Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་རིགས་འབྲེལ་མཐུད་པའི་སྐོར།

Posted on 2016-03-132016-03-13 By ཁ་བརྡ 10 Comments on རྒྱ་རིགས་འབྲེལ་མཐུད་པའི་སྐོར།

སྟག་སྨྱོན། ཡོ་རོབ།

 
བཀའ་ཤག་སྔ་ཕྱི་དང་སྲིད་སྐྱོང་ལས་ཁུངས་ནས་རྒྱ་རིགས་སྤྱི་དང། ལྷག་པར་ཕྱི་རྒྱལ་ཁག་ཏུ་ཡོད་པའི་རྒྱ་རིགས་ཚོ་ལ་འབྲེལ་བ་ཞུ་རྒྱུ་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་གནད་འགག་ཆེན་པོ་ཞིག་ཏུ་བརྩི་གི་ཡོད་གསུངས་སོང་། འོན་ཀྱང་ཨ་རིའི་བཙན་བྱོལ་བོད་མའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས། ལས་གནས་ནས་ཕྱིར་འཐེན་བྱས་ཏེ་ཕྱིར་རྡ་སར་ཚུར་བླངས་རྗེས། ཨ་རིའི་བོད་མིའི་དོན་གཅོད་ཁང་དུ་རྒྱ་རིགས་འབྲེལ་མཐུད་པ་མ་རྙེད་པར། ལོ་གཅིག་ཙམ་རིང་འབྲེལ་མཐུད་པའི་ས་མིག་སྟོང་པ་བཞག་འདུག ད་དུང་ཡིན་ནའང་སྟོང་པ་ལྷག་ཡོད། དེ་འབྲེལ་གྱི་ལས་དོན་ལ་འཐུས་ཤོར་ག་ཚོད་བྱུང་ཡོད་མེད་ཚོད་རྩིས་བྱེད་ཁག་པོ་ཆགས་ཡོད།

འོན་ཀྱང་རྒྱ་རིགས་འབྲེལ་མཐུད་པ་མི་རྙེད་ན། གནས་སྟངས་དམིགས་བསལ་ཅན་གྱི་འོག་ནས། ལུས་ཡུན་རྫོགས་མིན་ལ་མ་ལྟོས་པར། ཁོང་གི་ཚབ་ཏུ་ལས་བྱེད་སུ་བསྐོ་བཞག་བྱེད་གཏན་མ་ཁེལ་བར་དུ། འབྲེལ་མཐུད་པ་ཟུར་བ་ཀུན་དགའ་བཀྲ་ཤིས་ལགས་སུ་མུ་མཐུད་འཕྲེལ་སེལ་གྱི་ངོ་བོའི་ཐོག་ནས་འགན་ཁུར་བཅུག་ན། གལ་ཆེར་བརྩི་བཞིན་པའི་འབྲེལ་མཐུད་པའི་ས་མིག་དེ་སྟོང་པ་བཞག་པ་ལས་རྒྱུ་མཚན་ལྡན་པ་མཐོང་གི་འདུག དཔེར་ན་ Brussels ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་དོན་གཅོད་ཁང་དུ་ཡུལ་སྐད་ཤེས་མཁན་མ་རྙེད་པར་བརྟེན། སྔོན་མ་ཡོད་བཞིན་པའི་ལས་བྱེད་རིག་འཛིན་ཆོས་གྲགས་ལགས་བསྐྱར་དུ་བསྐོས་ཡོད་གསུངས་པ་ལྟར། གནས་དུས་ལ་དཔག་པའི་ལས་བྱེད་བསྐྱར་ནས་ཡང་དུ་བསྐོ་བཞག་བྱེད་པའི་ལམ་སྲོལ་ཡོད་བཞིན་དུ། ཨ་རིའི་བོད་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་ལགས་རྡ་སར་ལེན་རྒྱུ་དེ། རྒྱ་རིགས་མི་མང་དང་འབྲེལ་མཐུད་པའི་ས་མིག་སྟོང་པ་ལྷག་རྒྱུ་ལས་ཀྱང་གལ་ཆེ་དང་ཛ་དྲག་ཅི་ཞིག་བྱུང་བ་ཡིན་ནམ།

བཀའ་ཤག་གི་ངོས་ནས་ལས་བྱེད་གནས་སྤོར་གནང་སྟངས་འགྲོ་ལུགས་དང་རྒྱུ་མཚན་ལྡན་པ་ཞིག་ངེས་པར་དུ་ཡིན་དགོས། གཞུང་གིས་གནད་འགག་ཧ་ཅང་ཆེན་པོར་བརྩི་བཞིན་པའི་ལས་གནས་ཡོད་པའི་ལས་བྱེད་གལ་ཆེན་པོ་ཞིག་གནས་སྤོར་གཏོང་དགོས་ན། གནས་སྤོར་ལག་ལེན་མ་བསྟར་སྔོན་ལ་གནས་སྤོར་བཏང་བའི་རྗེས་སུ་ཚབ་ཏུ་ལས་བྱེད་སུ་འདྲ་ཞིག་བསྐོ་བཞག་བྱེད་རྒྱུ་གྲ་སྒྲིག་དང་གདེང་ཚོད་ཡོད་དགོས། ལས་གནས་རྩིས་སྤྲོད་རྩིས་ལེན་གྱི་མཚོན་པའི་གནས་སྤོའི་བརྒྱུད་ཆ་ཚང་འགྲོ་དགོས་སྙམ།
དེ་མིན་གནས་སྤོར་གནང་རྒྱུ་ཁོ་ན་ཙམ་ལས་གནས་སྤོ་བཏང་ཚར་བའི་རྗེས་སུ། གང་བྱེད་གྲ་སྒྲིག་དང་གདེང་ཚོད་གང་ཡང་མེད་པར་ཚོད་ཚོད་ལ་ལས་བྱེད་གནས་སྤོར་བཏང་རྗེས། གཞི་ནས་ལས་བྱེད་རྙེད་ཀྱི་མི་འདུག་གསུངས་ནས་ཟླ་བ་མང་པོ་དང་ལོ་བྱས་ནས། ཆེས་གལ་ཆེན་ཡིན་ལུགས་བརྗོད་བཞིན་པའི་གལ་གནད་ཅན་གྱི་ལས་གནས་དེ་བཞིན་སྟོང་པ་ལྷག་བཅུག་པ་ནི་བཀའ་ཤག་གི་འཐུས་ཤོར་ཆེན་པོ་དང་། གཞང་གི་ལས་ཀ་སྒྲུབ་སྟངས་ཀྱི་ཉམས་མྱོང་མ་འདང་བ་ལ་ངོས་འཛིན་ཞུ་རྒྱུ་ལས་འགྲེལ་བཤད་གཞན་མེད།

དེ་བཞིན་དམིགས་བསལ་སྐུ་ཚབ་དང་ལྷོ་ཕྱོགས་ཀྱི་ལྷོ་སྤྱི་སོགས་བོད་མའི་སྒྲིག་འཛུགས་ཀྱི་ལས་གནས་གལ་གནད་ཆེན་པོ་གཞན་ཡང་སྟོང་པ་ལྷག་ཡོད་སྙམ། དེ་འབྲེལ་གྱི་གཞུང་དོན་ཐོག་འཐུས་ཤོར་ག་ཚོད་བྱུང་ཡོད་མེད་ཚོད་རྩིས་བྱེད་ཁག་པོ་ཆགས་ཡོད།

མཇུག་དོན་སྲིད་སྐྱོང་བློ་བཟང་སེང་གེ་ལགས་དུས་དང་རྣམ་པ་ཀུན་ཏུ་གཞུང་གི་ལས་དོན་ཆེ་ཕྲ་ཆུང་གསུམ་ཡོངས་རྫོགས་གྲ་སྒྲིག་དང་གདེང་ཚོད་མེད་པར་ཧོལ་རྒྱུགས་བྱེད་མཁན་གྱི་སེང་གེ་ཁོག་སྟོང་ཞིག་མ་ཡིན་པར། འདས་པའི་ཉམས་མྱོང་། ད་ལྟའི་གནས་སྟངས། མ་འོངས་པའི་གྲུབ་འབྲས་གསུམ་ཀ་གཞི་བཏིང་ནས་བབ་བརླིང་གཏན་གསུམ་དང་ལྡན་ཞིང་། ལྷག་པར་དུ་ཆེ་འདོད་དང་གྲགས་འདོད་ཀྱིས་སྨྱོ་བ་མ་ཡིན་པར། ཧར་ཝ་ཊའི་འབུམ་རིམ་པའི་ལག་ཁྱེར་དང་རང་གི་དམ་ཚིག་གསུམ་པོ་བོད་འབངས་མགོ་སྐོར་གཏོང་བྱེད་ཀྱི་སྟོང་གཏམ་ཙམ་མ་ཡིན་པར། དོན་སྙིང་གྱིས་ཕྱུག་པའི་གྲ་སྒྲིག་དང་གདེང་ཚོད་ལྡན་པའི་ཐོག་ནས་བཤད་པ་ལག་ལེན་དངོས་ཀྱིས་ཡིད་ཆེས་འཕེར་བ་གནང་རྒྱུ་གལ་ཆེའོ།།

ལོ་ཤས་རིང་དྲ་ཐོག་ཏུ་ཡིག་འབྲུ་གཅིག་ཀྱང་བྲིས་མ་མྱོང་ཡང་། ཉེ་དུས་འོས་བསྡུའི་ས་ཡོམ་དྲག་པོས་བོད་མིའི་སྤྱི་ཚོགས་ཧྲིལ་བོ་སྒུལ་བཞིན་བ་ཚོར་བྱུང་། མདང་དགོང་ཕྲན་ནས་ཀྱང་ཨ་རིའི་བོད་སྐད་བརྙན་འཕྲིན་ཁང་གིས་སྲིད་སྐྱོང་བློ་སེང་ལ་བཅར་འདྲི་ཉན་པ་ཡིན། དེ་ལ་བསམ་ཚུལ་ཐུང་ཐུང་འདི་འབད་བརྩོན་ཆུང་ཆུང་ཞིག་སྤུས་ཀ་ལ་མ་ལྟོས་པར་བྲིས་པ་ཡིན།

བསམ་ཚུལ།

Post navigation

Previous Post: ཆོལ་ཁའི་འཐེན་ཁྱེར་གྱི་མཁྲིས་ནད་ཕོག་པའི་སྲིད་སྐྱོང་འོས་མི་གཉིས།
Next Post: བཙན་བྱོལ་ནང་གི་འོས་བསྡུ།

Comments (10) on “རྒྱ་རིགས་འབྲེལ་མཐུད་པའི་སྐོར།”

  1. ལྷ།བྱ་འཕུར་མ། says:
    2016-03-13 at 3:23 pm

    ཁྱེད་ཀྱིས་སེམས་འཁུར་གནང་བར་ཐུགས་རྗེ་ཆེ་ཞུ།

  2. palden says:
    2016-03-13 at 5:03 pm

    སྤྱིར་ན་བློ་སེང་ཟེར་བ་འདི་སྲིད་སྐྱོང་བསླེབས་པ་ནས་བཀྲ་མ་ཤིས་པའི་འགོ་བཙུགས་སོང་། བཀྲ་མ་ཤིས་པ་དང་པོ། ཁོ་རང་དང་ཕ་ཡུལ་གཅིག་པའི་ལི་ཐང་བ་དོལ་ཚོགས་བ་རྣམས་ངར་ཤུགས་ཆེ་སོང་། བཀྲ་མ་ཤིས་པ་གཉིས་པ། ལྐོག་ཟ་རུལ་སུངས་དང་འབྲེལ་བའི་ཨ་རིའི་ནང་གི་ཁང་རྙོག་སྐོར་རེད། བཀྲ་མ་ཤིས་པ་གསུམ་པ། རྒྱལ་བའི་སྐུ་ཚབ་གཉིས་མེད་པར་བཏང་སོང་། བཀྲ་མ་ཤིས་པ་བཞི་བ། ཨ་རིའི་དོན་ཁང་ནང་གི་སྐུ་པར་རྙོག་གླེང་། བཀྲ་མ་ཤིས་པ་ལྔ་བ། ཆུ་སྒང་གསར་བ་དང་འབྲེལ་བའི་དུས་དབང་ཕྱིར་འགྱངས་གནང་རིང་གི་རྙོག་གླེང་། བཀྲ་མ་ཤིས་པ་དྲུག་པ། ཤེས་ཡོན་སྲིད་ཇུས་ཁ་ཞེ་གཉིས་མེད་ཐོག་ལག་ལེན་དུ་བསྟར་མེད་པ་དེ་རེད།
    བཀྲ་མ་ཤིས་པ་བདུན་པ། དབུ་མ་དང་རང་བཙན་བར་རྙོག་གླེང་བྱུང་ཡང་བར་འདུམ་མ་བྱས་པར་ཁར་སྣང་མེད་དུ་བཏང་བ་དེ་རེད། བཀྲ་མ་ཤིས་པ་བརྒྱད་པ། རང་གི་ལས་གྲོགས་མ་མཐུན་པའི་ཁར་དབང་ཆ་སྒེར་སྤྱོད་བྱས་པ་དེ་རེད། བཀྲ་མ་ཤིས་པ་དགུ་པ། ཁོ་རང་ལ་དགག་རྒྱག་མཁན་སུ་ཡིན་སྤྱི་ཚོགས་ནང་ངོས་ཟིན་པ་བྱས་ནས་པར་རྒྱག་དགོས་སར་པར་བརྒྱབ་ནས་ང་ལ་འབྲེལ་བ་གནོངས་དང་། རྒྱ་གར་ཉེན་རྟོག་པར་རྩིས་སྤྲོད་དགོས་ཡིན་ཟེར་དེ་རེད། ང་ཚོ་བོད་འབངས་སྤྱི་དང་། འཛམ་གླིང་གི་རྒྱལ་ཁབ་རྣམས་ཀྱིས་ཞི་བདེའི་དེད་དཔོན་དུ་བརྩིས་ནས་གོང་བཀུར་ཚད་མེད་སྣང་ས་ཁོང་ལ་ཁྱེད་རང་དང་ཕ་ཡུལ་གཅིག་པའི་ལི་ཐང་དོལ་རྒྱལ་རྗེས་འབྲང་བ་རྣམས་རྒྱ་གར་དང་ཨ་རི། ཡུ་རོབ་སོགས་ཀྱི་ཉེན་རྟོག་རྩིས་སྤྲོད་མི་གནང་དོན་ཅི་ཡིན། ཁྱེད་རང་ལྐོག་ཟ་རུལ་སུངས་པ་ཞིག་པར་ཨ་རིའི་ནང་སྙན་གྲགས་ཡོད་པའི་ཚགས་པར་སྟེང་ཐོན་པ་མ་ཟད། རྩོམ་པ་པོ་མོ་རང་སྤྱི་ཚོགས་ཐོག་དངོས་སུ་ཕེབས་ནས་བཀའ་མོལ་གནང་ཡོད་པ་ཁྱེད་ཀྱིས་ཤེས་ཡོད། ཁྱེད་རང་གིས་མོ་ཨ་རིའི་ཉེན་རྟོག་པར་རྩིས་མི་སྤྲོད་དོན་ཅི་ཡིན། ཁྱེད་ནི་ལྟས་ངན་དགུ་དགུ་བརྒྱད་ཅུ་གྱ་གཅིག་ཚང་བའི་མི་ཞིག་ཡིན་པས། བོད་སྤྱི་ཚོགས་ཐོག་མི་མཐུད་ལས་ཀ་བོད་མི་རིགས་ཕོངས་ལ་སྦྱོར་རྒྱུ་ཡིན་པ་ད་ལྟ་ནས་གསལ་བོ་ཤེས་ཡོད། བློ་སེང་གི་རྒྱབ་སྐྱོར་བ་རྣམས་ཀྱིས་དེ་སྔོན་རང་རིགས་གཅིག་པར་གསོད་གཏུབ་ཀྱི་སྡིགས་ར་བསྐུལ་ཡོད། བློ་སེང་གི་ཁ་ནས་ཡ་རབས་སྤྱོད་བཟང་བཤད། རང་འོག་གི་འབངས་མི་ཉམ་ཐག་དོན་མེད་ཁྲིམས་ལ་སྦྱོར་རྒྱུ་ཡིན་ཟེར་བ་དེ་ཡ་རབས་སྤྱོད་བཟང་དང་མཐུན་ཡོད་དམ། བློ་སེང་དང་ཁོའི་རྒྱབ་སྐྱོར་བ་རྣམས་ཀྱིས་བྱས་སྟངས་བལྟས་ན་སེ་རེ་ཡའི་འགྲོ་སྟངས་དེ་བོད་སྤྱི་ཚོགས་ཐོག་སྤེལ་རྩིས་ཀྱི་སྦྱོར་བ་རྩོམ་བཞིན་འདུག དྲག་སྤྱོད་པའི་ལས་ཀ་འདི་བློ་སེང་གིས་འགོ་རྩོམ་གྱིན་འདུག བོད་མི་རྣམས་ཀྱིས་སོམས་དང་། སྤེན་ཚེ་ལངས་དགོས་དོན་དང་། བདེ་ཆོས་ཀྱིས་དགོངས་ཞུ་གནང་དོན། འདི་དག་ལ་ལྟོས་དང་སུ་ཞིག་བདེན་པའི་རྒྱབ་ཏུ་ཡོད་མེད་བློ་གཟུར་བོ་གནས་པའི་མི་ཞིག་ཡིན་ན་རྟོགས་ཐུབ་བོ།།

  3. palden says:
    2016-03-13 at 5:06 pm

    ཆད་སྐྱོན་མང་བོ་འདུག ཡིན་ཡང་བསྐྱར་འབྲི་བྱེད་པའི་དུས་ཁོམ་མི་འདུག་པས་དགོངས་དག་ཞུ།

  4. པད་རྣམ། says:
    2016-03-13 at 6:22 pm

    སྟག་སྨྱོན་ལགས་ནས་བསམ་ཚུལ་རྒྱུ་མཚན་དང་ལྡན་པ་ཞིག་བྲིས་འདུག ཀུན་དགའ་བཀྲ་ཤིས་ལགས་ནེའུ་ཡོག་དོན་གཅོད་ན་ཡོད་དུས་ཐེངས་ཁ་ཤས་ཐུག་མྱོང་། ༧རྒྱལ་བ་རིན་པོ་ཆེ་ཨ་རི་ལ་ཆིབས་སྒྱུར་གནང་དུས་རྒྱ་མི་མང་པོ་ལ་འབྲེལ་གཏུགས་ཀྱིས་༧གོང་ས་མཆོག་ལ་མཇལ་མོལ་ཐེངས་མང་བཀོད་སྒྲིག་གནང་གི་ཡོད། ཁོང་གིས་དུས་རྒྱུན་དུ་རྒྱ་མི་སྒེར་པའི་བོད་དོན་སྐོར་ལ་བྲིས་པའི་རྩོམ་དེ་འདྲདང་། རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་སྲིད་ཇུས་སོགས་རྟག་པར་བརྒྱུད་སྐུར་གནང་ནས་ང་ཚོས་རྒྱ་མིའི་བསམ་ཚུལ་ཤེས་པ་ལ་ཕན་ཐོགས་ཧ་ཅང་ཆེན་པོ་ཡོང་གི་ཡོད། དེ་བཞིན་རྒྱ་མི་ཤེས་ཡོན་ཅན་སྒེར་པ་དེ་དག་གིས་བོད་དོན་ཤེས་པ་ལ་ཡང་ཕན་ཐོགས་མི་ཆུང་བ་ཞིག་བྱུང་བ་ལ་ཡིད་ཆེས་ཡོད།
    ཡུན་རིང་པོ་ཞིག་ལ་ཀུན་དགའ་ལགས་ལ་ཐུག་མ་བྱུང་། ཁོང་གིས་བརྒྱུད་སྐུར་གྱི་རྩོམ་ཡིག་དེ་འདྲ་ཡང་མ་འབྱོར་བར་རྒྱུན་རིང་པོར་ཕྱིན་སོང་། ཟླ་ཤས་སྔོན་ལ་ཀུན་དགའ་ལགས་རྡ་སར་སྤོར་བ་རེད་ཟེར། ལས་བྱེད་གནས་སྤོས་ནི་གཞུང་གི་དོན་དག་ཅིག་ཡིན་རྒྱུ་རེད་དེ། ཀུན་དགའ་གནང་བའི་ལས་ཀ་དོན་སྙིང་ཅན་དེ་ལ་རྗེས་མཐུད་མེད་པར་ད་བར་དུ་ལུས་པ་ཤིན་ཏུ་ཡིད་ཕངས་པ་ཞིག་རེད།

  5. ཀརྨ་བློ་གསལ་ says:
    2016-03-13 at 8:02 pm

    རྒྱ་རིགས་འབྲེལ་མཐུད་པ་རེག་གི་མེད་པ་དེ་ནི་༼དབུ་མའི་ལམ༽ལ་འདོད་པ་ཡོད་མཁན་གྱི་རྒྱ་ཡིག་ཤེས་མཁན་བོད་པ་ཞིག་མེད་སོང་པ་ལས་མ་བརྙེད་པ་ག་ལ་ཡིན། དང་པོ་ནས་མགོ་ཚོས་པ་གནང་ནས་རྩོམ་འབྲི་དགོས་པ་ལས་མ་ཤེས་དཔྱད་པར་འབྲི་བ་ནི་ལོང་བའོ།

  6. རྣམ་རྒྱལ says:
    2016-03-13 at 8:31 pm

    ཀརྨ་བློ་གསལ་ལགས། བོད་གཞུང་གི་ལས་བྱེད་བདག་གཉེར་ལམ་ལུགས་ནས་གང་ཞིག་མ་འགྲིག་པ་ཡིན་ནམ། ཀུན་དགའ་ལགས་དབུ་མའི་ལམ་ལ་འདོད་མོས་གཙང་མ་ཡོད་མཁན་ཞིག་ཏུ་མཐོང་སོང་། ཁོང་གིས་རྒྱ་མི་དབུ་མའི་ལམ་ངོ་སྤྲོད་གནང་གི་ཡོད་པ་ངས་ངོ་མ་མཐོང་མྱོང་། རྒྱ་སྐད་ཀྱི་ལམ་ནས་འགྲེལ་བཤད་ཡག་པོ་རྒྱག་གི་འདུག

  7. ཀུན་གསལ། says:
    2016-03-13 at 10:54 pm

    རྒྱུན་པར་སྲིད་སྐྱོང་གིས་གྲོས་ཚོགས་ལ་ལན་འདེབས་དང་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་དྲི་བ་མགོ་ཚོས་ཀི་ཡོད་ན་མེད་ན་བསམ་གི་འདུག གང་ཡིན་ཟེར་ན་དྲི་བ་གང་འདྲ་ཞིག་དྲིས་ནའང་འབྲེལ་མེད་དོན་གཞན་གྱི་ལན་ཞིག་མེད་ན་སྲིད་སྐྱོང་གིས་ལན་མ་ཡིན་པས་ཁྱབ་པ་ལྟར་རེད་མི་འདུག་གེ

  8. རྡོ་རྗེ་སྐལ་བཟང says:
    2016-03-14 at 2:10 am

    དྲ་དཔོན་ལགས་།ངའི་སྤེལ་པའི་མཆན་བསུབས་པའི་རྒྱུ་མཚན་ཅི་ཡིན།ལན་ཞིག་གནང་རོགས།ངའི་བློ་བཟང་སངས་གེ་ལ་རྒྱབ་སྐྱོར་མ་བྱེད་པའི་ཁྱོད་ཁ་བརྡ་ཚང་ལ་ཕོག་ཐུག་བཏང་ངམ།ཡང་ན་ཁ་བརྡ་ཚང་ཡང་བློ་བཟང་སངས་གེས་ཉོས་དང་ངམ།

  9. དོན་གྲུབ། says:
    2016-03-14 at 5:15 am

    རྒྱ་རིགས་འབྲེལ་མཐུད་པ་ཡོད་དགོས་རྒྱུ་དེ་ཧ་ཅང་གི་གནད་འགག་ཆེན་པོ་རེད། གལ་སྲིད་སྲིད་སྐྱོང་གིས་ཉེ་ཆར་ཀུན་གླེང་ནང་ཨ་རིའི་དོན་གཅོད་ཁང་དུ་རྒྱ་རིགས་འབྲེལ་མཐུད་པ་རག་མ་སོང་གསུང་སོང་ང། དེ་འདྲ་ཡིན་ན། ཐེ་ཝན་དོན་གཅོད་མ་རག་པར། ཟླ་བ་ཚེ་རིང་ཡང་བསྐྱར་བཏང་ནས་འགྲིག་ས་ལ། ཨ་རིའི་བོད་གཞུང་དོན་གཅོད་ཁང་དུ་ཀུན་དགའ་བཀྲིས་གཏོང་མི་ཐུབ་པ་ག་རེ་ཡིན་ནམ། འདི་དྲི་བ་ཆེན་པོ་ཞིག་རེད།

    ཡང་ཀུན་གླེང་ནང་། དོན་གཅོད་ཁང་དུ་མི་མ་རག་ན་ཡང་དེང་དུས་ཀྱི་དྲྭ་རྒྱའི་ཐོག་ནས་ལས་ཀ་བྱེད་ཀྱི་ཡོད་གསུང་པ་དེ་ལ་རྒྱུ་མཚན་ཡང་དག་མི་འདུག ཀུན་དགའ་བཀྲིས་ཨ་རིར་ཡོད་སྐབས་རྒྱ་རིགས་ཀྱི་ཚོགས་འདུ་མང་པོར་ཕྱིན་ནས་བོད་དོན་བཤད་པ་མཐོང་མྱོང་ཡོད་ལ། ༧གོང་ས་མཆོག་ཆིབས་སྒྱུར་སྐབས་ཀྱི་གོ་སྐབས་རྩ་ཆེ་དང་བསྟུན་ནས་རྒྱ་རིགས་ཀྱི་ཚོགས་འདུ་འདྲ་མིན་བསྡུ་བསྐོང་བྱས་ཏེ། རྒྱ་རིགས་གཞོན་གཞོན་མང་པོའི་བསམ་བློར་འགྱུར་བ་ཕྱིན་ཡོད་པ་དང་། ཀུན་བཀྲས་རྒྱ་རིགས་དང་། རླུང་འཕྲིན། བརྙན་འཕྲིན་བཅས་ནང་བོད་རྒྱ་སྐད་ཡིག་གཉིས་ཀའི་ཐོག་ནས་༧རྒྱལ་བའི་དགོངས་གཞི་དང་། བོད་གཞུང་གི་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ལ་དངོས་གནས་རྒྱུ་མཚན་དང་ལྡན་པའི་འགྲེལ་བཤད་བྱེད་ཀྱི་ཡོད་པ་རེད། ད་ལོ་གཅིག་ལྷག་ཙམ་ནང་འཇམ་ཐིང་ངིར་གང་ཡང་གོ་རྒྱུ་མེད་པ་ནི་སྤྱི་པར་གྱོང་ཆེན་པོ་ཞིག་མ་རེད་དམ།

  10. ཛ་ཆུ་ཁའི་ཕོ་ཉ། says:
    2016-03-14 at 7:04 am

    སྲིད་སྐྱོང་བློ་སེང་ལགས་ནས་གསུང་པ་དང་ལག་ལེན་གཉིས་ཀར་འགལ་ཟླ་ཆེན་པོ་འདུག ཁོང་ནི་སེང་གེ་ཀླད་སྟོང་ཡིན་པ་འདྲ། ལས་བྱེད་ཇོན་པོ་དེ་འདྲ་གནས་སྤོས་བཏང་ཐུབ་ཙམ་ལས་ཚབ་གསར་བསྐོ་བཞག་གནང་མ་ཐུབ་པར་ལོ་ཤས་ཕྱིན་པ་ནི་ཆབ་སྲིད་ཀྱི་ལས་དོན་གལ་ཆེ་ཤོས་ཤིག་འཐུས་ཤོར་ཡིན། རང་ཉིད་ཀྱང་རྒྱུན་ལྡན་ནས་བོད་དོན་ཐོག་དོ་སྣང་ཆེན་པོ་བྱ་མཁན་ཞིག་ཡིན་པས་ཆ་ནས་ལོ་ཤས་བར་ཇི་ནི་ཝ་དོན་ཁང་ནང་འགྲོ་བ་མིའི་ཐོབ་ཐང་ཐོག་རྒྱལ་ཚོགས་ནང་ཞུ་གཏུགས་བྱ་མཁན་ལས་བྱེད་དེའང་བཀའ་ཤག་གི་ལས་བྱེད་གནས་སྤོ་སྒྲིག་གཞི་རྐྱེན་པས་རྩ་དགོངས་ཞུས་པ་གོ་ཐོས་བྱུང་། ཁོང་ནི་ན་གཞོན་དབྱིན་སྐད་དང་བོད་སྐད་སོགས་ཚད་ལྡན་ཐོག་ནས་བཀའ་མོལ་གནང་ཐུབ་མཁན་ཞིག་རེད་འདུག ཁོང་ནས་རྒྱལ་ཚོགས་ནང་ཞུ་གཏུགས་ལས་འགུལ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནམ་ཡིན་སྐབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གཏམ་བཤད་ཐེངས་མང་གནང་བ་ཨ་རི་རླུང་འཕྲིན་ཁང་དང་ནོར་ཝེ་རླུང་འཕྲིན་ཁང་བཅས་བོད་སྐད་རླུང་འཕྲིན་ནང་བཀའ་མོལ་མང་པོ་གནང་འདུག ཁོང་དགོངས་པ་ཞུས་པ་ནས་བཟུང་རྒྱལ་ཚོགས་ནང་བོད་དོན་སྐོར་ལས་འགུལ་བྱས་པ་གནས་ཚུལ་ཉུང་དུ་ཕྱིན་སོང་། སྲིད་སྐྱོང་བློ་སེང་ལགས་ནས་སོ་སོའི་ལས་བྱེད་མཉམ་མྱོང་དང་ཤེས་ཡོན་ཅན་དེ་འདྲ་བདག་པོ་རྒྱབ་མ་ཐུབ་པ་ནི་ཐབས་སྐྱོ་བོ་ཡིན་པ་མ་ཟད། བོད་སྤྱི་ལ་གྱོང་གུན་ཆེན་པོ་རེད། བཀའ་ཤག་གི་གནས་སྤོ་སྒྲིག་གཞི་དེ་བཞིན་བཀའ་ཤག་གོང་མའི་སྐབས་ནས་ཡོད་ཡོད་པ་ཞིག་ཡིན་པ་གཞུང་ཞབས་རྒན་གྲས་ཤིག་ནས་གསུང་བྱུང་། ང་ཚོའི་སྤྱི་ཚོགས་ནང་མཉམ་སྦྲེལ་རྒྱལ་ཚོགས་ནང་དངོས་སུ་ཞུ་གཏུགས་ཀྱི་ཕྱག་ལས་གནང་མྱོང་མཁན་ན་གཞོན་གཅིག་དང་གཉིས་ལས་མེད་པ་ནི་ཤེས་གསལ་རེད། ཟམ་གདོང་རིན་པོ་ཆེ་མཆོག་གི་སྐབས་ནས་ཕྱི་རྒྱལ་དོན་ཁང་ནང་ཡོད་པའི་ལས་བྱེད་ཚང་མ་ལོ་ ༤ དང་ མང་ན་ལོ་ ༥ ལས་རྒྱུན་ཚང་ནའང་ལས་དོན་གལ་ཆེ་ཆུང་ལ་གཟིགས་ནས་ཇི་ནི་དོན་ཁང་དུ་འགྲོ་བ་མིའི་ཐོབ་ཐང་གི་ཞུ་གཏུགས་བྱ་མཁན་ལས་བྱེད་དེ་དག་གནང་སྤོ་བཏང་བར་བཞག་འདུག། གང་ལྟར་སྲིད་སྐྱོང་བློ་སེང་ལགས་ནས་རང་གི་མ་དགའ་སར་ལས་དོན་གལ་ཆེ་ཆུང་ལ་མ་ལྟོས་པར་སྤྱོ་གྱོང་ཕོགས་ནའང་སྡིག་པ་མི་རྩུམ་བྱ་བཞིན་པ་མང་ཚོགས་ནང་གསལ་པོ་ཤེས་ཀྱི་ཡོད་སྟབས། ད་ཆ་ཁོང་ལ་རེ་བ་རྒྱབ་ཀྱི་མེད་པས་ ༢༠༡༦ ལོའི་སྲིད་སྐྱོང་ཞབས་སྟེགས་ཐོབ་མིན་ཀྱང་ཐེ་ཚོམ་ངང་གནས་ཡོད། བོད་རྒྱལ་ལོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme