པ་དང་མེད་པའི་འགྲོས་ཀྱི་བརྡ་དོན་ལ་ཁྱད་པར་ཡོད་པས་དེ་ལ་འགྲེལ་པ་ཇི་ལྟར་རྒྱག།

  15. Sangye says:
    2020-01-25 at 6:46 am

    “ཁོས་ཕ་མ་ལ་བལྟས་སོང།”དང་“ཁོས་ཕ་མ་བལྟས་སོང།”ལྟ་བུའི་བརྗོད་པ་འདི་གཉིས་ཀྱི་བྱ་ཡུལ་“ཕ་མ་”དེ་ལ་“ལ་དོན་”གྱི་ཕྲད་ཡོད་པ་དང་མེད་པའི་འགྲོས་ཀྱི་བརྡ་དོན་ལ་ཁྱད་པར་ཡོད་པས་དེ་ལ་འགྲེལ་པ་ཇི་ལྟར་རྒྱག།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme