Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་སྤྱིའི་བོད་ཀྱི་རྩོམ་པ་པོའི་འབྲེལ་མཐུད་དང་ལམ་སྟོན་ཚོགས་ཆུང་ཞིག་དགོས་ཀྱི་འདུག

Posted on 2010-05-022010-05-02 By ཁ་བརྡ་ 43 Comments on རྒྱལ་སྤྱིའི་བོད་ཀྱི་རྩོམ་པ་པོའི་འབྲེལ་མཐུད་དང་ལམ་སྟོན་ཚོགས་ཆུང་ཞིག་དགོས་ཀྱི་འདུག

རིག་འབྱུང་དོན་གྲུབ་བཀྲ་ཤིས། ཨ་རི།

འདི་རྨོངས་འཆར་ཞིག་ཡིན། འདི་བོད་མི་སྒེར་བ་ཞིག་གི་རྨོངས་འཆར་ཡིན། འདི་ནི་བོད་རིགས་ཤེས་ཡོན་པ་རྒན་པ་ཚོར་ཕུལ་བའི་རྨོངས་འཆར་ཞིག་ཀྱང་ཡིན། ངེད་ཀྱི་བསམ་ཚུལ་ལ། རྒྱལ་སྤྱིའི་བོད་ཀྱི་རྩོམ་པ་པོའི་འབྲེལ་མཐུད་དང་ལམ་སྟོན་ཚོགས་ཆུང་ཞིག་དགོས་བར་འདོད། དེ་ཡང་གཙོ་བོ་དུས་ཚོད་དང་གནས་སྟངས་ཀྱི་ཆ་ནས་ཡིན་ལ་དེའི་དགོས་མཁོའི་ཆ་ནས་ཀྱང་ཡིན། རྡ་ལམ་ས་ལར་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཟེར་བ་ཞིག་མ་གཏོགས་མེད། མཐུན་ཚོགས་དེའི་ལས་གཞི་ཅི་ཞིག་བརྩམས་ཡོད་མེད་དང་གྲུབ་འབྲས་གང་ཞིག་བླངས་ཡོད་མེད། བོད་མིའི་སྤྱི་ཚོགས་ཀྱི་དགོས་མཁོ་ཅི་ཙམ་སྐོང་ཐུབ་ཀྱི་ཡོད་མེད་སོགས་ངེད་ཀྱིས་འདི་རུ་གླེང་གི་མེད། ད་ལྟའི་དུས་ཚོད་ནི། དུས་ཡུན་ཐུང་ཐུང་ཞིག་གི་ནང་ལ་འབྲེལ་ལམ་རྒྱ་ཆེན་པོ་ཞིག་བསྐྲུན་ཐུབ་པའི་དུས་ཚོད་ཞིག་ལ་སླེབས་རེད།
ད་ལྟའི་གནས་སྟངས་ནི། འབྲེལ་ལམ་མྱུར་པོ་ཞིག་གི་འོག་ནས་ལས་དོན་མང་པོ་དུས་གཅིག་ལ་འགོ་འཛུགས་ཐུབ་པའི་གནས་སྟངས་ཤིག་ལ་སླེབས་ཡོད། འཛམ་གླིང་ཤར་ནུབ་ཏུ་གནས་སྡོད་བྱེད་མཁན་གྱི་བོད་རིགས་རྩོམ་པ་པོ་ཚོས་ཀྱང་དུས་ཚོད་འདི་དང་གནས་སྟངས་འདི་གཉིས་ངེས་པར་དུ་བེད་སྤྱོད་གཏོང་ཐུབ་པ་དགོས་ཀྱི་འདུག བོད་ཀྱི་རྩོམ་པ་པོ་རྣམས་ལ་མཚོན་ན་ཡང་། རྒྱལ་ཁབ་ཀྱི་དབང་དུ་བྱས་ན། བོད་དང་བྱང་ཨ་རི། ཡོ་རོབ་ཤར་ནུབ། ཁ་ཎ་སྒྲ། རྒྱ་བལ་འབྲུག་གསུམ་གཙོས་བའི་འཛམ་གླིང་གི་ཡུལ་གྲུ་གཞན་ཁག་མང་པོར་གནས་ཡོད། སྐད་ཡིག་གི་དབང་དུ་བྱས་ན། བོད་ཡིག་དང་དབྱིན་ཡིག རྒྱ་ཡིག་བཅས་གཙོས་བའི་ཧྤ་ཡིག་དང་འཇར་མེན་སྐད་ཡིག་སོགས་ཀྱི་ནང་དུ་རྩོམ་ཡིག་སྤེལ་ཐུབ་ཀྱི་ཡོད། ལས་རིགས་ཀྱི་དབང་དུ་བྱས་ན། དངུལ་ཁང་ཆེ་ཁག་ཏུ་ཕྱག་ལས་གནང་མཁན། བཟོ་གྲ་ཁག་ཏུ་ཕྱག་ལས་གནང་མཁན།སྨན་ཁང་དུ་ཕྱག་ལསགནང་མཁན། ཆོས་ཚོགས་ཁག་ཏུ་ཕྱག་ལས་གནང་མཁན། དགེ་རྒན་གྱི་ཕྱག་ལས་གནང་མཁན། རིག་གཞུང་ཞིབ་འཇུག་གི་སྡེ་ཚན་ཁག་ཏུ་ཕྱག་ལས་གནང་མཁན། ཚོགས་པ་སྒེར་བའི་ཁོངས་སུ་ཕྱག་ལས་གནང་མཁན་སོགས་ལས་རིགས་ཀྱི་ཁྱབ་རྒྱ་ཡང་ཧ་ཅང་ཆེ། འདི་ལྟར། བོད་ཀྱི་རྩོམ་པ་པོ་རྣམས། འཛམ་གླིང་ཡུལ་གྲུ་འདྲ་མིན་ཏུ་གནས་བ་དང་གཅིག། སྐད་ཡིག་འདྲ་མིན་བེད་སྤྱོད་ཐུབ་ཀྱི་ཡོད་པ་དང་གཉིས། ཕྱག་ལས་ཀྱི་ཁྱབ་ཁོངས་རྒྱ་ཆེ་བ་གསུམ་བཅས་ཡིན་རུང་། དེ་ལ་དེ་མཚུངས་ཀྱི་ནུས་བ་ཞིག་ཐོན་ཀྱི་མེད། རྒྱུ་མཚན། རྩོམ་པ་པོ་ཕན་ཚུན་དབར་འབྲེལ་ལམ་ཆུང་བ་དང་མཉམ་ལས་མེད་པ། ནུས་ཤུགས་སྤྱི་སྤུངས་ཡོང་གི་མེད་པ་བཅས་ལ་བརྟེན་ནས་ད་བར་བོད་ཀྱི་རྩོམ་པ་པོ་ཚོས་གཞི་རྒྱ་ཆེ་བའི་ལས་གཞི་ཞིག་སྤེལ་ཐུབ་མེད་ལ་བརྩམས་མྱོང་ཡང་མེད། བསམ་བློ་ཞིབ་ཏུ་བཏང་ན། བོད་རིགས་རྩོམ་པ་པོ་རྣམས་ཀྱི་དབར་ལ་འབྲེལ་ལམ་ཆེ་རུ་བསྐྲུན་པ་དང་ཁོང་ཚོའི་སྐད་ཡིག་གི་ནུས་བ་ཕྱོགས་གཅིག་ལ་སྤུངས་བ། ཁོང་ཚོའི་ལས་རིགས་ཀྱི་ནུས་ཤུགས་བེད་སྤྱོད་ཐུབ་པ་བཅས་བྱེད་རྒྱུར། རྒྱལ་སྤྱིའི་བོད་ཀྱི་རྩོམ་པ་པོའི་འབྲེལ་མཐུད་དང་ལམ་སྟོན་ཚོགས་ཆུང་ཞིག་དགོས་ཀྱི་འདུག དེ་ཡང་། བོད་རིགས་ཤེས་ཡོན་པ་རྒན་པ་རྣམས་ཀྱིས་སྣེ་འཁྲིད་པའི་རྒྱལ་སྤྱིའི་བོད་ཀྱི་རྩོམ་པ་པོའི་འབྲེལ་མཐུད་དང་ལམ་སྟོན་ཚོགས་ཆུང་ཞིག་ངེས་པར་དུ་དགོས་ཀྱི་འདུག
ད་ལྟའི་སྐབས་སུ། བོད་ནང་དུ་བོད་ཀྱི་རྩོམ་པ་པོ་ཚོར་བཙོན་འཇུག་དང་གཅར་རྡུང་། ལས་གནས་ནས་ཕུད་པ་སོགས་ཀྱི་གནས་སྟངས་བྱུང་ན། དེ་ཚོའི་གནས་ཚུལ་དུས་ཐོག་ལ་སྐད་ཡིག་འདྲ་མིན་གྱི་ལམ་ནས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་བཀྲམས་པ་དང་ཡིག་ཆ་བཟོ་བ། ཡིག་ཐོག་ནས་ས་ཡིག་བསྡུ་བ། ཡིག་ཐོག་ནས་ཁྲིམས་ལ་གཏུགས་པ། ཡིག་ཐོག་ནས་རྒྱ་ནག་གཞུང་གི་བྱས་ཉེས་ཐེར་འདོན་བྱེད་པ། རྒྱལ་སྤྱིའི་ཚོགས་སྡེ་ཁག་བརྒྱུད་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་པ་སོགས་ཀྱི་ལས་ཀ་དེ་བོད་ཀྱི་རྩོམ་པ་པོ་ཚོས་འགན་གཙང་ལེན་ཞིག་བྱེད་ཐུབ་ཀྱི་མེད། བྱེད་མཁན་རེ་གཉིས་ཡོད་རུང་། དེ་ནི་ཚོགས་པ་སྒེར་བ་དང་རྩོམ་པ་པོ་སྒེར་བ་དེ་འདྲ་ཡིན།
གལ་སྲིད། བོད་ཡིག་གི་ནང་ལ་བོད་དོན་དང་འབྲེལ་བའི་དེབ་ཞིག་དཔར་བསྐྲུན་བྱས་བའམ་ཡང་ན་བརྩམས་ཆོས་ལེགས་པོ་ཞིག་ཕྱི་ལ་ཐོན་པ་ཡིན་ན། དེབ་དེ་སྐད་ཡིག་གཞན་པའི་ནང་བསྒྱུར་བ་དང་བསྒྱུར་ནས་ཁྲོམ་རར་བཀྲམས་པ། དེའི་ཞོར་ལ་རྩོམ་མཁན་གྱི་ཁེ་དབང་སྲུང་སྐྱོབ་བྱེད་པ་སོགས་ཀྱི་ལས་ཀ་དེ་ཡང་བོད་ཀྱི་རྩོམ་པ་པོ་ཚོས་བྱེད་ཐུབ་ཀྱི་མེད། བོད་ཀྱི་རྩོམ་པ་པོ་ཚོར་ལས་དོན་འདི་དག་བྱེད་རྒྱུའི་ནུས་བ་མེད་པ་མིན། འཇོན་ཐང་མེད་པ་ཡང་མིན།
འོན་ཀྱང་། ནུས་ཤུགས་མཉམ་འབྲེལ་མེད་པ་དང་འབྲེལ་མེད་ཁེར་སྡོད་དུ་ཡོད་པས་ཡིན། ལས་དོན་འདི་དག་འགན་རྐང་ལེན་བྱེད་ཐུབ་པ་ལ་རྒྱལ་སྤྱིའི་བོད་ཀྱི་རྩོམ་པ་པོའི་འབྲེལ་མཐུད་དང་ལམ་སྟོན་ཚོགས་ཆུང་དགོས་ཀྱི་འདུག ད་ལྟའི་ཆར། བོད་ཕྱི་ནང་གཉིས་ན། ན་གཞོན་རྩོམ་པ་པོ་དང་ཁོང་ཚོའི་རྩོམ་ཡིག་རྣམས་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་འཚར་ལོངས་འབྱུང་གིན་ཡོད། འོན་ཀྱང་། རྣམ་དཔྱོད་བཀྲ་བའི་ན་གཞོན་འདི་ཚོ་དང་དང་ཤེས་ཡོན་པ་རྒན་པ་ཚོའི་དབར་ལ་འབྲེལ་བའི་མཐུད་རྒྱག་མཁན་ཞིག་དང་། འདི་དག་ལ་དགོས་ངེས་ཀྱི་ལམ་སྟོན་དང་རོགས་འདེགས་བྱེད་མཁན་གྱི་ཚོགས་སྡེ་ཞིག་ཀྱང་མེད།
ད་ལྟ་ཕན་ལ། རྒྱ་ནག་གཞུང་གིས་བོད་དོན་དང་བོད་ཀྱི་གནས་སྟངས་ལ་འཁྱོག་བཤད་ཅིག་བྱས་ན། དེ་ལ་དགག་ལན་མཛད་མཁན་གཙོ་བོ་ནི་བཙན་བྱོལ་བོད་གཞུང་ཡིན། བཙན་བྱོལ་བོད་གཞུང་གིས་བོད་ཀྱི་རྩོམ་པ་པོ་ཚོའི་ཤེས་འཇོན་བེད་སྤྱོད་བཏང་མྱོང་མེད་ལ་བོད་ཀྱི་རྩོམ་པ་པོ་ཚོས་ཀྱང་སྤྱི་ཡོངས་ནས་བཙན་བྱོལ་བོད་གཞུང་ལ་ལམ་སྟོན་དང་རོགས་འདེགས་བྱས་མྱོང་མེད། དེ་ཡང་། བོད་ཀྱི་རྩོམ་པ་པོ་ཚོས་རང་གི་བོད་གཞུང་ལ་ཞབས་འདེགས་ཞུ་བ། རང་གི་རྩ་དོན་ཀྱི་ནུས་ཤུགས་གོང་དུ་སྤེལ་བ། ཡིག་ཐོག་ནས་རང་གི་བདེན་པ་གསལ་རྗེན་ཏུ་སྟོན་པ་སོགས་། ལས་དོན་འདི་དག་ཆ་ཚང་བོད་རིགས་རྩོམ་པ་པོ་སྒེར་བ་་རེ་གཉིས་ཀྱིས་ཡོང་བ་ཞིག་མིན། མཉམ་འདུས་ཀྱི་ནུས་ཤུགས་ཤིག་ལ་བརྟེན་ནས་ཡོང་དགོས་བ་ཞིག་རེད། མཉམ་རུབ་ཀྱི་འབྲེལ་ལམ་ཞིག་བརྒྱུད་ནས་བསྐྲུན་དགོས་བ་ཞིག་རེད།
དེ་ཡོང་བ་དང་བསྐྲུན་པ་ལ་རྒྱལ་སྤྱིའི་བོད་ཀྱི་རྩོམ་པ་པོའི་འབྲེལ་མཐུད་དང་ལམ་སྟོན་ཚོགས་ཆུང་ཞིག་དགོས་ཀྱི་འདུག དེ་ཡང་། བོད་རིགས་ཤེས་ཡོན་པ་རྒན་པ་ཚོས་སྣེ་འཁྲིད་པའི་རྒྱལ་སྤྱིའི་བོད་ཀྱི་རྩོམ་པ་པོའི་འབྲེལ་མཐུད་དང་ལམ་སྟོན་ཚོགས་ཆུང་ཞིག་དགོས་ཀྱི་འདུག འདི་ངའི་རྨོངས་འཆར་ཡིན། བོད་རིགས་ཤེས་ཡོན་པ་རྒན་པ་ཚོར་ཕུལ་བའི་རྨོངས་འཆར་ཡིན།

རྩོམ་རིག

Post navigation

Previous Post: དེ་རིང་གི་ཡུལ་ཤུལ་མཐོང་ཐོས་བྱུང་ཚེ། ངས་ཅི་ཡང་མ་འཇོན་ཐལ།
Next Post: རྒྱལ་སྤྱིའི་བོད་ཀྱི་རྩོམ་པ་པོའི་འབྲེལ་མཐུད་དང་ལམ་སྟོན་ཚོགས་ཆུང་ཞིག་དགོས་ཀྱི་འདུག

Comments (43) on “རྒྱལ་སྤྱིའི་བོད་ཀྱི་རྩོམ་པ་པོའི་འབྲེལ་མཐུད་དང་ལམ་སྟོན་ཚོགས་ཆུང་ཞིག་དགོས་ཀྱི་འདུག”

  1. མགོ་རུལ། says:
    2010-05-02 at 11:34 pm

    བྱང་ཨ་རིའི་བོད་རིགས་རྩོམ་པ་པོའི་ཚོགས་པའི་ལས་ཁུངས་དེ་ཉིག་ཡོར་དང་ཡོ་རོབ་བོད་ཀྱི་རྩོམ་པ་པོའི་ལས་ཁུངས་དེ་ཕེ་རི་སི་ལ་བཙུགས་ན་ལེགས། དེ་ཡང་ལོ་རེར་རྩོམ་པ་པོའི་ཚོགས་འདུ་རེ་བསྐོང་དགོས་པ་དང་། དེའི་སྟེང་ནས་ལོ་གཅིག་གི་ལོ་འཁོར་ལས་བསྡོམས་དང་ལོ་རྗེས་མའི་ལས་ཀ་སྐོར་ཞིག་བཀོད་སྒྲིག་བྱེད་དགོས། དེ་ཡང་རྡ་ས་དང་ཉིག་ཡོར་དེ་བཞིན་ཕེ་རི་སིའི་རྩོམ་པ་པོའི་མཐུན་ཚོགས་འདི་དག་གི་བར་དུ་དབུས་ཚོགས་པ་དང་ཡན་ལན་ཚོགས་པའི་འབྲེལ་བ་མེད་པར་མཐུན་འབྲེལ་ལམ་མཛའ་འབྲེལ་ཞིག་ཡོད་པས་ཆོག་ཅིང་། རྡ་ས་ནས་རྩོམ་པ་པོའི་རྩོམ་ཡིག་བོད་ཡིག་སྟེང་འདོན་སྤེལ་གཙོ་བོ་དང་ཨ་རི་ནས་དབྱིན་ཡིག་ནང་། དེ་བཞིན་ཕེ་རི་སི་ནས་ཧྥ་རན་སིའི་སྐད་ཡིག་ནང་སྒྱུར་སྤེལ་བྱེད་རྒྱུ། དེ་ཡང་སྲིད་དོན་རྩོམ་ཡིག་གཅིག་པོ་མ་ཡིན་པར་སྒྱུ་རྩལ་རྩོམ་རིག་གིས་ལས་རྐང་འཛིན་དགོས།

  2. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-05-03 at 12:08 am

    ངེད་ཀྱི་བསམ་ཚུལ་ནི་འབྲེལ་མཐུད་དང་ལམ་སྟོན་ཚོགས་ཆུང་ཞིག་འཛུགས་ཐུབ་ན་བསམ་པ་དེ་ཡིན། གཙོ་བོ་བོད་རིགས་ཤེས་ཡོན་པ་རྒན་པ་ཚོས།
    ལོ་ཚོད་ཀྱི་སྒང་ནས་བཤད་ན། ལོ་བཞི་བཅུའི་སྒང་ན་ཡོད་མཁན་ཚོས། གཞན། བོད་པའི་སྤྱི་ཚོགས་སུ་ལས་ཁུངས་འཛུགས་པ་ནི། རྙོག་དྲའི་སྒམ་ཆུང་སྒོ་ཕྱེས་བ་དང་གཅིག་མཚུངས་རེད། དཔེར་ན། རྡ་ལམ་ས་ལའི་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ལྟ་བུ། དེ་ཙམ་ཡིན།

  3. ཤ་ཀླན་བུ says:
    2010-05-03 at 12:58 am

    ཉིད་ཀྱི་བསམ་ཚུལ་ལ་ཡི་རངས་ཡོད། མཐུན་ཚོགས་བཙུགས་ན་ལས་ཁུངས་འཛུགས་དགོས་པའི་ངེས་པ་མེད། དཔེར་ན་ཁ་བརྡ་དྲ་དེབ་ལྟ་བུ། འདི་ནས་རྩོམ་པ་པོ་མང་པོ་ཞིག་གི་རྩོམ་ཡིག་ཀློག་ཐུབ་པས་མ་ཚད། ཡིག་རིགས་གཞན་གྱི་རྩོམ་མང་པོ་ཞིག་ཀྱང་འདི་ན་བསྒྱུར་འདུག

  4. མིག་གསུམ་པ། says:
    2010-05-03 at 3:32 am

    རིག་འབྱུང་ལགས། དེང་སང་སློབ་སྦྱོང་ལ་བར་ཆད་མེད་པར་སྔར་མུས་ཡིན་པས། ཁྱོད་ཀྱི་བསམ་ཚུལ་མགོ་ནས་མཇུག་བར་དུ་ཐེངས་གཅིག་བཀླགས་པ་ཡིན། བསམ་ཚུལ་ངོ་མས་ཡག་པོ་བཤད་འདུག བསམ་ཚུལ་ལ་རྒྱབ་སྐྱོར་ཡོད། ད་ལྟའི་བོད་ཀྱི་རྩོམ་པ་པོ་ཐེའུ་རེང་ལ་སོགས་པའི་གནས་སྟངས་ལ་རྩོམ་པ་པོ་མཐུན་ཚོགས་ནས་འགན་རྐང་ལེན་བྱས་ན་ཁྱབ་བསྒྲགས་ཀྱི་ནུས་པ་ཤུགས་ཆེར་འགྲོ་ངེས་རེད་བསམ་ཀི

  5. རིག་འཛིན། says:
    2010-05-03 at 9:47 am

    མཐུན་ཚོགས་འདི་འདྲ་ཞིག་དགོས་རྒྱུ་གལ་ཆེན་པོ་རེད། བསམ་ཚུལ་ལ་རྒྱབ་སྐྱོར་ཡོད།

  6. འབྲོང་བུ་ཟླ་བ་ཚེ་རིང། says:
    2010-05-03 at 9:50 am

    རིག་འབྱུང་བུ།
    བསམ་ཚུལ་གསུངས་ནོ་ཧ་ཅང་བཟང་གི རྗེས་སུ་ཡི་རངས་ཡོད། ང་ཚོ་རང་དབང་གི་ལུང་པ་ན་ཡོད་པས། འདི་འདྲ་ཞིག་ངེས་པར་མཁོ་བར་གདའ།

  7. རིག་འཛིན། says:
    2010-05-03 at 9:56 am

    རིག་འབྱུང་་ཀྱིས་གསུངས་བ་བཞིན་རྒྱལ་སྤྱིའི་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཤིག་ཡོད་ན། རྩོམ་པ་པོ་ཞོགས་དུང་དང་ཐེའུ་རང་སོགས་ཀྱི་ཆེད་དུ་བོད་རང་གི་རྩོམ་པ་པོ་ཚོས་ནུས་བ་ཡག་པོ་འདོན་ཐུབ་ཀྱི་རེད། ད་དུང་གཞན་པ་

  8. ལོ་ལོན says:
    2010-05-03 at 11:08 am

    རིགས་ཀྱི་བུ། དེ་བཞིན་ནོ།
    རྩོམས་པ་ཡིན་ན་ཡང་འདྲ་། ངལ་རྩོལ་པ་ཡིན་ཡང་འདྲ་། དོན་ཀྱི་སྟོབས་ཤིག་ནི་གཅིག་བསྒྲིལ་ཡིན། ཁར་སང་གི་མཉན་མྱོང་དེ་ལས་ཀྱང་གསལ་བོར་ཤེས་ཐུབ་པ་ཞིག་རེད་། རིགས་ཀྱི་བུས་དགོང་ཚུལ་དེ་ལ་རྒྱབ་སྐྱོར་དང་། བོད་ཕྱི་ནངབཞུགས་པས་མྱུག་ཐོག་པ་རྣམས་ཀྱི་ཞབས་རྗེས་ཤོག་ཡུག་གཅིག་ཏུ་འབབ་ཐུབས་པས་རེ་བ་ཡོད་།

  9. ལོ་ལོན says:
    2010-05-03 at 11:19 am

    ནོར་བཅོས་་ རྩོམ་པ་བོ་ཡིན་ན་ཡང་འདྲ། ་་་

  10. གཅན་བཟོད་རྒྱམ། says:
    2010-05-03 at 12:38 pm

    ཨོ་ན་བཙན་བྱོལ་ནང་གི་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་དེར་རྒྱལ་སྤྱིའི་ཕན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཟེར་གྱིན་འདུག་པས། དེ་རྒྱལ་སྤྱིའི་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་མ་ཡིན་ནམ། འོན་ཀྱང་ཁོང་ཚོར་དེ་ལྟ་བུའི་ནུས་ནི་མེད་པ་གསལ་བོ་རེད།

  11. མགོ་རུལ། says:
    2010-05-03 at 1:24 pm

    རྒྱལ་སྤྱིའི་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་དེའི་ནང་དུ་འཛུལ་རྒྱུར་ཚང་དགོས་པའི་ཆ་རྐྱེན་ཁག་གཤམ་གསལ།
    ཕ་མ་གཉིས་ཀའམ་གང་རུང་བོད་རིགས་ཡིན་པ།
    རྩོམ་ཡིག་ཅུང་ཟད་ཚད་ལྡན་རེ་སྤྱི་ཚོགས་འགྲེམ་སྤེལ་བྱས་ཡོད་པ།
    མ་མཐར་ཡང་ལོ་གསུམ་ནང་ཚོགས་མི་བྱེད་འདོད་ཡོད་པ།

  12. ཀརྨ་རྡོ་རྗེ་ says:
    2010-05-03 at 1:48 pm

    རྒྱལ་སྤྱིའི་བོད་ཀྱི་རྩོམ་པ་པོའི་འབྲེལ་མཐུད་དང་ལམ་སྟོན་ཚོགས་ཆུང་ཞིག་དགོས་ཀྱི་འདུག རྒྱབ་སྐྱོར་ཡོད། །

  13. ཆུ་སྐྱེས་སྒྲོལ་མ། says:
    2010-05-03 at 1:49 pm

    རིག་འབྱུང་དོན་གྲུབ་བཀྲིས་ལགས།
    སྐུ་ཉིད་ཀྱི་དགོངས་ཚུལ་ཞིབ་མོ་རྣམ་དག་དེ་ཐེངས་གཅིག་བཀླགས་པ་ཡིན།

    དེར་རྒྱབ་བསྐྱོར་ཡོད། ད་ལྟའི་ང་ཚོའི་སྤྱི་ཚོགས་ཀྱི་དགོས་མཁོ་ལྟར་ངེས་པར་དུ་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་དེ་འདྲ་ཞིག་དགོས་གལ་ཆེ།
    ཐུགས་རྗེ་ཆེ།

  14. མགོ་རུལ། says:
    2010-05-03 at 2:18 pm

    སྐབས་འདི་དང་འབྲེལ་བ་དེ་ཙམ་མེད་པ་ཞིག་སྟེ། བོད་པའི་གཞས་པ་གྲགས་ཅན་བཀྲས་ཆུང་ལགས་ནས་གཙོ་ཁྲིད་བྱས་པའི་བོད་པའི་ལོ་རྒྱུས་སྟེང་གི་བོད་རིགས་བྱིས་པའི་གླུ་གཞས་ཆེད་བསྒྲིགས་འོད་སྡེར་སེམས་གཞས་ཞེས་པ་དེ་མི་འགྱངས་པར་བྱང་ཨ་རིའི་བོད་རིགས་འདུས་སྡོད་ས་ཁུལ་གྱིས་གཙོས་པའི་སྤྱི་ཚོགས་སྟེང་འགྲེམ་སྤེལ་དང་སྐོར་སྐྱོད་བྱེད་རྒྱུ་རེད། གནས་ཚུལ་གསལ་བོ་གཤམ་གྱི་དྲ་རྒྱ་ལས་ཤེས་ཐུབ།
    http://www.semshae.org

  15. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-05-03 at 5:47 pm

    ངེད་ཀྱི་བསམ་ཚུལ་འདིའི་ལྟེ་བ་ནི། འབྲེལ་མཐུད་དང་ལམ་སྟོན་ཟེར་བ་འདི་གཉིས་རེད། དེ་འགོ་འཛུགས་གནང་མཁན་ཡང་གཙོ་བོ་བོད་རིགས་ཤེས་ཡོན་པ་རྒན་པ་ཚོས་བྱེད་དགོས་ཀྱི་འདུག་ལབ་ཀྱི་ཡོད།
    དེ་ཡང་། བོད་ཡིག་ཐོག་རྩོམ་འབྲི་མཁན་གྱི་བོད་རིགས་ཤེས་ཡོན་པ་རྒན་པ་གཅིག་པོ་མ་རེད། བོད་ཡིག་དང་དབྱིན་ཡིག། རྒྱ་ཡིག་བཅས་གཙོས་བའི་སྐད་རིགས་གཞན་པའི་ནང་ལ་རྩོམ་འབྲི་མཁན་ཚང་མར་ལབ་ཀྱི་ཡོད།
    བོད་ཡིག་འབྲི་མཁན་ཚོའི་འཇོན་ནུས་དབྱིན་ཡིག་འབྲི་མཁན་ཚོས་བེད་སྤྱོད་ཐུབ་པ་དང་། དབྱིན་ཡིག་དང་སྐད་ཡིག་གཞན་པའི་ནང་ལ་འབྲི་མཁན་ཚོའི་འཇོན་ནུས་བོད་ཡིག་འབྲི་མཁན་ཚོས་བེད་སྤྱོད་ཐུབ་པ་ཞིག་དགོས་ཀྱི་ཡོད་རེད།
    མཐའ་མར་ཚང་མའི་ནུས་ཤུགས་སྤྱི་དོན་ལ་སྤུངས་ཐུབ་པ་ཞིག་དགོས་ཀྱི་ཡོད་རེད་དྲན། ལས་དོན་འདི་འགོ་འཛུགས་བྱེད་པ་ལ། ཤེས་ཡོན་པ་རྒན་པ་ཚོས་སྣེ་འཁྲིད་པའི་འབྲེལ་མཐུད་དང་ལམ་སྟོན་གྱི་ཚོགས་ཆུང་ཞིག་དགོས་ཀྱི་འདུག་ཟེར་གྱི་ཡོད།
    ད་ལྟའི་དུས་ཚོད་ནི། མི་གཅིག་གི་འཇོན་ནུས་དེས་སྤྱི་ལ་ཕན་ཐོགས་པ་དང་སྤྱི་བའི་ནུས་ཤུགས་ཀྱིས་མི་སྒེར་བ་ཚོའི་དགོས་མཁོ་ཡང་བསྐུང་ཐུབ་པའི་གནས་སྟངས་ཤིག་ལ་སླེབས་ནས་ཡོད།
    དཔེར་ན། རི་མཐོ་ས་གཙང་ཟེར་བའི་དབྱིན་ཡིག་དྲ་བ་དེའི་བདག་པོ་བོད་པ་དབྱིན་ཡིག་ནང་རྩོམ་སྤེལ་མཁན་གྱི་ཤེས་ཡོན་པ་རྒན་པ་ཞིག་ཡིན། ཁོང་གིས་གཙུག་ལག་སློབ་ཁང་གི་སློབ་ཁྲིད་ཀྱི་ཞོར་ལ། ལས་ཀ་དེ་བྱེད་ཀྱི་ཡོད།
    ལས་ཀ་དེས་ཞབས་འདེགས་ཆེན་པོ་ཞིག་བསྒྲུབ་ཀྱིན་ཡོད། གལ་སྲིད། ཁོང་ལྟ་བུ་ཚོའི་འཇོན་ནུས་སྤྱི་ལ་སྤུངས་ཐུབ་ན་དེའི་་ནུས་བ་བརྒྱ་འགྱུར་གྱིས་ཆེ་བ་ཡོང་གི་རེད་འདོད།

  16. མགོ་རུལ། says:
    2010-05-03 at 5:51 pm

    ཡ་ད་བཤད་ནས་དུས་ཚོད་སྟོང་ཟད་དུ་མ་གཏོངས། རིག་འབྱུང་ཁྱོས་མགོ་ཚུགས་དང་ང་ཡང་དེའི་རྗེས་ན་ཡོད། མགོ་ཚུགས། གཅིག་གཉིས་གསུམ་་་་་་་་་་་་་་་་་་་་་་་་་་

  17. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-05-03 at 5:57 pm

    རྡ་ལམ་ས་ལའི་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་དེའི་མིང་ལ་རྒྱལ་སྤྱིའི་པན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཟེར་གྱིན་ཡོད་པ་རེད། འོན་ཀྱང་། དེ་ལ་མ་ཚང་བ་ཁ་ཤས་ཤིག་ཡོད།
    དང་པོ། མཐུན་ཚོགས་དེས་རྒྱལ་སྤྱིའི་བོད་ཀྱི་རྩོམ་པ་པོའི་འབྲེལ་མཐུད་དང་ལམ་སྟོན་གྱི་ནུས་བ་དེ་ཡོང་གི་མེད།
    གཉིས། མཐུན་ཚོགས་དེའི་ཚོགས་མིའི་ཁོངས་སུ་བོད་རིགས་ཤེས་ཡོན་པ་རྒན་པ་ཧ་ཅང་ཉུང་ཤས་ཤིག་ལས་མེད། ལོ་ན་སུམ་ཅུའི་ནང་དུ་ཡོད་མཁན་གྱི་བོད་རིགས་རྩོམ་འབྲི་བ་མང་པོ་ཞིག་ཀྱང་མཐུན་ཚོགས་དེའི་ཁོངས་སུ་མེད།
    གསུམ། མཐུན་ཚོགས་དེའི་ཁོངས་སུ་བོད་ཡིག་ཐོག་རྩོམ་འབྲི་མཁན་གྱི་བོད་རིགས་རྩོམ་འབྲི་བ་རྒན་པ་ཚོ་མེད་པའི་ཐོག་ལ། དབྱིན་ཡིག་དང་རྒྱ་ཡིག སྐད་ཡིག་གཞན་པའི་ནང་ལ་འབྲི་མཁན་གྱི་རྩོམ་པ་པོ་རྒན་པ་རྣམས་ཀྱང་མེད།
    བཞི། མཐུན་ཚོགས་དེའི་ཕྱག་ལས་གནང་སྟངས་ལ་ད་ལྟ་ཚུན་ལ་བོད་རིགས་རྩོམ་པ་པོ་དང་ྐློག་པ་པོ་ཚོའི་བརྩི་བཀུར་དང་གདེང་འཇོག་དེ་འཐོབ་མེད། འདི་ནི་ཞོར་འཕྲོས་ཡིན།
    གང་ལྟར། མདོ་དོན་ནི།
    རྡ་ལམ་ས་ལའི་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་དེས་ནུས་བ་ཐོན་གྱི་ཡོད་མེད་ལ་མ་བལྟས་པར། རྒྱལ་སྤྱིའི་བོད་ཀྱི་རྩོམ་པ་པོའི་འབྲེལ་མཐུད་དང་ལམ་སྟོན་ཚོགས་ཆུང་ཞིག་དགོས་བ་ནི། དུས་ཚོད་དང་གནས་སྟངས་གཉིས་ཀའི་ངོས་ནས་ཡིན་ལ་དེའི་དགོས་མཁོའི་ཆ་ནས་ཀྱང་ཡིན། དེ་ཙམ་ཡིན།

  18. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-05-03 at 6:01 pm

    མགོ་རུལ། ངའི་རྩོམ་ཀྱི་ཁོངས་སུ་གསལ་ཐག་ཆོད་བྱས་ནས་བཤད་འདུག་ག། རྨོངས་འཆར་འདི་བོད་རིགས་ཤེས་ཡོན་པ་རྒན་པ་ཚོར་ཕུལ་བའི་བསམ་ཚུལ་ཡིན་ལབ་འདུག་ག
    ཁྱེད་རང་དེའི་ནང་གི་གཅིག་རེད། འདི་སེམས་ལ་ཉོར།

  19. མགོ་རུལ། says:
    2010-05-03 at 6:22 pm

    དེང་སང་གི་བོད་རིགས་ཤེས་ལྡན་པ་འདི་ཚོའི་མང་ཤོས་ཤིག་ལེ་ལོའི་མལ་ན་རུལ་གྲབས་བྱས་ནས་བསྡད་ཡོད། ཨམ་སྐད་བཞིན་བཤད་ན་ལེ་ལོ་དང་ལོ་ནའི་བར་ན་ལྡིར་བསྡད་ཡོད། དེ་བས་ཁྱེད་ཅག་གཞོན་རབས་པ་ཚོས་མགོ་འཛུག་ཐུབ་ན་ཡག་པོ་རེད། ངས་ངོ་མ་བཤད་པ་ཡིན། རྒན་རབས་པ་འདི་ཚོའི་ལུས་སེམས་གཉིས་ཀ་རྒུད་ནས་རེ་བ་ཅང་མི་འདུག

  20. མགོ་རུལ། says:
    2010-05-03 at 6:23 pm

    ཤེས་ལྡན་པ་རྒན་པ་འདི་ཚོ་་་་་་་་་

  21. མགོ་རུལ། says:
    2010-05-03 at 6:27 pm

    ང་ཚོ་བོད་པ་ཚོར་ཆེ་ས་ཆུང་ས་གང་ནས་ཀྱང་རྒན་རབས་པ་ཚོར་རེ་བ་སྐམ་པོ་རྒྱག་སྲོལ་ཞིག་འདུག་པ་འདི་ད་འཇོག་རན་རེད། རྒན་རབས་པའི་ཁྲོད་དུ་རེ་བ་ཡོད་པ་རེ་ཟུང་ཡོད་ན་འགྲིག་གི་རེད་དེ་ང་ཚོའི་རྒན་རབས་པ་ཚོས་ཁོ་ཚོ་ལོ་ན་གཞོན་པའི་དུས་སུ་རང་ནུས་གང་ཐུབ་རེ་བྱས་ཡོད་ཀྱང་། རྒན་རབས་པར་གྱུར་པའི་དུས་སུ་རྒན་རབས་པས་འཇོན་པའི་སྤྱི་ཚོགས་ནང་དང་བླང་ཞབས་ཞུ་སོགས་མི་བསྒྲུབ་པར་སྦག་མ་ཅང་དང་ཁ་ཏོན་ཕྱག་སྐོར། ཡང་ན་ཁུག་ཀྱོག་རེར་འཛུལ་ནས་བསྡད་དེ་གཞོན་རབས་པར་ལམ་སྟོན་བྱེད་མཁན་ཞིག་གི་ངོ་མ་ཤིག་གི་སྟུ་སྤུ་བཞིན་ཧ་ཅང་མཐོང་དཀོན་གི་ཡ།

  22. སྤོབས་པ་མཐའ་ཡས། says:
    2010-05-03 at 7:57 pm

    རིག་འབྱུང་དོན་བཀྲ་ལགས། ད་རྒན་རབས་པ་ཟེར་ནས་རེ་བ་བརྒྱབ་བསྡད་ན་ནོར་འཁྲུལ་རེད། རྒན་རབས་པ་ཚོས་འགན་གང་ཡང་ལེན་ཐུབ་ཀྱི་མ་རེད། འདི་ལྟར་བཤད་ན་ཧ་ཅང་ཐབས་སྡུག་ཅིག་རེད་མོད་ཁོང་ཚོས་བཟའ་ཚང་གསོ་བའི་ཕྱོགས་ལ་ཤུགས་བརྒྱབ་ནས་བསྡད་ཡོད་རེད། ཁོང་ཚོས་ཀྱང་ཁྱེད་དང་མཚུངས་པར་དགུང་ལོ་གཞོན་པའི་རིང་གི་ཕོ་གསར་གྱི་ངར་ཤུགས་ངོམ་མྱོང་ཡོད་པ་རེད། ཡིན་ན་ཡང་དེང་སང་ལོ་ན་རྒས་པ་དང་མཉམ་དུ་སེམས་ཤུགས་ཀྱང་རྒས་ཚར་ཡོད་རེད། འདི་ལྟར་བསམ་དུས་ཕ་ཡུལ་དུ་ཡོད་དུས་གཏམ་དཔེ་ཞིག་ཐོས་མྱོང་ཡོད། མི་ལ་ཡོད་པ་ཚེ་སྟོད༎དུས་ཚོད་ཡོད་པ་སྔ་དྲོ༎ ཟེར་བ་དེ་ལོས་བདེན་སྙམ་གྱིན་འདུག

  23. མགོ་རུལ། says:
    2010-05-03 at 8:20 pm

    ལྟོས་དང་། ད་སྤོབས་པ་ལགས་ནས་ཀྱང་ང་ལ་རྒྱབ་སྐྱོར་གནང་གིན་འདུག དམངས་གཙོའམ་མང་གཙོའི་འགྲོ་ལུགས་བཞིན་བྱས་ན་ད་ཁྱོད་ཤོར་སོང་། ད་ཁྱོད་ཚོ་གཞོན་རབས་པས་མགོ་རྩོམས།

  24. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-05-03 at 8:38 pm

    མགོ་རུལ་དང་སྤོབས་པ་གཉིས་ཀས་རྒན་རབས་པས་མི་འཇོན་རབས་གསུང་གི་འདུག དེ་ལ་མོས་མཐུན་མེད།
    མོས་མཐུན་མེད་པའི་རྒྱུ་མཚན་འདི་ཡིན།
    དང་པོ།
    ངེད་ཀྱིས་གླེང་བཞིན་པའི་བོད་རིགས་ཤེས་ཡོན་པའི་རྒན་པ་དེ་ཚོ་ལོ་ན་བཞི་བཅུའི་སྒང་དང་དྲུག་ཅུའི་འོག་ན་ཡོད་མཁན་ཚོ་གཙོ་བོ་ལབ་ཀྱི་ཡོད།
    ཁོང་ཚོ་ཕལ་ཆེ་བས་ད་དུང་ཡང་ཕྱག་ལས་ཧུར་ཐག་གནང་གི་འདུག འཇོན་ནུས་ཀྱང་འདུག ཉམས་མྱོང་ཡང་འདུག
    གཉིས་།
    ངེད་ཀྱིས་ངོ་ཤེས་བ་ཚོའི་ཁྲོད་ན། བོད་ཡིག་འབྲི་མཁན་ཚོས་ད་དུང་ཡང་བོད་ཡིག་འབྲི་གིན་འདུག དབྱིན་ཡིག་འབྲི་མཁན་ཚོས་ད་དུང་ཡང་འབྲི་གིན་འདུག
    རྒྱ་ཡིག་འབྲི་མཁན་ཚོས་ད་དུང་ཡང་འབྲི་གིན་འདུག ཚང་མས་མཚམས་མ་བཞག་པར་འབྲི་གིན་འདུག ཁ་ཤས་ཀྱིས་ད་དུང་སྒེར་གྱི་དྲ་བ་དེ་འདྲ་ཡང་གཉེར་འདུག
    གསུམ།
    རྒན་རབས་པའི་འགན་ཁུར་གྱི་དགོས་ཀྱི་འདུག་ཟེར་བ་འདི་ལ། བོད་པའི་རིག་གཞུང་གི་ངོས་ནས་བལྟ་སྟངས་གཅིག་ཡོད། དེ་ནི། བོད་པའི་སྤྱི་ཚོགས་སུ། རྒན་པ་ཚོས་སྣེ་འཁྲིད་ན། ལས་དོན་འགོ་འཛུགས་སླ་བ་དང་དེ་ལ་བརྩི་བཀུར་རག་སླ་བ།
    ཡར་མར་གཉིས་ཀར་འབྲེལ་ལམ་ཡང་བྱེད་སླ་བ་བཅས་ཀྱི་ཁྱད་ཆོས་ཡོད། འདི་ལ་གཞོན་རབས་པས་ཀྱང་མིག་དཔེ་བལྟ་གི་རེད།
    བཞི།
    ཤ་དར་ཁྲག་དར་གྱི་གཞོན་པ་ཚོས་འགོ་རྩོམས་དགོས་རེད་ཟེར་བ་འདི་ལ་དགག་བྱ་མེད། གཞོན་པ་ཚོས་འབྲེལ་མཐུད་ཀྱི་ལས་ཀ་བྱེད་ཐུབ་པའི་དབང་དུ་བྱས་རུང་། ལམ་སྟོན་གྱི་ནུས་བ་དེ་མི་ཡོང་།
    གཞོན་པ་ཚོས་ལས་གཞི་འགོ་བཙུགས་ན་དེ་ལ་རྒན་རབས་པའི་མཉམ་སྦྲེལ་ཡོང་ཐུབ་མིན་ཡང་བརྗོད་དཀའ། འདི་ལ་བསམ་བློ་གཏོང་རྒྱུ་ཏན་ཏན་ཡོད།

  25. གཅན་བཟོད་རྒྱམ། says:
    2010-05-03 at 8:46 pm

    ད་ཚོགས་པ་ནི་མང་གི་རེད། ལས་ཀ་བྱེད་མ་ནུས་ན་གསར་པ་ཟིག་གཙུགས་ཀྱང་གཅིག་པ་མ་རེད་དམ། དེ་ལས་ཡོད་པ་འདི་ཡར་རྒྱས་དང་འདི་ལ་རྒྱབ་སྐྱོར། འདི་ལ་སྐུལ་མ་སོགས་བྱས་ཏེ་ཡོད་པ་འདི་ནུས་ལྡན་ཞིག་དང་ལས་ཀ་བྱེད་ཐུབ་ཅིང་བྱེད་དགོས་པ་ཞིག་བཟོ་ཐུབ་ན་བཟང་གི་སྙམ། དེ་མིན་ཡང་རྩོམ་པ་པོའི་ཅིག་ཅིག་ཟེར་ནས་ཚོགས་པ་གསར་པ་ཞིག་བཙུགས་ཀྱང་། དེས་ལས་ཀ་བྱེད་ཐུབ་དང་མི་ཐུབ། བྱེད་ཀི་རེད་དང་མ་རེད་བཤད་དཀའ་མོ་རེད། དེ་བས་གཞོན་རབས་པ་ཚོ་ཚོགས་ནང་དུ་ཞུགས། ཚོགས་པའི་དགེ་སྐྱོན་གླེང་། ཡར་རྒྱས་གོང་སྤེལ་ལ་འབད་དེ་ད་ཡོད་ཚོགས་པ་འདི་ནུས་ལྡན་ཞིག་དང་ལས་ཀ་བྱེད་མཁན་ཡོང་བར་འབད་རྒྱུ་ཞིག་ལོས་ཡོད་སྙམ། དེ་མིན་ཡང་རྩོམ་པ་པོའི་ཚོགས་པ་གསར་ཞིག་འཛུགས་པར་དེ་འདྲའི་དགའ་དང་རྒྱུ་ཅང་མི་འདུག་ཡ།

  26. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-05-03 at 8:50 pm

    ངེད་ཀྱི་རྨོངས་འཆར་ལ། ད་ལྟའི་བོད་ཕྱི་ནང་གི་སྤྱི་ཚོགས་གཉིས་ཀར་བསམ་བློ་བཏང་ན།
    བོད་མི་རྩོམ་པ་པོ་སྒེར་བ་ཚོའི་ནུས་བ་མང་པོ་ཞིག་འཕྲོ་བརླག་ལ་འགྲོ་གི་ཡོད་པའི་ཚོར་སྣང་སྐྱེས།
    དེ་ཡང་དུས་ཚོད་ཀྱི་ཆ་དང་གནས་སྟངས་ཀྱི་ཆ་གཉིས་ཀ་ནས་རེད། བོད་མི་རྩོམ་པ་པོ་སྒེར་བ་ཚོའི་འཇོན་ནུས་དེ་ཚོ་འཁོར་རྒྱུག་བྱེད་སའི་ལམ་ཁ་ཞིག་བཤངས་བ་ལ་རྒྱལ་སྤྱིའི་བོད་ཀྱི་རྩོམ་པ་པོའི་འབྲེལ་མཐུད་དང་ལམ་སྟོན་ཚོགས་ཆུང་ཞིག་དགོས་ཀྱི་འདུག་དྲན་གི་ཡོད།
    གོང་དུ། མགོ་རུལ་ལགས་ནས། ང་ཤོར་མ་ཤོར་གྱི་སྐད་ཆ་ཞིག་དྲུད་ནས་སླེབས་འདུག ང་ཤོར་ན་ཤོར། དེ་ལ་ཁྱད་མི་འདུག གཙོ་བོ་ཁྱེད་ཀྱིས་གོ་ན་དེས་ཆོག

  27. གཅན་བཟོད་རྒྱམ། says:
    2010-05-03 at 8:52 pm

    རིག་འབྱུང་བ་འདི་སྐད་ཆ་བཤད་དུས་ཀུན་མཐུན་ཞིག ཀུན་ལ་མཐུན་པའི་སེམས།།གྲོགས་ལ་མཐུན་པའི་ཚིག།ས་སྐྱ་ལེགས་བཤད་ཀྱི་ཚིག་འདི་རང་ཤུགས་ཀྱིས་དྲན་འོང་གི ཁྱོད་ལ་གུས་བརྩི་ཡོད། ཨོ་རེད། ང་ཚོ་འདི་ནས་ཚེས་བཞིའི་ཞོགས་པའི་དུས་ཚོད་༦།༢༡རེད་མོད། ངའི་མཆན་བུ་ཚེས་༣་གྱི་དུས་ཚོད་༢༠་འདྲ་ཞིག་ཤར་འདུག

  28. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-05-03 at 8:53 pm

    ངེད་ཀྱིས་གོང་དུ་ཁ་གསལ་བཤད་ཡོད།
    བོད་པའི་སྤྱི་ཚོགས་སུ་ཚོགས་པ་འཛུགས་པ་ནི། རྙོག་དྲའི་སྒམ་ཆུང་སྒོ་ཕྱེས་བ་དང་གཅིག་མཚུངས་རེད་ལབ་ཡོད།
    ལས་ཁུངས་འདྲ་ཞིག་སྒོ་ཕྱེས། ལས་བྱེད་ཚོགས་མི་འགའ་བཞག ཚོགས་པའི་མིང་འདྲ་ཞིག་གི་ཐོག་ནས་ལས་ཀ་བྱེད་རྒྱུ་འདི་དགོས་བ་ཆེན་པོ་ཡོད་མེད་མི་ཤེས།
    དེ་ལས། འབྲེལ་མཐུད་དང་ལམ་སྟོན་གྱི་ཚོགས་ཆུང་ཞིག་ཡོད་ན་དེ་ལ་དགེ་ཕན་རྒྱ་ཆེ་བ་ཡོད། འདི་གཉིས་ནོར་མ་འཇུག

  29. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-05-03 at 8:58 pm

    མཆན་བུའི་ཚེས་གྲངས་དང་དུས་ཚོད་གཉིས་ཀ་ཨ་རིའི་ཚེས་གྲངས་དང་དུས་ཚོད་ལ་བསྟུན་ཡོད་པ་འདྲ།
    འདི་རུ་གོང་གི་མཆན་བུའི་ཚེས་གྲངས་དང་དུས་ཚོད་གཉིས་ཀ་མཐུན་པ་འདུག

  30. གཅན་བཟོད་རྒྱམ། says:
    2010-05-03 at 9:02 pm

    ཡ་ཡ། གང་ཐུབ་ཀྱིས་མ་ནོར་བ་བྱེད་ཀི་ཡིན། ད་ནངས་ཞོགས་པ་ནས་གཙུག་ལག་ཁང་དུ་༸གོང་ས་མཆོག་དབུ་བཞུགས་ཀྱིས་སྐྱེ་རྒུའི་གོད་ཆགས་ཁྲོད་འདས་པོ་ཚོའི་ཆེད་དུ་སྨོན་ལམ་གསུང་གི་ཡོད་པ་རེད། ད་ཚོགས་ལ་འགྲོ་རན་སོང་། མཇལ་ཡོང་།

  31. མགོ་རུལ། says:
    2010-05-03 at 9:44 pm

    སྔོན་མར་ང་ཨ་ལགས་ཨ་མཆོག་ཚང་ལ་ཐུག་དུས་ཤིག་ཁོང་གིས། ཁྱོད་ཚོས་ཅིག་ཅིག་མིག་མིག་ལས་ཀི་ཡིན་ཟེར་ནས་མཐའ་འཁྱོལ་བ་གཅིག་ཀྱང་ཡོད་པ་མ་རེད་ཟེར་ནས་ཁ་རྡུང་རོ་འདྲ་ཞིག་བཏང་སོང་བས། དེ་རྗེས་ནས་བླ་རྒན་དེ་རིག་ན་སྙིང་ལངས་ཀི

  32. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-05-03 at 9:58 pm

    ཨ་མཆོག་རིན་པོ་ཆེའི་སྐད་ལ་དེ་ལ་གནད་འགག་ཡོད་རེད་དྲན།
    གཞོན་པ་ཚོས་སེམས་ལ་གང་དྲན་དེ་བྱེད་ཀྱི་ཡིན་བསམ་ན། མཇུག་འཁྱོངས་དཀའ་ནི་རེད། རྒྱུ་མཚན། གཞོན་པ་ཚོས་སྤྱི་ཚོགས་སྟེང་ལ་རྐང་པ་གཞི་ནས་བཙུགས་རྒྱུར་ལྷག་ཡོད།
    ཉམས་མྱོང་གསོག་རྒྱུར་ལྷག་ཡོད། འཚོ་སྡོད་ཀྱི་གཞི་རྩ་བསྐྲུན་རྒྱུར་ལྷག་ཡོད། སྤྱི་ཚོགས་ཀྱི་འགྲོ་སྟངས་སྦྱངས་རྒྱུར་ལྷག་ཡོད། ལྷག་ཡོད་པ་འདི་དག་ལ་མ་འཇུས་སྔོན་ནས་འགོ་འདྲ་མིན་བཙུགས་ན།
    ཤོག་བུ་རླུང་གིས་་འཁུར་བ་ནང་བཞིན་འཁྱེར་འགྲོ་གི་རེད། སར་འབབ་རྒྱུ་དཀའ་ནི་རེད་དྲན།
    དེ་ལས། རྒན་པ་ཚོས་ལས་ཀ་བྱས་ན། དེ་བརྟན་པ་དང་མཇུག་འཁྱོངས་བ་གཉིས་ཀ་ཡོང་གི་རེད་དྲན།
    ངེད་ཀྱིས་གླེང་བཞིན་པའི་ཤེས་ཡོན་པ་རྒན་པ་ཚོས། འཛམ་གླིང་ཤར་ནུབ་ཀྱི་སྤྱི་ཚོགས་གང་སར་སོ་སོའི་རྐང་བ་བཙུགས་ཚར་འདུག
    སོ་སོའི་མདུན་ལམ་བསྐྲུན་ཚར་འདུག སོ་སོའི་འཚོ་སྡོད་ཀྱི་རྟེན་ས་ཡང་བཙལ་ཚར་འདུག

  33. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-05-03 at 10:01 pm

    ནོར་བཅོས། ཨ་མཆོག་རིན་པོ་ཆེའི་སྐད་ཆ།

  34. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-05-03 at 10:10 pm

    མདང་དགོང་ཨ་རིའི་མངའ་སྡེ་( California) གནས་བཞུགས་བོད་རིགས་དབྱིན་ཡིག་རྩོམ་འབྲི་བ་རྒན་པ་ཞིག་དང་ཁ་བརྡ་བྱས་བ་ཡིན། ཁོང་གིས་ཉིན་འདི་དག་ལ་་ལས་ཀའི་ཞོར་ལ་དང་བླངས་ཀྱི་སྒོ་ནས།
    ཁོ་རང་བཞུགས་སའི་ས་གནས་ཀྱི་ལོ་རིམ་དྲུག་པ་ནས་བཅུ་གཉིས་ཀྱི་བྱིས་བ་ཚོའི་རྩོམ་ཡིག་འགྲན་བསྡུར་ལ་བརྒྱ་ཆ་སྤྲད་པ་ཡིན་ཟེར། ཁ་སང་སྔ་དྲོར་སློབ་གྲར་ཨང་རིམ་རྩེར་སོན་ཚོའི་རྩོམ་ཡིག་ལ་བྱ་དགའ་སྤྲོད་པར་སྐད་བཏང་སོང་ཟེར།
    ད་དུང་གཏམ་བཤད་ཐུང་ཐུང་ཞིག་ཀྱང་གནང་བ་ཡིན་ཟེར། ངའི་སེམས་ལ་འདི་འདྲ་ཞིག་དྲན། ཁོང་གི་དུས་ཚོད་སྟོང་པ་དེ་ཚོ་བོད་ཀྱི་ན་གཞོན་རྩོམ་འབྲི་བ་ཚོའི་ཐོག་ལ་གཏོང་ཐུབ་ན་ཅི་མ་རུང་དྲན། དེ་འདྲ་རེད།

  35. ཁ་ཕྱོགས་མེད says:
    2010-05-03 at 10:54 pm

    རིག་འབྱུང་ལགག་ཁྱེད་ཀྱི་ལྷག་བསམ་ལ་རྗེས་སུ་ཡི་རངས་ཡོད། འོན་ཀྱང་བོད་རིགས་རྩོམ་པ་པོ་ཡོངས་རྫོགས་ཀྱི་བསམ་བློ་དང་ནུས་པ་གཅིག་གྱུར་བྱེད་སའི་ཚོགས་པ་ཞིག་དེ་སྔ་མེད་ལ་ཕྱིས་ཀྱང་ཡོངས་མི་སྲིད་པ་ཞིག་ཡིན། དེ་བས་དངུལ་ཅུང་ཟད་རེ་རག་ཚེ་བྱ་བ་གང་ཞིག་བསྒྲུབ་དགོས་པའི་དགོས་མཁོ་དང་འཚམ་པའི་ཤེས་ཡོན་ཅན་ཅིག་བསྡུས་ཏེ་ལས་ཀ་འདྲ་བྱས་ན་དགེ་མཚན་ཡོད་པས་དེ་ལྟར་གནང་ན་བཟང་གི་སྙམ

  36. བསྟན་འཛིན་བདེ་བྱེད says:
    2010-05-03 at 10:58 pm

    རིག་འབྱུང་དོན་བཀྲ་འདི་ཁ་ནས་ཡིན་ཡིན་མིན་མིན་ཉིས་སྟོང་ལྔ་བརྒྱ་བཤད་མཁན་ཞིག་རེད།
    ངས་བལྟས་ན། ད་དྲ་རྒྱ་སྒང་ནས་མི་མང་པོར་སྐད་ཆ་ཕར་འདྲི་ཚུར་འདྲིས་མང་པོ་དགོས་ནི་མ་རེད། ནེའུ་ཡོ་ན་བཞུགས་པའི་ཨ་རྒ་པད་མ་འབུམ། ཁ་ན་ཊ་ན་བཞུགས་པའི་ཚེ་རིང་ཤཀྱྰ། སི་ཡ་དྲ་ན་བཞུགས་པའི་ཨ་ལག་ཀླུ་སྨྱོན། ཁ་ན་ཊིའི་མདའ་ཚན་པ་མགོན་པོ་ཚེ་རིང་། ད་དུང་བུ་ཆུང་ལྡུམ་ར་བསོད་ནམས་དང་། དྲུང་ལྷའི་བུ་བསྟན་འཛིན་བསོད་ནམས། འཇམ་ནོར་དང་བསྟན་འཛིན་བརྩོན་འགྲུས། པེ་ཅིན་གནས་བཞུགས་ཚེ་རིང་འོད་ཟེར། བུད་མེད་སྙན་ངག་འབྲི་མཁན་ཚེ་རིང་སྒྲོལ་དཀར་དང་དོམ་པ་ཚེ་རིང་དབང་མོ། ཐེ་ཝན་དོན་གཅོད་ཁང་གི་ཟླ་བ་ཚེ་རིང་། དབྱིན་ལན་གྱི་རྡོ་སྦིས་བློ་བཟང་ཡོན་ཏན། རྡ་སའི་ཆུང་ཚེ་རིང་དང་། ཤེས་རབ་དར་རྒྱས་སོགས་ལ་འབྲེལ་གཏུགས་བྱས་ནས་གྲོས་བསྡུར་བྱེད་དགོས་རེད།

  37. བསྟན་འཛིན་བདེ་བྱེད says:
    2010-05-03 at 11:02 pm

    འོ། གཅིག་ཆད་འདུག
    ཁ་ལི་ཧྥོར་ཉི་ཡའི་སྟོབས་ལྡན་ཚེ་རིང་ལའང་གྲོས་བསྡུར་བྱེད་དགོས་རེད།

  38. བསྟན་འཛིན་བདེ་བྱེད says:
    2010-05-03 at 11:07 pm

    འོ དགོངས་དག
    ནེའུ་ཡོ་ན་བཞུགས་མཁན་ཧོར་གཙང་འཇིགས་མེད་བརྗེད་འདུག ཧབ་བོ་ན་ཧབ་བོ་ངའི་བྱ་འདི།

  39. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-05-03 at 11:08 pm

    ཨ་རོ། བསྟན་འཛིན་བདེ་བྱེད། ངེད་ཀྱི་བསམ་ཚུལ་ཁོངས་སུ།
    བོད་རིགས་ཤེས་ཡོན་པ་རྒན་པ་ལོ་ན་བཞི་བཅུའི་སྒང་དང་དྲུག་ཅུའི་འོག་ལབ་ཡོད། དེ་ལ་བསམ་བློ་ཞིག་གཏོང་རྒྱུ་ཡོད་དྲན།
    ཁྱེད་ཀྱིས་བསྒྲིགས་པའི་མིང་ཐོའི་སྒང་ལ་གནས་སྐབས་ལ་བསམ་ཚུལ་ཞུ་གི་མིན། དེ་ཙམ་ཡིན།

  40. རྩམ་དགའ། says:
    2010-05-03 at 11:44 pm

    རེད་་་ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་ལ་ཚོགས་པ་མང་དྲག་པའི་སྐྱོན་ལས་ཉུང་དྲག་པའི་སྐྱོན་ཡོད་ནི་མ་རེད། དཔེར་ན་དྷ་སར་གཅིག་པུའི་ནང་ལ་ལྟོས་དང་ཚོགས་པ་མང་ཐག་ཆོག་ཡོད་ནི་རེད། རྩོམ་པོའི་མཐུན་ཚོགས་གསར་བ་ཞིག་བཙུགས་རྒྱུ་དེ་ཙམ་དཀའ་ངལ་མ་རེད། དཀའ་ངལ་ཆེ་ཤོས་དེ་མཐའ་འཁྱོལ་བ་ཞིག་ཡོང་རྒྱུ་དེ་རེད། ད་དུང་རྩོམ་ཡིག་འབྲི་མཁན་དང་་་་་རྩོམ་ཡིག་ཀློག་མཁན་དུ་ཙམ་ཡོད་མེད་ལ་བལྟ་དགོས་པ་རེད། དེ་རིང་དེ་ཙམ་ལས་བཤད་རྒྱུ་མེད།

  41. འཇིགས་མེད་ཟླ་བ། says:
    2010-05-04 at 12:22 am

    བཙན་བྱོལ་དུ་ཡོད་པའི་བོད་ཀྱི་རྩོམ་པ་པོ་འགའི་མིང་ཐོ།
    བཀྲ་ཤིས་ཚེ་རིང་། (Dharamsala)
    མཁར་རྨེའུ་བསམ་གཏན།( France)
    པད་མ་འབུམ།( NewYork)
    འཇམ་དབྱངས་ནོར་བུ།(Tennessee)
    ཚེ་རིང་ཤཱཀྱ།( British Columbia, Canada)
    བློ་བཟང་ཤཱསྟི།(NewYork)
    དགེ་འདུན་རབ་གསལ།( Indiana)
    ལྗང་བུ།( France)
    ཧོར་གཙང་འཇིགས་མེད།( NewYork)
    བུ་ཆུང་ཚེ་རིང་། ( Washington D.C)
    མགོན་པོ་ཚེ་རིང་།( Canada)
    ྐླུཡེ་ཤེས་རྒྱ་མཚོ།( Washington State)
    ཚེ་རིང་དབང་རྒྱལ། ( Canada)
    ཚེ་བརྟན་དབང་ཕྱུག། ( Washington D.C)
    བློ་བཟང་རབ་རྒྱས། ( Washington D.C)
    ཐུབ་བསྟན་བསམ་འཕེལ། ( Dharamsala)
    ཚེ་རིང་རྣམ་རྒྱལ། ( England)
    བསོད་ནམས་རྒྱལ་མཚན། ( Dharamsala)
    ཆབ་བྲག་ལྷ་མོ་སྐྱབས། ( France)
    རྡོ་རྗེ་དབང་ཕྱུག། ( Dharamsala)
    བུ་ཆུང་ལྡུམ་ར་བསོད་ནམས། ( Dharamsala)
    བསྟན་འཛིན་བསོད་ནམས། ( Delhi)
    བཀྲ་ཤིས་རབ་རྒྱས། ( Verginia)
    བསོད་ནམས་མཚོ་མོ། ( U.S.A)
    དོམ་པ་ཚེ་རིང་དབང་མོ། ( California)
    བློ་གྲོས་དཔལ་བཟང་། ( Dharamsala)
    ཟླ་བ་ཚེ་རིང་། ( Taiwan)
    ཚུལ་ཁྲིམས་ཞ་སྒབ་པ། ( U.S.A)
    རྒྱལ་པོ་ཚེ་རིང་། ( Canada)

  42. Metok ma says:
    2010-05-04 at 3:02 am

    ལས་ཁུངས་ལྟ་བུའི་འགྲོ་ལུགས་སམ་སྒྲོམ་གཞི་གཞན་གྱི་ལས་དོན་བྱེད་ཕྱོགས་གསལ་ཁ་བྱུང་མཚམས་གྲུབ་དོན་སྔོན་དཔག་ཐུབ་ཀྱང་། རིས་མེད་རྒྱལ་ཁབ་ཀྱི་དབང་དུ་བྱས་ན་འབྲེལ་བ་གནང་ས་ཕལ་ཆེར་དྲ་རྒྱ་ལས་གཞན་མེད་པར་སྣང་ལ། ད་ཡོད་གཞུང་སྒེར་གྱི་སྟེགས་བུར་ཆ་ཤས་ལེན་ཕྱོགས་ལ་ལྟོས་ཚེ་ཁྱེད་ཀྱི་བསམ་ཚུལ་འདི་ལྟར་གདན་ཞུ་མི་དགོས་པའི་ལྷག་བསམ་ཁྱེར་མཁན་བྱུང་རབས་ཀྱིས་ལན་ཐེབས་པས། བསྐྱར་དུ་བོད་མི་ཡིན་པའི་དྲན་སྐུལ་བྱེད་དོན་མེད་པ་རེད། གཞན་དེབ་བསྒྱུར་ནི་དཔལ་འབྱོར་དང་ཚགས་ཚུད་ལ་རང་དབང་ཅན་གྱི་སྒྲིག་འཛུགས་ཤིག་ལ་རག་ལས་ཤིང་། སློབ་སྟོན་ནམ་དཔྱད་གཞི་གནང་རྒྱུར་དུས་ཚོད་ལ་སྒུག་དོན་ཡོད་པ་མ་རེད། གང་ལྟར་བསམ་ཚུལ་དེ་ཅུང་ཞིབ་ཚགས་སུ་བཏང་ན། ད་ཡོད་པེན་བོད་མཐུན་ཚོགས་དང་རྒྱལ་སྤྱི། བོད་སྤྱི་ཚོགས་ཀྱི་དགོས་མཁོ་རྣམས་ལ་ཞིབ་མོར་ཉན་འདོད་འདུག
    གཞན་དམིགས་བསལ་ཞིག་ནི། རྒན་རབས་མཁས་པ་རྣམས་པ་དང་བཙན་བྱོལ་བོད་གཞུང་གི་འབྲེལ་བའི་བྱུང་རབས་ཐད་རེད། གསར་སྐྱེས་ཚོས་མཆོག་ཏུ་མཚར་འཛིན་བྱེད་བཞིན་པའི་རྒན་རབས་པ་རྣམས་ཅི་ལྟར་ལངས་ཏེ་འགྱེལ་སོང་བ་དང་། གང་ཡང་མ་གནང་ཁུ་སིམ་མེར་བསྡད་པ་དང་། གང་ལ་འཁོར་ནས་ཅི་ཞིག་བརྗེད་སོང་བ་སོགས་ཀྱིས་ང་ཚོར་ཅི་ཞིག་གཙོ་མིན་དང་། གང་ཞིག་བྱེད་དགོས་མིན་ཕལ་ཆེར་སྟོན་གྱི་མེད་འགྲོ་བསམ་ལ། ལྷག་ཏུ་ཉམས་ཆུང་སྐྱོ་ངལ་གྱི་འཚོ་བར་འཐམས་པའི་བོད་གཞི་རིམ་མང་ཚོགས་ལ་ལོ་རྒྱུས་ཐད་ནས་གང་ཞིག་གསལ་ཁ་དང་བཟོད་གསོལ་ཞུ་དགོས་མིན་ཀྱང་ཁོང་ཚོ་དག་གིས་ལོས་ཤེས་སྙམ།

  43. མེ་ཏོག་དཀར་པོ། says:
    2010-05-17 at 2:55 am

    རིག་འབྱུང་དོན་གྲུབ་བཀྲ་ྶིས་ལགས་ཀྱིས་བསམ་ཚུལ་ལ་རྒྱབ་སྐྱོར་ཆ་ཚང་ཡོད། མཆན་བུ་བ་འགས་གསུངས་པ་བཞིན་མཐའ་ཁྱོལ་བ་ཞིག་དང་ནུས་པ་ཐོན་པ་ཞིག་དགོས་གི་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme