Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱན་འཇོག་ཤོ་རྒྱག་གི་བྱ་བ་ངན་པ་འགོག་ཐབས་ཀྱི་གྲོས་གཞི་འགའ།

Posted on 2013-04-152013-04-15 By ཁ་བརྡ་ 6 Comments on རྒྱན་འཇོག་ཤོ་རྒྱག་གི་བྱ་བ་ངན་པ་འགོག་ཐབས་ཀྱི་གྲོས་གཞི་འགའ།

མཁོ་སྤྲོད་པ། ཁ་བ་སྐམ་པོ།

ཉེ་ཆར་མདོ་སྨད་རྭ་རྒྱ་བཀྲ་ཤིས་ལྗོངས་ཀྱི་དགོན་སྡེའི་བླ་གྲྭ་རྣམས་དང་རྨ་ཉིན་སྲིབ་ཀྱི་ལྷ་འབངས་ལས་བསམ་ཤེས་འགས་སྣེ་ཁྲིད་འོག་མི་རིགས་རང་བཞིན་དང་ས་གནས་རང་བཞིན་ཅན་གྱི་དོན་ཚན་བཅུ་ཡོད་པའི་བྱ་འགུལ་ཞིག་སྤེལ་ཡོད་པ་རེད།  བྱ་འགུལ་དེ་སྤེལ་ནས་ཉིན་ཉི་ཤུ་ལྷག་འགྲོ་བཞིན་འདུག་ལ།  ད་ལྟ་བྱ་འགུལ་དེ་ལག་ལེན་ལ་བསྟར་བཞིན་པ་རེད།  ཞོལ་ནས་བྱ་འགུལ་དེའི་ཡིག་ཆའི་མ་ཕྱི་ངོ་མ་དང་།  དོ་བདག་གི་འགེངས་ཤོག་སོགས་ཀློག་བདེའི་ཆེད་ཚུར་ཕབ་ཕྱི་བྱས་བ་འགོད་པར་བྱ།   

         རྒྱལ་འཇོག་ཤོ་རྒྱག་གི་བྱ་བ་ངན་པ་འགོག་ཐབས་ཀྱི་གྲོས་གཞི་འགའ།
གཅིག  རྭ་རྒྱ་གྲོང་རྡལ་སྲིད་གཞུང་གི་རྒྱབ་སྐྱོར་དང་།  རྨ་ཉིན་སྲིབ་ཀྱི་སྡེ་བ་སོ་སོའི་ཏང་གཙོ་དང་སྡེ་དཔོན།  རྩ་འཛུགས་བྱས་པའི་ཚོགས་པ་སོ་སོ་བཅས་ནས་སྣེ་ཁྲིད་འོག་རྭ་རྒྱ་གྲོང་རྡལ་ས་གནས་དང་།  རྨ་བྱང་ཡུལ་ཚོ།  ཞོལ་མ་ཡུལ་ཚོ།  རྟ་བོ་དང་སྡོམ་ཁོག་ཡུལ་ཚོ་བཅས་ཀྱི་ས་གནས་གཙོ་བའི་རང་རེའི་དགོན་པའི་ལྷ་འབངས་ཀྱི་ས་གནས་གང་སར་གནས་ཡོད་པའི་རྒྱལ་འཇོག་ཤོ་རྒྱག་གི་གཙོ་བའི་ཚབ་ཆེའི་བྱ་བ་ངན་པ་བཀག་འགོག་བྱེད་རྒྱུའི་བྱ་འགུལ་སྤེལ་རྒྱུའི་ཐད་ལ་རྭ་རྒྱ་དགོན་པའི་བླ་མ་རྣམ་པ་དང་།  དབུ་ཆོས་སོགས་ལས་སྣེ་ཡོངས་གཙོ་བའི་གྲྭ་ཚང་ཡོངས་ནས་རྒྱབ་སྐྱོར་དང་ཤུགས་སྣོན་རོགས་རམ་མཉམ་ཞུགས་བཅས་བྱེད་རྒྱུ་ཡིན།
གཉིས།  དེང་སྐབས་དཔལ་འབྱོར་ཅུང་ཙམ་ཡར་རྒྱས་སུ་སོང་བ་དང་བསྟུན།  བསམ་བློའི་ཤེས་ཡོན་ཧ་ཅང་དམའ་བའི་རོང་འབྲོག་མང་ཚོགས་ཚོས་དཔལ་འབྱོར་བེད་སྤྱོད་བྱེད་སྟངས་ནོར་ཏེ།  རྒྱལ་འཇོག་ཤོ་རྒྱག་གི་ཕྱོགས་ཁོ་ན་ལ་མགོ་འཁོར་ནས་རང་གཞན་གཉིས་ཕུང་གི་གནས་སུ་གྱུར་ཏེ།  མི་རིགས་དང་ས་གནས།  རུ་སྡེ་དང་།  ཕ་མ་དང་ཕུ་ནུ།  ཁྱིམ་ཚང་སོགས་ལ་གནོད་པ་ཚབ་ཆེན་བཟོ་བཞིན་ཡོད་པ་མ་ཟད།  ཐ་ན་རང་གི་རྐང་ལག་གཅོད་པ་དང་།  རང་སྲོག་གཅོད་པ།  ཕ་གསོད་པ་སོགས་ཀྱི་གནས་ཚུལ་ཡ་ང་བ་ང་ཚོའི་ས་གནས་སུ་བྱུང་དང་འབྱུང་བཞིན་པ་དང་།  ད་དུང་དུ་ནག་འཐེན་པ།  རྒྱལ་འཇོག་ཤོ་རྒྱག་བྱེད་མཁན་ཚོ་ལ་སྒོར་མོ་གཡར་ནས་དངུལ་བུན་ལེན་པ་སོགས་མ་རབས་ཀྱི་བྱ་སྤྱོད་ངན་པ་ལོ་རེ་ནས་ཚབ་ཇེ་ཆེར་འགྲོ་བཞིན་པ་འདི་ལ་དམིགས་ནས་རང་རེའི་བླ་གྲྭ་ཡོངས་ཀྱིས་རེ་སྐུལ་དང་།  བྱ་འགུལ་འདིར་མཉམ་ཞུགས་བྱས་པ་ཡིན།  རང་རེའི་ལྷ་འབངས་དད་ལྡན་ཡོངས་ཀྱིས་འདི་ཕྱི་གཏན་བརླག་ཏུ་འགྲོ་བའི་བྱ་སྤྱོད་ངན་པའི་རིགས་མི་བྱེད་པར་ཡ་རབས་སྤྱོད་བཟང་གི་ལས་ལ་ཞུགས་ཏེ།  རང་གཞན་གཉིས་ཕན་དང་།  འདི་ཕྱི་གཉིས་སྐྱིད།  མི་ཚེ་དོན་ལྡན་ཞིག་འོང་བའི་ཐབས་ལ་ཅི་ནུས་ཀྱང་འབད་འཚལ་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།
གསུམ།  བོད་ཡུལ་སྤྱི་དང་ལྷག་པར་ང་ཚོའི་ས་གནས་འདིའི་དཔལ་འབྱོར་འཕེལ་རྒྱས་དང་།  རིག་གནས་དར་རྒྱས།  སྤྱི་ཚོགས་ཡར་ཐོན།  བརྟན་འཇགས་འཆམ་མཐུན།  མིའི་ཀུན་སྤྱོད་དང་བསམ་བློ་ཡར་རྒྱས་བཅས་འབྱུང་དགོས་ན།  སློབ་སྦྱོང་ལ་དཀའ་སྤྱད་སྡུག་རུས་དང་།  ལས་ཀར་ཧུར་ཐག་འབད་བརྩོན་གཙོ་བོར་བཟུང་སྟེ།  རང་གི་བུ་ཕྲུག་གི་སློབ་སྦྱོང་ལ་ཤུགས་སྣོན་དང་།  ཁྱིམ་ཚང་འཆམ་མཐུན།  དཔལ་འབྱོར་འཕེལ་རྒྱས་སོགས་ལ་འབད་བརྩོན་བྱེད་དགོས་བ་དང་།  རུ་སྐོར་དང་།  རུ་སྡེ་ནས་མགོ་བརྩམས་ཏེ་བོད་མི་རིགས་གཙོ་བའི་སྤྱི་ཚོགས་འཆམ་མཐུན་ལ་རང་གིས་ནུས་ཚོད་ཀྱི་ཤུགས་སྣོན་དགོས།
བཞི།  ཕ་མ་གཉིས་ཀ་རྒྱལ་འཇོག་ཤོ་རྩེད་ལ་གཡེང་ནས་ཕྲུ་གུ་ཁྱིས་ཟོས་པ་མ་ཚོར་བ་དང་།  རླངས་འཁོར་གྱིས་བསད་པ། བོར་བརླག་ཏུ་སོང་བ།  ཙག་གིས་བྱིད་པ།  ལྟོག་ཤི་ཐེབ་པ་སོགས་གནས་ཚུལ་ཐབས་རྡུག་མང་པོ་བྱུང་དང་འབྱུང་བཞིན་ཡོད་ལ།  སྒོའི་ཕྱུགས་ཟོག་ཚར་བ་དང་།  ནང་གི་ཁྱིམ་གཞི་སྟོངས་པ་དང་།  བཟའ་འཐོར་བྱུང་བ།  བུ་ཕྲུག་དྭ་ཕྲུག་ཏུ་ལུས་པ་སོགས་ཀྱི་གནས་ཚུལ་གང་སར་ཁྱབ་བཞིན་ཡོད།  འདི་ནི་མ་རབས་ཀྱི་བྱ་སྤྱོད་དེ་དག་གི་ནང་མགོ་འཁོར་ནས་བསྡད་པའི་མཇུག་འབྲས་རེད།  ང་ཚོ་སློབ་སྦྱོང་གི་གོ་སྐབས་མ་ཐོབ་པའི་ཞིང་འབྲོག་མང་ཚོགས་ཚོའི་ཤེས་ཡོན་ཡོད་པ་དང་ཡ་རབས་སྤྱོད་བཟང་གི་བུ་རྒྱུད་སྐྱེད་སྲིང་བྱེད་རྒྱུ་དེ་གཙོ་བོ་ཡིན་ལ།  དེ་ལྟ་བུའི་བུ་རྒྱུད་ཅིག་སྐྱེད་སྲིང་བྱས་ན་རང་ཉིད་ཀྱི་མི་ཚེ་འདིའི་རེ་བ་དང་བདེ་སྐྱིད་ཡིན་ལ།  ཕ་མའི་གཟི་བརྗིད་དང་བུ་ཕྲུག་གི་བདེ་སྐྱིད་ཉག་གཅིག་ཡིན་པར་མ་ཟད།  མི་རིགས་དང་རྒྱལ་ཁབ་ལ་བཞག་པའི་བླ་མེད་ཀྱི་བྱས་རྗེས་སུ་བགྲངས་ཀྱང་མི་ཆོག་པ་མེད། 
ལྔ།  མང་ཚོགས་ཚོའི་རེ་བ་བཅོལ་སའི་སྲིད་གཞུང་གི་ལས་བྱེད་པ་དག་གིས་རྒྱལ་འཇོག་ཤོ་རྒྱག་གི་རྩེད་མོར་གཡེང་དྲགས་ན།  བྱ་བའི་སྣེ་ཁྲིད་དེ་མང་ཚོགས་ཕྱུག་པོ་དང་ས་གནས་དར་རྒྱས་སུ་གཏོང་མི་ཐུབ་ཅིང་།  དམངས་ཀྱི་འདོད་བློ་སྐོང་མི་ཐུབ་པ་དང་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་མི་ཐུབ་པར་མ་ཟད།  མི་རིགས་རང་སྐྱོང་ས་ཁུལ་གྱི་དགོས་མཁོ་དེ་བས་ཀྱང་སྐོང་མི་ཐུབ།  ཡིག་རྨོང་ཙམ་སེལ་མེད་པའི་ཕ་མ་སྟོང་ཕྲག་མང་པོའི་རང་ཉིད་ཀྱི་བུ་ཕྲུག་དང་རེ་བ་བཅོལ་ས།  གསར་སྐྱེས་བུ་ཕྲུག་མང་པོའི་མདུན་ལམ་མ་ནོར་བ་སྟོན་པའི་དགེ་རྒན་དག་གིས་ཀྱང་།  རྒྱལ་འཇོག་ཤོ་རྒྱག་གི་རྩེད་འཇོར་རོལ་པའི་ནང་ནས་སློབ་མ་རྣམས་ལ་མ་འོངས་པའི་མདུན་ལམ་བཟང་པོ་ཞིག་སྟོན་རྒྱུ་དང་།  མི་རིགས་དང་རྒྱལ་ཁབ་ལ་ཕན་པའི་ཡ་རབས་སྤྱོད་བཟང་གི་མི་བུ་ཞིག་སྐྱེད་སྲིང་བྱེད་རྒྱུ་ཕར་ཟད།  ད་དུང་རང་ཉིད་དང་མཚུངས་པའི་རྒྱལ་འཇོག་ཤོ་རྒྱག་ལ་དགའ་ཞིང་།  མི་རིགས་དང་རྒྱལ་ཁབ་ལ་མི་ཕན་པ།  ཐ་ན་ཁྱིམ་ཚང་བཟང་པོ་ཞིག་ཀྱང་སྐྱོང་མི་ཐུབ་པའི་མ་རབས་སྤྱོད་ངན་གྱི་སློབ་མ་ཞིག་སྐྱེད་སྲིང་བྱེད་སྲིད།  དེ་བས་ང་ཚོའི་མི་རིགས་དགེ་རྒན་ཚོའི་ངེས་པར་དུ་སྤྱོད་ངན་བསྒྱུར་བཅོས་དང་བྱ་བར་གཟབ་ནན་བྱེད་རྒྱུ་ནི་བོད་མི་ཡོད་དོ་ཅོག་གི་སེམས་ཁུངས་ཀྱི་རེ་བ་ཉག་གཅིག་ཡིན་པར་འདོད།
དྲུག  རྒྱལ་འཇོག་ཤོ་རྒྱག་ཁོ་ན་མགོ་འཁོར་པའི་གྲྭ་བ་ནི་སྤྱི་ཚོགས་འདིར་དགོས་མཁོ་གང་ཡང་མེད་ལ།  ད་དུང་སྐྱ་སེར་མང་པོ་མ་རབས་ཐ་ཤལ་གྱི་ལོོག་ལམ་དུ་འཁྲིད་མཁན་གྱི་གཏེ་བོ་ཞིག་དང་།  སངས་རྒྱས་ཀྱི་བསྟན་པ་དང་རབ་བྱུང་བའི་སྡེའི་ཞབས་ལ་ཐིག་གུ་ནག་པོ་འདོག་མཁན་ཡིན།  རང་ཉིད་ཀྱིས་བླ་མའི་མདུན་ནས་ཁས་བླངས་པའི་དམ་བཅའ་དང་།  རྒྱབ་ཏུ་གོན་པའི་རབ་བྱུང་བའི་ན་བཟའི་དགོས་པ་དང་རིན་ཐང་ལ་བསམ་བློ་གང་ཡང་མི་གཏོང་བར་སྒོར་མོ་འགའི་དོན་དུ་རྨི་ལམ་སྐྱིད་པོ་རྨི་བཞིན་པ་འདིས།  ཚེ་འདི་དང་ཕྱི་མ་གང་ལ་ཡང་མི་ཕན་པ་ཤེས་བཞིན་དུ་མེ་ལྕེབ་མེའི་ནང་དུ་ལྕེབས་པ་བཞིན་བྱ་སྤྱོད་ངན་པ་དེ་དག་གི་ནང་དུ་ཞུགས་དོན་མི་འདུག  ༸འཛམ་གླིང་མཁས་མཆོག་གིས་ང་ཚོར་གདམས་པ་ནི།  “ང་ཚོ་དུས་རབས་ཉེར་གཅིག་པའི་ཆོས་པ་རྣམ་དག་ཅིག་བྱེད་དགོས་”ཞེས་གསུངས་པའི་དོན་མདོར་བསྡུས་ནས་བཤད་ན་དུས་རབས་ཉེར་གཅིག་པའི་གྲྭ་བ་རྣམས་ཆོས་ཀྱི་དོན་ཤེས་ནས་ཉམས་སུ་ལེན་པའི་ཡ་རབས་སྤྱོད་བཟང་གི་ཆོས་པ་ཞིག་ཡིན་དགོས་པའི་དོན་མིན་ནམ། 
བདུན།  རྭ་རྒྱ་གྲོང་རྡལ་སྲིད་གཞུང་དང་།  རྨ་བྱང་ཡུལ་ཚོ།  ཞོལ་མ་ཡུལ་ཚོ་བཅས་ཀྱི་སྲིད་གཞུང་གི་སྣེ་ཁྲིད་དང་གོང་རིམ་སྲིད་གཞུང་གི་རྒྱབ་སྐྱོར་འོག་རྒྱལ་འཇོག་ཤོ་རྒྱག་གི་བྱ་ངན་ལ་རྒྱུན་དུ་ཞུགས་པའི་མི་དེ་ཚོར་ཁ་ཏ་སློབ་གསོ་གཏོང་བ་དང་། ནག་ཉེས་ཐེར་འདོན་བྱེད་པ།  བྱ་བ་ངན་པ་དེས་ཁྱིམ་ཚང་ལ་བཟོས་པའི་ཤུགས་རྐྱེན་ངན་པ་དང་།  བུ་ཕྲུག་ལ་བཟོས་པའི་ཤུགས་རྐྱེན།  རང་གི་ཕ་མ་དང་།  ཉེ་འབྲེལ།  གྲོགས་པོ།  དགོན་སྡེ།  རུ་སྡེ་སོགས་ལ་བཟོས་པའི་ཤུགས་རྐྱེན།  ད་དུང་མི་རིགས་དང་ཁོར་ཡུག་ལ་བཟོས་པའི་ཤུགས་རྐྱེན་ངན་པ་སོགས་ངོ་སྤྲོད་བྱེད་དགོས། 
གལ་ཏེ་ཁ་ཏ་དང་སློབ་གསོ་ཇི་ལྟར་བྱས་ཀྱང་མི་ཉན་ན།  གྲྭ་བ་ཡིན་ན་ཚོགས་གྲལ་ནས་འཕུད་རྒྱུ་དང་།  གྲོང་བ་ཡིན་ན་དགོན་པ་དང་རང་ཉིད་བར་གྱི་ཆོས་འབྲེལ་གཅོད་རྒྱུ་མ་ཟད།  བྱ་ངན་ལ་རྒྱུན་དུ་ཞུགས་པའི་མི་དེ་དག་ལ་ལེགས་ཉེས་གང་བྱུང་ཡང་རུ་སྡེ་དང་།  ཉེ་འབྲེལ།  གྲྭ་བ་སོགས་མི་སུ་ཡང་ཉམས་ཞུགས་མི་བྱེད་རྒྱུ་བྱེད་དགོས་པ་དང་།  ད་དུང་སྲིད་འཛིན་ལས་ཁུངས་ཀྱིས་ལགས་ཐབས་སྤྱད་དེ་དྲག་རྩུབ་ཀྱིས་བཀག་སྡོམ་དང་རྩ་རྫོགས་བྱ་དགོས་པ།  མི་མང་འདུ་ས་དང་གསར་འགྱུར་བརྒྱུད་ལམ་ཁག་ནས་བཀག་སྡོམ་བྱ་དགོས་པའི་དྲིལ་བསྒྲགས་རྒྱ་ཆེན་པོ་བྱས་ཏེ།  མི་ཚང་མར་ཤེས་སུ་འཇུག་པ།  ཉེས་པ་བཟོ་མཁན་ལ་དཔོན་གནས་དང་ལས་གནས་ལས་ཕབ་པ་དང་།  ལས་གནས་བསྒྱུར་བཅོས་གཏོང་བ།  སྒོར་མོའི་ཆད་པ་གཅོད་པ་སོགས་ཞི་དྲག་གི་ཐབས་ལམ་མང་པོ་སྤྱད་དེ་བཀག་འགོག་བྱེད་དགོས།  ད་དུང་དུ་ནག་འཐེན་མཁན་དང་།  རྒྱལ་འཇོག་ཤོ་རྒྱག་མཁན་ལ་སྒོར་མོ་གཡར་ནས་དངུལ་བུན་ལེན་མཁན།  རྒྱལ་འཇོག་ས་དང་ཤོ་ཁང་ཕྱེ་བ།  རྒྱལ་འཇོག་ཤོ་རྒྱག་སོགས་མ་རབས་ཀྱི་བྱ་སྤྱོད་སྤེལ་མཁན་ཚོ་འགེབས་བསྲུང་བྱེད་མི་རྣམས་ལ་གཅིག་མཚུངས་ཀྱི་ཆད་པ་གཅོད་རྒྱུ་དང་བཀག་འགོག་བྱེད་དགོས།
བརྒྱད།  གོང་རིམ་ཁྲིམས་འཛིན་ལྟ་རྟོག་ལས་ཁུངས་ཀྱིས་ས་གནས་དངོས་སུ་ཞིབ་བཤེར་བྱེད་པའི་ཐབས་ཤེས་བསྒྱུར་ཏེ།  ཇ་ཁང་དང་ཆང་ཁང་སོགས་སུ་རྟོག་ཞིབ་འཕྲུལ་ཆས་བཞག་ནས་དངོས་དཔང་ར་སྤྲོད་བྱེད་པ་དང་རྒྱལ་ལྐུགས་མཁན་ལ་བྲོས་བྱོལ་གྱི་གོ་སྐབས་སྟེར་མི་རུང་།  རྒྱལ་འཇོག་ཤོ་རྒྱག་བྱེད་སའི་ཁང་བ་དང་ས་གནས་རྩད་གཅོད་ནན་མོ་བྱས་ཏེ་ཁང་བདག་སོགས་ལ་བཀག་སྡོམ་དང་ཆད་པ་ནན་མོ་གཅོད་དགོས། 
དགུ།  རྒྱལ་འཇོག་ཤོ་རྒྱག་གི་བྱ་བ་ངན་པ་བཀག་འགོག་གི་བྱ་འགུལ་འདི་ལ།  རྭ་རྒྱ་གྲོང་རྡལ་སྲིད་གཞུང་གི་རྒྱབ་སྐྱོར་དང་ཚོགས་པ་སོ་སོའི་སྣེ་ཁྲིད་བྱས་ནས་སྤེལ་བཞིན་ཡོད་ལ།  རྨ་བྱང་ཡུལ་ཚོ་དང་།  ཞོལ་མ་ཡུལ་ཚོ།  རྟ་བོ་དང་སྡོམ་ཁོག་ཡུལ་ཚོ་བཅས་ཀྱི་སྲིད་གཞུང་དག་ནས་ཀྱང་འདི་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་རོགས་རམ་མཉམ་ཞུགས་བཅས་བྱེད་རོགས་ཞེས་འབོད་སྐུལ་ཞུས་པ་ཡིན།  དགོན་པའི་བླ་མ་རྣམ་པ་དང་།  ལས་སྣེ།  མཁན་ཟུར།  དགེ་བཤེས།  སློབ་གསོ་བ་སོགས་ཀྱིས་རྒྱབ་སྐྱོར་དང་མཉམ་ཞུགས་བྱ་དགོས་ལ།  རྨ་ཉིན་སྲིབ་ཀྱི་སྡེ་བ་སོ་སོའི་ཏང་གཙོ་དང་།  སྡེ་དཔོན།  ཚོ་དཔོན།  ལས་འཁྱུར་ངལ་གསོ་བྱས་ཡོད་པའི་ལས་བྱེད་རྒན་པ།  ལྷག་བསམ་དཀར་པའི་མི་སྣ་རྒན་པ་སོགས་ཀྱིས་མཐའ་གཅིག་ཏུ་རོགས་རམ་དང་རྒྱབ་སྐྱོར་མཉམ་ཞུགས་བཅས་བྱེད་དགོས།
བཅུ།  ཡིག་ཆ་འདི་ནི་ས་གནས་འདིར་རྒྱལ་འཇོག་ཤོ་རྒྱག་གི་བྱ་ངན་བཀག་འགོག་བྱེད་པའི་བ་འགུལ་སྤེལ་སྐབས་སུ་རྭ་རྒྱ་དགོན་སྤྱི་ནས་འགྲེམ་སྤེལ་བྱས་པ་ཡིན།
༢༠༡༣ལོའི་ཟླ་༣ཚེས༢༥ཉིན།
 ༄༅། །རང་རེའི་རྭ་རྒྱ་དགོན་དགའ་ལྡན་བཀྲ་ཤིས་འབྱུང་གནས་ཀྱི་དད་ལྡན་ལྷ་འབངས་རྣམས་ཀྱི་ནང་ནས་རྒྱལ་འཇོག་ཤོ་རྒྱག་གི་བྱ་བ་ངན་པ་མཚམས་འཇོག་བྱས་ཏེ་ཡ་རབས་སྤྱོད་བཟང་གི་ལམ་ལ་ཞུགས་པའི་མི་བུ་བཟང་པོ།
     ཕྱོགས་བཅུའི་བླ་མ་རྒྱལ་བ་སྲས་དང་བཅས་པ་དགེ་འདུན་གྱི་སྡེ་བསྟན་སྲུང་ཡི་ཤེས་པའི་ཚོགས་དང་བཅས་པ་དཔང་དུ་བཞག་སྟེ་རྒྱལ་འཇོག་ཤོ་རྒྱག་གི་བྱ་བ་ངན་པ་དེ་རིང་ནས་དོ་བདག་གིས་མཚམས་འཇོག་བྱས་བ་ཡིན།
      དོ་བདག་གྱིས་རྒྱལ་འཇོག་ཤོ་རྒྱག་གི་བྱ་བ་ངན་པ་དེ་རིང་ནས་བཟུང་མཚམས་འཇོག་བྱས་པས།  ཁྱོད་ཀྱི་ཕ་མ་ཉེ་འབྲེལ་དང་བཅས་པའི་ཁྱིམ་མི་ཡོངས་ཀྱི་བྱ་བ་མཐའ་དག་ཅི་བསམ་འགྲུབ་པའི་ཆེད་དུ།  རང་རེའི་དགོན་པའི་བླ་མ་རྒྱལ་བ་སྲས་དང་བཅས་པ་དགེ་འདུན་གྱི་སྡེ་བསྟན་སྲུང་ཡི་ཤེས་པའི་ཚོགས་དང་བཅས་པའི་མདུན་དུ་སྐྱབས་འཇུག་དང་འཕྲིན་བཅོལ་ཡང་ནས་ཡང་དུ་ཞུ་རྒྱུ་ཡིན།  དོ་བདག་གྱི་སྙིང་སྟོབས་དང་ཆོད་སེམས་ཡ་རབས་བཅས་ཀྱི་བྱ་སྤྱོད་ལ་རྗེས་སུ་ཡི་རངས་དང་བསྔགས་བརྗོད་བྱས་པ་ཡིན་ལ།  རང་ཉིད་ཀྱི་ཤ་གསེང་ན་བོད་པའི་མི་བུ་ངོ་མ་ཞིག་གི་ཟུངས་ཁྲག་རྒྱུ་བཞིན་པ་དེ་མ་བརྗེད་པ་དང་སྐྱེས་པ་ཕོ་རབས་ཤིག་གི་རང་ཚུགས་མ་ཤོར་བ་བྱས་ཏེ།  དེང་ཕྱིན་ཆད་བྱ་བ་ངན་པ་དེའི་རིགས་ཀྱི་ནང་དུ་མི་ཞུགས་རོགས་ཞེས་རང་རེའི་དགོན་པའི་བླ་མ་རྣམ་པ་དང་མཁན་སློབ་མཁས་མང་འདུས་སྡེ་ཡོངས་ནས་ལག་ཟུང་ཐལ་མོ་སྙིང་ཁར་སྦྱར་ཏེ་ཡང་བསྐྱར་རེ་སྐུལ་བྱས་པ་ཡིན། 
རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱོང་གནས་སུ་སྤྱི་ལོ༢༠༡༣ལོའི་ཟླ༤ཚེས་༡༣ཉིན

 

གསར་འགྱུར།

Post navigation

Previous Post: ནམ་ཟླ་དྲོ་ཡང་སེམས་པ་འཁྱག་གི
Next Post: མ་མཐའ་ཡང་མི་གསུམ་བསད། ༡༣༠ རྨས་སྐྱོན་ཕོག

Comments (6) on “རྒྱན་འཇོག་ཤོ་རྒྱག་གི་བྱ་བ་ངན་པ་འགོག་ཐབས་ཀྱི་གྲོས་གཞི་འགའ།”

  1. མེ་ཏོག་དཀར་པོ says:
    2013-04-15 at 8:50 pm

    འདི་ལག་ལེན་དུ་བསྟར་ན་ལེགས་པོ་ཡིན་དང་ཡིན། དགའ་བསུ་ཡོད།

  2. རིགས་ལྡན་རྒྱལ་པོ says:
    2013-04-15 at 9:13 pm

    འདི་ནི་རྣམ་གཡེང་གྱི་སྒོ་ཆེན་པོ་ཡིན་ན། བྱ་ངན་འདི་རིགས་འགོག་པའ་རླབས་ཆེན་གྱི་གྲོས་བསྡུར་ལ་བསྔགས་བརྗོད་དང་ནན་ཏན་གནང་རོགས། གྲོས་ཚིག་ཙམ་དུ་མ་སོང་བར་ལག་ལེན་གདོང་ལེན་ངེས་གལ་ཆེ་བཅས།།

  3. ཀླུ་སྨྱོན། says:
    2013-04-16 at 1:25 am

    གཞན་ཕན་གྱི་བསམ་བློ་མེད་པའི་གྲོང་ཆོག་དང་ཤོ་རྒྱན་ཕལ་ཆེར་འདྲ། ང་ལ་ཉམས་མྱོང་ཡོད།

  4. གནམ says:
    2013-04-16 at 1:42 am

    ཆོས་ཁྲིམས་དང་ཡུལ་ཁྲིམས་རང་སྣང་བ་དེ་འདྲའི་རིགས་ལ་དགག་པ་མཐའ་གཅིག་དུ་ཡོད།

  5. བན་དེ་བ། says:
    2013-04-16 at 2:14 am

    གཞན་ཕན་གྱི་བསམ་བློ་མེད་པའི་གྲོང་ཆོག་དང་ཤོ་རྒྱག་སོགས་འདྲ་ཚུལ་གསུངས་པ་ནི། དེ་ལྟར་ན་གཞན་ཕན་གྱི་བསམ་བློ་མེད་པའི་ཀླུ་སྨྱོན་གྱི་རྩོམ་དང་ཤོ་རྒྱགས་པ་གཉིས་མི་མཚུངས་སམ།
    གཞན་ཕན་གྱི་བསམ་བློ་མེད་ནས་གྲོང་ཆོག་བྱེད་པར་གལ་ཆེ་ཤོས་ནི་སྦྱིན་པའི་བདག་པོ་འམ་ཕ་རོལ་པོའི་རྒྱུད་ལ་ཡིད་ཆེས་དང་དད་པ་སོགས་ཡོད་ན་འབྲས་བུ་ནམ་ཡང་བསླུ་མི་ཐུབ། ཐམས་ཅད་ལ་གཞན་ཕན་ཟེར་བ་ནི་དེང་སང་དར་བའི་སྐད་ཆ་ཞིག་རེད། རྒྱ་ནག་ལ་ངོ་རྒོལ་ཁྲོམས་བསྐོར་བྱེད་དུས་ཀྱང་་་་་བྱང་ཆུབ་སེམས་མཆོག་རིན་པོ་ཆེ་འདོན་པ་ལྟ་བུ་རེད། ཐེག་དམན་པས་གཞན་དོན་གྱི་སྐད་ཆ་དེ་འདྲ་མེད། དེ་ཚོའང་སངས་རྒྱས་ཀྱིས་མཛད་པའི་འཕྲིན་ལས་ཀྱི་ཆ་ཤས་དང་སངས་རྒྱས་ཀྱི་བསྟན་པར་ངོས་འཛིན་བྱེད་དགོས། ཐེག་དམན་གྱི་ཆོས་རྣམས་ཤོ་རྒྱན་དང་མཚུངས་སམ།

  6. ནོར་བུ་ says:
    2013-04-17 at 2:59 pm

    མི་ཚང་མ་གྲ་པ་མིན་པས་འགོག་ཐབས་བྱེད་མི་དགོས་ལ་བྱེད་ཀྱང་ཐུབ་ཀྱི་མ་རེད་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (21)
  • ན་ཟུག (7)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme