Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྗེས་སུ་དྲན་པའི་དབྱངས།

Posted on 2011-08-20 By ཁ་བརྡ་ 16 Comments on རྗེས་སུ་དྲན་པའི་དབྱངས།

(དཔའ་བོ་ཚེ་དབང་ནོར་བུ་མཆོག་ལ།)
ཨ་འདུས་མིག་ཆུ།

མེས་པོའི་རུས་རྐང་ས་རུ་མི་འཐོར་སླད།།
རིགས་ཀྱི་བརྒལ་ཚིགས་ནང་དུ་མི་སྒུར་ཕྱིར།།
ནང་གི་དཔའ་གདེང་མངོན་པའི་བརྡ་རྟགས་ཤིག།།
ས་ཆེན་རྩེ་མོར་འོད་དུ་བྱས་སོང་ཨང་།།

ལྕགས་ཐག་སིལ་མའི་སྒྲ་ཡིས་ས་གཞི་འགེངས།།
རོ་དང་རུས་པ་ཆེན་པོའི་རི་རབ་བརྩེགས།།
ཡིད་ཀྱི་སེམས་ཀྱིས་མ་བཟོད་ན་ཟུག་ཀུན།།
སྐུ་ལུས་མེ་རུ་སྤར་ཏེ་གསལ་བརྡ་བྱིན།།

བཙན་པོའི་རུས་ལས་ཆད་པའི་གངས་ཅན་པ།།
རུས་པ་རྡོ་ལས་སྲ་བའི་གདོང་དམར་པོ།།
རྒྱ་ཁྱིའི་སྡེར་སྤྲད་ཙམ་ལ་མི་སྐྲག་པའི།།
བྲང་གཞུང་སྤོབས་པ་མེ་ལྕེའི་ཀློང་ནས་ངོམ།།

ཀུན་གྱིས་གཅེས་པ་བླ་མེད་ཚེ་སྲོག་དང་།།
ཀུན་ལ་ཕངས་པ་མི་ལུས་རིན་ཆེན་སྟེ།།
གདོང་དམར་མྱི་ལ་དགོས་པའི་རང་དབང་དེ།།
ཉིད་ཀྱི་སྐུ་དང་སྲོག་གིས་བརྩད་སོང་ཨང་།།

ཆབ་སྲིད་བཙན་པོའི་མུན་པ་མགོ་ལ་འཐིབ།།
མགོན་པོར་བྲལ་བའི་ན་བུན་སྙིང་ལ་འཁྲིགས།།
མུན་པ་འོད་དུ་བསྒྱུར་བའི་ཀུན་སློང་གིས།།
སྐུ་ལུས་མུན་ཆེན་འཇོམས་པའི་དཔལ་དུ་བསྒྲོན།།

ཁྱེད་ཀྱི་དགོད་དང་བརྩེ་འཛུམ་བྲལ་སོང་ཐ།།
ཁྱེད་ཀྱི་ལུས་དང་གྲུབ་མ་ཡལ་སོང་ཐ།།
ཁྱེད་ཀྱིས་བཞག་པའི་མེ་རླབས་དྲོད་མོ་དེ།།
མི་འཇིག་སྙིང་ལ་སྤར་བའི་ཚེ་འབར་ཉིད།།

ཁྱེད་ཀྱི་བླ་མེད་མི་ལུས་རིན་པོ་ཆེར།།
དཔའ་དང་སྟོབས་ཀྱི་མེ་ལྕེ་ལམ་ལམ་འབར།།
འདིར་གནས་བདག་གི་ཁྲ་ཆུང་མིག་ཟུང་ལས།།
དྲན་གདུང་མཆི་མའི་ཆར་རྒྱུན་ཤག་ཤག་འབབ།།

མིག་ཆུ་རློན་པས་ཁྱེད་ལ་སྐྱེལ་མ་བྱེད།།
སེམས་ཁམས་གཙང་མས་ཁྱེད་ལ་གྱེས་ཕྱག་འབུལ།།
སྐྱེ་བ་ཕྱི་མའི་རྣམ་ཤེས་རྩ་ཆེན་དེ།།
བོད་ཀྱི་འཁོར་ཡུག་འདི་ན་སྐྱེ་བར་ཤོག།།

སྙན་ངག

Post navigation

Previous Post: རྒྱ་ནག་རྡ་ལན་གྲོང་ཁྱེར་དུ་གཞུང་ལ་ངོ་རྒོལ་རྒྱ་ཆེན་ཞིག་བྱས་པའི་དཔར་འགའ་ཞིག
Next Post: རང་གི་ལོ་རྒྱུས་ཚིགས་བཅད་དུ་བྱོ་བ།

Comments (16) on “རྗེས་སུ་དྲན་པའི་དབྱངས།”

  1. རེ་བ་ says:
    2011-08-20 at 5:57 pm

    སྙན་པོ་ཞེ་དྲག་བྲིས་འདུག་སྐྱབས་ཡུལ་རྣམས་ནས་དམ་པ་ཁོང་ངན་འགྲོར་མི་སྟུང་ཞིང་ཆོས་ལྡན་ཞིང་དུ་སྐྱེ་བའི་ཐུགས་སྨོན་སྐྱབས་འཇུག་བརྩེ་བས་གཟིགས་པ་མཁྱེན།།།

  2. ཁྱུང་དཀར says:
    2011-08-20 at 6:02 pm

    རྒྱལ་གཅེས་དཔའ་རྒོད་གྲྭ་ཚེ་དབང་ནོར་བུ་མཆོག་ལ་སེམས་ཁོང་རུས་པའི་གཏིང་ནས་མྱ་ངན་ཞུ། དཔའ་རྒོད་རེ་རེ་བཞུད་ཤུལ་ནས་ང་ཚོས་མྱ་ངན་ཞུ་ཚིག་རེ་ལས་ཇི་ཡང་འཇོན་ཀི་མེད། དེའི་ཞོར་ནས་ད་དུང་མར་མེ་ཁྲོམ་སྐོར་རེ་བྱས་རྗེས་རྒྱལ་གཅེས་དཔའ་རྒོད་ཁོང་ཚོའི་རེ་འདུན་དང་ཕྱི་རབས་པར་བཞག་པའི་ཁ་ཆེམས་ཡོད་ཚད་མཇུག་བསྡུ་ཀི་ཡོད། ང་ཚོའི་ཁོང་ཅག་གི་རེ་འདུན་བསྒྲུབ་མི་ཐུབ་ཀྱང་ང་ཚོའི་སྒྲིག་ཁོང་ནས་འཇིག་མི་ཐུབ་པའི་རྡོ་རིང་ཞིག་བཞེངས་ནས་རང་ཉིད་ཀྱི་ཚེ་སྲོག་མི་རིགས་ཀྱི་ཕྱིར་དུ་ཕུལ་ཟིན་པའི་རྒྱལ་གཅེས་པ་རེ་རེའི་མིང་གཞུང་མུ་མཐུད་ནས་རྡོ་རིང་གི་ངོས་སུ་ཕབ་དགོས། རྒྱལ་གཅེས་པ་རེ་རེ་བཞིན་འདི་ལྟར་བཞུད་སོང་ནའང་ང་ཚོའི་ངོས་ནས་དྲན་རྟེན་ལྟ་བུ་ཞིག་དང་ཁོང་ཚོ་ཅི་ཞིག་གི་ཆེད་དུ་ཚེ་སྲོག་བློས་བཏང་གནང་བ་ང་ཚོའི་ཕྱི་རབས་པའི་སྡེ་ལ་གསལ་བཤད་ཡང་དག་ཅིག་གནང་རྒྱུའང་གལ་ཆེན་ལྟ་བུ་སྣང་།

  3. སྟག་གསོད་འབྲོང་འདུལ་ says:
    2011-08-20 at 6:10 pm

    ཨོ་ལེ། སྙིང་རྗེ་ཡང་དོན་དམ་པའི་ཕོ་རྒོད་ཅིག་བོད་དོན་ལ་གཤེགས་སོང་ནི་རེད།   མ་གཞི་འདི་ལྟ་བུའི་རང་སྲོག་བློས་གཏོང་ཐུབ་པའི་དཔའ་བོ་ཞིག་ཡིན་ན་རྒྱ་དཔོན་མཐོན་པོ་ཞིག་དང་རོ་རྡོས་མི་བྱེད་པར་རང་སྲོག་གཅོད་དོན་ཅི་ཡིན་ནམ།    ཨོཾ་མ་ཎི་པདྨེ་ཧཱུྂ། ཨོཾ་མ་ཎི་པདྨེ་ཧཱུྂ། ཨོཾ་མ་ཎི་པདྨེ་ཧཱུྂ། ཨོཾ་མ་ཎི་པདྨེ་ཧཱུྂ། ཨོཾ་མ་ཎི་པདྨེ་ཧཱུྂ། ཨོཾ་མ་ཎི་པདྨེ་ཧཱུྂ། ཨོཾ་མ་ཎི་པདྨེ་ཧཱུྂ། ཨོཾ་མ་ཎི་པདྨེ་ཧཱུྂ། ཨོཾ་མ་ཎི་པདྨེ་ཧཱུྂ། ཨོཾ་མ་ཎི་པདྨེ་ཧཱུྂ། ཨོཾ་མ་ཎི་པདྨེ་ཧཱུྂ། ཨོཾ་མ་ཎི་པདྨེ་ཧཱུྂ། ཨོཾ་མ་ཎི་པདྨེ་ཧཱུྂ། ཨོཾ་མ་ཎི་པདྨེ་ཧཱུྂ། ཨོཾ་མ་ཎི་པདྨེ་ཧཱུྂ།

  4. སྐལ་བཟང་ཉི་མ། says:
    2011-08-21 at 2:11 am

    དྲ་གྲོགས་ཨ་འདུས་ལགས་ཀྱིས་བསྟོད་པའི་མཐེ་བོང་གནམ་ལ་བརྩེངས་ཏེ་དཔའ་བོ་ཁོང་གི་དམར་བོ་མེ་ཡི་སྣང་བརྙན་དམར་ལེམ་བ་ཞིག་བཞེངས་བསྐྲུན་གྱིས་འདིར་བཀོད་པ་ཡག་བྱུང་ཟེར་རྒྱུ་ཡིན། གཞན་དེང་སང་སློབ་དཔོན་ཡིན་ན། ཧེ་རུ་ཀ་ཡིན་ན་དེ་ཚོས་བུ་མོ་ཞིག་ལ་ཅིག་བཤད་མ་ཐུབ་ནས་བསྡད་འདུག ཧ་་་ཧ་་་ཧ་་

  5. མིག་བརྒྱད་པ། says:
    2011-08-21 at 5:39 am

    འཇིགས་རུང་སྲིད་པ་མུན་པའི་ཐང་ཆེན་དུ།།
    བདེན་པའི་སྙིང་སྟོབས་ཕ་མཐའ་བྲལ་བའི་ཀློང་།།
    གཅེས་པའི་ལུས་སྲོག་བསྒྲོན་པའི་དགེ་བ་ཅན།།
    ཁ་བའི་ལྗོངས་ཀྱི་དཔའ་བོ་ཁྱེད་ལ་འདུད།།

  6. ནགས་ཤོད་སད་མི། says:
    2011-08-21 at 2:38 pm

    རྒྱལ་གཅེས་པ་ཁོང་ལ་སེམས་ཁོང་ནས་གུལ་ཕྱག་འབུལ།

  7. ཆུ་ཐིགས་སྔོན་མོ says:
    2011-08-21 at 5:11 pm

    དཔའ་པོ་རེད་ཅེས་བརྗོད་ན་དཔའ་རྟགས་མེད།།
    གླེན་པ་རེད་ཅེས་བརྗོད་ན་ཀུན་གྱིས་བསྡིགས།།
    གཞན་དགྲ་རང་གི་སྲོག་ཏུ་མ་བབས་པར།།
    རང་ཉིད་རང་གི་གཤེད་མར་བབས་འདི་སྐྱོ།།

  8. ཨ་འདུས་མིག་ཆུ says:
    2011-08-22 at 4:27 am

    དྲ་གྲོགས་བསམ་ཤེས་པ་གང་མང་ཞིག་འདིར་ཕེབས་ནས་དགོངས་ཚུལ་རེ་གསུངས་པར་ཐུགས་རྗེ་ཆེ་ཞུ་བ་དང་། གཞན་རེ་གཉིས་ཀྱིས་དཔའ་བོ་གང་ཉིད་ཇི་ལྟར་ཤི་བ་དང་ཇི་ཞིག་གི་ཆེད་དུ་ཤི་བ་མ་ཤེས་ཚེ། རྔ་མ་མེད་པའི་ཁྱི་རེད་ཅེས་བཤད་རྒྱུ་ལས་བདག་ལ་ལན་ཞིག་མ་རྙེད་ཐ། ཁྱེད་ཚོ་འགའ་ཞིག་གིས་བསམ་བློ་བ་ཡིན་མདོག་གིས་དམ་པ་འདི་དག་ལའང་ཁ་རྡུང་བར་བརྩོན་པ་ནི་ངོ་མ་ངོ་གནོང་དགོས་པའི་གནས་ཤིག་ཏུ་མཐོང་ངོ། ཆུ་ཐིགས་སྔོན་མ་ཞེས་པ་འདིས་བདག་ལ་དུས་བབ་དྲ་ཚིགས་ནས་ཀྱང་འདྲ་མིན་བཤད་མྱོང་བ་བཞིན་དེ་རིང་འདིར་འོང་ནས་ང་ལ་སྡིགས་པའི་སླད་དུ་དཔའ་བོ་གང་ཉིད་ལ་སྡུག་པར་བྱེད་པ་ནི། ངོ་མ་ཐེ་ཚོམ་གྱི་གནས་ཤིག་ཏུ་འཁུམས་སོ། སྨྱུག་མིང་རྫུན་་མ་ཞིག་གི་འོག་ནས་དཔའ་བོ་ཡིན་མདོག་དང་། མཁས་པ་ཡིན་མདོག་ག་ཚོད་བྱས་ཀྱང་ང་དང་ལོ་རྒྱུས་ཀྱི་ངོས་ནས་ས་འོག་དར་ཐག་ཟེར་བཞིན་ཡོད་ལ། ཆུ་འཇམ་བྲག་བཤིགས་ཟེར་བཞིན་འདའ་འོ། གལ་ཏེ་ཁྱེད་ལ་ཕོག་སོང་ན་ཁྱེད་ཀྱི་སྙིང་ལ་ཕོག་པར་ཤོག་ཟེར་རྒྱུ་ཡིན་ལ། ཁོང་ཁྲོས་མེ་ལྕེ་འབར་བར་ཤོག་ཅེས་ཆུ་ཐིགས་སྔོན་མོ་ལ་གདམས་པའོ།།

  9. སྐལ་བཟང། says:
    2011-08-22 at 4:55 am

    རང་སྲོག་མེ་ལ་སྒྲོན་ན་གླེན་པ་ཡིན།།
    རང་གིས་རང་ལ་བསྡིག་ན་དཔའ་བོ་མིན།།
    དུས་རབ་འདི་ཡི་དཔའ་བོའི་ལག་ཆ་ནི།།
    རྣམ་དཔྱོད་དཀྲུས་པའི་ཁྲོད་ཀྱི་སྨྱུ་གུ་ཡིན།།

  10. སྐལ་བཟང། says:
    2011-08-22 at 4:56 am

    དཀྲུག་་་་་

  11. སྐལ་བཟང། says:
    2011-08-22 at 4:59 am

    འོན་ཀྱང་འདས་པོ་འདི་ཡི་ལྷག་བསམ་ལ།།
    བསྔགས་བརྗོད་ལུས་ཡོད་འཇིག་རྟེན་ཕྱི་རུ།།
    བདེ་ལྡན་མགོན་གྱི་ཞིང་དུ་སྐྱེ་བར་ཤོག།

  12. ཆུ་ཐིགས་སྔོན་མོ says:
    2011-08-22 at 9:57 am

    ཨ་འདུག་མིག་ཆུ་ལགས་་་་དེ་འདྲའི་བློ་ཁོག་ཆུང་ཆུང་གི་ཚུལ་མ་སྟོན་དང་།
    ཞིབ་མོར་དཔྱོད་དང་་་ངས་ཁྱེད་ལ་སྡིགས་ར་བཏང་འདུག་གམ་་་་ངས་གོང་དུ་བཀོད་པའི་མཆན་ལ་ལྟོས་དང་་་་སྐད་ཆ་འདི་འདྲ་ཞིག་ཁོག་ལ་མ་ཤོང་ན་ད་ཅི་བཤད་དགོས་པ་རེད་་་་རྟག་པར་ཁྱེད་ལ་ངོ་བསྟོད་རྐྱང་རྐྱང་བྱེད་དགོས་པ་ཨེ་རེད། སྤྱིར་བཏང་ངོ་སོས་དགའ་མཁན་གྱི་མི་ཞིག་ཡིན་ན་དེ་ལ་ཚད་འཛིན་ས་ཞིག་མེད་ཁོ་ཐག་ཡིན།

  13. མིག་བརྒྱད་པ། says:
    2011-08-22 at 12:55 pm

    གནམ་གྱི་མཐོངས་ནས་འབྲུག་སྐད་ཐེངས་གསུམ་གྲག།
    ལེ་ལོ་གཉིད་དུ་ཡུར་བའི་སེམས་པ་དཀྲོག།
    ཞིབ་ཏུ་བསམ་ན་དཔའ་བོའི་ངར་སྐད་ཅིག།
    དེ་རིང་བདག་གི་རྣ་བ་སིམ་པར་བྱེད།།

  14. ཨ་འདུས་མིག་ཆུ says:
    2011-08-22 at 2:50 pm

    ཆུ་ཐིགས་སྔོན་མོ་ལགས། འདི་འུ་གཉིས་ཀྱིས་རྩོད་པ་བྱེད་སའི་གླེང་སྟེགས་མ་ཡིན་པས་ངས་ཁྱེད་དང་རྩོད་པ་བྱེད་ན་མི་སྤྲོ་མོད། གང་ལྟར་གསལ་བཤད་ཅིག་བྱེད་རྒྱུར། ངས་ཁྱེད་ཀྱིས་ང་ལ་ངོ་བསྟོད་བྱས་མི་འདུག་ཅེས་ཤོད་ཀྱི་མེད་ཀྱང་། ཁྱེད་ཀྱིས་དཔའ་བོ་གང་ཉིད་ལ་དཔའ་རྟགས་ཞེས་སྟོན་རྒྱུ་མེད་པར་དེ་ལྟར་མ་བསྲེགས་བཏང་པ་ནི། བླུན་རྟགས་སོ་ཞེས་ངོ་ཚ་ཁྲེལ་མེད་ཀྱིས་བཤད་སོང་བ་འདིས་ང་ལ་སྡིགས་པ་བྱས་པ་ལས་སྡུག་སོང་ཐ་ཅེས་སྨྲ་བཞིན་པ་ལས། ཁྱེད་ཀྱིས་ང་ལ་ངན་སྨྲས་བྱས་འདུག་ཅེས་ཞུ་རྒྱུ་མ་བྱུང་ལ། རབ་བྱུང་ན་ཉིད་ཀྱི་ཆོ་མེད་པའི་ཚིགས་བཅད་དེ་ཕྱིར་འཐེན་བྱེད་ཐུབ་ན། ཁྱེད་རང་ལ་ཕན་པ་ཡོད་པ་རེད་ཅེས་བསླབ་བྱ་ཙམ་རྒྱག་བཞིན་ཡོད། གཞན་གང་ཡང་མེད་བདེ་མོ།

  15. ཆུ་ཐིགས་སྔོན་མོ says:
    2011-08-23 at 4:09 am

    ཨེ་རེད་་་་དེས་ན་ཁྱེད་ཀྱིས་དུབ་བབ་ནང་ནས་ཀྱང་ང་ལ་འདུག་ཀ་མི་འཇོག་གི་ཞེས་བྲིས་འདུག་པས་དེ་དུས་ངས་མེ་སྲེག་བཏང་བའི་མི་དག་ལ་ཁ་བཏང་འདུག་གམ། སྔོན་གྱི་སྙིང་ནད་སེམས་ལ་ཡོད་ན་ཚིག་ཅི་བཤད་ཀྱང་གནོད་ནི་རེད།
    ད་དུང་ངས་མེ་སྲེག་བཏང་བའི་གྲྭ་བ་ཚོ་དཔའ་བོ་རེད་ཅེས་ངོ་སོ་བྱེད་ཀྱི་མེད། ཁོང་ཚོས་གླེན་རྟགས་བསྟན་པའམ་ཡང་ན་ཁོང་ཁྲོས་མ་བཟོད་པས་རེད། གྲྭ་བ་ཚོས་སློབ་གཉེར་ཅི་བྱས་ཀྱང་ཐ་ན་རང་ཉིད་ཀྱིས་ཅི་བྱེད་ཀྱི་ཡོད་པའང་ཤེས་ཀྱི་མི་འདུག་་་་མ་ཟད་ད་དུང་ཁ་ནས་བདག་གཞན་མཉམ་བརྗེ་ཞེས་ཚིག་སྐམ་རེ་མི་མང་ཚོའི་མདུན་ནས་སྐྱོར་བ་ཙམ་ལས་དོན་དུ་མཉམ་བརྗེ་ཞིག་གི་ཟུར་ཙམ་ཡང་སོང་མེད་པ་དངོས་མཐོང་ཡིན་པ་སུས་ཀྱང་བསྙོན་དུ་མེད་པ་ཞིག་རེད་ཅེས་བཤད་ཀྱིན་ཡོད།
    བོད་ཀྱི་ལ་རྒྱ་དང་མི་རིགས་ཀྱི་ལྟ་བ་འཛིན་དགོས་ན་བོད་སྐད་ཡིག་དང་རིག་གཞུང་ལ་གཅེས་འཛིན་དང་་་་ད་དུང་བོད་མི་ནང་ཁུལ་འཆམ་མཐུན་ཡོང་ཐབས་སོགས་ལ་རང་ནུས་གང་ཡོད་བཏོན་ན་དེ་ནི་གནས་ལུགས་དང་མཐུན་པ་་་་མི་རིགས་དང་རིག་གཞུང་ལ་ཕན་པའི་རླབས་ཆེན་གྱི་ལས་ཀ་ཞིག་རེད་ཅེས་གུས་པས་མགྲིན་མ་གཟེངས་སུ་བཞགས་ནས་བཤད་ཀྱིན་ཡོད།
    དེ་མིན་འདི་ལྟར་བྱས་ན་རང་གཞན་གཉིས་ཕུང་ལས་མེད་པས་དཔའ་བོ་ཞེས་བརྗོད་མི་ནུས་པ་ནི་ངས་བལྟ་སྟངས་ཤིག་ཡིན་པ་ལས་ཉིད་ལ་འཁང་ར་བྱེད་འདོད་པས་མིན་པ་ཤེས་དགོས།

  16. ལུང་རྟོགས་ཉི་མ། says:
    2011-08-30 at 12:33 pm

    ངའི་འདིར་བརྗོད་འདོད་པ་ནི། བོད་མི་ས་ཡ་དྲུག་གི་བདེན་པ་དང་རང་དབང་གི་ཆེད་དུ་རང་ལུས་མེར་བསྲེགས་ཤིང་རང་སེམས་བོད་མིར་ཕུལ་བའི་དཔའ་བོ་ཁོང་གི་མཛད་རྗེས་ལ་བསྔགས་པ་བྱེད་པ་ཕར་བཞག རང་སྲོག་བློས་གཏོང་བྱས་པ་དེ་དེང་དུས་ཀྱི་ཕོ་གསར་མོ་གསར་རྣམས་ཀྱི་བྱེད་ཚུལ་དང་འདྲ་བར་རང་ཚུགས་མ་ཟིན་པའི་ཚོད་དུ་བརྩི་མཁན་ཀླད་མེད་འགའ་ཞིག་གིས་མཆན་ཐུང་འགའ་བཀོད་འདུག་པས་དེ་དག་ལ་རེ་བ་ཅུང་ཞིག་ཞུ་འདོད་བྱུང་། གང་ཡིན་ཟེར་ན། ང་ཚོ་བོད་པས་སྔར་ནས་ད་བར་དུ་ལས་ཀ་དེ་འདྲ་རང་བྱས་ནས་གཞན་འོག་ཏུ་ཤོར་བ་རེད། བོད་མི་ཞིག་ལ་འཇོན་ཐང་གང་འཚམས་ཤིག་ཡོད་ཡོང་དུས། དེ་ལ་རྒྱབ་སྐྱོར་དང་རོགས་རམ་འདེགས་བྱས་ནས་མཐོ་སར་ཡར་བསྐྱར་རྒྱུའི་ཚབ་ཏུ་མར་རྐང་པ་ནས་འཐེན་ཐབས་འཚོལ་མཁན་མང་པོ་ཞིག་ཡོད་པ་རེད། དེར་བརྟེན་ང་ཚོའི་ཕྱིར་བལྟས་ཤིག་བྱས་ཚེ་འདས་པའི་ལོ་རྒྱུས་ཀྱི་ནང་དུ་དེ་འདྲའི་རིགས་མང་པོ་ཞིག་བྱུང་བ་མཐོང་དུ་ཡོད་པ་རེད། དེ་བཞིན་དུ་ད་ལྟ་ཡང་གདོད་འདྲེ་མངོན་སུམ་དུ་ཁོག་ལ་ཞུགས་པའི་མི་ཙམ་པོ་བ་འགའ་ཞིག་གིས་མི་མང་གི་བློ་ལོག་པའི་ལམ་དུ་འཁྲིད་ཐབས་བྱེད་བཞིན་འདུག རང་ཉིད་ལ་རང་དབང་འཐབ་རྩོད་ཀྱི་ཆེད་དུ་བློ་སྟོབས་སུ་ལས་ཞན་ཡང་། བློ་སྟོབས་དང་ནུས་པ། བརྩོན་འགྲུས་དང་ཆོད་སེམས། དྲང་བདེན་དང་ལ་རྒྱ། མདུན་ལམ་དང་དམིགས་ཡུལ། གཞེས་ཕྱེས་བོད་མིའི་བདེན་དོན་ལ་བསམ་གཞིག་གཏོང་མཁན་གཞོན་སྐྱེས་དཔའ་བོ་ཁོང་ལྟ་བུར་དམའ་འབེབས་དང་བརྙས་བཅོས་མ་གཏོང་རོགས་ཞེས་ཞུ་འདོད་བྱུང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme