Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་རོང་བུ་མོའི་མཐའ་མཇུག་གི་ཚེ་སྲོག

Posted on 2020-10-232020-10-23 By ཁ་བརྡ 8 Comments on རྒྱལ་རོང་བུ་མོའི་མཐའ་མཇུག་གི་ཚེ་སྲོག

རྒྱལ་རོང་སྐལ་བཟང་གཡུང་དྲུང་།
 
དངོས་མིང་ཨ་མཚོ། དྲྭ་མིང་ལ་བུ་མོ་ནག་པོ་འམ་ལྷ་མོ། མོ་ནི་1990ལོ་རྒྱལ་རོང་ཁྲོ་སྐྱབས་ཐུགས་རྗེ་ཆེན་པོའི་ཉེ་འགྲམ་དུ་(དུ་མུ་ཞེས་པའི་ས་ཆ་དེར་ཁྱིམ་ཚང་གི་མིང་ལ་དཀའ་ངལ་རེ་)ཞེས་པའི་དུད་ཚང་དཀྱུས་མ་ཞིག་གི་ནང་དུ་ཆེས་ཐོག་མར་གཉོམ་ཆུང་གཉོམ་ཆུང་ཞིག་གི་ངུ་སྐད་དང་ལྷན་དུ་ལྟེ་བའི་ཁྲག་ཐིགས་དྲོན་མོ་ས་ལ་འཕོས། འོན་ཀྱང་མོ་རང་ཆུང་དུས་ནས་ཕ་མ་གཉིས་བཟའ་འཐོར་བྱས་པས་རྐྱེན་གྱིས་མོ་ནི་རང་གི་ཨ་ཕའི་རྩ་ལ་ནར་སོན་ཞིང་ཆུང་དུས་ནས་དཀའ་སྡུག་གང་མང་ཞིག་མྱང་། སྐྱོ་གདུང་གི་རླབས་ཕྲེང་ཡང་ཡང་གཡོས་པའི་ལོ་དང་ཟླ་བའི་རྒྱུད་རིམ་ཁྲོད་དུ་ག་ལེར་གཞོན་ནུའི་ལང་ཚོའི་གཉོམ་ལག་རྒྱས་ཏེ་སྐར་ཚོགས་ལྟ་བུའི་གཞོན་སྐྱེས་དུ་མའི་ཁྲོད་དུ་བཅོ་ལྔའི་དུང་ཟླ་ལྟར་སྒེག་ཉམས་ཀྱི་ལང་ཚོའི་ཡལ་འདབ་ཆ་ཡོངས་སུ་རྫོགས་ཏེ། མིག་ཆུ་དང་རྔུལ་ཆུ་དུ་མ་འདྲེས་པའི་འཚོ་བའི་ཁྲོད་དུ་བཤད་མི་འདོད་པའི་སྐད་ཆ་དང་ནང་སེམས་ཀྱི་མེ་ལོང་ངོས་སུ་གསལ་བའི་ཚོར་བ་སྐྱུར་མོ་ཡོད་ཚད་སེམས་ཁོང་དུ་སྦས་ཏེ། གྲོང་ཚོ་དང་ཁྱིམ་མཚེས་གཉེན་ཉེ་ལ་སོགས་སུ་དང་གང་ལའང་དགའ་ལྷང་ལྷང་གི་ཉམས་དང་བཅས་ཏེ་ཐམས་ཅད་འཛུམ་གྱིས་བསུ་མཁན་ཞིག་ཡིན་པས། སྡེ་གྲོང་ཀུན་གྱིས་དགའ་མོས་བྱེད་ས་དང་ཡ་རབས་སྤྱོད་བཟང་ཅན་གྱི་བུ་མོ་ཞིག་ཡིན་པ་ཡོངས་སུ་གྲགས། གང་མཚམས་ཤིག་ནས་འཇིག་རྟེན་མིའི་འགྲོ་ལུགས་ཀྱི་ཁ་ཕྱོགས་དང་བསྟུན་ནས་དྲིན་ཆེན་ཕ་ལོས་ཀྱང་རང་གི་བུ་མོ་ལ་བྱམས་བརྩེ་ཞིག་གི་འོག་ནས་བུ་མོའི་འདོད་ཐོག་ཏུ་རྟ་རྒྱུགས་པ་ལྟར་རྒྱབ་སྐྱོར་བྱས་ཏེ་མཐར་མོ་རང་གི་བསམ་བློའི་ཁ་ཕྱོགས་ལྟར་རྒྱ་རིགས་ཁྱིམ་ཚང་ཞིག་ལ་མནའ་མར་སོང་ནས་ལོ་འགའ་ཕྱིན་རྗེས་རང་གི་ཤ་དང་ཁྲག་ལས་ཆད་པའི་ཕྲུ་གུ་གཉིས་ཀྱི་ཨ་མ་རུ་གྱུར།

འོན་ཀྱང་འཇིག་རྟེན་གྱི་ཁ་དཔེ་ལ་མྱི་མི་ངན་ཞག་ངན་ཞེས་པ་ལྟར། ཧ་ཅང་གི་འགྲོགས་ཡུན་རིང་དུས་བསམ་བློའི་ཁ་ཕྱོགས་དང་མི་མཐུན་པའི་གནས་ཚུལ་རེ་རེ་རང་བཞིན་གྱི་ལྷང་ལ་བུད་དེ་ཁྱོ་ཤུག་གཉིས་ཀྱི་བར་ལ་འདོད་བློ་མ་ཁེང་བའི་གནས་ཚུལ་ཡང་དགུན་གྱི་ལྷགས་རླུང་ལྟར་དྲན་རྟོག་ཕྲ་མོའི་རྒྱུ་བའི་ཀློང་ན་ཡང་ཡང་ལྡིང་ཞིང་། མཛའ་ཞིང་བརྩེ་བའི་མེ་ཏོག་གི་རང་མདངས་ཡང་རང་བཞིན་གྱིས་ཡལ་ཏེ་དུང་སེམས་ཀྱི་ལོ་འདབ་ཡང་གང་སར་རླུང་གིས་སྤུར་ཏེ་ཉིན་རེ་ནས་ཉིན་རེ་བཞིན་ས་ལ་ཇེ་མང་ནས་ཇེ་མང་དུ་འཐོར། ད་དུང་གསོན་ཉམས་དང་ལྡན་པའི་བརྩེ་དུང་གི་འོ་ཆུ་འདྲེས་མཚམས་དེར་ཁྲག་ཐིགས་ཀྱིས་རྒྱང་ཐག་བཅད་དེ་དབུགས་ཀྱི་རྒྱུན་ཐག་མ་འགག་གོང་ནས་བཙན་གྱིས་གསོན་པོ་དུར་སར་བསྐྱལ་བ་ལྟར་རིམ་བཞིན་གཏམ་ངན་དང་མི་ཁའི་འབགས་བཙོག་གི་རྙོག་ཆུ་ལྟ་བུ་དེ་ཡང་གཞི་ནས་བཞུར་བའི་མགོ་བརྩམས། དེ་འདྲའི་བརྒྱུད་རིམས་ཤིག་གི་ཁྲོད་དུ་སྟབས་མ་ལེགས་པ་ཞིག་ལ་མོ་རང་གི་ཁྱོ་གས་ཐེངས་འགར་ཚད་མེད་པའི་གཅར་རྡུང་བྱས་བས། དེ་སྔ་མཛའ་ཞིང་བརྩེ་བའི་ལྗང་མདོག་གི་ཞིང་ཁམས་དང་ལྟ་ན་སྡུག་པའི་ལྷིང་འཇགས་ཀྱི་འཇིག་རྟེན་དེ་གློ་བུར་དུ་ཡོད་ཚད་ནས་ཡོད་ཚད་བརླགས་པར་མ་ཟད་ལྟ་ན་མི་འདོད་པའི་ཐལ་མདོག་གི་གྲོག་རོང་ལྟ་བུ་ཞིག་ཏུ་གྱུར། གང་ལྟར་དེ་ནས་བཟུང་སྐབས་རེར་གཉེན་འཐོར་ཞིང་སྐབས་རེར་ཁྱོ་ཤུགས་བསྐྱར་སྒྲིག་གི་གནས་ཚུལ་ཡང་ཐེངས་འགའ་རེ་བྱུང་མོད། ཡིན་ནའང་ཟོག་འདྲེས་གཡང་མྱི་འདྲེས་ཐན་ཟེར་བ་ལྟར་སེམས་ཀྱི་རྨ་ཁ་ནི་སུས་ཀྱང་གསོ་ཐབས་བྲལ་བའི་དཀར་ཡོར་ཆག་འཕྲོ་ལྟ་བུ་ཞིག་ཡིན་པས་ཡུན་རིང་མ་བརྟན་པར་མཐར་རྒྱལ་ཁབ་གྱི་རྩ་ཁྲིམས་དང་མཐུན་པའི་ཕྱོགས་གཉིས་ཀའི་མོས་མཐུན་འོག་བཟའ་འཐོར་བྱས་རྗེས་མོ་རང་ཡང་སླར་རང་ཁྱིམ་དུ་ལོག་ནས་ཟླ་བ་འགའ་ཕྱིན་པ་རེད།

སྐབས་དེར་མོའི་གཅེན་མོ་དང་ཨ་པ་གཉིས་ཀྱིས་མོ་ལ་འདི་ལྟར་བཤད་ཁྱེད་གཉིས་བཟའ་འཐོར་བྱས་ཚར་ཡོད་མོད་འོན་ཀྱང་ཁོང་ནི་ཧ་ཅང་གིས་གདུབ་རྩུབ་ཆེ་བས་ང་ཚོ་ལ་ཐུབ་ཚོད་གཏང་ངེས་ཡིན་པས་དེ་བས་ཁྱོད་རང་ལོ་འགའ་རེ་ཕྱི་ལོག་ས་མཐར་ཡིབ་ནས་སྡོད་ན་ལེགས་ཚུལ་གྱིས་ལམ་སྟོན་གནང་། འོན་ཀྱང་མོས་འདི་ལྟར་བཤད་དེ་ཨ་ཕའི་གཟུགས་པོ་ཡང་དེ་ཙམ་བདེ་བོ་མེད་པར་མ་ཟད་ལོ་ཚོད་ཡང་མཐོན་པོ་རེད། ད་དུང་ཕྲུ་གུ་གཉིས་ལ་ཡང་སྐབས་རེ་ཐུག་ན་འདོད་པས་ང་ཁྱེད་ཚོ་དང་རྦད་དུ་ཁ་བྲལ་ནས་ཆ་མེད་ཀྱི་ཡུལ་གྲུ་ཞིག་ཏུ་འགྲོ་བའི་འདོད་པ་མི་འདུག་ཅེས་ལན་འདེབས། སྐབས་དེར་མོས་ཐུགས་རྗེ་ཆེན་པོའི་ལྕགས་ཟམ་ཁར་མོ་རང་གིས་ཚོང་ཁང་ཆུང་ཆུང་ཞིག་ཕྱེ་ནས་ཚོང་ལས་ལ་གཉེར་བཞིན་ཡོད་ཅིང་ཞོར་དུ་དབྱར་ཁར་རི་འགོར་བུད་ནས་སྤྲུ་ནག་དང་ལྕུམ་རྩ་དབྱར་རྩྭ། ད་དུང་རྩྭ་སྨན་དང་སྔོ་སྨན་གྱི་རིགས་སོགས་འདྲ་མིན་རྐོས་ནས་ཞོར་ལས་ལ་འབད་སའི་ཡུལ་དེར། ཁ་བ་དང་ཆར་རླུང་དྲག་ཏུ་འཚུབ་ཅིང་ལུས་ཀྱི་ཡན་ལག་གང་སར་རྨ་ཁ་དང་མཛུབ་མོའི་སོར་རྩེ་ཐམས་ཅད་རྣག་དང་ཁྲག་གིས་ཟིན་ཞིང་རྔུལ་ཆུའི་ཐིགས་པ་རེ་རེ་ས་ལ་ཟག་པའི་འཚོ་བའི་ཡུལ་དངོས་ཐམས་ཅད་དྲྭ་ལམ་དུ་ཐད་གཏོང་བྱས་ཏེ། དཀའ་སྡུག་བརྒྱ་ཕྲག་གིས་མནར་ནའང་ད་དུང་དགའ་བའི་འཛུམ་གྱིས་ཁེངས་ཤིང་ཐུན་མིན་གྱི་རྣམ་འགྱུར་རེ་རེས་ལྟད་མོ་བ་ཀུན་གྱི་སེམས་སུ་ཚོར་སྣང་དང་བག་ཆགས་ཟབ་མོར་རེ་རེར་གསར་དུ་བསྐྲུན། གླུ་གར་སྣ་ཚོགས་ཀྱི་འགྱུར་ཁུག་དང་ཚོར་བ་རྣོན་པོ་རེ་རེས་མོ་ལ་རྒྱབ་སྐྱོར་བ་དང་ལྟད་མོ་ལྟ་མཁན་གྱི་མི་གྲངས་ཀྱང་ 250000 ཁྲི་ཉི་ཤུ་རྩ་ལྔ་ལས་བརྒལ་ཏེ་དོ་ཁུར་བྱེད་མཁན་ཡང་ཇེ་མང་ནས་ཇེ་མང་དུ་གྱུར་ནས་མཐར་རྔ་བ་ཁུལ་གྱི་དྲ་དཔོན་ཞིག་ཏུ་གྱུར།

འོན་ཀྱང་སྤྱི་ལོ་༢༠༢༠ ལོའི་ཟླ་༩ བའི་ཚེས་ ༡༤ དགུང་མོར་ཆུ་ཚོད་༩ ཡས་མར་ཞིག་ལ་སླར་ཡང་ཐད་གཏོང་བྱེད་བཞིན་པའི་སྐབས་དེར་གློ་བུར་དུ་ཕྱི་སྒོ་དྲག་ཏུ་སྤྲུག་ཅིང་ཡང་ཡང་བརྡུང་བས་སྒོ་ཡང་བཙན་པོས་ཐར་སེ་གཏོར་རྗེས་རྒྱ་སྟག་ཁྲ་མོ་མཆོང་ཐེངས་གཅིག་གིས་རི་བོང་གི་སྲོག་རྩ་སིག་སིག་ཏུ་འདར་བའམ་གླག་རྒོད་གྱི་ལྡིང་སྐོར་བྱེད་བཞིན་རྙབ་ཐེངས་གཅིག་གིས་ལུ་གུའི་ཚེ་སྲོག་སྡེར་ཁ་ནས་ཤོར་བ་ལྟ་བུའི་སྣང་བརྙན་གསོན་པོ་ཞིག་སྟེ། གང་ལྟར་སྒོ་བཙན་གྱིས་གཏོར་རྗེས་མོ་ལ་གྲི་ཐེངས་མ་བརྒྱད་བཙུགས་རྗེས་ལུས་ལ་རླངས་སྣུམ་བླུགས་ནས་མེར་སྤར་ཏེ་ལུས་ཀྱི་པགས་ཤུན་བརྒྱ་ཆ་དགུ་བཅུ་ཡོངས་སུ་རྫོགས་པ་མེས་ཚིགས་ཤིང་། སྐབས་དེར་མོའི་ཐད་གཏོང་གི་དྲྭ་མིང་ལྟར་མིང་དོན་དང་མཚུང་བའི་དངོས་སུ་བུ་མོ་ནག་པོ་ཞིག་ཏུ་གྱུར། སྤྱིར་སྟངས་མོས་ཐད་གཏོང་བྱེད་བཞིན་པའི་སྐབས་དེར་མོ་ལ་དོ་ཁུར་བྱེད་མཁན་གྱི་ལྟད་མོ་བ་དག་གིས་གོ་ཐོས་ལྟར་ན་མོ་ཡིས་སྐུ་མཁྱེན་ང་ལ་རླངས་སྣུམ་མ་བླུག་རོགས། ང་ལ་རླངས་སྣུམ་མ་བླུག་རོགས་ཞེས་འབོད་སྐུལ་བྱས་པའི་སྐད་དེ་ཀུན་གྱིས་ཐོས་སོང་ཟེར། དེ་ནས་ཡུད་ཙམ་གྱི་རྗེས་སུ་ཐད་གཏོང་བྱེད་སའི་ཁ་པར་གྱི་མདུན་དུ་མེ་ལྕེ་དམར་པོ་ཡང་ཡང་དམར་ལེམ་ལེམ་དུ་འབར་བར་མཐོང་རྗེས་གང་ཡང་ཆ་མ་འཚལ་བར་ག་ལེར་ནག་ཐུམ་མེར་གྱུར་སོང་ཟེར། དེ་ལྟར་དབྱངས་རྟ་དང་དགོད་སྒྲས་ཁེང་བའི་མཛེས་སྡུག་གི་མཚན་མོ་དེ་གློ་བུར་དུ་ཞེད་སྣང་དང་ངུ་སྐད་ཀྱིས་གང་སར་ཁྱབ་པའི་མུན་ནག་ཅིག་ཏུ་གྱུར། དེ་ནས་ཅང་མ་འགོར་བར་མོ་ལ་དོ་ཁུར་བྱེད་མཁན་གྱི་ལྟད་མོ་བ་དག་གིས་ཡར་མར་གང་སར་ཁ་པར་བརྒྱབ་ནས་རླང་འཁོར་ཞིག་གི་ནང་བཞག་སྟེ་འབར་ཁམས་སྨན་ཁང་དུ་ཁྲིད་དུས་ལམ་བར་ནས་ཨ་ཕ་དང་གཅེན་མོ་གཉིས་ལ་མི་གིས་ཧྲིལ་ཧྲིལ་དུ་ལྟ་ཞོར་འདི་ནི་མོའི་མཐར་འཇུག་གི་སྐད་ཆ་ཞིག་སྟེ། ཨ་ཕ་ལགས་ང་ཕལ་ཆེར་ཚང་སོང་འདུག་ཡར་གསོན་ཐུབ་པའི་ང་ལ་རེ་བ་དང་ཚོར་སྣང་གཏན་ནས་མི་འདུག གང་ལྟར་ཁྱེད་ཀྱི་མི་ཚེ་གཅིག་ལ་ངས་ཚེ་གཡོག་བྱ་ཐུབ་མ་སོང་བས་ཨ་ཕ་ཁྱེད་དགོངས་པ་ཁྱོན་ནས་མ་ཚོམས་རོགས་གནང་། ཨ་ཕ་ཁྱེད་ལ་དངོས་གནས་དགོངས་དག་ཞུ། ཨ་ཕའི་མི་ཚེ་ལྷག་མ་ཨ་ཅག་ཁྱེད་ཀྱིས་ལྟ་རྟོག་གནང་རོགས་ཅེས་མིག་མཐའ་མཆི་མས་གང་ཞིང་བཤད་མཚམས་བཞག་སོང་ཟེར།

དེ་ནི་དྲིན་ཆེན་ཕ་ལོ་ལ་བཅང་བའི་བརྩེ་བ་དང་འཇིག་རྟེན་འདིར་མོས་བཞག་པའི་མཐའ་འཇུག་གི་སྐད་ཆའམ་འཆི་ཁའི་ཁ་ཆེམས་ཤིག་ཏུ་གྱུར་ཡོད། དེ་ནས་སྨན་ཁང་དུ་འབྱོར་ནས་མྱུར་སྐྱོབ་བྱེད་བཞིན་པའི་སྐབས་དེར་མོའི་ཐད་གཏོང་ལ་དགའ་མོས་བྱེད་མཁན་གྱི་མི་གྲངས་919000ཁྲི་དགུ་བཅུ་གོ་གཅིག་དང་སྟོང་དགུ་ལ་བུད་དེ་རྒྱ་བོད་ཧོར་སོགས་མི་རིགས་སྣ་ཚོགས་ཀྱི་བྱམས་བརྩེ་དང་ལྷག་བསམ་ཅན་གྱི་དྲྭ་རྩེད་མཁན་དག་གིས་ཆུ་ཚོད་ཉི་ཤུ་རྩ་བཞིའི་རིང་ལ་དམངས་སྒོར་ཁྲི་བརྒྱ་ལྷག་བསྡུས་རུབ་བྱས་ནས་རྒྱབ་སྐྱོར་གྱི་ཚུལ་དུ་མོ་ལ་ཞལ་འདེབས་གནང་། མཐར་ཁྲིན་ཏུ་སྨན་ཁང་དུ་ཁྲིད་ནས་ཉིན་འགར་སྨན་བཅོས་བྱས་ནའང་གསོན་པའི་རེ་ཐག་ཆད་དེ་ཐབས་ལམ་གཞན་གང་ཡང་མ་རྙེད་པར་སྤྱི་ཟླ་དགུ་བའི་དགུང་མོར་ཆུ་ཚོད་ ༡༢ ཡང་ན་ཟླ་བ་བཅུ་པའི་ཚེས་/༡/ གི་ཉིན་ལ་ག་ལེར་མགྲིན་པ་དང་གྲེ་བའི་མཚམས་སུ་ཉན་ན་མི་འདོད་པའི་་ཧུར་ཧུར་གྱི་སྒྲ་ཞིག་དང་བཅས་ཏེ་དབུགས་ཀྱི་རྒྱུ་བ་འགག་ཅིང་། ཁུ་སིམ་སིམ་གྱི་ལྷིང་འཇགས་ཀྱི་མཚན་མོ་དེར་གཅེས་སུ་འོས་པའི་ཕ་ཡུལ་ཁ་བ་གངས་ཅན་པའི་ཕ་ས་དང་གཏན་དུ་ཁ་བྲལ་སོང་ཟེར། བྱམས་བརྩེ་འབུམ་གྱིས་ཕྱུག་པའི་ཀློག་པ་པོ་རྣམས་ལ་ཆེད་དུ་ཞུ་རྒྱུ། གནས་ཚུལ་འདི་ཐེངས་གཅིག་བཀླག་རྗེས་མ་ཏྲི་དང་མ་ཎི་གང་རུང་གིས་བསྔོ་སྨོན་ཚར་རེ་གནང་རོགས་ཅེས་རེ་བསྐུལ་དང་བཅས་སྙིང་ནས་བཀའ་དྲིན་ཆེ་ཞུ།།

ཅེས་རྒྱལ་རོང་སྐལ་བཟང་གཡུང་དྲུང་དུ་འབོད་པ་དེས་སྤྱི་ཟླ་ཚེས་ཉིན་རྩ་བའི་གྲ་ས་གོང་མ་སྨན་རིའི་གླིང་ནས། 2020/10/ 23 /

ལྷུག་རྩོམ།

Post navigation

Previous Post: གཉེན་སྒྲིག་ཐག་གཅོད་བྱེད་སྟངས་ཐད་ཀྱི་བསམ་ཚུལ།
Next Post: “ཨ་ཅེ་མེ་ཏོག་གཡང་འཛིན་མ་”ཞེས་པའི་ལོ་ཙ་བ་དང་ལྷན་དུ་བཅར་འདྲི་ཞུས་པ།

Comments (8) on “རྒྱལ་རོང་བུ་མོའི་མཐའ་མཇུག་གི་ཚེ་སྲོག”

  1. ཀརྡོ་རབ་འབྱམས་པ་ says:
    2020-10-23 at 10:58 am

    ་་་་་་་་་་་་་ གནས་ཚུལ་འདི་ཐེངས་གཅིག་བཀླག་རྗེས་མ་ཏྲི་དང་མ་ཎི་གང་རུང་གིས་བསྔོ་སྨོན་ཚར་རེ་གནང་རོགས་ཅེས་རེ་བསྐུལ་དང་བཅས་སྙིང་ནས་བཀའ་དྲིན་ཆེ་ཞུ།། ་་་་་་་་་་་་་་

  2. Abharu Jigwang says:
    2020-10-23 at 3:39 pm

    དངོས་གནས་སེམས་སྐྱོ་བོ་ཞིག་བྲིས་འདུག་པ་།
    འཇིག་རྟེན་མི་རྟག་རྩ་རྕེའི་ཟིལ་པ་རེད། སྐད་ཅིག་སྐད་ཅིག་རང་བཞིན་འགྱུར་ནས་འགྲོ།
    ཚེ་མི་རྟག་སྟོན་ཀའི་མེ་ཏོག་འདྲ། གནམ་ཁའི་གློག་ལྟར་རིམ་བཞིན་ཡལ་ནས་འགྲོ།

  3. གནམ says:
    2020-10-23 at 7:16 pm

    མ་ཎི་བཏོན་ཡོད། ཕན་པ་ཡོད་མེད་མི་ཤེས། སྙིང་རླུངས་སྟོད་ལ་བཙངས་ནས་བཏོན་ཡིན།

    དུས་རྟགས་དུ། ང་ནི་མྱི་ངན་དག་གི་སྡུག་རྩུབ་འོག་ན་མྱང་བཞིན་པའི་ཨ་ཅེ་རེ་རེ་ཡི་མྱིང་བོ་བརྩེ་བ་ཅན་་དེ་ཡིན་ན་སྨོན། མྱི་ངན་དེ་དག་གི། ལག་མགོ་རེ་རེ་བཞིན་དུ་གཏུབ་ན་འདོད། ང་ཨ་ཆེ་དག་གི་སྲུང་དམག་བཙན་ཤེད་ཅན་དེ་ཡིན་ན་འདོད། དགྱ་བོད་མེད་པར། མོ་རིགས་ལ་ལག་གཡུག་མཁན་དང་ལྷག་ཏུ་རང་གི་ཟླ་མོ་ལ་གཅར་རྡུང་བྱེད་པོ། ཡོད་ཚད་སྨྱོ་ཁང་ཞིག་ལ་བཏད་ན་འདོད།

    མི་ཚང་ལ་བདེ་སྐྱིད་དགོས་ན། ལས་འགུལ་འདི། སྲིང་མོ་ཅན་གྱི་མྱིང་པོ་ཚོས་མགོ་འཛུག་དགོས། རང་གིས་མིའིབུ་མོ་ལ་མ་གཅར་མ་རྡུང་། རང་གིས་རང་གི་སྲིང་མོ་གཅར་དུ་མ་བཅུག་རྡུང་དུ་མ་བཅུག་ན། འཇིག་རྟེན་ནི་བརྩེ་བ་དང་བྱམས་པས་གསོ་ཡིན་ནོ། དེ་མིན།

    བླ་གྲྭ་ཚོས་མོ་རིགས་ལ་སྨད། མྱི་ངན་ཚོས་ཟླ་མོ་ལ་རྡུང་། འདི་དག་ནི་དུད་འགྲོ་ལས་མིའི་རྣམ་དཔྱོད་དང་བརྩེ་བ་ལྡན་པའི་མི་གྲལ་ལ་མི་ཚུད།

    བྱམས་བརྩེ་་དང་ནང་ཆོས་བཤད་པ་ནི་ཁྱེད་ཅག་གི་ལྟོ་ཕོར་ཙམ་གྱི་དོན་ནོ།
    གཉེན་སྒྲིག་དང་ཁྱིམ་ཁ་འཛིན་པ་ནི་ཁྱེད་ཅག་གི་འདོད་ཆགས་སྐོང་བ་ཙམ་མོ།

  4. རང་བྱུང་རིག་པའི་རྡོ་རྗེ says:
    2020-10-23 at 8:33 pm

    ཨ་ཁ་ཁ། སྙིང་རྗེ་རེད། ངའི་བསམ་ན་མོ་ལའང་སྐྱོན་ཆ་ཡོད་སྲིད་པ་རེད། ཡོད་ཚད་ཕོའི་སྐྱོན་ཆ་ཨེ་ཡིན་མི་ཤེས། སྤྱིར་ཕོ་མོ་གཉིས་དང་བསྡུར་ན་མོ་ལ་ཧ་ཅང་གི་སྐྱོན་ཆ་མང་པོ་རེད། དེའི་ཕྱིར་དགེ་སློང་མ་ལ་དགེ་སློང་ཕ་ལས་ཁྲིམས་མང་པོ་ཡོད་པ་དེ་ནི་བུད་མེད་ལ་སྐྱོན་ཆ་མང་ཕྱིར་རེད་དོ། །

  5. གཞུང་པ་ཚེ་དབང་བསིད་ནམས་ says:
    2020-10-23 at 11:49 pm

    ཨ་ཁ་ཁ་ ཨོྃ་མ་ཎི་པདྨེ་ཧུྃ་་་་་་ཨོྃ་མ་ཎི་པདྨེ་ཧུྃ་ ཨོྃ་མ་ཎི་པདྨེ་ཧུྃ་
    ཨོྃ་མ་ཎི་པདྨེ་ཧུྃ་ ་་་་་་ཨོྃ་མ་ཎི་པདྨེ་ཧུྃ་ཧྲི་།
    ལུས་ཅན་རྣམས་ཀྱིས་ལས་རྣམས་ནི་།
    སྐལ་པ་བརྒྱར་ཡང་ཆུུད་མི་ཟ་།
    ཚོགས་ཤིང་དུས་ལ་བབ་པ་ན་།
    འབྲས་བུ་སྨིན་པ་ཉིད་དུ་རྒྱུར་།
    བདེ་ཆེན་ཞིང་དུ་སྐྱེ་བའི་སྨོན་ལམ་ཡོད་།

  6. གནམ says:
    2020-10-24 at 1:36 am

    རིག་པའི་རྡོ་རྗེ་རིག་པ་མེད། འཇིག་རྟེན་གང་གི་ཆ་ན་ཡོད་ན་ཡང་། ཨ་མ་དང་མོ་རིགས་ནི་གསོ་བ་དང་སྐྱོང་བའི་བདག་ཉིད་ཅན་རེད། ཨ་ཕ་དང་ཕོ་རིགས་ནི་ཞིག་པ་དང་གཏོར་བའི་གོ་ཆག་ཅན་རེད། འདི་ཙམ་ཞིག་མི་ཤེས་ན། སོ་སོ་གང་ལ་མཁས་ན། མཁས་ས་དེར་འཐམ་ནས། ཆ་རྒྱུས་མེད་པའི་གནས་ཡོད་ཚད་ཁ་སྲིང་གི་མ་འདུག།

    ནང་གི་མ་མོ་ལ་མི་བྱམས་པར། ཕྱི་ཡི་དགྲ་ངོ་ལ་གུམ་བསྡད་པ་ཚོ། བོད་པ་ཚང་གི་ཨ་ཕོ་ཁྱོད་ཀ་ཚོ་རེད། ཕོ་སྐྱོན་མ་ཤེས་པར། ཁྱོད་ལ་མོ་སྐྱོན་བཤད་པའི་ཤེས་རྒྱ་མེད་ཀི།

    བོད་པ་ཚང་གི་བུ་མོ་ཚང་མ་བདེ་ཞིང་སྐྱིད་པར་ཤོག། བོད་པའི་བུ་བླུན་ཚོ་དང་སྐད་ཅིག་ཙམ་ཡང་མི་འབྲེལ་བར་ཤོག།

  7. ཀརྡོ་རབ་འབྱམས་པ་ says:
    2020-10-24 at 11:52 am

    བདུད་ཀྱི་ཆོ་འཕྲུལ་འོག་གི་ཚེ་སྲོག
    ལྷ་མོ གངས་ལྷ་མོ།

    https://www.facebook.com/notes/%E0%BD%A3%E0%BE%B7%E0%BD%98%E0%BD%BC-%E0%BD%82%E0%BD%84%E0%BD%A6%E0%BD%A3%E0%BE%B7%E0%BD%98%E0%BD%BC/%E0%BD%96%E0%BD%91%E0%BD%B4%E0%BD%91%E0%BD%80%E0%BE%B1%E0%BD%B2%E0%BD%86%E0%BD%BC%E0%BD%A0%E0%BD%95%E0%BE%B2%E0%BD%B4%E0%BD%A3%E0%BD%A0%E0%BD%BC%E0%BD%82%E0%BD%82%E0%BD%B2%E0%BD%9A%E0%BD%BA%E0%BD%A6%E0%BE%B2%E0%BD%BC%E0%BD%82/3670726819625939

  8. རང་བྱུང་རིག་པའི་རྡོ་རྗེ says:
    2020-10-24 at 2:58 pm

    གནམ་ལགས་ཁྱེད་ཀྱིས་འཇིག་རྟེན་གྱི་བྱ་བ་མང་པོ་ཞིག་ཧ་གོ་ཡི་མེད་པ་འདྲ། མོའི་མག་པར་མོ་ལ་བཅིངས་པའི་བརྩེ་ཏུང་ཟབ་མོ་ཞིག་ཡོད་པ་གསལ་པོ་རེད། བརྩེ་ཏུང་དེ་ལ་བརྟེན་ནས་འདོད་ཆགས་དང་ཁོང་ཁྲོ་འདྲེས་མ་ཤུགས་དྲག་པོ་ཞིག་བྱུང་། མོས་མག་པའི་བསམ་ཐོག་ཏུ་མ་བཞག མག་པས་འདོད་ཆགས་དང་ཁོང་ཁྲོ་ཤུགས་དྲག་ཡོད་སྟབས་རང་ལ་མ་ཐོབ་ན་གཞན་ལ་ཐོབ་འདོད་མེད་པ་གསལ་པོ་རེད། དེ་མིན་རྗེས་སོར་རང་ཉིད་ཚེ་བཙོན་ནམ་ཡང་ན་སྲོག་ལན་སྲོག་གིས་འཇལ་དགོས་པ་ལོས་ཤེས། འོན་ཀྱང་འདོད་ཆགས་དང་ཁོང་ཁྲོའི་བཟི་ཡོད་སྟབས་རང་སྲོག་ལ་འཛེམས་ཀྱི་མ་རེད། དངོས་གནས་བྱས་ན་གཉིས་ཀ་སྙིང་རྗེའི་ཡུལ་རེད། གཞན་དུ་ན་མོ་ལ་གཅེས་ཕྲུག་གཉིས་ནི་ཡོད་ས་རེད། དེ་ཡིན་དུས་ལམ་ཁ་གཅིག་ནས་མཐར་འཁྱོལ་ན་ཡག་པོ་རེད། མོ་རང་མཛེས་མ་ཞིག་ཡིན་ས་རེད། དེ་ཡིན་དུས་གཞན་ཕོ་སར་མང་པོར་འབྲེལ་བ་ཡོད་སྲིད། དེ་ལ་བརྟེ་ནས་བཟའ་མཁོན་རྟག་པར་བྱུང་། མཐའ་མཇུག་ཁོང་གཉིས་ལ་བཀྲ་མི་ཤེས་པ་འདི་བྱུང་བ་རེད། སྙིང་རྗེ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme