Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྗེས་དྲན་མེ་ཏོག་རང་བྱོན།

Posted on 2013-10-142013-10-14 By ཁ་བརྡ་ 2 Comments on རྗེས་དྲན་མེ་ཏོག་རང་བྱོན།

རིག་པའི་རལ་གྲི
——ཨ་དཀོན་བླ་མ་ལག་དམར་གསུམ་གྱིས་བཀྲོངས་པ་ཐོས་རྗེས་ཡིད་གདུང་དྲག་པོའི་མནར་བས་འགོག་མེད་ཐོལ་བྱུང་དུ།

ཁྱོད་ཀྱི་ལྟེ་ཁྲག་མདོ་ཁམས་ཡུལ་ནས་སྟོར། །
བསླབ་པ་སློབ་གཉེར་གདན་སའི་ཕྱོགས་ནས་མཛད། །
བཤད་སྒྲུབ་འཆད་ཉན་གཤོག་རྩལ་དབུས་ནས་རྒྱས། །
མདོ་སྔགས་རིག་གནས་བག་ཆགས་བོད་ནས་བཞག །

རྒྱ་གར་འཕགས་ཡུལ་ཆོས་ཀྱི་གདན་ས་ནས། །
འཆད་ཉན་དབྱར་མཚོ་རྒྱས་པའི་རྫིང་བུ་ལ། །
རྣམ་དཔྱོད་རིག་པའི་ཆུ་རྩལ་བྱང་ཆུབ་ནས། །
ནུབ་ཕྱོགས་བདེ་ལྡན་ཞིང་ལ་ཡུན་གྱིས་བཞུད། །

རང་ཡུལ་ལྷ་སྡེ་སྐྱོང་བར་རང་དབང་མེད། །
འཕགས་ཡུལ་བྱེས་འབྱོར་ཁྲོད་ན་བླ་སྤྲུལ་མང་། །
ཆེད་དུ་བྱ་བའི་གདུལ་བྱ་ནུབ་ལ་གཟིགས། །
རྒྱུ་འབྲས་རྨོངས་པའི་ཀླ་ཀློ་འདུལ་དུ་ཕེབས། །

ཤར་ཕྱོགས་ཆོས་ཀྱི་ཉི་མ་ནུབ་ལ་དྲངས། །
དཀར་ནག་ཆོས་ཀྱི་ལམ་སྲོལ་ནུབ་ལ་བཏོད། །
གཞན་ཕན་ཆོས་ཚོགས་དང་པོ་ནུབ་ལ་བཙུགས། །
བོད་བརྒྱུད་ཆོས་ཀྱི་ས་བོན་ནུབ་ལ་བཏབ། །

ཡུ་རོབ་ཡུལ་གྲུ་དུ་མར་ཞབས་ཀྱིས་བཅག །
འཛམ་གླིང་རྒྱལ་ཁབ་མང་བོར་ཆོས་ཚོགས་བཙུགས། །
ཉམ་ངའི་དབུལ་བོར་དམིགས་ནས་ཐེབས་རྩ་བཙུགས། །
དབུལ་སྐྱོབ་རོགས་ཕན་ལས་གཞི་བརྒྱ་ཕྲག་བཙུགས། །

སྐྱེ་རྒུའི་རེ་བ་གསོ་བའི་རོགས་ཚོགས་ཞེས། །
དང་པོ་དབྱིན་ཇིའི་ལུང་བར་བཙུགས་ནའང་། །
རྗེས་སུ་འཛམ་གླིང་རོགས་ཚོགས་མིང་བརྗེས་གནང་། །
ཁ་མིན་དོན་གྱིས་ཕན་པའི་ལས་དོན་བསྒྲུབས། །

གླིང་བཞིའི་ཁྱོན་ལ་ཕན་བདེའི་ཐུགས་བསམ་བཞེས། །
གླིང་བཞིའི་ཁྱོན་ལ་གཞན་དོན་ཆིབས་ཁ་བསྒྱུར། །
གླིང་བཞིའི་ཁྱོན་ལ་སྦྱིན་པའི་ཕྱག་རིང་བརྐྱངས། །
གླིང་བཞིའི་ཁྱོན་ལ་ཆོས་ཀྱི་ཆར་བ་ཕབས། །

ཆོས་ཀྱི་ཉམས་ལེན་བྱེད་པའི་སྒྲུབ་ཁང་བཙུགས། །
ཛ་དྲག་སྨྱོ་ནད་སངས་པའི་སྨན་ཁང་བཙུགས། །
གདོན་གྱིས་ཟིན་པའི་སྨྱོན་པ་ལྔ་བཅུ་ལྷག །
ནད་གདོན་དགག་ལས་ཐར་བའི་བཅོས་ཐབས་མཛད།

ཏཱ་ར་གསོ་རིག་ལྷན་ཚོགས་གསར་འཛུགས་གནང་། །
བཀའ་བརྒྱུད་བསམ་ཡས་གླིང་གི་བཀོད་འདམས་མཛད། །
བསམ་ཡས་ཡན་ལག་ཆོས་ཚོགས་བཅུ་ཕྲག་བཙུགས། །
གསོ་རིག་བསྐྱར་གསོའི་ཕྱག་ལས་སྣ་མང་མཛད། །

སྟོབས་འབྱོར་མངའ་ཐང་དར་བའི་ཨིན་ལན་ནས། །
གཞན་ཕན་རོགས་ཚོགས་བརྒྱ་ཕྲག་མང་བོའི་ཁྲོད། །
ཉམ་ཆུང་མགོན་སྐྱབས་གཟེངས་རྟགས་ཁྱོད་ལ་ཕུལ། །
ཁྱོད་ཀྱི་མཚན་སྙན་འབྲུག་སྒྲ་ནུབ་ནས་ལྡིར། །

རྒྱུ་འབྱོར་འཁོས་ཁ་ཞན་པའི་མི་ནག་ཡུལ། །
བཟའ་བཏུང་ལྟོ་ཡིས་མནར་བའི་ཡི་དྭགས་རིགས། །
བཀྲེས་སྐོམ་སྡུག་བསྔལ་མྱོང་བའི་མི་ནག་ཚོར། །
ཉིན་རེར་འཚོ་བའི་ཁ་སྣོན་རྒྱུན་དུ་བསྩལ། །

བལ་བོའི་ཡུལ་དང་འཕགས་ཡུལ་བཙལ་བྱོལ་ཁྲོད། །
དྭ་ཕྲུག་ཉམ་ཐག་རྒས་ཁོག་ནད་པའི་རིགས། །
བདག་མེད་ཉམ་ཆུང་ཐུགས་ཀྱིས་མ་བཟོད་ནས། །
བདག་སྐྱོང་སྦྱིན་གཏོང་གནང་བའི་དམ་བཅའ་བཞེས། །

རང་ལ་འབྱོར་བའི་དཀོར་ཟས་དཀོར་ཆུ་སོགས། །
རང་གིས་མ་སྤྱད་གཞན་ཕན་སྦྱིན་གཏོང་གནང་། །
རང་ལ་བདོག་པའི་རྒྱུ་ནོར་ཅི་མཆིས་དག །
རང་ཉིད་མ་བསམ་གཞན་གྱི་ཆེད་དུ་བསྔོས། །

ཁྱོད་ཀྱི་སྐུ་ལ་སྐྱ་ཆས་བསྣབས་ནའང་། །
གསུང་གི་བདུད་རྩི་བླ་མ་སེར་བོའི་ལྷག །
ཐུགས་ཀྱི་མཁྱེན་ཡངས་སྟོན་པ་གཉིས་པའི་སྲས། །
འཇིག་རྟེན་འདི་རུ་བྱོན་ཡང་ཕྱིར་གཤེགས་ཕངས། །

བོད་ཀྱི་བླ་མ་ཕལ་ཆེར་གསོ་ཕག་འདྲ། །
ཨ་དཀོན་བླ་མ་འདྲ་བོ་རེ་གཉིས་ཙམ། །
ཕར་ལ་མ་ཕུལ་ཚུར་ལ་མི་མང་གསོ། །
ཉམ་ཐག་སྐྱོ་བོའི་མགོན་སྐྱབས་ཁྱོད་འདྲ་ཡིན། །

བྱམས་བརྩེའི་བདག་པོ་བླ་མ་གྲྭ་བ་ཚོ། །
སྐུ་ཚེ་ཆོས་ལ་ཐིམ་ཡང་རང་རྒྱུད་ན། །
རང་གི་ཉེ་འཁོར་མ་གཏོགས་མི་མཐོང་མཁན། །
ཁྱོད་ཀྱི་གཞན་སེམས་འདི་ཡིས་བརྡ་ཞིག་བསྟན། །

ཕྱག་རྗེས་མེད་པའི་བླ་མ་བརྒྱ་སྟོང་གིས། །
ཁྱོད་ཀྱི་མཛད་རྗེས་གཅིག་གི་དོ་ཟླ་མིན། །
གོ་ལ་ཟླུམ་པོ་སྐོར་བའི་ཞབས་རྗེས་ན། །
གཞན་ཕན་མེ་ཏོག་འདབ་མ་སྟོང་ལྡན་བཞད། །

ཁྱོད་སྐུའི་མཛད་འཕྲིན་ཉི་འོད་ནུབ་ན་འཕྲོ། །
ངག་གི་རྗོད་པ་དབྱིན་སྐད་ཐོག་མེད་སྨྲ། །
ཐུགས་ཀྱི་མཁྱེན་རྒྱ་འཛམ་གླིང་ལག་པའི་མཐིལ། །
ཚུལ་འཆོས་མི་དགྱེས་ཀུན་སྤྱོད་ཡིད་དུ་འོང་། །

གསང་ཡུམ་མཛེས་མ་བཞེས་པས་སྐྱ་བོའི་ལུགས། །
རང་གཅེས་བདག་འཛིན་མེད་པས་གྲུབ་ཐོབ་ལུགས། །
རང་གཞན་དབྱེ་བ་མེད་པས་བྱང་སེམས་ལུགས། །
འཇིག་རྟེན་ཆོས་བརྒྱད་སྤངས་པས་ཤཱཀྱའི་ལུགས། །

མི་རིགས་གཉོམ་ཆུང་ཞིག་གི་རྒྱབ་ལོག་ན། །
རླུང་རྟ་མར་ལ་འཐེན་པའི་ཇུས་མཁན་མང་། །
མཛད་རྗེས་ཆེ་བའི་བླ་ཆེན་མི་ཆེན་ཚོར། །
ནག་པོ་བདུད་ཀྱིས་ཆོ་འཕྲུལ་ཡང་ཡང་བསྟན། །

བོད་མི་གླེན་པ་མདུན་ལ་ཐོན་ནའང་། །
བྱུས་ངན་ནག་པོའི་དཔྱངས་ཐག་རྒྱབ་ན་ཡོད། །
མིག་གིས་མཐོང་བ་བླ་མ་གཅིག་གི་སྲོག །
དོན་གྱིས་མི་རིགས་འདི་ཡི་སྲོག་རྩར་བསྙབས། །

བདག་གཞན་དབྱེ་བ་མེད་པའི་བྱང་སེམས་ཅན། །
གྲུབ་མཐའ་རིས་སུ་མི་གཅོད་སྙོམས་པོར་གཟིགས། །
མི་རིགས་འདྲ་མཉམ་ལྟ་བ་ཐུགས་ལ་འཁྲུངས། །
བྱང་སེམས་བླ་མ་གཤེགས་པ་གདུང་བའི་མནར། །

གང་གི་བཀའ་ལུང་ཉི་མ་སེར་བོའི་གསུང་། །
ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་ཐུགས་བསྐྱེད་ལ། །
ཁྱོད་ཀྱི་རམ་འདེགས་རོགས་ཕན་དབྱེར་མེད་ཡིན། །
མདོ་དབུས་ཁམས་གསུམ་ཐུགས་ནས་དོར་མྱོང་མེད། །

ནུབ་ཕྱོགས་བདེ་བ་ཅན་ནས་བཞུགས་ནའང་། །
དཀའ་སྡུག་ཆེ་བའི་རང་ཡུལ་ཐུགས་ལ་བཟུང་། །
ཆོས་ཀྱི་འཆད་ཉན་ནུབ་ནས་རྒྱས་ནའང་། །
ཕ་ཡུལ་འཛུགས་སྐྲུན་འབད་པ་ལྷོད་མེད་ཡིན། །

བཤད་གྲྭ་སློབ་གྲྭ་བཅུ་ཕྲག་དབུས་ལ་བཙུགས། །
གསོ་རིག་སློབ་མ་མང་བོ་དབུས་ལ་བསྡུས། །
གསོ་རིག་དར་སྤེལ་མཐུན་རྐྱེན་དབུས་ལ་སྦྱར། །
གསོ་རིག་བསྟན་བཅོས་དཀར་ཆག་དབུས་ནས་བསྒྲིགས། །

ཁོར་ཡུག་རིག་དངོས་སྲུང་སྐྱོབ་ཁམས་ལ་བཙུགས། །
སློབ་གྲྭ་ཞེ་བདུན་བཤད་གྲྭ་བཅོ་ལྔ་བཏབ། །
སློབ་མ་ཁྲི་ཕྲག་ཉེ་ལ་སློབ་ཡོན་སྦྱར། །
རྒན་གསོ་འཕྲོད་བསྟེན་སྨན་ཁང་ཁམས་ལ་བཙུགས། །

མདོ་སྨད་ཕྱོགས་ལ་བཤད་གྲྭ་སྒྲུབ་གྲྭ་བཙུགས། །
དྭ་ཕྲུག་གསོ་ཁང་གསོ་རིག་སློབ་གྲྭ་བཙུགས། །
སློབ་མ་དབུལ་བོ་སྟོང་གི་སྦྱིན་བདག་མཛད། །
ཕ་མེད་དྭ་ཕྲུག་བརྒྱ་ཡི་མགོན་སྐྱབས་མཛད། །

མདོར་ན་མགོན་མེད་སྤྲང་བོར་ཟས་སྦྱིན་མཛད། །
དབང་བོ་སྐྱོན་ཅན་ཕན་པའི་རོགས་འདེགས་མཛད། །
འཇིག་རྟེན་མཐའ་ལ་ལྷུང་བའི་རྒན་རྒོན་ཚོར། །
དགོས་པའི་སེམས་གསོའི་རོགས་སྐྱོར་གྲངས་མེད་མཛད། །

གླིང་ཕྲན་གཞན་ལ་གནང་སྦྱིན་མ་རྩིས་ན། །
བོད་ཁམས་གཅིག་བུའི་རོགས་དངུལ་རགས་རྩིས་ཙམ། །
རྒྱ་སྒོར་དུང་ཕྱུར་གསུམ་ལ་འབུད་ལ་ཁད། །
བླུན་པོ་ང་ཡི་བློ་ལ་ཤོང་སྲོལ་མེད། །

ཕྱི་ནང་འགོག་རྐྱེན་མང་བའི་དུས་ཟིང་འདིར། །
རང་རེའི་རིག་གཞུང་ཉམ་ངའི་གཡང་ས་ནས། །
སྐྱོབ་པའི་རླབས་ཆེན་ཕྱག་ལས་གནང་ནའང་། །
གྲི་མཚོན་གཤེད་མ་སླེབས་འདྲའི་བཀྲོངས་འདི་སྐྱོ། །

བླ་མ་རེ་བ་ཅན་པོའི་རང་སྲོག་ཤོར། །
བོད་ཁམས་འདི་ལ་གྱོང་ནག་དགུ་བརྩེགས་རག །
སྡུག་གི་མུན་པ་འཐིབས་པའི་རང་ཡུལ་ན། །
ཉམ་ཆུང་བོད་མིའི་སེམས་པ་སྐྱོ་བས་གཟིར། །

།འབྱོར་མེད་དབུལ་སྐྱོབ་གྲངས་མེད་གདུལ་བྱའི་ཆེད། །
ཐེག་པར་དཀའ་བའི་རླབས་ཆེན་མཛད་འཕྲོ་དག །
ཡང་སྤྲུལ་ཉི་མ་གཞོན་ནུ་མྱུར་འབྱོན་ནས། །
ཁ་བའི་ཉམས་རྒུད་སྔར་བཞིན་སྐྱོང་བར་མཛོད། །

ཞེས་དེང་དུས་དྲ་ལམ་ནས་སྙན་ངག་སྨྲ་བ་ཧོར་རིག་པའི་རལ་གྲིར་འབོད་པས། ༢༠༡༣ ༡༠ ༡༣ ཉིན་རང་ཤག་སྐྱིད་པའི་དགའ་ཚལ་ནས།།

སྙན་ངག

Post navigation

Previous Post: བོད་ལུཊ་གསོ་རིག་གི་ཟས་སྤྱོད་ལག་ལེན་ལ་གྲུབ་འབྲས་ཆེན་པོ་ཐོན།
Next Post: རིགས་སློབ་དབུ་དགེ་དམ་པ་རྒན་བློ་བཟང་རྒྱ་མཚོ་མཆོག

Comments (2) on “རྗེས་དྲན་མེ་ཏོག་རང་བྱོན།”

  1. དེ་ཕོ། says:
    2013-10-14 at 11:01 pm

    གླིང་ཕྲན་གཞན་ལ་གནང་སྦྱིན་མ་རྩིས་ན། །
    བོད་ཁམས་གཅིག་བུའི་རོགས་དངུལ་རགས་རྩིས་ཙམ། །
    རྒྱ་སྒོར་དུང་ཕྱུར་གསུམ་ལ་འབུད་ལ་ཁད། །
    བླུན་པོ་ང་ཡི་བློ་ལ་ཤོང་སྲོལ་མེད། །

  2. ལ་དྭགས་བློ་བཟང་འཇམ་དཔལ་་ says:
    2013-10-15 at 2:28 am

    ཨ་དཀོང་རིན་པོ་ཆེ་ཡི་མཛད་བཟང་ལ།
    སྙིང་ནས་དད་དེ་རང་དྲན་ཡི་གེར་བཀོད།
    བློ་ལྡན་དག་གིས་བཀླགས་ནས་རང་ཉིད་ཀྱང་།
    དེའི་འདྲའི་ཕྱོགས་སུ་འཇུག་པར་བརྩོན་པར་རེ།།
    ་
    དེའི་འདྲའི་བྱ་བར་ལྕོགས་པ་མེད་ན་ཡང་།
    བོད་ཀྱི་འཇིག་རྟེན་མིག་གྱུར་རྣམས་དང་གཞན།
    མཁས་པ་རྣམས་ཀྱིས་ཡིག་སྲོལ་མིག་གིས་མཐོང་།
    དེ་དག་རྗེས་འབྲངས་འདི་ལྟར་འབྲི་བར་བྱེད།།
    ་
    ཉིན་རེར་འཚོ་བའི་ཁ་སྣོན་རྒྱུན་དུ་སྩལ།
    མི་རིགས་ཉམས་ཆུང་ཞིག་གི་རྒྱབ་ལོགས་ན།
    གང་གི་བཀའ་ལུང་ཉི་མ་སེར་པོའི་གསུང་།
    གསོ་རིག་སློབ་མ་མང་པོ་དབུས་ལ་བསྡུས།
    སློབ་མ་དབུལ་པོ་སྟོང་གི་སྦྱིན་བདག་མཛད།
    མདོར་ན་མགོན་མེད་སྤྲང་པོར་ཟས་སྦྱིན་མཛད།
    དབང་པོ་སྐྱོན་ཅན་ཕན་པའི་གྲོགས་འདེགས་མཛད།
    དགོས་པའི་སེམས་གསོའི་གྲོོགས་སྐྱོར་གྲངས་མེད་མཛད།
    བོད་ཁམས་གཅིག་པུའི་གྲོགས་དངུལ་རགས་རྩིས་ཙམ།
    ་
    འདི་འདྲ་དཔེ་རྙིང་སྲུང་བར་བྲིས་པའི་དགེས།
    གངས་ཅན་སྐྱེ་དགུའི་མགུལ་དུ་འདོགས་གྱུར་ཅིག།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme