Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་སྤྱིའི་བོད་རིག་པའི་གཞོན་ནུའི་གྲོས་ཚོགས་དང་འབྲེལ་བའི་གསལ་བཤད་རྒྱས་པ།

Posted on 2015-09-242015-09-24 By ཁ་བརྡ 9 Comments on རྒྱལ་སྤྱིའི་བོད་རིག་པའི་གཞོན་ནུའི་གྲོས་ཚོགས་དང་འབྲེལ་བའི་གསལ་བཤད་རྒྱས་པ།

ཆོས་འཁོར་ཚང་ཉི་མ་འོད་ཟེར།

 
ཉེ་ཆར་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་གྲོས་ཚོགས་ཐེངས་བཞི་པ་གྲོལ་མཚམས་ཀྱི་ཉིན་ཤས་རྗེས་སུ་ཕྱོགས་ཡོངས་ཀྱི་གནས་ཚུལ་དང་ལོ་རྒྱུས་གསལ་པོར་མི་མཁྱེན་པ་རེ་འགས་དེ་གའི་ཚོགས་པ་དང་གོ་སྒྲིག་པ་དེ་བཞིན་གོ་སྒྲིག་བྱེད་སྟངས་ནས་ཚོགས་ཞུགས་བྱེད་མཁན་ཡན་ཆད་ལ་སྒྲོ་བཏགས་བསྙོན་འཛུགས་ཀྱིས་འུར་ཟིང་སྤེལ་ཏེ་གཞན་མང་པོ་ཞིག་མགོ་བོ་རྨོངས་སུ་བཅུག་འདུག
ལྷག་པར་དྲ་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་དང་མཆན་ཡིག་བཏགས་པ་དག་ལ་བལྟས་ཚེ་གོ་སྒྲིག་པས་ཚོང་བརྒྱབ་སྣང་དང་། བོད་པ་རྐང་གཅིག་ཀྱང་འགན་འཛིན་ལྷན་ཚོགས་སུ་མེད་རབས་དང་། ཕྱི་གླིང་པ་རྐྱང་རྐྱང་གིས་སྒང་ནས་ཐག་གཅོད་ཀྱིས་བོད་པ་ཚོས་འོག་ནས་ཉན་གྱི་ཡོད་མདོག གོ་སྒྲིག་ཚོགས་མི་རྣམས་བོད་ཀྱི་ཆབ་སྲིད་ཀྱི་དགྲ་རུ་ལང་ཁུལ་སོགས་བཤད་ནས་འཛིན་སྐྱོང་གི་དབང་ཆ་རྣམས་བོད་པས་ལེན་དགོས་པ་དང་ཆོས་རིག་གི་བདག་དབང་སོ་སོས་རྩིས་ལེན་བྱ་དགོས་པ་སོགས་ཀྱི་གཡེན་གཏམ་གང་མང་བསྒྲགས་འདུག
ཁོ་བོས་ད་བར་འབྲེལ་ཡོད་དོ་བདག་རྣམས་དང་ཉམས་མྱོང་རྒྱུས་ཡོད་ཅན་གྱི་ཚོགས་ཞུགས་པའི་ནང་ནས་དེ་དག་ལ་གསལ་བཤད་གནང་མཁན་འདྲ་ཞིག་ཨེ་འབྱུང་ལ་བསྒུགས་ནས་བསྡད་ཀྱང་གཅན་བཟོད་རྒྱམ་ལས་ད་བར་དུ་སུ་ཡང་མ་ཐོན།

དེས་ན་ད་དུང་གསལ་བཤད་དགོས་པ་མང་ཙམ་འདུག་སྟབས་འདི་ནས་ཁོ་བོས་བྱ་མེད་སར་བོང་བུས་ནམ་ཚོད་དང་ཁྱི་མེད་སར་ཞུམ་བུས་རུས་མུར་གྱི་ལས་སུ་ཞུགས། ལར་རྒྱལ་སྤྱིའི་ནང་བོད་རིག་པའི་འདུ་ཚོགས་ཆེ་ཤོས་གཉིས་ཡོད་པ་ལས། གཅིག་ནི་“རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་གྲོས་ཚོགས་”ཟེར་བ་འདི་ཉིད་ཡིན་པས། ཚོགས་ཐེངས་གཅིག་ལ་མི་གྲངས་བརྒྱ་ཕྲག་གཅིག་ཡས་མས་འཛོམས་ཀྱི་ཡོད། འདི་ལས་ཆེ་བ་དེ་ལ་“རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་འདུ་ཚོགས་”ཟེར་བས་དེའི་ཚོགས་ཐེངས་རེར་མི་གྲངས་ལྔ་བརྒྱ་ཡས་མས་འཛོམས་ཀྱི་འདུག
འདི་གཉིས་ཀྱི་ཚོགས་ཞུགས་པ་སྡུད་སྟངས་ལའང་ཁྱད་པར་ཡོད། ཆེ་བ་དེར་ཞུགས་སླ་བས་མ་ཚད་ལོ་ཡུན་ཚད་བཀག་ཀྱང་མེད། འོན་ཀྱང་གཞོན་ནུའི་ཅན་དེར་ཚོགས་ཞུགས་ཀྱི་དུས་ཡུན་ཚད་བཀག་ཡོད་པས་དེར་ཚུད་ཁག་པ་ཡོད། ཚད་བཀག་དེ་ནི་དམིགས་བསལ་ཅན་མ་གཏོགས། “རང་ཉིད་ཀྱི་སློབ་ཐོན་ཕྱག་ཁྱེར་མཐའ་མའམ་འབུམ་རམས་པའི་ལག་ཁྱེར་ཐོབ་ནས་ལོ་དྲུག་ལས་མ་བརྒལ་བ། ཡང་ན་མཐོ་སློབ་ཏུ་ཤེས་རིག་དང་འབྲེལ་བའི་གཏན་འཇགས་གོ་གནས་ཐོབ་ནས་ལོ་དྲུག་ལས་མ་བརྒལ་བ་དགོས།” དམིགས་བསལ་ཅན་དེ་ནི་གཙོ་བོ་བོད་པ་དང་ལྷག་པར་དགོན་པའི་གྲྭ་པ་རྣམས་ལ་དམིགས་སུ་བཀར་ནས་བཞག་པའང་མཁྱེན་དགོས།

ད་ལྟའི་ཆ་ལ་ཚོགས་པ་དེ་གཉིས་ཀའི་ཚོགས་གཙོ་བོད་རིགས་ཡིན་ཞིང་། འཛིན་སྐྱོང་ཚོགས་མིའི་གྲས་སུའང་བོད་པ་ཡོད། གཞོན་ནུ་ཅན་གྱི་ཚོགས་གཙོ་དེ་ནི་ཨ་ཅཱརྱ་མཁས་དབང་སྐལ་བཟང་ནོར་བུ་(གྷུ་རུང་)ལགས་དང་དེའི་འཛིན་སྐྱོང་ཚོགས་མིར་ཁེ་ན་ཌར་གནས་བཞུགས་མཁས་དབང་བཀྲ་ཤིས་ཚེ་རིང་ལགས་ཡོད། ཚོགས་པ་འདི་ཉིད་ཐོག་མར་འཛུགས་དུས་ཀྱང་འཛིན་སྐྱོང་ཚོགས་མིའི་གྲས་སུ་བོད་རིགས་ཚེ་རིང་ཟླ་བ་དང་། སྐལ་བཟང་ཡེ་ཤེས། རྡོ་སྦིས་ཚེ་རིང་རྒྱལ། ཚེ་རིང་ཆོས་སྐྱིད། ཆོས་སྐྱིད་སྒྲོལ་མ། བླ་མ་སྐྱབས་བཅས་བོད་རིགས་མང་བ་ཡོད་པའང་མཁྱེན་གལ་ཆེ།

ད་དུང་ཐུགས་སྣང་དགོས་པ་ཞིག་ལ་ཕྱི་རྒྱལ་བ་རྣམས་རྒྱལ་ཁབ་རེ་ནས་མི་གྲངས་གཉིས་ལས་མང་བ་འཛིན་སྐྱོང་ཚོགས་མིར་ཞུགས་མི་ཆོག འོན་ཀྱང་ཚད་བཀག་འདི་བོད་རིགས་རྣམས་ལ་མི་འཐུས་པས། ད་ལྟའི་ཆ་ལ་བོད་རིགས་རྒྱལ་ཕྱི་ནང་སོགས་རྒྱལ་ཁབ་མང་པོར་གནས་ཞུགས་ཡོད་དུས་འཛིན་སྐྱོང་ཚོགས་མིའི་གྲས་སུ་བོད་རིགས་ག་ཚོད་ཞུགས་མཁན་ཡོད་ནའང་འཐུས་བཟོར་སྣང་། འོན་ཀྱང་ཚོགས་ཞུགས་ཉམས་མྱོང་རིམ་པས་ཚུལ་མཐུན་དུ་འདེམས་སྒྲུག་བྱེད་པ་ལས་བོད་རིགས་གསར་ཞུགས་ཡོད་ཚད་ལ་འཛིན་སྐྱོང་ཚོགས་མིར་བཀོད་ན་ཚོགས་པའི་དམིགས་ཡུལ་དང་མི་འཚམས་པའང་མཁྱེན་དགོས།

ཚོགས་པ་ཆེ་བ་དེའི་བོད་རིགས་ཚོགས་གཙོ་ཐོག་མ་མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་ལགས་དང་། ད་ལྟའི་ལས་ཐོག་པ་མཁས་དབང་ཚེ་རིང་ཤཱཀྱ། དེ་བཞིན་གཞོན་ནུའི་བོད་རིགས་ཚོགས་གཙོ་ཐོག་མ་མཁས་དབང་སྐལ་བཟང་ནོར་བུ་རྣམས་བོད་རིག་པར་མཚན་དང་མཛད་རྗེས་ཡོད་པའི་ཆ་ནས་ཕྱི་རྒྱལ་མི་རིགས་དག་གིས་ཀྱང་དགའ་མོས་ངང་འོས་ཕོན་ཆེན་པོར་བླུགས་པ་ལ་བརྟེན་ནས་མཚན་གནས་འདི་ཉིད་ཐོབ་པ་མ་གཏོགས། བོད་པ་དག་གིས་ལ་རྒྱའི་འུར་ཟིང་གིས་བསྐོས་པ་ཞིག་མ་ཡིན་པར་ཤེས་དགོས། དེ་བས་མཁར་རྨེའུ་མཆོག་ཚོགས་གཙོར་འདེམ་སྐབས་ཚོགས་ཞུགས་བོད་རིགས་ཤིན་ཏུ་ཉུང་བས་ཁོང་ཉིད་ཚོགས་གཙོར་འོས་ཤོག་འཕེན་མཁན་གྱི་གྲངས་འབོར་ཆེ་ཤོས་དེ་ཕྱི་རྒྱལ་བ་རང་ཡིན་པ་ནི་མངོན་གསལ་ལོ། །
ད་དུང་སྤྱི་ལོ་༢༠༡༣ ལོར་སོག་པོའི་རྒྱལ་སར་མཁས་དབང་ཚེ་རིང་ཤཱཀྱ་ཚོགས་གཙོར་འདེམ་སྐབས་ཀྱང་ཚོགས་གཙོའི་འོས་དམིགས་གཉིས་ཡོད་པ་གཉིས་ཀ་བོད་རིགས་ཡིན་པ་དེས་ཀྱང་ཕྱི་རྒྱལ་བས་བོད་རིགས་ལ་འགན་དབང་གང་ཐུབ་ཐུབ་སྤྲོད་ཀྱི་ཡོད་པ་ལས་ཁོང་ཚོས་བཙན་འཛུལ་གྱིས་བོད་པའི་བདག་དབང་འཕྲོག་གི་མེད་པ་ནི་དངོས་སུ་ར་འཕྲོད་པ་མ་ཡིན་ནམ།

གང་ལྟར་བོད་རིགས་ཚོགས་གཙོ་མུ་མཐུད་ནས་ཡོང་ཐུབ་པ་དང་བོད་རིགས་གང་མང་འཛིན་སྐྱོང་ཚོགས་མིར་ཞུགས་ཐུབ་ན་ལེགས་མོད། འོན་ཀྱང་བདམ་བྱའི་ཚོགས་མི་དེ་དག་ཀྱང་བོད་རིག་པའི་ཉམས་ཞིབ་པ་ཡིན་དགོས་ཞིང་། དེ་ལ་ཡང་གྲོས་ཚོགས་དང་འབྲེལ་བའི་ཉམས་མྱོང་དང་ཡོན་ཏན་མཛད་རྗེས་སོགས་དགོས་ལ། ད་དུང་མི་གཤིས་རྒྱུ་དག་གི་སྤུས་ཚད་ཀྱང་ལྡན་དགོས་སྙམ། དེ་ལྟར་མིན་པར་གྲོས་ཚོགས་སུ་གསར་དུ་ཞུགས་མ་ཐག་ནས་ཉམས་མྱོང་གང་ཡང་མེད་པར་ཚོགས་གཙོའི་འོས་དམིགས་སུ་ཐོབ་ཐང་གི་འཐབ་རྩོད་བྱས་དྲགས་ན། ཚོགས་གཙོའི་གོ་གནས་ལ་དམིགས་ནས་ཚོགས་ཞུགས་བྱས་པ་ལྟ་བུར་སྣང་སྟབས་གསར་རྟགས་ཕྱིར་སྟོན་ཡིན་པ་ལས་མ་འདས།

དེས་ན་གལ་ཏེ་བོད་རིགས་ཤིག་ཚོགས་གཙོའམ་འཛིན་སྐྱོང་ཚོགས་མིར་འདེམས་དགོས་ཚེ། གཅིག་ནས་རྒྱུ་ནོར་དང་དངུལ་བབས་ཁོ་ནའི་རྗེས་སུ་འགྲོ་བའི་རིགས་མ་ཡིན་པར་བོད་ཀྱི་རིག་གཞུང་དང་ལོ་རྒྱུས་ལ་ཉམས་ཞིབ་དང་དེ་བས་ཀྱང་ནུབ་ཕྱོགས་པའི་ཚན་རིག་དང་མཐུན་པའི་ཉམས་ཞིབ་ཆེད་ལས་ཁག་ལ་མཉམ་ཞུགས་དང་། གྲོས་ཚོགས་སོགས་སུ་ཕེབས་ཏེ་རིམ་པས་ཉམས་མྱོང་གསོག་རྒྱུའི་གོ་སྐབས་ལེན་མཁན་རྣམས་དང་། གཉིས་ནས་གྲོས་ཚོགས་སུ་ཕེབས་ནས་གལ་གནད་ཆེ་བའི་གྲོས་ཚོགས་ཀྱི་ལས་རིམ་ཚོགས་འདུ་སྣང་མེད་དུ་བཞག་ནས་གནས་གཟིགས་ཁོ་ནར་གལ་ཆེར་བརྩིས་ཏེ་འགྲུལ་བསྐྱོད་བྱེད་མཁན་དག་མ་ཡིན་པ། གསུམ་ནས་ཚོགས་ཞུགས་བོད་རིགས་ཚོགས་མི་ཉམས་མྱོང་དང་མཛད་རྗེས་ཅན་གང་མང་ཞིག་ཡོད་པ་དག་ལས་བདམས་ན་འཐུས་པ་ལས། དེ་ལས་ལྡོག་སྟེ་མགོ་ལས་དཔུང་པ་མཐོ་བའི་ལས་འགུལ་ལྟ་བུར་གང་ནས་ཐོན་དང་བྱས་རྗེས་ཅི་ཡོད་ཆ་རྒྱུས་སུ་ལའང་མེད་པའི་མི་ཞིག་ཚོགས་གཙོར་ཕར་ཟད་འཛིན་སྐྱོང་ཚོགས་མིར་བདམས་དགོས་ཟེར་ན་བོད་པ་རང་ནས་རྒྱབ་སྐྱོར་ལྟ་ཞོག་གཞན་རྣམས་འདྲོག་ཉེན་ཆེ་བར་བསམས།

དེ་དང་འབྲེལ་ནས་གནད་དོན་ཅི་ཡང་མི་ཤེས་པ་རེ་འགས་བོད་རིག་པ་ཟེར་བ་དེ་ཅ་དངོས་སམ་ས་ཞིང་ལྟ་བུར་བསམས་ནས་དེ་ཉིད་གཞན་ལ་ཤོར་དོགས་དང་ལྷག་པར་ནུབ་ཕྱོགས་པས་ཧམ་འཁྱེར་བྱེད་ཀྱི་ཡོད་སྣང་འདྲའང་ཤར་འདུག་ལ། རེ་གཉིས་ཀྱིས་བོད་ཀྱི་ཆོས་རིག་ཟེར་བ་དེའང་ཡུལ་གྲུ་དང་ཁང་ཁྱིམ་བཞིན་དུ་གཞན་ཞིག་གིས་བཙན་འཛུལ་བྱ་རྒྱུ་ཡོད་པར་ཡང་འཁྲུལ་འདུག་པས། ཆོས་དང་རིག་གཞུང་གཙོས་པའི་བོད་རིག་པ་འདི་དག་ཇི་ཙམ་གྱིས་སྦྱོང་མཁན་དང་སྤེལ་མཁན་མང་ན་དེ་ཙམ་གྱིས་བོད་ལ་ཕན་རླབས་དང་ཁེ་བཟང་ཡོང་བར་མ་ཤེས་པ་དེ་ནི་ཤིན་ཏུ་ཕངས། དེ་བས་མི་རིགས་གཞན་པའི་ནང་ང་ཚོའི་ཆོས་དང་རིག་གཞུང་ལ་ཐུགས་སྣང་མཛད་མཁན་གྱི་ཁ་གྲངས་ག་ཚོད་མང་བར་གྱུར་ན་དེ་ཚོད་ཀྱིས་རྒྱལ་སྤྱིའི་ནང་ང་ཚོའི་ཆོས་རིག་ལ་ངོ་སྤྲོད་དང་ཁྱབ་སྤེལ་འབྱུང་ངེས་ཡིན་པས། དེས་ན་བོད་རིག་པའི་བདག་དབང་གཞན་ལ་ཤོར་སྣང་སྐྱེས་ཏེ་བོད་རང་གིས་རྩིས་ལེན་ཐུབ་གལ་ཆེ་རབས་སོགས་རྟིང་སྐུལ་གཏོང་བ་ནི་དགོད་སློང་བའི་གཏམ་དུ་མཐོང་།

ལར་བོད་རིག་པའི་ཉམས་ཞིབ་ཅེས་པ་དེ་ནི་གཙོ་བོ་ཚན་རིག་གི་འཇུག་སྒོའི་ཐོག་བོད་ཀྱི་ཆོས་རིག་ལ་སློབ་གཉེར་དང་ཞིབ་འཇུག་བྱེད་པ་ཞིག་ལ་གོ་བས། ཐབས་ལམ་དེར་འཇུག་པའི་ཉམས་ཞིབ་སློབ་མ་ཟེར་དུས་ནུབ་ཕྱོགས་ཀྱི་གཙུག་ལག་སློབ་གཉེར་ཁང་ལྟར་ན་འབུམ་རམས་པའམ་(PhD)སློབ་གཉེར་བྱེད་མཁན་དག་ལ་གོ་བས། དེའི་ནང་(Master)སློབ་གཉེར་པ་རྣམས་ནི་ཉམས་ཞིབ་སྔོན་འགྲོའི་སློབ་མ་ལས་ཉམས་ཞིབ་སློབ་མ་དངོས་མ་ཡིན་པ་དང་། (Bachelar)རྣམས་ནི་དེ་བས་ཀྱང་ཕར་ཟད་རེད། གང་ལྟར་བོད་རིག་པའི་ཉམས་ཞིབ་སློབ་གཉེར་དང་ཉམས་ཞིབ་ཆེད་ལས་སུ་སྒོར་མོ་དང་རྒྱུ་ནོར་གྱི་ཡོང་སྒོ་ཞན་པའི་རྐྱེན་གྱིས་བོད་པའི་ནང་དེ་ཕྱོགས་སུ་སྐྱོད་མཁན་ཆེས་ཧ་ཅང་གི་ཉུང་ཉུང་ཡིན་པས་མ་ཚད། ཉུང་སྐྱོན་དེས་རྒྱལ་སྤྱིའི་བོད་རིག་པའི་འདུ་ཚོགས་ནང་བོད་རིགས་ཚོགས་ཞུགས་པའང་གྲངས་ཉུང་དུ་གནས་པའི་གནད་དོན་དུ་གྱུར།

རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་གྲོས་ཚོགས་ཀྱི་ཚོགས་ཞུགས་པ་སྡུད་སྟངས་ནི། གོང་ཞུས་ཉམས་ཞིབ་སློབ་མ་དང་། སློབ་གཉེར་དེ་ཉིད་མཐར་ཕྱིན་ནས་ལོ་དྲུག་ལས་མ་འགྱངས་པ། དེ་བཞིན་དམིགས་བསལ་གུ་ཡངས་སུ་བཏང་བའི་བོད་རིགས་ཤེས་ཡོན་པ་ཁག་བཅས་ཀྱིས་སོ་སོས་ཚོགས་ཐོག་ཏུ་སྒྲོགས་སྦྱང་ཞུ་རྒྱུའི་རྩོམ་ཡིག་གི་ནང་དོན་སྙིང་བསྡུས་(abstract) དེ་ཉིད་གོ་སྒྲིག་ལྷན་ཚོགས་སུ་བསྐུར་མཚམས་གོ་སྒྲིག་ཚོགས་པས་གསང་བའི་ཐོག་ནས་བཤེར་དཔང་དུ་བསྐོས་པའི་རྒྱལ་ཁབ་འདྲ་མིན་གྱི་གཙུག་ལག་སློབ་གཉེར་ཁང་འདྲ་མིན་དུ་བཞུགས་པའི་མཁས་དབང་དག་ལ་བསྐྱར་ཞིབ་ཆེད་དུ་གཏོང་གིན་ཡོད།
དེ་ཡང་རྩོམ་ཤོག་གཅིག་མ་མཐར་མཁས་དབང་གཉིས་གསུམ་ལའང་བསྐུར་གྱི་ཡོད་པས། ཚོགས་ཐོག་ཏུ་བཙུད་དང་མ་བཙུད་ཀྱི་དབང་ཚད་གཙོ་བོ་དེ་གོ་སྒྲིག་ཚོགས་མི་རྣམས་ལ་མེད་ཅིང་། དེ་བས་སྐབས་ཐོག་གི་གོ་སྒྲིག་པ་གཙོ་བོ་(Convener)དེ་ལའང་མེད་པ་མཁྱེན་པར་མཛོད། ལྷག་པར་ད་ཐེངས་གཟབ་ནན་ཡོང་ཆེད་རྩོམ་ཤོག་སྙིང་བསྡུས་ཡོད་ཚད་གོ་སྒྲིག་ཚོགས་མི་སྒེར་པ་སུ་ལའང་བརྒྱུད་མི་དགོས་པར་ཡོད་ཚད་དྲ་ཐོག་ནས་དེབ་བསྐྱེལ་བྱ་དགོས་པར་བཟོས་པ་ནི་བསྔགས་པར་འོས།

དེ་མཚུངས་ཀྱིས་ཟུར་ཉན་པ་སྡུད་སྟངས་ཀྱང་གྲོས་ཚོགས་ཀྱི་ཚོགས་གཙོར་བཀའ་གྲོས་ཀྱིས་བསྡུ་དགོས་ལ། དེ་མིན་གོ་སྒྲིག་ཚོགས་མི་ནང་ཁུལ་དུ་བཀའ་བསྡུར་མཛད་ནས་འདེམ་གྱི་ཡོད་པས་མི་སྒེར་སུས་ཀྱང་དབང་ཆ་བེད་སྤྱོད་གཏང་ས་མེད། ལྷག་པར་ད་ཐེངས་ཀྱི་གོ་སྒྲིག་ཚོགས་མི་རྣམས་ནི་(Leipzig University)ལཱ་ཡིབ་ཛྷིག་གཙུག་ལག་སློབ་གཉེར་ཁང་གཅིག་པུ་ནས་མ་ཡིན་པར་འཇར་མེན་རྒྱལ་ཁབ་ནང་བཞུགས་པའི་བོད་རིག་པའི་བསྟི་གནས་ཡོད་པའི་གཙུག་ལག་སློབ་གཉེར་ཁང་མི་འདྲ་བ་ཁག་ལྔ་ནས་གོ་སྒྲིག་ཚོགས་མི་བདམས་ཡོད་པ་དང་གོ་སྒྲིག་ཚོགས་མིའི་ལས་རོགས་ཁོངས་སུ་བོད་རིགས་གཅིག་ཀྱང་ཡོད་སྟབས། གོ་སྒྲིག་པ་གཙོ་བོ་ཟཱ་ཝེར་(Franz Xaver Erhard)མཆོག་ལ་གཞི་མེད་བསྙོན་འཛུགས་བྱ་རྒྱུ་ཅི་ཡང་ལྷག་མེད།

དེས་ན་ཁོང་གི་མཚན་ནས་བོས་ཏེ་མགོ་སེར་དང་བོད་པའི་མག་པ་ཞེས་མ་རངས་པའི་ཚུལ་གྱིས་སྙིང་ནད་རྩོད་པ་དཔེར་ན་“གོ་སྐབས་རེག་ནས་ཚོང་ཆེན་བརྒྱབ་པ་རེད་”ཟེར་བ་དང་། “ཁོས་བོད་པ་ཚོ་ཤུགས་ཆེན་བཀག་འགོག་གནང་ཡོད།” “ཁོ་སྒེར་ལ་ཁེ་བཟང་ཆེན་པོ་རེག་ཡོད་”ཟེར་བ་རྣམས་ནི་ལང་ཤོར་དཀྲོག་གཏམ་པས་ངན་སེམས་བཅངས་པའི་དཀྲུག་ཤིང་ཁོ་ན་ཡིན་པས་བག་ཡོད་ཅན་རྣམས་ཞེ་ཁྲེལ་བའི་གནས་ལས་མ་འདས། ད་དུང་འདི་འདྲ་ཞིག་གི་ནང་དུ་མི་སྒེར་གྱིས་ཚོང་འདྲ་ཞིག་བརྒྱབ་རྒྱུ་ཡོད་པར་བསམ་པ་ནི་བོད་པའི་བསམ་བློ་ཁོ་ནར་ཟད།

ཡང་ལ་ལས་རྒྱལ་སྤྱིའི་བོད་རིག་པའི་ཉམས་ཞིབ་ཀྱི་འདུ་ཚོགས་འདི་དག་ནི་ཐོག་མར་བོད་པར་དབང་བ་གང་ཞིག་ནུབ་ཕྱོགས་པའི་ལག་ལ་ཤོར་བའི་བཟོ་འདྲར་བྱས་ཏེ་འཛིན་སྐྱོང་ལས་གཞི་ཐད་ཀྱི་དབང་ཆ་ཚུར་ལེན་དགོས་རབས་འདྲ་ཞིག་ཀྱང་གླེང་གི་འདུག་པ་ནི་དགོད་བྲོ་བའི་གཏམ་དུ་ངེས།
མ་གཞི་རྒྱལ་སྤྱིའི་བོད་རིག་པ་འདུ་ཚོགས་ཐོག་མ་དེ་ནི། བོད་མི་ནང་ཁུལ་གྱིས་བཀྲོངས་ལ་ཉེ་བའི་བོད་ཀྱི་བླ་ཆེན་ཞིག་གི་སྐུ་སྲོག་སྐྱོབ་མཁན་མཁས་དབང་ཧྥེ་ཡར་ཀི་ཝར་ན་(Per Kvaerne)མཆོག་དང་“བོད་པའི་མག་པ་”མར་ཊིན་བྷི་རཱ་འུན་(Martin Brauen)གཉིས་ཀྱིས་བཙུགས་པ་ཞིག་རེད། ཁོང་གཉིས་ཀྱིས་ཕྱི་ལོ་༡༩༧༧ ལོར་བཙུགས་པ་དེ་ལ་ཐོག་མར་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་གྲོས་ཚོགས་ཞེས་འབོད་ཀྱང་ཕྱིས་སུ་རིམ་པས་རྒྱ་བསྐྱེད་ཕྱིན་ཏེ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་པའི་གྲོས་ཚོགས་ཀྱི་ངོ་བོར་གྱུར་སྟབས་དེ་ནས་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་གྲོས་ཚོགས་དེ་མེད་པར་ཆགས། དེ་མཚམས་མི་ལོ་སུམ་ཅུའི་རྗེས་ཏེ་ཕྱི་ལོ་༢༠༠༧ ལོར་ཕྱི་རྒྱལ་བ་དང་བླང་གིས་བོད་ཀྱི་ཆོས་དང་རིག་གཞུང་སྦྱངས་ནས་ཉམས་ཞིབ་གནང་མཁན་ཁྱུ་ཞིག་གིས་དབྱིན་ཡུལ་རྒྱལ་སར་སླར་ཡང་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་གྲོས་ཚོགས་དང་པོ་དེ་ཉིད་བསྐོངས་ཚོགས་གནང་བ་ནས་བཟུང་ད་ལམ་ཚོགས་ཐེངས་བཞི་པར་སླེབས་པ་འདི་རེད།

དེས་ན་གོང་ཞུས་བོད་རིག་པའི་གྲོས་ཚོགས་ཆེ་ཆུང་གཉིས་ཀ་ཕྱི་རྒྱལ་ནུབ་ཕྱོགས་པ་བོད་ཀྱི་ཆོས་རིག་ལ་སློབ་གཉེར་དང་བཙའ་སྐྱོང་ལ་འབད་པ་དག་གིས་ལྷག་བསམ་དག་པས་བཙུགས་ཤིང་འཛིན་སྐྱོང་གནང་བ་ཞིག་ལས། བོད་པའི་ཡིན་པ་གང་ཞིག་རིམ་པས་ཕྱི་རྒྱལ་བའི་ལག་ཏུ་དབང་ཚད་ཤོར་བ་ལྟ་བུར་ནམ་ཡང་མ་འཁྲུལ་ཞིག
དེ་བཞིན་ཚོགས་ཐེངས་གོ་སྒྲིག་ཐད་ལའང་གཞོན་ནུའི་བོད་རིག་པའི་དྲ་རྒྱའི་ནང་ཚོགས་ཐེངས་རྗེས་མའི་ཚོགས་འདུ་གོ་སྒྲིག་གནང་འདོད་ཡོད་ཚེ་སྔོན་ཚུད་ནས་སྙན་ཞུ་འབུལ་དགོས་པར་ཚོགས་འདུ་མ་ཚོགས་པའི་ཉིན་གྲངས་མང་པོའི་སྔོན་ཚུད་ནས་གསལ་སྒྲགས་བྱས་འདུག་པ་དེ་ནི། ཚོགས་འདུ་གོ་སྒྲིག་བྱ་འདོད་ཡོད་ལ་གོ་སྒྲིག་བྱ་རྒྱུའི་མཐུན་རྐྱེན་སྦྱོར་ཐུབ་མཁན་བོད་རིག་པའི་མཁས་དབང་ཚང་མར་གསལ་བསྒྲགས་བྱས་པ་ལས། བོད་རིགས་རྣམས་ཀྱིས་སྙན་ཞུ་འབུལ་མི་ཆོག་ཅེས་པའི་དོན་ཞིག་ག་ལ་ཡིན།

ད་ལྟའི་ཚོགས་ཐེངས་སྐབས་གོ་སྒྲིག་སྙན་ཞུ་འབུལ་མཁན་ཕྱི་རྒྱལ་བ་སྡེ་ཚན་གསུམ་ཡོད་པ་ལས་བོད་རིགས་གཅིག་ཀྱང་མེད་སྟབས། འགན་འཛིན་ལྷན་ཚོགས་ནས་ཚོགས་ཐེངས་རྗེས་མའི་ཚོགས་འདུ་གོ་སྒྲིག་གི་འགན་འཛིན་བོད་རིགས་ཞིག་ལ་འབུལ་འདོད་ཡོད་ནའང་སྙན་ཞུ་འབུལ་མཁན་གསུམ་ནས་མ་འདེམས་པར་སྙན་ཞུ་མེད་པ་ཞིག་ལ་འབུལ་ཐབས་མེད། དེས་ན་ཚོགས་འདུའི་གོ་སྒྲིག་འགན་འཛིན་ཡང་ཕྱི་རྒྱལ་བ་ཞིག་གིས་འཕྲོག་སོང་ཟེར་དགོས་ན་ཚོགས་འདུའི་འགྲོ་ལུགས་མི་ཤེས་པའི་གསར་རྟགས་ཡིན་པ་ལས་གཞན་ཅི།

ཡང་ཆབ་སྲིད་ཀྱི་སྐབས་འཚོལ་བ་རེ་འགས་ཕྱི་རྒྱལ་བོད་རིག་པ་བ་དང་གོ་སྒྲིག་ཚོགས་མི་རྣམས་བོད་ཀྱི་ཆབ་སྲིད་ཀྱི་དགྲ་རུ་ལང་གི་འདུག་ཟེར་བ་ནི་ཐལ་ཆ་ཆེ་བའི་གཏམ་དུ་ངེས། མ་གཞི་ཚོགས་ཐོག་ཏུ་ཚོར་བ་རྣོན་པོས་བོད་ཀྱི་ཆབ་སྲིད་ཀྱི་གནད་དོན་རྣམས་དངོས་ཟུར་ཅི་རིགས་ནས་གླེང་དུས་ནུབ་ཕྱོགས་པ་བོད་རིག་པའི་ཉམས་ཞིབ་པ་དང་ལྷག་པར་གོ་སྒྲིག་ཚོགས་མི་དག་གིས་མ་བདེ་བའི་ཚུལ་གྱིས་དོགས་ཟོན་མཛད་པ་ནི་འོས་སུ་བབས་པ་སྟེ། རྒྱལ་སྤྱིའི་བོད་རིག་པའི་འདུ་ཚོགས་དག་ནི་གཞིས་བྱེས་གཉིས་ཀྱི་མཁས་དབང་རྣམས་མཉམ་འཛོམས་སུ་འདུས་ནས་ཚོགས་ཐོག་དང་སྒེར་ངོས་ཅི་རིགས་སུ་རང་གི་ཆོས་དང་རིག་གཞུང་སྐོར་ལ་ཕན་ཚུན་བགྲོ་གླེང་ལྷུག་པོར་གནང་སའི་འདུ་ཚོགས་ཁེར་རྐྱང་དེ་ཡིན་པས། འདི་ཉིད་ཆབ་སྲིད་ཀྱི་གླེང་སྟེགས་ཤིག་ཏུ་བསྐྲུན་འདོད་པའི་སྐབས་འཚོལ་བ་དག་གི་རྐྱེན་ངན་ལ་བརྟེན་ནས་བོད་ནས་ཡོང་མཁན་གྱི་མཁས་དབང་རྣམས་མུ་མཐུད་ནས་ཕེབས་ཐུབ་པ་ལ་བར་ཆད་མི་ཡོང་བའི་ཆེད་དུ་ཁོང་རྣམ་པས་ཐུགས་བསམ་བཞེས་པ་ལོས་ཡིན། དེ་བས་ད་ལོ་གསར་དུ་ཞུགས་པ་རེ་འགས་རང་གི་སྟོད་ཐུང་ངོས་སུ་བོད་ཀྱི་རྒྱལ་དར་ཆུང་ངུ་རེ་གཟེར་ཞིང་བཏགས་པ་དེ་དག་གིས་ཀྱང་བོད་ནས་ཕེབས་མཁན་གྱི་མཁས་དབང་རྣམས་ལ་མཉམ་དཔར་བསྒྲོན་རྒྱུར་མཚེར་སྣང་སྟེར་བ་ནི་བདག་གི་མཐོང་ཚུལ་ཙམ་ཡིན།

ནུབ་ཕྱོགས་པ་གོ་སྒྲིག་ཚོགས་མི་རྣམས་གནད་དོན་འདིའི་ཐད་བོད་ཀྱི་ཆབ་སྲིད་ཀྱི་དགྲ་རུ་ལང་གི་མེད་པའི་གཏན་ཚིགས་གཞན་ཞིག་ནི། ཚོགས་ཆེན་དེ་གཉིས་ཀ་ད་ལྟའི་བར་དུ་རྒྱ་ནག་དང་ཡང་ན་རྒྱ་གར་དུ་མ་ཚོགས་པ་དེ་ལས་ཤེས། དེ་ཡང་རྒྱ་གར་དང་རྒྱ་ནག་ཕྱོགས་ནས་གོ་སྒྲིག་བྱེད་མི་ཐུབ་པ་མིན་ལ་རེ་བསྐུལ་མ་ཞུས་པའང་མིན། ལྷག་པར་རྒྱ་ནག་གིས་འབོད་བསྐུལ་སྔ་ཕྱིར་ཡང་བྱས་ཡོད་མོད། འོན་ཀྱང་གོ་སྒྲིག་ལྷན་ཚོགས་ཀྱི་དགོངས་བཞེས་ནི་རྒྱ་ནག་ཏུ་ཚོགས་ན་བཙན་བྱོལ་བའི་མཁས་པ་མང་པོ་ཕེབས་མི་ཐུབ་པ་དང་། རྒྱ་གར་དུ་བྱས་ཚེ་དེ་བཞིན་གཞིས་བཞུགས་མཁས་དབང་མང་པོ་འཛོམས་མི་ཐུབ་པ་དག་ལ་ཐུགས་བསམ་བཞེས་ཀྱི་ཡོད་པར་ཐོས། དེ་བས་ད་དུང་བལ་ཡུལ་དང་འབྲུག་ཡུལ་ལྟ་བུ་གདམ་ཀ་བཟང་སར་འཇོག་གི་ཡོད་པ་ནི་དཔེར་ན་ཕྱི་ལོ་༢༠༡༣ ལོའི་བོད་རིག་པའི་ཚོགས་ཆེན་སོག་ཡུལ་དུ་ཚོགས་པ་བཞིན་ནོ། །
དེས་ན་ཡོད་ཚད་ཆབ་སྲིད་དང་བསྲེས་དགོས་པར་འདོད་པ་དེ་བྱེས་འབྱོར་བོད་པ་མང་པོའི་རང་གཤིས་སུ་གྲུབ་འདུག་པས་སྐབས་འགར་དེ་ཚོར་གོ་བརྡ་སྤྲད་རྒྱུར་དཀའ་ངལ་ཡང་ཡོང་གི་འདུག

ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་པ་མི་ཉུང་བ་ཞིག་རང་གི་ལྟོ་ལ་དམིགས་ནས་ལོ་ནས་ལོ་བསྟུད་ཀྱིས་རྒྱ་མིའི་ཟ་ཁང་དུ་མ་གཡོགས་རྒྱུག་ཅིང་གསུམ་བཅུའི་དུས་དྲན་ཉིན་སྦྱིན་བདག་རྒྱ་མི་དེ་ལ་ནད་དགོངས་ཞུས་ཏེ་རྒྱ་ནག་གཞུང་ཚབ་ཁང་དུ་ལོ་རེར་རང་གིས་སྐད་འབོད་ཐེངས་རེ་བྱས་པ་ཙམ་གྱིས་ཆེས་ཚད་མཐོའི་བོད་དོན་བསྒྲུབས་ཡོད་པར་བརླམས་ནས་དེའི་ཞར་དང་ཞོར་ལ་གཞན་དག་ཧ་ལམ་མི་ཚེ་གང་པོར་རང་དོན་བསྐྱུར་ནས་བོད་ཀྱི་ཆོས་དང་རིག་གཞུང་ལ་ཞབས་འདེགས་རྣལ་མ་ཞུ་མཁན་ཆོས་ཚོགས་ཀྱི་དབུ་བླ་དང་ཉམས་ཞིབ་པ་རྒན་གྲས་དེ་བཞིན་རིག་གཞུང་གཅེས་སྐྱོང་མཛད་མཁན་གྱི་བོད་པ་སུ་ཞིག་གསུམ་བཅུའི་དུས་དྲན་ཉིན་རྒྱ་ནག་གཞུང་ཚབ་ཁང་ལ་སྐད་འབོད་བྱེད་དུ་མ་ཡོང་ཚེ་བོད་ལ་ཤ་ཚ་མེད་རབས་སོགས་དངོས་བརྒྱུད་ཟུང་གིས་སྨོད་པའང་རང་གིས་མཐོང་ཐོས་མངོན་སུམ་དུ་གྱུར། དེ་དག་གི་མདུན་དུ་བོད་མི་གྲགས་ཅན་ཆོས་རྒྱལ་ནམ་མཁའི་ནོར་བུ་དང་མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་སོགས་ཀྱི་མཚན་སྙན་བསྒྲགས་ཚེ་ཁོང་རྣམས་བོད་ལ་ལྷག་བསམ་ཡོད་མེད་ཀྱི་ཆ་རྐྱེན་དུ་སྐད་འབོད་བྱེད་མྱོང་ཡོད་མེད་ཀྱང་འདྲི་བར་མཐོང་།

དེ་དག་ལ་བསམ་ཞིང་སྤྱི་ཡོངས་ནས་བལྟས་ན་རྒྱལ་སྤྱིའི་བོད་རིག་པའི་གྲོས་ཚོགས་རྣམས་ཀྱི་བོད་རིགས་ཚོགས་ཞུགས་པའི་སྤུས་ཚད་དང་གྲངས་འབོར་དེ་བཞིན་བཟང་སྤྱོད་རྣམས་བསྡུར་ན་བྱེས་འབྱོར་བ་དག་ལས་གཞིས་བཞུགས་པ་རྣམས་བཟང་བར་འདུག་ལ། ཁོང་ཚོའི་ནང་དུ་གོ་སྒྲིག་ཚོགས་མི་སོགས་ལ་གཞི་མེད་གྱོད་འཛུགས་དང་མཚན་སྨད་ཞུ་མཁན་མི་འདུག་ཅིང་། ཚོགས་ཞུགས་པ་བྲོས་བྱོལ་གནང་མཁན་ནི་དེ་བས་ཀྱང་མེད་པར་སྣང་། མ་གཞི་གྲོས་ཚོགས་དེའི་བརྒྱུད་ནས་ཕྱི་རྒྱལ་ལ་ཕྱིན་ཏེ་ཚུར་མི་ལོག་པའི་སྐོར་ལ་ངར་དམིགས་བསལ་བསམ་ཚུལ་མེད་ཀྱང་། འགྲོ་མཁན་དེ་དག་དུས་རྒྱུན་བོད་རིག་པའམ་ཆོས་དང་རིག་གཞུང་ལ་ཉམས་ཞིབ་སོགས་ཀྱིས་ཞབས་འདེགས་ཞུ་མཁན་ཞིག་མིན་ཚེ་ཕངས་སྣང་ཆེ་སྟེ། འདིས་མ་འོངས་པར་བོད་རིགས་བོད་རིག་པའི་ཉམས་ཞིབ་པ་རྣལ་མ་རྣམས་ཚོགས་ཞུགས་ཐད་ལ་འགོག་རྐྱེན་བཟོ་སྲིད་པས་སོ། །

མདོར་ན་རྒྱལ་སྤྱིའི་བོད་རིག་པ་འདི་དག་གི་འཛིན་སྐྱོང་གི་དབང་ཚད་དེ་བོད་པས་འཕྲོག་རྒྱུ་ཡོད་པར་བསམ་པ་ནི་ཅོལ་ཆུང་རེ་འགའི་ཀླད་ཆུང་གི་འཁྲུལ་སྣང་དུ་འཁུམས། གལ་ཏེ་འཕྲོག་ཡོད་པའི་དབང་དུ་བཏང་ནའང་ནང་འཁྲུག་དང་བེད་སྤྱོད་ལོག་བཀོལ་གྱི་རྒྱུ་རུ་འགྱུར་བ་ལ་ནི་ཐེ་མི་ཚོམ། མི་བདེན་ན་ད་ལྟ་ནས་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་གཙོ་འཛིན་ལས་ཐོག་པ་མཁས་དབང་ཚེ་རིང་ཤཱཀྱ་ལའང་བོད་པ་རང་གིས་ཁ་ངན་དང་བསྙོན་འཛུགས་ཇི་ཙམ་བྱས་འདུག་པ་དེ་ཡིས་ཤེས་ལ། ད་དུང་འདི་མཚུངས་བོད་ནས་ཕེབས་པའི་མཁས་དབང་རྣམས་ལ་བརྩི་བཀུར་མེད་པར་བྱེས་ནས་ཁ་ངན་བརྒྱབ་པ་སྟེ། རྒྱ་ནག་གི་དྲིལ་བསྒྲགས་ལྟ་བུའི་བོད་ནང་གི་འཛུགས་སྐྲུན་དང་ཡར་རྒྱས་ཐད་ལ་གཏམ་བཤད་སྤེལ་མཁན་བོད་པ་ཡང་འདུག་ཟེར་བ་ནི་ཧ་ཅང་གི་བློ་སེམས་དོག་པའི་གཏམ་མ་རེད་དམ། བོད་ནང་དུ་འཛུགས་སྐྲུན་གྱི་ཐད་ནས་ཡར་རྒྱས་ཞེ་དྲགས་ཕྱིན་ཡོད་པ་དངོས་ཡོད་ཡིན་པས་དེ་དག་གི་སྐོར་ལ་གཏམ་བཤད་བྱས་པ་ཙམ་གྱིས་ཁ་ངན་རྒྱག་དགོས་དོན་མི་འདུག་སྙམ།

ད་དུང་འདི་ཡིས་ག་ལ་ཚད། འཛིན་སྐྱོང་གི་ཐད་ནས་དབང་ཚད་བོད་པས་ཉར་ཐུབ་པ་བཟོ་དགོས་ཟེར་བ་དག་གི་ཚིག་ཟུར་ལས་ངས་ནི་ཆོལ་ཁའི་རིས་ཆད་དང་། ཆབ་སྲིད་ཀྱི་དབང་ཚད་ལོག་སྤྱོད། རུལ་སུངས་དང་ནག་ཚོང་གི་ཀླད་པ་ནད་འབུ་བཞིན་དུ་གང་སར་འགྲེམས་འདོད་པ་དག་བློ་ངོར་འཆར་འོང་གིན་འདུག རྒྱུ་མཚན་ནི། ངའི་གྲོགས་པོ་ཞིག་གིས་ཐེངས་གཅིག་ང་ལ་འདི་འདྲའང་བཤད་མྱོང་། རྒྱལ་སྤྱིའི་བོད་རིག་པའི་བགྲོ་གླེང་ཚོགས་འདུ་མི་འདྲ་བ་དེ་ཚོའི་གོ་སྒྲིག་བྱེད་མཁན་ཕལ་ཆེ་བ་ཕྱི་རྒྱལ་ནུབ་ཕྱོགས་པའི་མི་རིགས་ཡིན་པ་དེ་དཔེ་ཡག་པོ་བྱུང་འདུག
གལ་ཏེ་གོ་སྒྲིག་བྱེད་མཁན་དང་རྩོམ་ཡིག་ཞིབ་དཔྱོད་བྱེད་མཁན་ཕལ་ཆེ་བ་བོད་པ་ཡིན་ཚེ་ཆོལ་ཁ་དང་ཆོས་ལུགས་ཕྱོགས་ཞེན་གྱིས་ཚར་ཚར་བ་རེད། ལྷག་པར་བོན་པོ་དེ་ཚོ་ནི་མྱང་རྒྱུ་རང་རེད། ང་ཚོས་བསྐུར་བའི་རྩོམ་གི་ཡིག་སྙིང་དོན་སྒང་ལ་ང་ཚོའི་མིང་མེད་ནའང་དེའི་ནང་དོན་བོན་པོའི་སྐོར་ཡིན་ཚར་དུས་བོད་པ་དེ་ཚོས་བསྡུས་རྩོམ་ཀློག་ལོང་ཡང་མེད་པར་བསྐྱུར་ནས་ངོས་ལེན་མི་བྱེད་ཐག་ཆོད་རེད། དེ་འདྲ་ཡིན་དུས་ད་ལྟའི་དབང་ཚད་དེ་ཚོ་ཕྱི་རྒྱལ་མི་རིགས་ལ་ཡོད་པ་ཡིན་ཙང་ང་ཚོ་བོན་པོ་མང་པོ་ཚུད་ཐུབ་པ་རེད་ཟེར། བསམ་བློ་ཞིབ་ཏུ་བཏང་ན་མི་བདེན་རྒྱུའང་མི་འདུག་སྙམ་མོ།། །།

གསལ་བཤད།

Post navigation

Previous Post: མཐའ་མ་འཁྱོལ་བའི་མི་ཚེ།
Next Post: བོད་ལ་ཡོངས་གྲགས་སུ་ཆོས་ལུགས་གཉིས་ལས་མེད་ཀྱང་ཆོས་ལུགས་སྤྱི་འཐུས་བཅུ་ཡོད།

Comments (9) on “རྒྱལ་སྤྱིའི་བོད་རིག་པའི་གཞོན་ནུའི་གྲོས་ཚོགས་དང་འབྲེལ་བའི་གསལ་བཤད་རྒྱས་པ།”

  1. འཇིགས་མེད་བློ་གྲོས། རིགས་སློབ། says:
    2015-09-24 at 12:12 pm

    དགེ་བཤེས་ལགས་ནས་རྒྱུས་ཡོད་པའི་རྒྱུས་གཏམ་དང་གསལ་བཤད་ཚད་ལྡན་འཁྲུལ་པ་གཞི་མེད་དུ་གཏོང་ནུས་ཤིག་སྤེལ་བར་བསྟོད་བསྔགས་ཞུ།
    ཐེངས་འདིའི་ཚོགས་ཐོག་ཏུ་གུས་པ་ཡང་གཅར་སྐབས་བྱུང་ཞིང་ལམ་གྲོན་དང་མགྲོན་ཁང་གི་མཐུན་རྐྱེན་སོགས་གུས་ཅག་བོད་རིགས་དབུལ་པོ་ཚོར་མཐུན་རྐྱེན་ཚད་དང་ལྡན་པ་བསྐྲུན་འདུག་པ་དངོས་ཡོད་ཡིན།

  2. དོན་ལྡན་གླིང་པ says:
    2015-09-24 at 3:25 pm

    གོང་དུ་གསུངས་པའི་སྐད་ཆ་དག་ལ་རྒྱབ་སྐྱོར་དང་ཁས་ལེན་ཞུ་རྒྱུ་ཡིན། འོན་ཀྱང་སྐུ་ཉིད་ནས་ཆོས་རྒྱུད་ཀྱི་དབྱེ་འབྱེད་ཀྱི་སྐད་ཆ་དེ་མིད་པར་འགྲོ་མ་སོང།

    བོད་པ་ཡིན་ཚེ་དང་ནང་པ་ཡིན་ཚེ་བཅས་ཀྱིས་བོན་ལ་སྡང་ཟེར་བ་ནི་བདེན་པ་ཞིག་མ་རེད་ལ། གཞི་མེད་སྙོན་འཛུགས་རང་རེད། རིས་མེད་ཁ་ནས་བཤད། ལག་ནས་བྲིས། མཐའ་མར་སོ་སོ་ཕྱོགས་རིས་ཀྱི་བསམ་པ་ཡོད་ན་ཕན་རྒྱུ་མ་རེད།

  3. སྤོབས་པ་མཐའ་ཡས། says:
    2015-09-24 at 7:44 pm

    དྲ་ཐོག་གི་གཏམ་འཁྱར་ཆུང་ཙག་ཡན་ཆོད་གླེང་གཞིར་བཟུང་སྟེ་ནང་དཀྲུག་གི་གླེང་གཞི་ཆེན་པོ་བཟོ་འདུག་མཁན་འདི་རིགས་ཀྱི་ཡིག་འཁྱོག་རེ་འབྲི་ཀློག་ཤེས་པ་ལས་མ་ཤེས་ན་བཟང་ས་རེད། བོད་ཕྱི་ནང་བར་ལ་དཀྲུག་ཐབས། བན་བོན་ཞེས་ཆོས་ལུགས་ལབར་ལ་དཀྲུག་ཐབས། ཕྱི་རྒྱལ་དང་བོད་རིགས་ཞེས་ཕྱི་ནང་བར་ལ་དཀྲུག་ཐབས་བྱེད་བྱེད་ཀྱི་གཏམ་ཉོག་འདི་རིགས་ཀྱིས་གླེང་མཁན་རང་ཉིད་ཀྱི་ནང་གི་དོན་སྙིང་རུལ་བ་ཕྱིར་བསྟན་པ་ཙམ་དུ་ཟད།

  4. མིག་དམར། says:
    2015-09-25 at 1:24 am

    གཞན་ཕན་སྙིང་རྗེ་སྣུམ་དང་བྲལ་བ་ཡི།
    རིག་འཕྲུལ་ཐབས་ཤེས་གློག་གི་སྒྲོན་མ་ཅན།
    དྲངས་པའི་མི་ལ་འཁྱོག་པའི་ལམ་སྟོན་པའི།
    སྐྲ་སེར་སྤྲེའུ་རིགས་དྭོགས་ཟོན་བྱོས།

    མཁས་དབང་དགེ་ཆོས་ཀྱིས།

  5. མིག་དམར། says:
    2015-09-25 at 1:24 am

    སྐྲ་སེར་སྤྲེའུའི་རིགས་ལ་དྭོགས་ཟོན་བྱོས།

    མཁས་དབང་དགེ་ཆོས་ཀྱིས།

  6. ཅོ་རི་ཉི་མ། says:
    2015-09-25 at 3:16 am

    ཆོས་འཁོར་ཚང་གིས་གསལ་བཤད་ཡག་པོ་གནང་འདུག བདུན་ཕྲག་གཅིག་གི་གོང་དུ་རྩོམ་རྙོག་ཞིག་ཁ་བརྡའི་ཐོག་ཏུ་བཀོད་སོང་། སྐབས་དེ་དུས་སུ་ཡིག་རྙོག་དེ་ལ་བདག་པོ་བརྒྱབ་ནས་ཅིག་མང་པོ་བཤད་སོང་། བླུན་སྤོབས་མཐའ་ཡས་ཟེར་བ་འདི་མཆན་འདེབས་པའི་ནང་གི་གཙོ་བོ་ཞིག་རེད། འདིས་ཅིག་མང་པོ་བཤད་སོང་།

  7. ཤི་འདྲེ། says:
    2015-09-25 at 8:41 am

    སྤོབ་མཐའ་ཟེར་བ་འདི་བོན་ཟེར་བའིཚིག་ཅིག་ཐོན་ཚེ་ངོ་མ་ངར་ཡོང་ལུགས་ལ་ལྟ་ན་ཁོ་བོན་སྡང་ཅན་ཞིག་ཡིན་པ་གསལ་པོ་རེད་ཤག ཁོ་ལ་བོན་པོ་ཚོས་ཅི་བྱས་པའི་འཁོན་ལན་ཡིན་ནམ།

  8. ཁྱུང་སེ། says:
    2015-09-25 at 9:55 am

    སྤོབས་མཐའ་ཟེར་བ་འདི་ལ་ཆོས་སེམས་གང་ཡང་མེད་ཅིང་དུས་འཁོར་དང་གསང་སྔགས་ཀྱི་ལྷ་ཁྲོ་བོ་དེ་ཚོར་ཡིད་ཆེས་མེད་མཁན་ཞིག་ཡིན། འོན་ཀྱང་བོན་དང་ཇོ་ནང་ལ་དམོད་སྟངས་འདི་ཡིས་ཁོ་ཡི་ནང་དོན་ལྟ་གྲུབ་གང་འདྲ་ཡོད་མེད་ཆོས་རྒྱུད་གང་དུ་གཏོགས་མིན་གསལ་པོར་བྱུང་སོང། ཇོ་ནང་ལ་དགག་པ་བརྒྱབ་མཁན་ཟེར་ན་འདྲ་ཇོ་ནང་ལ་ཆོས་རྒྱུད་སྤྱི་འཐུས་མི་དགོས་རབས་ཟེར་མཁན་སུ་ཡིན་མིན་ང་ཚོས་ཤེས་ཤེས་ཀ་ཡིན།

  9. བློ་བཟང་། says:
    2015-09-25 at 12:42 pm

    བྱ་མེད་སར་བོང་ཀིས་ནམ་ཚོད་འཛིན་པ་དེ་ནི་བོད་མེད་སར་བོད་པས་ལས་ཚབ་སྤྲོས་པ་དང་། བོད་མིན་པའི་བོད་རིག་ཡིན་མདོག་སྟོན་པ་དང་རིག་པ་མཚུངས་པ་ལྟ་བུར་གྱིས།

    རྡོག་པོ་མགོ་སེར་ཚོ་ལ་སྤྲེལ་ལད་འཁྲབ་པའི་གསལ་བཤད་རྒྱས་པ་ཞིག་ལས་དགག་དོན་ལ་གསལ་བཤད་ཅི་མ་ངེས། ཚོང་བརྒྱབ་མ་བརྒྱབ་ཟེར་བ་གང་གིས་མཁྱེན་སྲིད་ཀྱི་མ་རེད། ལས་ཐོག་ཚོགས་གཙོ་ཆེ་ཆུང་གཉིས་ཀ་བོད་པ་ཡིན་མིན་སྐོར་ལ་རྩོད་པ་མ་ཞུ།

    བོད་པ་ནང་དཀྲུག་དང་ཤར་ནུབ་ཐོད་གཏུགས་ཀྱི་འཕྲིན་ལས་རྣམས་ལ་ཐུགས་དོ་མི་མཉམ་པའི་བྱ་ལས་སྐྱུངས་ན་ཡག

    རང་དོན་གྲུབ་ན་ཆ་ལུགས་ངན་ན་ངན་མོད། ཅེས་ཧམ་ཧེབ་མང་མང་འཁྲབ་ན་ངན་ཐལ་ཆེ་འགྲོ། འདི་ནི་གསལ་བཤད་བསྡུས་པ་ཙམ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme