Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱབ་ཤ་དཀར་པོའི་དགག་ལན།

Posted on 2013-11-072013-11-07 By ཁ་བརྡ་ 4 Comments on རྒྱབ་ཤ་དཀར་པོའི་དགག་ལན།

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས།

༄༅།།ཕྱི་ལོ་༢༠༡༣ ལོའི་ཟླ་༡༠ ཚེས་༢༢ ཉིན་རྒྱ་ནག་རྒྱལ་སྲིད་སྤྱི་ཁབ་ཁང་གི་གསར་འགྱུར་གཞུང་ལས་ཁང་ཟེར་བས་<<བོད་ལྗོངས་ཀྱི་འཕེལ་རྒྱས་དང་ཡར་ཐོན་བྱུང་བ།>>ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་འདོན་ཐེངས་བཅུ་པར་གྲགས་པ་འགྲེམས་སྤེལ་བྱས་ཡོད་ལ། ཐེངས་འདིའི་རྒྱབ་ཤ་དཀར་པོའི་དེབ་ཀྱི་ནང་དོན་མདོར་བསྒྲིལ་ན་“བོད་ཞི་བའི་བཅིངས་འགྲོལ་གྱི་ལོ་ངོ་དྲུག་ཅུའི་”འཕེལ་རྒྱས་སྐོར་བཤད་ཡོད་ཅིང་། དེབ་དེའི་ནང་གསལ་སྟོན་བྱས་པའི་ནང་དོན་རྣམས་ཚན་པ་དྲུག་ལ་འགར་ནས་ཡོད་པ་སྟེ།
༡ དཔལ་འབྱོར་གོང་དུ་འཕེལ་ཚུལ་དང་དམངས་ཀྱི་འཚོ་བར་ལེགས་བཅོས་བྱུང་ཚུལ།
༢ ཆབ་སྲིད་ཡར་ཐོན་བྱུང་ཚུལ་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱས་ཚུལ།
༣ རིག་གནས་སྲུང་སྐྱོང་བྱས་པ་དང་ཆོས་དད་རང་མོས་ཡིན་ཚུལ།
༤ སྤྱི་ཚོགས་འཕོ་འགྱུར་བྱུང་ཚུལ་དང་བྱ་གཞག་ཁག་འཕེལ་རྒྱས་བྱུང་ཚུལ།
༥ ཁོར་ཡུག་སྲུང་སྐྱོང་དང་སྣོད་བཅུད་དཔལ་ཡོན་འཛུགས་སྤེལ་བྱས་ཚུལ།
༦ མི་མང་ལུས་ཁམས་བདེ་ཞིང་འཚོ་བ་སྐྱིད་པོ་ཡིན་ཚུལ་བཅས་བཀོད་ཡོད། དེས་ན་རྒྱ་ནག་གཞུང་གིས་བཤད་པ་ཇི་བཞིན་ད་ལྟའི་བོད་ས་ཁྱོན་ཡོངས་ཀྱི་གནས་སྟངས་དེ་ཡང་སྙིང་ཅི་འདྲ་ཞིག་ཡོད་མེད་གསལ་བཤད་བྱེད་རྒྱུར།

1. ད་ལྟའི་བོད་ནང་གི་དཔལ་འབྱོར་གནས་སྟངས་ཐད་ནས་བརྗོད་ན། ལྷ་ས་གྲོང་ཁྱེར་གྱིས་མཚོན་པའི་གྲོང་ཁྱེར་དང་། གྲོང་བརྡལ་ཁག་ལ་སྔར་ལས་ཅུང་ཟད་དཔལ་འབྱོར་ཡར་རྒྱས་ཕྱིན་ཡོད་ནའང་། དེ་དག་ཏུ་གནས་སྡོད་བྱེད་མཁན་ཕལ་ཆེ་བ་ནི་རྒྱ་མི་རིགས་དག་ཡིན་པས་ཡར་རྒྱས་ཕྱིན་པའི་དཔལ་འབྱོར་གྱི་ཁེ་ཕན་ཐོབ་ས་གཙོ་བོ་དེའང་རྒྱ་མི་རིགས་ཡིན་པ་ལས། བོད་མི་འདུ་སྡོད་བྱ་ས་གཙོ་བོ་ནི་གྲོང་གསེབ་ཀྱི་ཞིང་འབྲོག་ས་ཁུལ་ཁག་ཡིན་པས་དེ་དག་གི་དཔལ་འབྱོར་གནས་སྟངས་ནི་སྔར་བཞིན་ཉམས་ཐག་ཡིན་པས་ད་ལྟ་ཡང་དབུལ་ཕོངས་ཀྱི་འཆིང་རྒྱ་ལས་གྲོལ་ཐུབ་མེད།

2. ཆབ་སྲིད་ཡར་ཐོན་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་ཇི་ཙམ་བྱུང་བ་བརྗོད་ན། བོད་ནང་གི་ད་ལྟའི་ཆབ་སྲིད་ཀྱི་གནས་སྟངས་ནི་ཡ་ང་ཞིང་ཡིད་སྐྱོ་དགོས་པའི་ཛ་དྲག་ཧ་ཅང་ཆེ་བའི་གནས་བབས་སུ་ལྷག་ཡོད་ཅིང་། ཞི་བའི་ངོ་རྒོལ་བྱེད་མི་རྣམས་ཀྱི་སྟེང་དྲག་མཚོན་ཐོག་པའི་དམག་མིས་དྲག་གནོན་བསམ་ཡུལ་འདས་པ་བྱས་དང་བྱེད་མུས་ཡིན་པ་ནི་མང་དུ་བགྲངས་མི་དགོས་པར་ཉེ་ཆར་ཕྱི་ལོ་༢༠༡༣ ལོའི་ཟླ་བ་༡༠ ཚེས་༢༦ ཉིན་ལྷ་སར་ཚོགས་པའི་“ལྗོངས་ཡོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་བརྙན་ལམ་ཚོགས་འདུ”འི་སྟེང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་པདྨ་འཕྲིན་ལས་ཀྱིས་“མིག་སྔའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་དེ་བས་མངོན་གསལ་གྱི་གནས་བབ་ཐོག་འཇོག་པ། ཚད་མཐོའི་ཆབ་སྲིད་ཀྱི་དོགས་ཟོན་སྔ་ཕྱི་བར་གསུམ་དུ་རྒྱུན་འཁྱོངས་བྱེད་”དགོས་པའི་འཁྲིད་སྟོན་བྱས་ཡོད་ལ། ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་བོད་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་ཀྱི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཏེང་ཞའོ་ཀང་གིས“་ལྗོངས་ཡོངས་ཀྱི་རིམ་ཁག་དང་སྡེ་ཚན་ཁག་གིས་གཙིགས་མཐོང་གལ་ཆེན་དང་། དུས་རྟག་ཏུ་རིག་པ་དངས་གསལ་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་འབད་བརྩོན་ལྷོད་མེད་ཀྱིས་སྒོ་ནས་སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩི་བ། ལྷོད་གཡེང་དང་རྣམ་གཡེང་གི་བསམ་བློ་དང་དམག་འཐབ་ལ་སུན་སྣང་སྐྱེ་བའི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ། སྤྱི་ཚོགས་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། གསང་འཕྲིན་དང་ཆ་འཕྲིན་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་”དགོས་པ་སོགས་ཀྱི་ནན་བཤད་བྱས་ཡོད། གོང་གི་གཏམ་བཤད་ལས་ད་ལྟའི་བོད་ནང་གི་བོད་མིའི་ཚོའི་ཆབ་སྲིད་ཀྱི་གནས་བབ་ཚད་གཞི་ག་ཚོད་ཅིག་ཡོད་མེད་ལོང་བས་བལྟས་ཀྱང་ཁམས་གསུམ་ཡིན་ལ། ཅི་སྟེ་རྒྱ་ནག་གཞུང་གིས་བཤད་པ་ལྟར་བོད་ནང་གི་བོད་མི་ཚོའི་ཆབ་སྲིད་གནས་སྟངས་ཐོག་འདྲ་མཉམ་དང་དྲང་བདེན་ཞིག་ཡོད་ན། ཕྱི་ལོ་ ༢༠༠༩ ལོ་ནས་དེ་རིང་གི་བར་བོད་མིའི་བརྒྱ་དང་ཉི་ཤུ་རྩ་གཅིག་ཙམ་གྱི་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་དེ་ལྷག་དགོས་དོན་མེད་ལ། ༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མས་དབུས་བོད་མི་ཆབ་སྲིད་བཙོན་པ་ཆིག་སྟོང་ཡས་མས་ཤིག་གི་ཆབ་སྲིད་དབང་ཆ་དང་། ཐོབ་དགོས་པའི་འགྲོ་བ་མིའི་རང་དབང་གི་གོ་སྐབས་ཡོངས་སུ་བཙན་འཕྲོག་བྱས་ཏེེ་རྒྱ་ནག་གི་སྡུག་རྩུབ་ཤིན་ཏུ་ཆེ་བའི་བཙོན་ཁང་ནང་བཅུག་དགོས་པའི་རྒྱུ་མཚན་ཅི་ཡོད། དེར་བརྟེན་རྒྱ་ནག་གཞུང་གི་འགྲོ་བ་མིའི་ཐོབ་ཐང་དང་། དེ་བས་གྲངས་ཉུང་མི་རིགས་ཁག་གི་སྟེང་སྤེལ་བའི་ཆབ་སྲིད་ཀྱི་ལང་ཕྱོགས་ནི་དྲང་བཞག་དང་། འདྲ་མཉམ་ཏིལ་འབྲུ་ཙམ་མེད་པར་ཆེས་སྡུག་རྩུབ་དང་དྲག་གནོན་ཁོ་ནའི་འོག་ཏུ་འགྲོ་འདུག་བྱེད་དགོས་པའི་ཆབ་སྲིད་ཀྱི་གནས་བབས་ཤིག་བསྐྲུན་ཡོད།

3. རིག་གནས་སྲུང་སྐྱོབ་དང་ཆོས་དད་རང་མོས་ཡིན་ཚུལ་གྱི་ཐོག་ནས་བརྗོད་ན། ཐོག་མར་རྒྱ་ནག་གུང་ཁྲན་ཏང་གིས་བོད་ས་ཁྱོན་ཡོངས་ལ་དབང་བསྒྱུར་བྱས་ཚུན་ནས་སྔ་ཕྱི་བར་གསུམ་དུ་བོད་མི་རིགས་ཀྱི་སྐད་ཡིག་རིག་གཞུང་ལ་འཛིན་པའི་ལྟ་སྟངས་ནི་ཆེས་རྗེས་ལུས་དང་། བོད་ཀྱི་སྤྱི་ཚོགས་ནི་ཆེས་མུན་ནག་ཡིན་ལུགས་སུ་བརྙས་ཤིང་རྙིང་བཞི་རྩ་གཏོར་གྱི་ལས་འགུལ་འོག་ཧ་ལམ་ཤུལ་མེད་དུ་བཏང་ཡོད་ལ། བར་ལམ་ནས་སླར་ཡང་ནང་བསྟན་སློབ་གཉེར་གནང་མཁན་གྱི་གྲྭ་བཙུན་ལ་ཚད་བཀག་དང་། སློབ་གཉེར་ལ་སུན་གཙེར་སྣ་ཚོགས་བཟོ་བ། སློབ་གྲྭ་ཁག་ཏུ་བོད་ཀྱི་སྐད་ཡིག་རིག་གཞུང་སློབ་གཉེར་བྱ་ས་མེད་པའི་སྲིད་ཇུས་བཟོ་བ། བོད་ཀྱི་སྐད་ཡིག་སློབ་གཉེར་བྱེད་མཁན་ལ་ལས་ཞུགས་ཀྱི་གོ་སྐབས་མི་སྤྲོད་པ་སོགས་ལས་ཀྱང་རྒྱ་ནག་གཞུང་གིས་བོད་ཀྱི་རིག་གནས་སྲུང་སྐྱོང་ཇི་ལྟར་གནང་གི་ཡོད་མེད་ཟུར་བལྟས་ལེབ་མཐོང་ཡིན་ཞིང་། ང་ཚོས་ཐག་རིང་པོ་ཞིག་ནས་བརྗོད་མི་དགོས་པར་རྒྱབ་ཤ་དཀར་པོའི་དེབ་འདི་ཉིད་དྲིལ་བསྒྲགས་བྱས་པའི་ཉིན་བཞི་ཡི་རྗེས་ཏེ་ཕྱི་ལོ་ ༢༠༡༣ ལོའི་ཟླ་བ་ ༡༠ ཚེས་ ༢༦ ཉིན་ལྷ་སར་ཚོགས་པའི་“ལྗོངས་ཡོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་བརྙན་ལམ་ཚོགས་འདུ”འི་སྟེང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་བོད་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་ཀྱི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཏེང་ཞའོ་ཀང་གིས་“ལྗོངས་ནང་ཁུལ་གྱི་མི་སྣ་རྒྱལ་མཚམས་སྒྲོལ་ནས་དུས་འཁོར་དབང་ཆེན་ནང་ཞུགས་རྒྱུ་གཏན་འགོག་བྱེད་པའི་ལས་དོན་ཡག་པོ་སྒྲུབ་”དགོས་ཞེས་བཀའ་བཏང་ཡོད་པ་ལས་ཀྱང་གུང་ཁྲན་ཏང་གིས་བོད་ལ་ཆོས་དད་རང་མོས་ཅི་ཙམ་ཞིག་སྤྲོད་ཀྱི་ཡོད་པ་ར་སྤྲོད་གསལ་པོ་མི་འདུག་གམ།
གཞན་ཡང་ཟླ་འདིའི་ཚེས་གཅིག་ཉིན་བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲེན་ཆོན་གོ་ཡིས་བོད་ནང་རྒྱ་ནག་གཞུང་གི་སྒྲ་སྐད་ཁོ་ན་ལས་གཞན་མི་ཐོས་པ་བཟོ་རྒྱུ་ཡིན་ལུགས་ཀྱི་རྩོམ་ཡིག་ཅིག་སྤེལ་ཡོད་ཅིང་དེ་ཡང་། ཁྲེན་ཆོན་གོ་ཡིས་“རང་ལྗོངས་ཀྱི་སྤྱི་ཁྲི་ངོས་གྲུ་ཁྲི་ཚོ་ ༡༢༠ ཡོད་པའི་ཡངས་པའི་ས་གཞིའི་ཐོག་ཏང་གི་གསུང་སྒྲ་ཐོས་ཐུབ་པ་དང་གཟུགས་བརྙན་མཐོང་ཐུབ་པ་བཟོ་རྒྱུ་དང་། དགྲ་འཛིན་སྟོབས་ཤུགས་དང་ཏཱ་ལ་སྐྱེས་འཕྲེང་བཅུ་བཞི་པའི་སྐད་སྒྲ་ཐོས་མི་ཐུབ་པ་དང་གཟུགས་བརྙན་མཐོང་མི་ཐུབ་པ་བཟོ་དགོས་”ཞེས་པའི་བརྗོད་བབ་འདི་ཁོ་ནས་ཀྱང་ད་ལྟའི་བོད་ནང་ཆོས་དད་རང་མོས་དང་། འགྲོ་འདུག་རང་དབང་སོགས་མདོར་ན་འགྲོ་བ་མིའི་ཐོབ་ཐང་ཅི་ཙམ་ཞིག་ཡོད་པ་ལོང་བས་ཀྱང་མཐོང་ཚོད་དང་འོན་པས་ཀྱང་གོ་ཚོད་ཡིན།

4. སྤྱི་ཚོགས་འཕོ་འགྱུར་དང་བྱ་གཞག་ཁག་འཕེལ་རྒྱས་ཐད་ནས་བརྗོད་ན། ཕ་ཚ་བུ་རྒྱུད་ནས་ཞིང་ལས་འཐོན་སྐྱེད་ཀྱི་འཚོ་བར་རོལ་ཞིང་རང་སྣང་གང་སྐྱིད་ཀྱི་འཚོ་བ་དེ་ད་ཆ་གུང་ཁྲན་ཏང་གི་འཁྲིད་སྟོན་གྱིས་ཞིང་པའི་ས་ཞིང་བཙན་འཕྲོག་གིས་ཨར་ལས་འཛུགས་སྐྲུན་བྱས་ཏེ་བཟོ་གྲྭ་དང་། ཚོང་ར་སོགས་བཟོས་ཏེ་དེ་དག་གི་ཁེ་ཕན་ཡོད་ཚད་བོད་དུ་གཞིས་སྤོས་བྱས་དང་བྱེད་བཞིན་པའི་རྒྱ་མི་རིགས་ཀྱི་འཚོ་བའི་བརྟེན་ཁུངས་བཟོ་བ་དང་། འབྲོག་པའི་ཕྱུགས་ཟོག་གི་གྲངས་འབོར་ལ་ཚད་གཞི་བཟོ་བ། རྩྭ་ཁ་བཟང་སའི་རི་ལུང་མང་པོ་ཞིག་ནས་གཏེར་ཁ་སྣ་ཚོགས་བརྔོགས་འདོན་བྱས་ཏེ་རྒྱ་ནག་ཏུ་དབོར་འདྲེན་བྱས་དང་བྱེད་བཞིན་ཡོད་ལ། མདོར་ན་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་བརྟེན་ཁུངས་མེད་པ་བཟོས་ནས་དེ་དག་གྲོང་བརྡལ་ཅན་དུ་འགྱུར་ཐབས་བྱེད་པ་དང་། དེའི་དམིགས་ཡུལ་ནི་མི་རིགས་འཕེལ་རྒྱས་ལ་ཚད་བཀག་བཟོ་བདེ་བ་དང་། མི་རིགས་དེའི་རིག་གཞུང་རྩ་མེད་གཏོང་བདེ་བ། རྒྱ་ནག་གཞུང་ལ་དཔལ་འབྱོར་ཁེ་ཕན་ཐོབ་མང་བའི་སྲིད་ཇུས་ཁོ་ནར་དམིགས་པ་ཡིན།
དཔེར་ན་ཕྱི་ལོ་ ༢༠༡༣ ལོའི་ཟླ་བ་ ༡༠ ཚེས་ ༢༨ ཉིན་རྒྱ་ནག་གཞུང་གི<<མི་མང་དྲ་བས།>>སྤེལ་བའི་ “གཙང་གསུམ་ཆུ་འགོའི་འབྲོག་པ་ཁྲི་དྲུག་ཙམ་གྲོང་ཁྱེར་དུ་གནས་སྤོ་བྱས་པ”་ཞེས་པའི་འཕྲིན་ནང་། “མཚོ་སྔོན་གྱི་གཙང་གསུམ་ཆུ་འགོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་འཛུགས་སྐྲུན་གྱི་ལས་གྲྭ་ལག་ལེན་བསྟར་བ་དང་བསྟུན་མིག་སྔར་གཙང་གསུམ་ཆུ་འགོའི་ཁུལ་གྱི་ཞིང་འབྲོག་ཁྲི་དྲུག་ཙམ་རྩྭ་ཆུ་བཟང་སར་བསྐྱས་སྤོས་བྱས་ཏེ་གྲོང་ཁྱེར་གྱི་འཚོ་བ་སྐྱེལ་འགོ་ཚུགས་པ་རེད་”ཅེས་པའི་འགལ་འདུའི་ཤོད་སྟངས་དེས་ཞི་མིས་རང་གི་གཙོག་པར་ཐལ་བ་བཀབ་པ་བཞིན་གུང་ཁྲན་ཏང་གིས་སོ་སོའི་བྱས་ཉེས་སྦས་བསྐུང་ཇི་ལྟར་བྱས་ཀྱང་ཉི་ཤར་སྦར་མོས་འགེབས་ཐབས་མེད་ལ། བྱས་ཉེས་ངོ་ལ་ཇི་ཙམ་འཁྱེར་ནའང་འདིའི་རྒྱབ་ལྗོངས་དང་དམིགས་ཡུལ་ནི་གོང་དུ་དྲངས་པ་བཞིན་རྒྱ་ནག་གཞུང་གི་ཁེ་ཕན་ཁོ་ན་ལ་དམིགས་པ་ཞིག་ཡིན།

5. ཁོར་ཡུག་སྲུང་སྐྱོང་དང་སྣོད་བཅུད་ཐད་ནས་བརྗོད་ན། ད་ལྟའི་བོད་ཀྱི་ཁོར་ཡུག་གནས་སྟངས་ནི། ༡ རི་བོ་ཐམས་ཅད་པགས་པ་བཤུས་ཏེ་གཏེར་ཁ་གང་བྱུང་དུ་བརྔོགས་འདོན་བྱས་པས་རྩྭ་ས་དུ་མ་བེད་མེད་དུ་གྱུར་པའི་སྟབས་ཀྱིས་འབྲོག་པའི་ཕྱུགས་ཟོག་ལ་རྩྭ་ཁ་མ་འདངས་བར་གོད་ཆག་མི་ཉུང་བ་བྱུང་དང་འབྱུང་བཞིན་པ་དང་། དེས་རྐྱེན་པས་འབྲོག་པ་མང་ཚོགས་ཀྱི་འཚོ་བ་ལ་གནོད་སྐྱོན་ཚབ་ཆེན་ཕོགས་པ་མ་ཟད་རྩྭ་སའི་རྒྱ་ཁྱོན་ཆུང་དུ་སོང་བའི་སྟབས་ཀྱིས་མང་ཚོགས་ནང་ཁུལ་རྩྭ་སའི་དོན་དུ་འཁྲུགས་བརྩོད་ཆེ་ཆུང་རབ་དང་རིམ་པ་ཐོན་གྱི་ཡོད། ༢ བོད་ཁུལ་གྱི་གདོད་མའི་ནགས་ཚལ་གཅོད་དྲེག་བྱེད་ཐལ་ཆེ་བའི་སྟབས་ཀྱིས་ཆུ་ལོག་དང་། རང་བྱུང་གནོད་འཚེ་རིམ་པར་ཐོན་ཅིང་དེའི་དབང་གིས་ཡུལ་མི་མང་ཚོགས་གི་མི་རྒྱུ་ཟོག་གསུམ་གར་གནོད་སྐྱོན་ཚབ་ཆེན་ཕོགས་ཀྱིན་ཡོད་ལ། ནགས་ཚལ་ལ་འཚོ་གནས་བྱེད་པའི་རྩ་ཆེའི་རི་སྐྱེས་སྲོག་ཆགས་ཀྱང་མི་ཉུང་བ་ཞིག་རྩ་སྟོང་དང་གྲངས་འབོར་ཆགས་ཤིང་ཡོད། ༣ གཙང་ཆུ་མང་པོ་ཞིག་ཁ་བསྒྱུར་དང་། གློག་ཁང་གསར་རྒྱག བཟོ་གྲྭ་བཙུགས་པ་སོགས་ཀྱིས་ཆུ་མགོ་ཐམས་ཅད་འབག་གཙོག་བཟོས་པས་བོད་དང་ཁ་ཐག་ཉེ་བའི་ཨེ་ཤེ་ཡའི་ཁོར་ཡུག་སྤྱི་དང་། བྱེ་བྲག་བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་རྟེེན་ལ་དོ་ཕོགས་གཏོང་ཚད་ཤིན་ཏུ་ཆེན་པོ་ཡིན། དེ་ཡང་ཕྱི་ལོ་ ༢༠༡༣ ལོའི་ཟླ་བ་ ༡༠ ཚེས་ ༢༨ ཉིན་རྒྱ་ནག་གཞུང་གི་<<མི་དམངས་དྲ་བ།>>ཡིས་སྤེལ་བའི་“གཙང་གསུམ་ཆུ་འགོའི་འབྲོག་པ་ཁྲི་དྲུག་ཙམ་གྲོང་ཁྱེར་དུ་གནས་སྤོ་བྱས་པ”་ཞེས་པའི་འཕྲིན་ནང་། “དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་ཚུན་དུ་སྣོད་བཅུད་གནད་དོན་ཉིན་བཞིན་ཚབས་ཆེན་དུ་ཕྱིན་ཡོད་པ་རེད་”ཅེས་གུང་ཁྲན་ཏང་གིས་བོད་དུ་བཙན་འཛུལ་བྱས་པའི་རྗེས་ནས་བོད་ཀྱི་སྣོད་བཅུད་ཁྱོན་ཡོངས་ལ་ཉམས་ཉེས་བཏང་ཡོད་པ་རྒྱ་ནག་གཞུང་རང་གིས་ཀྱང་ཡོངས་གྲགས་ཁས་ལེན་བྱས་ཡོད།

6. མི་མང་ཀྱི་ལུས་ཁམས་བདེ་ཐང་དང་འཚོ་བའི་ཐད་ནས་གླེང་ན། གུང་ཁྲན་ཏང་གིས་བོད་ས་ཁྱོན་ཡོངས་ལ་བཙན་འཛུལ་བྱས་རྗེས་རྒྱ་མི་ཤིན་ཏུ་འབོར་ཆེན་བོད་དུ་མིང་འདོགས་སྣ་ཚོགས་ཀྱིས་གཞིས་སྤོས་བྱས་པ་དང་། གྲོང་ཁྱེར་དང་གྲོང་བརྡལ་གང་སར་ཞང་ཁང་། ཨར་ཁང་། རྒྱན་འཛུགས་ཁང་སོགས་ཆེ་ཆུང་དུ་མ་གསར་འཛུགས་བྱས་པའི་ཉེར་ལེན་གྱིས་བོད་མི་ན་གཞོན་དུ་མའི་མི་ཚེའི་མདུན་ལམ་དང་། ལང་ཚོ་ཡོངས་སུ་བརླགས་དང་རླག་བཞིན་ཡོད་ལ། བོད་དུ་སྔར་གྲགས་མ་མྱོང་བའི་ཉེན་ཚབ་ཆེ་བའི་འགོས་ནད་སྣ་ཚོགས་ཁྱབ་བརྡལ་དུ་འགྲོ་བའི་ཚད་གཞི་མགྱོགས་པ་དང་། གྲངས་ཚད་མང་བ་བཅས་ཀྱི་གནས་ཚུལ་ཐོན་བཞིན་པ་དང་། དེ་དག་ལ་དམིགས་པའི་སྨན་བཅོས་ཀྱི་མཐུན་རྐྱེན་མེད་པ། མཐའ་ཁུལ་གྱི་ཞིང་འབྲོག་ས་ཁུལ་ཁག་གཅིག་ལ་ད་དུང་ཡང་གཞུང་ལམ་ཚད་ལྡན་མེད་པ་དང་མང་ཚོགས་ཀྱི་འཚོ་བའི་གནས་བབ་ཆེས་ཉམས་ཞན་ཡིན།
བོད་ནང་ལ་མཚོན་ན་དུས་ད་ལྟ་ཡང་ཞི་བདེ་ལྷིང་འཇགས་ཀྱི་འཚོ་བ་ཞིག་སྐྱེལ་ཐུབ་ཀྱི་མེད་ཅིང་། ཕྱི་ལོ་ ༢༠༡༣ ལོའི་ཟླ་བ་ ༡༠ ཚེས་ ༡༨ ཉིན་བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་ཞི་ཅིན་ཕིན་གྱི་བཏོན་པའི་བསམ་འཆར་ལུང་དྲངས་པ་“རྒྱལ་ཁབ་སྐྱོང་ན་ངེས་པར་དུ་མཐའ་མཚམས་སྐྱོང་པ་དང་། མཐའ་མཚམས་སྐྱོང་པར་སྔོན་ལ་བོད་ལྗོངས་གཏན་འཇགས་ཡོང་དགོས་”ཞེས་དང་། <<མི་དམངས་དྲ་བས།>> ཕྱི་ལོ་ ༢༠༡༣ ལོའི་ཟླ་བ་ ༡༠ ཚེས་ ༢༩ ཉིན་སྤེལ་བའི་འཕྲིན་ནང་“བོད་ལྗོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་བརྟན་ལྷིང་བཅས་ཡོང་རྒྱུར་འགན་ལེན་བྱེད་དགོས་”ཞེས་པའི་བརྗོད་གཞིའི་འོག་“ཚད་མཐོའི་ཆབ་སྲིད་ཀྱི་དོགས་ཟོན་སྔ་ཕྱི་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་རྩ་བ་དེ་དམ་པོར་འཛིན་པ། ལས་འགན་ཁ་གསལ་དང་འགན་འཁྲི་དོན་འཁྱོལ་བཅས་བྱས་ཏེ་ཚགས་ཚུད་དོ་ནན་གྱི་སྒོ་ནས་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བཅས་བྱས་ཏེ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུའུ་ཚང་འཛོམས་གྲོས་ཚོས་ཐེངས་གསུམ་པ་བདེ་བླག་ངང་འཚོག་ཆེད་བདེ་འཇགས་ཞི་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་གཏོད་རྒྱུར་འགན་ལེན་དང་ལྗོངས་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་བརྟན་ལྷིང་བཅས་ཡོང་རྒྱུར་འགན་ལེན་བྱེད་དགོས་”ཞེས་བཤད་ཡོད་པ་ལས་ང་ཚོས་གསལ་པོ་ཤེས་ཐུབ་པ་ནི་རྒྱ་ནག་གཞུང་གིས་ཁ་གཅིག་ནས་བོད་ནང་ཆབ་སྲིད་བརྟན་ལྷིང་ཡིན་རབས་དང་། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ཡིན་རབས་ཀྱི་མི་བདེན་རྫུན་བསྒྲིགས་རྐྱང་རྐྱང་བརྗོད་དེ་འཛམ་གླིང་མི་དམངས་མགོ་སྐོར་གཏོང་ཐབས་བྱེད་ཀྱི་ཡོད་ནའང་། དོན་དངོས་ཐོག་བོད་ནང་ཆབ་སྲིད་ཀྱི་རང་དབང་ཅུང་ཟད་ཙམ་མེད་པའི་ཐོག་སྤྱི་ཚོགས་བརྟན་ལྷིང་ལ་ཁ་གཡར་ནས་བོད་མི་རིགས་ལ་རྡུང་རྡེག་དང་། འདྲ་མཉམ་དང་དྲང་བདེན་མེད་པར་མི་རིགས་དབྱེ་འབྱེད་ཀྱིས་སྲིད་ཇུས་བཟུང་ནས་དོན་ངོ་མའི་སྤྱི་ཚོགས་བརྟན་ལྷིང་མེད་པ་བཟོ་མཁན་གཙོ་བོ་དེ་རྒྱ་ནག་གཞུང་ཡིན་པས། དྲང་བདེན་ལ་དགའ་བ་དང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མཐོང་གནང་མཁན་གྱི་རྒྱལ་ཁབ་དང་། ཚོགས་སྡེ་ཁག མི་སྒེར་བཅས་ཚང་མས་རྒྱ་ནག་གཞུང་གི་དྲང་བདེན་གྱིས་ཕོངས་ཤིང་སྡུག་རྩུབ་ཀྱི་གཏིང་བརྣགས་པའི་སྲིད་ཇུས་ཀྱི་གདོང་རིས་ངོ་མ་དེ་གསལ་རྟོགས་གནང་རྒྱུ་དང་། བྱེད་བབ་དེ་དག་ལ་ནུས་པ་ཐོན་པའི་བྱ་ཐབས་སྤེལ་རྒྱུར་འབོད་སྐུལ་ཡང་ཞུ་བཞིན་ཡོད།

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ནས།
སྤྱི་ལོ་ ༢༠༡༣ ལོའི་ཟླ་བ་ ༡༡ ཚེས་ ༦ ཉིན་སྤེལ

དཔྱད་རྩོམ།

Post navigation

Previous Post: ཀླུ་སྨྱོན་གྱིས་དྲ་འབུ་ཚོར་བཀའ་བསྩལ་པ།
Next Post: རང་བཙན་ཐོབ་ཀྱི་མ་རེད་ཟེར་བ་ལ་དྲི་བ་ཞིག

Comments (4) on “རྒྱབ་ཤ་དཀར་པོའི་དགག་ལན།”

  1. ལོག་སྨྲ་ཚར་གཅོད། says:
    2013-11-07 at 2:49 am

    ཡག་པོ་འདུག་སྟེ་ད་དུང་དགག་པ་རྒྱག་སྟངས་ཐད་དེ་ལས་ཚད་མཐོ་བ་ཞིག་ཨེ་ཐོན་བལྟ་རྒྱུ་གལ་ཆེ།

  2. ལྷ་སྡེ་གནམ་ལོ་ཡག says:
    2013-11-08 at 1:11 am

    རྒྱབ་ཤ་དཀར་པོའི་དེབ་ཀློག་སྐབས། རྩ་བ་འཛིན་ཤེས་རྒྱུ་དེ་ཧ་ཅང་གི་གལ་ཆེན་རེད། རྩ་བ་ཞེས་པ་དེ་མཚམས་ལ་ལར་ཚིག་རེ་གཉིས་ནང་བསྡུས་ཡོད་ཀྱང་སྲིད་ལ། དེ་ནི་དམིགས་འདུན་ཡིན་པས། མ་འོངས་པར་ཡང་འགྲེལ་རྒྱག་སྐབས་མ་གཏོགས་རྟོགས་མི་ཐུབ་པའི་དུས་ཀྱང་གང་མང་ཡོད། དེ་བས། ད་རེས་ཕལ་ཆེར་ངྷ་རམ་སཱ་ལའི་ཕྱོགས་ནས་རྒྱབ་ཤ་དཀར་པོའི་དེབ་འདིའི་རྩ་བ་འཛིན་ཐུབ་མི་འདུག

    རྩ་བ་གང་རེད་ཅེ་ན། ཆབ་སྲིད་ཤེས་རིག་དཔལ་འབྱོར་སོགས་ནམ་རྒྱུན་གྱི་བཤད་སྟངས་ལས་རྩ་བ་མ་རེད་ལ། རྩ་བ་ངོ་མ་ནི་སྔར་གྱི༼ཏཱ་ལའི་རུ་ཚོགས༽ཟེར་བར་འགྱུར་བ་བཏང་ནས༼ཏཱ་ལའི་སྐུ་ཕྲེང་བཅུ་བཞི་བའི་རུ་ཚོགས༽ཞེས་པ་འདི་རེད། དེ་ཡིས་དོན་དག་གཉིས་སྟོན་གྱི་ཡོད་དེ། ༡ རྒྱ་དམར་གཞུང་གི་དགོས་འདུན་ཡོད་ཚད་འོག་མགོ་བསྒུར་ན་མ་གཏོགས་རྒྱལ་བ་རིན་པོ་ཆེ་བོད་ལ་ལོག་རྒྱུ་མེད་པ། ༢ སྐུ་ཕྲེང་བཅོ་ལྔ་བ་ནི་ཁ་བྲལ་ལ་རྡུང་རྡེག་གཏོང་མཁན་ཞིག་ཏུ་བསྒྱུར་འདུན་འཆིང་ཡོད་པ་དེ་རེད།

    དེའི་རྐྱེན་གྱིས་བོད་རང་སྐྱོང་ལྗོངས་ཟེར་བའི་ཧྲུའུ་ཅི་ནས་ཀྱང་རྩོམ་ཡིག་སྤེལ་ནས་༼ཏཱ་ལའི་སྐུ་ཕྲེང་བཅུ་བཞི་བའི་རུ་ཚོགས༽ཟེར་བ་བཀོལ་འདུག་ལ། འདི་ནི་རྒྱ་དམར་གཞུང་གིས་ངྷ་རམ་སཱ་ལར་འཛིན་པའི་སྲིད་བྱུས་རེད།

  3. སྤོབས་པ་མཐའ་ཡས། says:
    2013-11-08 at 4:27 am

    ལན་ཞིག་བརྒྱབས་ཐུབ་པ་དེ་ཡང་འགྲིགས་འདུག ཐུགས་རྗེ་ཆེ། རྒྱ་གཞུང་གིས་བཤད་པ་ཚང་མ་རྒྱུན་ལྡན་དུ་བརྩིས་ནས་ལན་མ་བརྒྱབ་པར་བཞག་ན་ཡག་པོ་མེད། ཏཱ་ལའི་བླ་མ་རང་གི་ཕྱོགས་ནས་ཀྱང་རྒྱ་གཞུང་གིས་ཚིག་རེ་རེ་བཞན་དུ་ཁོ་རང་དང་འབྲེལ་བ་ཡོད་པ་ཞིག་ཡིན་ཕྱིན་སྣང་མེད་དུ་མི་འཇོག་པར་ལན་ཅི་ཐེབས་བྱེད་དགོས་རྒྱུ་དེ་ཁོ་ཚོ་དང་འབྲེལ་བ་བཟོ་བའི་སྔོན་འགྲོ་རེད། དགུ་བཅུ་གསུམ་ཚོགས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

  4. ཇུས་མེད་ཇུས་གཏོགས། says:
    2013-11-08 at 5:09 am

    རྒྱབ་ཤ་དཀར་པོའི་དེབ་ལ་ཞིག་བརྒྱབས་པ་དེ་ཡང་ ཐུགས་རྗེ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme