Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་རི་བློ་གྲོས་རྒྱལ་མཚན་དང་། ཁོང་གི་སྐྲག་སྣང་།

Posted on 2008-08-19 By དགེ་རབ་ 37 Comments on རྒྱ་རི་བློ་གྲོས་རྒྱལ་མཚན་དང་། ཁོང་གི་སྐྲག་སྣང་།

རིག་རྡོར་གྱིས་
ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༨ ཚེས་ ༡༦ ཉིན།
ཕྱི་ཟླ་༨ ཚེས་ ༡༦ སྟེ་རེས་གཟའ་སྤེན་པའི་ཉིན། ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་ཏུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གོ་སྒྲིག་འོག ས་གནས་བོད་རིགས་ཚོར་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་དང་། ཨར་རྒྱ་རིན་པོ་ཆེ་རྣམ་གཉིས་ཀྱིས་བོད་རྒྱའི་གནད་དོན་དང་འབྲེལ་བའི་གསུང་བཤད་གནང་སྐབས། རྒྱ་རི་བློ་ག ྲོས་རྒྱལ་མཚན་གྱིས། ངས་ནམ་རྒྱུན་ཞེད་སྣང་ཞེས་པའི་ཚིག་འདི་བེད་སྤྱོད་གཏོང་གཏོང་གིན་ཡོད་ལ། ང་དངོས་གནས་དྲང་གནས་ཞེད་ཀྱིན་ཡོད། གང་ལ་ཞེད་ཀྱིན་ཡོད་ཟེར་ན། ང་ཚོ་བོད་མི་སྤྱི་ཡོངས་ལ་རྒྱ་ནག་གི་ཆབ་སྲིད་དང་། ཁྲིམས་ལུགས་སོགས་ཀྱི་སློབ་སྦྱོང་མེད་པས། ང་ཚོས་རྒྱ་ནག་གི་གནས་སྟངས་མ་ཤེས་པའི་དབང་གིས། ནམ་རྒྱུ ན་ང་ཚོ་ཕམ་གྱིན་ཡོད་ཟེར། ངས་བལྟས་ན་རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་བཤད་པའི་ཕམ་ཁ་དེ་བོད་མི་ས་ཡ་དྲུག་གི་ཕམ་ཁ་ཡིན་མོད། དེ་བོད་མི་མང་གིས་རྒྱ་ནག་གི་སྲིད་བྱུས་དང་ཁྲིམས་ལུགས་མ་ཤེས་པའི་དབང་གིས་བྱུང་བའི་ཕམ་ཁ་ཞིག་མ་རེད་སྙམ། རྒྱུ་མཚན། སྤྱིར་བཏང་བོད་མི་མང་ལ་རྒྱ་ནག་གི་སྲིད་བྱུས་སྐོར་གྱི་སློབ་སྦྱོང་མེད་པ་བདེན་ ལ། བོད་མི་མང་གིས་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ཤེས་ན་ཤིན་ཏུ་ལེགས་མོད། འོན་ཀྱང་བོད་རྒྱའི་གྲོས་མོལ་༧གོང་ས་མཆོག་གི་སྐུ་ཚབ་ཚོགས་པ་དང་། རྒྱ་ནག་སྲིད་གཞུང་གི་འབྲེལ་ཡོད་ལས་བྱེད་ཚོས་བྱེད་ཀྱིན་ཡོད་པས། བོད་མི་མང་གིས་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ཤེས་མ་ཤེས་ལ་འབྲེལ་བ་གཏན་ནས་ཡོད་པ་མ་རེད། དེ་སྔོན་བོད་རྒྱའི་འབྲེ ལ་མོལ་ཐེངས་བདུན་ལ་བྱས་པ་རེད། དེའི་སྐབས་རྒྱ་ནག་གི་འབྲེལ་ཡོད་ལས་བྱེད་དང་གདོང་ཐུག་གིས་གྲོས་མོལ་བྱེད་མཁན་རྒྱ་རི་བློ་གྲོས་རྒྱལ་མཚན་ཁོ་རང་གིས་གཙོས་སྐུ་ཚབ་ཚོགས་པ་རེད་མ་གཏོགས། བོད་མི་མང་གིས་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ཤེས་མི་ཤེས་བྱས་ནས་རྒྱ་ནག་གི་འབྲེལ་ཡོད་ལས་བྱེད་ཚོར་སྐད་ཆ་བཤད་མྱོང་ཡོད་པ་མ་རེད་ལ། མ་འོངས་པར་ཡང་ བཤད་རྒྱུའི་གོ་སྐབས་དེ་བས་ཀྱང་ཡོད་པ་མ་རེད།
དེས་ན་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་མ་ཤེས་པའི་དབང་གིས་བོད་མི་རིགས་ལ་བྱུང་བའི་ཕམ་ཁ་དེ་དག་འབྲེལ་ཡོད་སྐུ་ཚབ་ཚོས་གཞིས་བྱེས་བོད་མིར་ཕུལ་བའི་ལེགས་སྐྱེས་རེད། ངས་འདི་ནས་གསལ་བོར་ཤོད་འདོད་པ་ནི། དེ་སྔོན་བོད་རྒྱའི་འབྲེལ་མོད་ཐེངས་བདུན་ལ་བྱས་ཀྱང་། གྲུབ་འབྲས་ཁབ་སྐུད་ཙམ་ཡང་མ་ཐོབ་པ་དང་། གྲོས་མོལ་ཐེངས་བདུན་པའི་མཇ ུག་གི་གསར་འགོད་གསལ་བསྒྲགས་སྐབས། རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས། བློ་ཕམ་ཞེས་པའི་ཚིག་དེའི་འབྱུང་རྐྱེན་གཙོ་བོ་སྐུ་ཚབ་ཚོགས་པས་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་མ་ཤེས་པས་དབང་གིས་བྱུང་བ་ཡིན་པ་གསལ་བོ་རེད། དེས་ན་མ་འོངས་པའི་བོད་རྒྱའི་འབྲེལ་མོལ་ཐེངས་བརྒྱད་པའི་ཆ་རྐྱེན་དུ་སྐུ་ཚབ་ཚོགས་པས་རྒྱ་ནག་གི་ཆབ་སྲིད་དང་། ཁྲིམ ས་ལུགས་སོགས་ལ་སྦྱོང་བརྡར་བྱེད་རྒྱུ་གལ་ཆེ་སྙམ།
འདི་ལྟར་བསམ་བློ་བཏང་ཚེ། ང་ཚོའི་སྐུ་ཚབ་ཚོགས་པས་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལྟ་ཅི། ཐ་ན་རྒྱ་ནག་གཞུང་གིས་གཏན་འབེབ་བྱས་པའི་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ཟེར་བ་དེའི་ཕྱོགས་ཙམ་ཡང་ཤེས་ཀྱིན་མེད་པ་གསལ་བོ་རེད། རྒྱུ་མཚན་རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས། གྲོས་མོལ་ཐེངས་བརྒྱད་པའི་སྐབས། རྒྱ་ནག་གི་མ ི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ཐོག་གྲོས་མོལ་བྱེད་འཆར་ཡོད་ཟེར། འདི་ཤིན་ཏུ་ཡ་མཚན་པའི་གནས་ཤིག་མ་རེད་དམ། མི་རིགས་ས་གནས་རང་སྐྱོངགི་བཅའ་ཁྲིམས་ཟེར་བ་དེ་ནི། བོད་མི་རིགས་ཚུད་པའི་རྒྱ་ནག་གི་མངའ་ཁོངས་ཀྱི་མི་རིགས་དུ་མའི་ཐུན་མོང་གི་བཅའ་ཁྲིམས་ཤིག་ཡིན་པ་ལས། བོད་མི་རིགས་ལ་དམིགས་བསལ་གྱིས་བཟོས་པའི་བཅའ་ཁྲ ིམས་ཤིག་མ་རེད། གང་ལྟར་རྒྱ་ནག་སྲིད་གཞུང་གིས་གཏན་འབེབས་ཟིན་པའི་བཅའ་ཁྲིམས་ཐོག་སྐུ་ཚབ་ཚོགས་པས་གྲོས་མོལ་ཇི་ལྟར་བྱེད་རྒྱུ་ཡིན་ནམ། གལ་ཏེ་སྐུ་ཚབ་ཚོགས་པས་བཅའ་ཁྲིམས་དེ་འགྲིག་གི་མི་འདུག་ཅེས་རེ་སྐུལ་བྱས་ན། རྒྱ་ནག་གིས་བཅའ་ཁྲིམས་ལ་འགྱུར་བ་གཏོང་སྲིད་དམ། གྲོས་མོལ་འདིའི་སྐབས་བོད་དོན་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཕར་ ཞོག གྲོས་མོལ་ཐེངས་བདུན་པའི་སྐབས་རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་པེ་ཅིང་ནས་རྙེད་པའི་བློ་ཕམ་ཟེར་བ་དེ་ལས་བཞི་འགྱུར་གྱི་ཆེ་བའི་ཕམ་ཁ་སྐྱུར་མོ་ཞིག་ལས་ཐོབ་རྒྱུ་གང་ཡང་མེད་དོ།།
ད་དུང་རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་བཤད་དོན། ད་ལྟའི་ཆར་ང་ཚོའི་ངོས་ནས་བོད་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་ཚད་མཐོའིོ་རང་སྐྱོང་གི་ལངས་ཕྱོགས་ལ་འགྱུར་བ་གང་ཡང་མེད་མོད། གལ་ཏེ་ཉིན་ཞིག་རྒྱ་ནག་གིས། རྒྱ་ནག་རང་གིས་ཤོད་བཞིན་པའི་བོད་རང་སྐྱོང་ལྗོངས་ཟེར་བ་དེ་སྤྲོད་ཆོག་ཅེས་བཤད་པ་ཡིན་ན། ང་ཚོས་ལངས་ཕྱོགས་འད ོར་རྒྱུ་རེད་སྙམ་ནས་ང་ཡང་སྐྲག་གི་ཡོད་ཟེར། ངས་བལྟས་ན་འདི་ནི་རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་ཚོད་དཔག་བྱས་པ་ཞིག་གཏན་ནས་མ་ཡིན་པར། འཆར་གཞི་ལྡན་པའི་ལངས་ཕྱོགས་དང་བོད་མི་རིགས་ཀྱི་མ་འོངས་པ་ཡིན་པ་གསལ་བོ་རེད།
གལ་ཏེ་དེ་འདྲའི་གནས་ཚུལ་ཞིག་བྱུང་བ་ཡིན་ན། རྒྱ་རི་བློ་གྲོས་རྒྱལ་མཚན་ལ་སྐྲག་སྣང་ཙམ་ལས་མི་འབྱུང་བས་སྐྱོན་ཆེར་མེད་མོད། ཁམས་དང་ཨ་མདོའི་བོད་མི་ཕལ་ཆེར་སྐྲག་སྟེ་སྙིང་གས་ཤི་བ་དང་། མང་ཕྱོགས་བཙན་བྱོལ་བོད་གཞུང་གིས་གཞིས་ལུས་བོད་མིར་བཅངས་བའི་བརྩེ་སེམས་ལ་བློ་ཕམ་གྱི་མིག་ཆུ་འདོན་བཞིན་རང་སྲོག་གཅོད་རྒྱུ་སྨྲོས་མེད་ཡི ན་པས། ང་ནི་སྐྲག་པ་ཙམ་མ་ཟད། གཉིད་ཀྱང་ཁུག་གི་མི་འདུག་ལ། ཟས་ཀྱི་ཡི་ཀ་ཡང་གཏན་ནས་མེད་དོ།། ཕྱི་ཟླ་ ༨ ཚེས་ ༡༧ ཉིན།

གསར་འགྱུར།

Post navigation

Previous Post: དམག་འཐབ་ཀྱི་སྐབས་སུའང་ཆིག་བསྒྲིལ་མེད་པའི་བོད།
Next Post: ར་བཟི་བ།

Comments (37) on “རྒྱ་རི་བློ་གྲོས་རྒྱལ་མཚན་དང་། ཁོང་གི་སྐྲག་སྣང་།”

  1. ཟུར་ལྟ། says:
    2008-08-19 at 9:55 am

    རིག་རྡོར་མཆོག་ལ།

    ཁྱེད་ཀྱི་གནད་དོན་གཉིས་ཀྱི་ཐོག་ལ་བསམ་ཚུལ་བརྗོད་འདུག་པ་སྟེ། རྒྱ་རིས་བོད་མིས་རྒྱ་ནག་གི་རྩ་ཁྲིམས་ཤེས་ཀྱི་མིན་འདུག་ཅེས་པ་འདིར་བོད་མི་དམངས་ལ་ལན་པ་མེད་ཚུལ་དང་། ཆོལ་ཁ་གསུམ་གྱི་སྐོར་རེད། ཐུགས་རྗེ་ཆེ།

    འདིར་ངའི་བསམ་ཚུལ་ཞིག་ཀྱང་བརྗོད་རྒྱུ་སྟེ།

    ༡༽ ད་ལྟ་ང་ཚོས་བཟའ་བཞིན་པའི་ཕམ་ཁ་དེ་ནི་རྒྱུ་སྣ་ཚོགས་ལ་བརྟེན་ནས་བྱུང་བ་ཞིག་ཡིན། དེའི་ནང་ནས་གཙོ་བོ་གཉིས་ཏེ། རྒྱ་ཕྱོགས་སྟོབས་ཤུགས་ཆེ་བ་དང་། ངེད་ཚོ་སྟོབས་ཤུགས་ཆུང་བས་ཡིན། ཐབས་གཅིག་ནི་ངེད་ཚོའི་སྟོབས་ཤུགས་ཆེ་རུ་གཏོང་དགོས་པ་དེ་རེད་ལ། དེར་ད་བར་བསམ་བློ་རྣལ་མ་ཞིག་གཏོང་མཁན་མ་བརྙེད། ང་ཚོས་ད་བར་གཞན་ལ་བསྙེས་ནས་རང་མགོ་འཐོན་ཐབས་བྱེད་པ་དེ་རེད། དེ་ལ་ནམ་ཡང་ལམ་འགྲོ་ཡོང་གི་མ་རེད།

    རྒྱལ་བ་རིན་པོ་ཆེ་གཙོས་པའི་བོད་པའི་དབུ་ཁྲིད་ཚོར་འབྲེལ་མོལ་དེ་ལེགས་གྲུབ་ཡོང་བའི་ནུས་པ་རྩ་བ་ནས་མེད། རྒྱ་རི་དང་ཁོང་གི་ལས་རོགས་ཚོར་དབང་ག་རེ་ཡོད་རེད། རྒྱལ་བ་རིན་པོ་ཆེ་ལ་འབྲེལ་མོལ་དེ་ལེགས་གྲུབ་ཡོང་བའི་ནུས་པ་དང་དབང་ཆ། སྟོབས་ཤུགས་ག་རེ་ཡོད་རེད། རྩ་བ་ནས་མེད་ལ་དེ་ང་ཚོས་ཤེས་ཀྱི་ཡོད། ཤེས་བཞིན་དུ་ཁོང་ཚོས་མ་བྱས་མ་འགྲིག་བཤད་ན་དྲང་པོ་མིན།

    ཁོང་ཚོ་དམག་ཤོར་ནས་བཙན་བྱོལ་ལ་སོང་ནས་གཞན་གྱི་རོགས་སྐྱོར་འོག་གནས་བཞིན་ཡོད། ད་ཆ་བཟའ་ཐུང་ལ་དཀའ་ངལ་མེད་སྟབས་བོད་སྤྱིའི་བདེ་སྡུག་ལ་ཕྱག་ལས་ཏོག་ཙམ་གནང་ཐུབ་པ་དེར་བལྟས་ནས་ཁོང་ཚོར་རེ་བ་ཆེན་པོ་བྱེད་པ་འདི་ངེད་ཚོའི་ནོར་འཁྲུལ་ཆེ་ཤོས་རེད། དེ་སྔོན་རྒྱ་གར་གཞུང་གིས་གོང་ས་མཆོག་ལ་ཆབ་སྲིད་ཀྱི་ལས་འགུལ་སྤེལ་མི་ཆོག་ཅེས་བཀའ་གནང་འདུག ད་ལོ་གསུམ་བཅུའི་དུས་དྲན་གྱི་སྐབས་ལ་བཀའ་ཆོས་སོགས་གནང་མི་ཆོག་པའི་བཀའ་གནང་འདུག རྒྱལ་བ་མཆོག་ལ་དབང་ག་རེ་ཡོད་དམ།

    བྱས་ཙང་ང་ཚོ་ཐབས་སྐྱོ་བ་དང་། ནུས་པ་མེད་པ། འུ་ཐུག་པའི་གནས་སྟངས་དེའི་རྒྱ་རྐྱེན་ལ་བསམ་ནས་ཇི་ལྟར་སྟོབས་ཤུགས་ཆེ་རུ་གཏོང་བའི་ལམ་ཞིག་ཨེ་རྙེད། དེའི་ཐབས་གང་རེད་ཅེས་བསམ་བློ་གཏོང་དགོས་ལ། ད་བར་ཁ་བརྡའི་ནང་འདིའི་ཐོག་ལ་བསམ་བློ་གཏོང་མཁན་གྱི་རྩོམ་གཅིག་ཀྱང་སྤེལ་མ་སོང་། ཐབས་སྡུག་རེད།

    ༢༽ཆོལ་ཁ་གསུམ་མཉམ་དུ་རོལ་ཐུབ་པའི་བོད་ཀྱི་རྒྱལ་ཁབ་ཤིག་བཙུགས་ཐུབ་ན་འདི་ནི་ང་ཚོ་བོད་མི་མང་པོ་ཞིག་གི་རེ་བ་དང་འདུན་པ་ཡིན། ཡིན་ནའི་གལ་ཏེ་རྒྱ་ཕྱོགས་ནས་བོད་རང་སྐྱོང་ལྗོངས་མ་གཏོགས་ལ་བོད་མིས་སྟངས་འཛིན་བྱེད་པའི་ས་ཆ་སྤྲོད་ཀྱི་མིན་ལབ་ན། ངེད་ཚོ་བསམ་བློ་ཞིག་མ་གཏོང་དཀའ་མེད་རེད། དེ་མི་དགོས་ལབ་ན་མི་འགྲིག དགོས་ལབ་མི་བདེ་བའི་གནས་ཚུལ་ཞིག་ཡིན་པས། ད་ངེད་ཚོ་གང་བྱེད། དེའི་ཐོག་ལ་ངེད་ཚོ་བསམ་བློག་མང་ཙམ་བཏང་ནས་བསམ་ཚུལ་སྤེལ་རེས་བྱས་ན་ཕན་པ་ཆེ། ངའི་བསམ་ཚུལ་ནི་གལ་ཏེ་རྒྱས་བོད་རང་སྐྱོང་ལྗོངས་ལ་རང་སྐྱོང་གི་དབང་ཆ་སྤྲོད་ཟེར་ན་འདི་ངེས་པར་དུ་ལེན་དགོས། གོ་སྐབས་མ་ཤོར་བ་བྱེད་དགོས། ད་ཆ་རྒྱལ་དབང་མཆོག་འགྲོ་སྡོད་མི་བདེ་བའི་གནས་སུ་གྱར་ཡོད། རྒྱ་གར་མཆོག་ནས་ཁོང་ལ་ཡང་སྔོན་མ་ནང་བཞིན་ལྟ་སྐྱོང་ཡག་པོ་བྱེད་ཀྱི་མེད་པ་འདི་ཐེངས་ཁ་ཤས་གོ་མྱོང་། ཟེར་ཡས་ལ་རྒྱལ་བ་མཆོག་རྒྱ་གར་ལ་དེ་ཙམ་སྡོད་གཟོད་མི་བདེ་བར་ཕྱི་རྒྱལ་ལ་ཐེངས་མང་ཕེབས་ཏེ་དུས་གདའ་བཞིན་ཡོད་ཟེར་སྐད། འདི་བདེན་པ་ཡིན་ན། བོད་ལ་ལོག་རྒྱུའི་གོ་སྐབས་རག་ཚེ་ངེས་པར་དུ་གོ་སྐབས་འདི་མ་ཤོར་བ་བྱེད་དགོས།

  2. གཡང་སྐྱབས་རྒྱལ says:
    2008-08-19 at 11:23 am

    ཉེ་ཆར་ནིའུ་ཡོག་ཊེའམ་སི་གསར་ཤོག་ཐོག་མི་ཞིག་གིས་རྩོམ་ཞིག་བྲིས་ནས། ད་ལྟའི་ཆར་བོད་གཞུང་དང་རྒྱ་ནག་གཞུང་གིས་སྐད་ཆ་བཤད་དེ་༧རྒྱལ་བ་རིན་པོ་ཆེ་མི་རིང་བར་རྒྱ་ནག་ཏུ་ས་ཡོམ་ཕོག་མཁན་ཚོར་རྗེས་དྲན་ཞུ་ཆེད་ཕེབས་འཆར་ཡོད་ལུགས་དང་། དེ་བཞིན་ཉེ་ཆར་༧རྒྱལ་བ་རིན་པོ་ཆེས་ངས་གུན་ཁྲན་ཏང་གི་ནང་བོད་དོན་གྱི་ལས་འགན་ཞིག་ལེན་གྱི་ཡིན་གསུངས་རབས་སོགས་འཁོད་འདུག སྐད་ཆ་འདི་ཚོ་ནི་དབྱིན་ཇི་ཞིག་གིས་བྲིས་པ་རེད། ངས་བོད་ཡིག་དང་བོད་སྐད་ཀྱི་ལམ་ནས་དེ་འདྲ་མ་གོ ༼གལ་སྲིད་ཡོད་ན་དགོངས་འགལ་མེད་པ་ཞུ་༽ དབྱིན་ཇི་ཚོས་བསམ་ཚུལ་འདི་འདྲ་བཤད་རྒྱུ་ལ་ཡང་ཁུངས་ཤིག་འཚོལ་གི་རེད། ཁུངས་དེ་ཡང་རྒྱ་རི་ལྟ་བུ་ཡིན་ན་ལས་གཞན་སུ་ཡིན་སྲིད། དེས་ན་དེ་རིང་ཁྱེད་རང་གིས་བྲིས་པ་འདི་བཀླགས་ནས་ང་ལ་མགོ་འཁྲིད་ཁོ་རང་ཚོ་མགོ་འཐོམས་ནས་ཡོད་པའི་ཚོར་བ་ཞིག་སྟེར།

    འཛམ་གླིང་གི་རྒྱལ་ཁབ་ཕལ་མོ་ཆེར་མཚོན་ན་རང་གི་གནད་ཡོད་དབུ་འཁྲིད་དེ་ལོ་བཅུ་རེའི་མཚམས་ནས་འགྱུར་བ་འགྲོ་གི་ཡོད་རེད། ཉེ་སྔོན་ར་ཤི་ཡའི་ནང་དུའང་ཕྱིན་སོང་ང་། རྒྱ་རིའི་དབུ་འཁྲིད་ཀྱི་དུས་ཡུན་ནི་མི་ཚེ་གང་ཆགས་ཀྱི་ཡོད། དེས་ན་ངའི་བསམ་ཚུལ་ལ་ཁོ་བགྲེས་ཡོལ་ལ་སོང་ན་ཡག་ཤོས་རེད། རྒྱ་དང་སྐད་ཆ་བཤད་མཁན་ཡང་རྒྱ་སྐད་བོད་སྐད་ཤེས་མཁན་དག་བཏང་ན་ཡག་ཤོས་རེད། ཁོ་རྐུབ་སྟེགས་འདི་ལ་འཇུས་ནས་བསྡད་དེ་ཕན་ཐོགས་གསར་པ་སླེབས་གི་མ་རེད།

  3. དུས་ཀྱི་ཕོ་ཉ། says:
    2008-08-19 at 11:33 am

    རྒྱལ་རི་ཚང་ལ་ཁག་ཅི་ཡོད། བོད་གངས་ཅན་པ་ཚང་གི་མྱི་ཁ་ཚང་མ་ཁོང་དང་ཁོང་གི་ཕྱག་རོགས་སྐལ་བཟང་རྒྱལ་མཚན་གཉིས་ལ་འཁོར་གི་ཡོད་པ་རེད་ཡིན་ན་འང༌།
    ཁྱེད་རང་སྐྲག་ནས་བསྡད་ན་ང་ཚོ་ལ་ཡོང་རྒྱུ་ཅང་ར་ཡོད་པ་མ་རེད། རྒྱ་ནག་གི་མ་གོ་བསྡད་ཡོད་པའི་ཚིག་ཀྱང་དེ་རེད། ད་ང་ཚོ་ཚང་སོང་ནི་རེད། གངས་ཅན་པ་ཚང་འདི་ལྟར་འགྲོ་གི་འཇུག་རྒྱུ་ཡིན་ནམ།

  4. སྟག་སྨྱོན། says:
    2008-08-19 at 3:19 pm

    རྒྱ་རི་བློ་གྲོས་རྒྱ་མཚན་བསོད་ནམ་ཆེན་པོ་རེད། རྒྱ་རི་རིན་པོ་ཆེ་གོང་ས་མཆོག་གི་སྐུ་ཚབ་གནང་སྟེ་རྒྱ་ནག་ལ་ཡང་ཡང་ཕེབས་བཞིན་པ་བོད་མི་རིགས་ལ་ཁེ་ཕན་ཡོད་པ་ཞིག་དུ་མ་མཐོང་ཡང་། རིན་པོ་ཆེ་རང་གི་ལོ་རྒྱུས་ནང་བརྗོད་རིན་དང་ངོམ་རིན་ཡོད་པའི་ལེའུ་རེ་རེ་ཆགས་ཡོད།
    བོད་མི་རིགས་ཀྱིས་ཤེས་དགོས་པའི་རྒྱ་ནག་གི་ཆབ་སྲིད་དང་ཁྲིམས་ལུགས་ཤིག་ཁོང་གིས་གཟིགས་ཡོད་ན། གང་མཁྱེན་པ་དེ་བོད་མི་རིགས་ལ་སྙིང་བསྡུས་ཤིག་རྒྱུས་མངའ་ལམ་སྟོན་གནང་དགོས་པ་ལས། ཞེད་ཀྱི་འདུག་གསུངས་པ་ལས་མ་གསུངས་ན་ཡག་གི་རེད ཡང་མིན་ན་ཁོང་གིས་རྒྱ་ནག་གི་སྐོར་ལ་ཟབ་པོ་ཞིག་མཁྱེན་གྱི་ཡོད་ཡོད་མདོག་སྟོན་པ་ཙམ་རེད། ་་་་་་་་་་་་་་་་་་་་གཡག་གི་སྙིང་དང་ལྕགས་ཀྱི་རྣ་བ། རྡོ་ཡི་སྙིང་ཡོད་མཁན་གྱི་མི་དེ་ཚོའི་སྐོར་ལ་རིག་པ་སྒྲིམ་ནས་མང་བོ་བྲིས་པས་ཅི་ཕན།

  5. ཀླུ་སྨྱོན། says:
    2008-08-19 at 3:48 pm

    འཛམ་གླིང་གི་མ་འོངས་པ་ལ་གོ་རིམ་མེད།
    ཡིན་ན་ཡང་།
    བོད་ཀྱི་མ་འོངས་པ་ལ་རེ་བ་མེད།

  6. ཀླུ་སྨྱོན། says:
    2008-08-19 at 3:49 pm

    འདི་ནི་ཆེ་ས་ནས་བཤད་པ་ཡིན།

  7. ཀླུ་སྨྱོན། says:
    2008-08-19 at 3:52 pm

    བོད་མི་མང་ཤོས་ཀྱིས་རྒྱ་ནག་གི་སྤྱི་དང་བྱེ་བྲག་གི་ཁྲིམས་ལུགས་མི་ཤེས་པ་དེ་བདེན་ན་ཡང་།
    བོད་མི་མང་ཤོས་ཀྱིས་ཁྲིམས་ལུགས་དེའི་རྒྱབ་ལོགས་སུ་ཡོད་པའི་མེ་མདའི་སྡིགས་ར་དེ་སྔ་མོ་ནས་ཤེས་ཡོད།

  8. འབིག says:
    2008-08-19 at 4:40 pm

    བོད་མི་ཚོས་རྒྱ་ནག་གི་ཁྲིམས་ལུགས་ཤེས་དགོས་པ་དེ་གལ་ཆེན་པོ་རེད། འོན་ཀྱང་དེ་སྤྱིར་བཏང་ཞིག་ལས་རྒྱ་རི་རིན་པོ་ཆེས་དམིགས་བསལ་བོད་རྒྱའི་འབྲེལ་མོལ་དང་འབྲེལ་ནས་བཤད་པ་ཞིག་ཨེ་ཡིན་སྙམ།
    བོད་རྒྱའི་འབྲེལ་མོལ་ཐེངས་བརྒྱད་པ་དེ་ངས་བསམ་ན་འབྲེལ་མོལ་ཐ་མ་དེ་ཆགས་རྒྱུ་རེད། རྒྱུ་མཚན།
    གཅིག འབྲེལ་མོལ་འདིའི་སྐབས་ཀྱི་གྲོས་གཞི་གཅིག་ནི་བོད་ཀྱི་རང་སྐྱོང་སྐོར་ལ་རེད། རང་སྐྱོང་དེ་ནི་ང་ཚོས་དེ་སྔ་བཤད་པའི་༼རང་སྲིད་རང་སྐྱོང་༽མ་ཡིན་པར་༼རིག་གཞུང་གི་རང་སྐྱོང་༽ཞེས་པ་དེ་རེད།
    གཉིས། གྲོས་གཞི་གཞན་ཞིག་ནི་༧གོང་ས་མཆོག་རྒྱ་ནག་ཏུ་ཕེབས་རྒྱུ་དེ་རེད། འདི་ལ་ང་ཚོའི་ངོས་ནས་༧གོང་ས་མཆོག་གིས་ཐད་ཀར་རྒྱ་ནག་གི་སྲིད་འཛིན་དང་ལྷན་དུ་བོད་དོན་གླེང་རྒྱུ་ཡིན་ཟེར་། འོན་ཀྱང་འདི་ལ་ཆ་རྐྱེན་ཡོད་དེ། དང་པོ་གོང་ས་མཆོག་གིས་དམངས་གཙོ་དོར་ནས་རྒྱ་ནག་གུང་ཁྲན་ཏང་གི་འོག་བོད་ནང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ངོས་བཞེས་གནང་རྒྱུ་དེ་རེད། གྲོས་གཞི་འདི་གཉིས་གང་ལ་མཚོན་ན་ང་ཚོའི་ངོས་ནས་གྲ་སྒྲིག་ཡོད་པར་བརྟེན་རྒྱ་ནག་གི་གོམ་པ་མདུན་རྒྱབ་གང་དུ་སྤོས་ཀྱང་འབྲེལ་མོལ་ཐ་མ་ཡིན་པར་ཁྱད་པར་གང་ཡང་མེད། ཆགས་ན་ཞོ་དང་མ་ཆགས་ད་ར་རེད།

  9. kunchok says:
    2008-08-19 at 5:53 pm

    ཝེ་ཡེ་ཤེས་་་་་་་་་་གོང་དུ་ཐེངས་ཁ་ཤས་ལ་བོད་དོན་ལ་རེ་བ་ཡོད་མ་རེད་ལབ་སོང་། འདི་དངོས་གནས་ཡིན་ནམ། མི་རིགས་གང་དང་གང་ཡིན་རུང་ཤེས་ཡོན་ཅན་ནི་ལམ་སྟོན་མཁན་ཡིན་ཟེར་བས་བོད་མིའི་ལམ་པ་མང་ཆེ་བ་འདི་ལྟར་ཞ་ར་དང་གྱོལ་བོ་ཡིན་ན་ནི་རེ་བ་མེད་པའང་བདེན་པ་ཡིན་ལེ་ཆེ། མ་གཞི་ཁྱོད་བོད་དོན་ལས་འགུལ་གང་ལའང་མཉམ་ཞུགས་མི་བྱེད་པ་ནི་རེ་བ་མེད་པ་གཟིགས་སོང་བས་ཡིན་ནམ་དམིགས་ཡུལ་གཞན་ཡོད།

  10. སྟག་སྨྱོན། says:
    2008-08-19 at 6:26 pm

    ཕྱི་ལོག་གི་བོད་མི་ཚོའི་རྣམ་འགྱུར་ལ་ལྟོས་ན་བོད་དོན་ལ་རེད་མེད་ཟེར་མི་ཕོད་པ་མི་འདུག འོན་ཀྱང་བོད་ནང་གི་བོད་མི་ཚོའི་སེམས་ཤུགས་དང་སྙིང་སྟོབས་ལ་ལྟ་དུས་བོད་དོན་ལས་སླ་བོ་བྱས་ནས་འཇོག་ས་མ་རེད་བསམ། ད་དུང་བོད་ཀྱི་མི་རབས་ཕྱི་མ་ཚོར་བསམ་བློ་གཏོང་དུས་རེ་བ་ཡོད་མེད་ཚོད་དཔག་བྱེད་ཐུབ་ཀྱི་མི་འདུག

  11. རིག་པའི་རྡོ་རྗེ། says:
    2008-08-19 at 6:52 pm

    བརྩེ་བའི་དྲ་གྲོགས་རྣམས་ཀྱིས།  ངའི་རྩོམ་ཉོག་དེ་དགོས་མེད་གད་སྙིགས་བཞིན་མ་དོར་བར་དཔྱད་གླེང་གནང་བར་ཐུགས་རྗེ་ཆེ།   འདིར་དྲ་གྲོགས་འབིག་ལགས་ཀྱིས།   དེ་སྤྱིར་བཏང་ཞིག་ལས་རྒྱ་རི་རིན་པོ་ཆེས་དམིགས་བསལ་བོད་རྒྱའི་འབྲེལ་མོལ་དང་འབྲེལ་ནས་བཤད་པ་ཞིག་ཨེ་ཡིན་སྙམ།   ཞེས་གསུངས་བའི་ཐད་ལ་གསལ་བཤད་ཅུང་ཟད་བྱེད་འདོད་བྱུང་།    གོང་དུ་རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་གང་བཤད་པ་དེ་དག་བོད་རྒྱའི་འབྲེལ་མོལ་དང་དམིགས་བསལ་འབྲེལ་བ་ཡོད།   གོང་ཚེས་ཉིན་ཁོང་གིས་བོད་རྒྱའི་འབྲེལ་མོལ་སྐོར་ལ་སྐད་ཆ་བཤད་སྐབས་དེ་འདྲ་བཤད་པ་རེད།    དེ་དུས་ང་རང་ཚོགས་འདུའི་གྲལ་དུ་ཞུགས་ཡོད་པ་མ་ཟད།    བོད་རྒྱའི་འབྲེལ་མོལ་དང་།   ཆོལ་གསུམ་གཅིག་བསྒྲིལ་གྱི་རང་སྐྱོང་།    རྒྱ་ནག་གི་མི་རིགས་ས་གནས་རང་སྐྱོང་སྐོར་གྱི་བཅའ་ཁྲིམས་སྟེ།    དོན་ཚན་འདི་གསུམ་ཐོག་དྲི་བ་བྱས་པས།    ཁོང་གིས་དེ་ལྟར་ལན་འདེབས་བྱས་པ་ཞིག་ཡིན།    གང་ལྟར་དྲ་གྲོགས་རྣམས་ཀྱིས་ཐུགས་བསམ་བཞེས་དང་།    གལ་ཏེ་རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་གཅིག་པོ་ང་ཚོར་སྤྲད་དེ།    ༧གོང་ས་ཐམས་ཅད་མཁྱེན་པ་ཕྱིར་ཕེབས་ཆོག་ཞེས་བཤད་ཚེ།    ང་ཚོས་ཇི་ལྟར་བྱེད་རྒྱུ་ཡིན་ནམ།   ང་ཚོས་མགོ་བོ་གཅིག་པོའི་ཆེད་རྐང་ལག་གཉིས་བློས་གཏོང་རྒྱུ་ཡིན་ནམ།    དངང་སྐྲག་དང་སེམས་ཁྲལ་བྱས་ནས་གང་ཡང་ཡོང་རྒྱུ་མེད་མོད།   བོད་དོན་ཀྱི་བརྒྱུད་རིམ་ལ་བལྟས་ན།    སེམས་ཁྲལ་མི་བྱེད་ཐབས་མེད་རེད།    དང་པོར་ང་ཚོས་རང་བཙན་བརྩད།    དེ་དོར་ནས་ཆོལ་གསུམ་གཅིག་བསྒྲིལ་གྱི་རང་སྐྱོང་བརྩད།    ད་དེ་ཡང་དོར་ནས་བོད་རང་སྐྱོང་ལྗོངས་བརྩད་རྒྱུའི་གྲ་སྒྲིག་བྱེད་ཚར་འདུག    གལ་ཏེ་རྒྱ་མིས་དེ་ཡང་མ་སྤྲད་ན།   ལྷ་ས་གྲོང་ཁྱེར་གཅིག་པོ་རྩོད་རྒྱུ་ཡིན་ནམ།    དེ་ཡང་མ་སྤྲད་ན་ཕོ་བྲང་པོ་ཏ་ལ་རྩོད་རྒྱུ་ཡིན་ནམ།    དེ་ཡང་མ་སྤྲད་ན།    ནོར་གླིང་ཕོ་བྲང་རྩོད་རྒྱུ་ཡིན་ནམ།    དེ་ཡང་མ་སྤྲད་ན།   ད་ཅི་ཡང་མི་དགོས་ང་ཚོ་ཕྱིར་ལོག་ཏུ་བཅུག་ན་དེ་གས་ཆོག་ཟེར་རྒྱུ་ཡིན་ནམ།    གལ་ཏེ་རྒྱ་མིས་ཁ་བྲལ་རིང་ལུགས་པ་ཚོ་ཕྱིར་ལོག་མི་ཆོག་ཞེས་བཤད་ཚེ།    ང་ཚོས་སྡུག་སྐད་འདོན་བཞིན་ས་མཐའ་ནས་འཆི་བ་སྒུག་སྟེ་སྡོད་རྒྱུ་ལས་ཅང་མེད་དོ།།  

  12. ཡེ་ཤེས། says:
    2008-08-19 at 10:26 pm

    འདིར་བོད་ཀྱི་མ་འོངས་པ་རེ་བ་ཡོད་པར་འདོད་མཁན་རེ་ཡོད་ན་རེ་བ་དེའི་ས་བོན་གང་ན་ཡོད་དང་དེ་ཇི་ལྟར་མགོ་འབུས་པ་དང་། ནམ་ཞིག་དེ་ལ་གཡུར་དུ་ཟ་བའི་ལོ་ཏོག་སྨིན་ཐུབ་པ་བཅས་གསལ་བོར་བཀོད་ན་ལེགས། གཞན་བོད་དོན་ལས་འགུལ་ལ་མཉམ་ཞུགས་མི་བྱེད་པ་དང་བྱེད་པའི་ས་མཚམས་ཇི་ལྟར་འཇོག་གི་གསལ་ཁ་ཞིག་ཀྱང་ཡོད་ན་བསམ། བོད་དོན་ལས་འགུལ་ལ་མཚོན་ན་སྣ་ཁ་བརྒྱ་ཕྲག་བརྒལ་བ་ཞིག་ཡོད་ན་གོང་གི་སྐུ་ཞབས་དཀོན་མཆོག་ལགས་སྣ་ཁ་གང་དང་གང་ལ་ཞུགས་ཀྱིན་ཡོད་མེད་དང་། ང་དེ་ལ་མི་ཞུགས་པའི་དཔང་རྟགས་རེ་ཡོད་ན་དེ་དགོད་རོགས། བོད་དོན་ལས་འགུལ་དེ་མཐའ་གཅིག་ཏུ་ཁུ་ཚུར་འཕྱར་ནས་ཁྲོམ་སྐོར་ལ་འགྲོ་དགོས་པ་ལ་གོ་དགོས་ན་ཡུལ་གྱར་སྲིད་གཞུང་གི་ལས་བྱེད་མང་ཤོས་བོད་དོན་ལས་འགུལ་ལ་མཉམ་ཞུགས་མཁན་ཡིན་པའི་ཐལ་བ་ཟློག་ཏུ་མེད་པ་འབབ་བོ།།

  13. ཡེ་ཤེས། says:
    2008-08-19 at 10:29 pm

    གོང་དུ། མཉམ་ཞུགས་མཁན་ཞེས་པ་ཡིག་ནོར་ཡིན། དེ་ མཉམ་ཞུགས་མི་བྱེད་མཁན་ ཞེས་པར་ཀློགས་རོགས།

  14. ཡེ་ཤེས། says:
    2008-08-19 at 10:32 pm

    དེ་བཞིན་དཀོན་མཆོག་ལགས་ནས་ང་ལ་བོད་དོན་ལས་འགུལ་གང་ལ་ཡང་མི་ཞུགས་པ་ཞེས་བརྗོད་པར་བལྟས་ན་ཁོང་གིས་ཉིན་མཚན་མེད་པར་ང་ལ་ལྟ་རྟོག་བྱེད་བཞིན་པའམ། ཡང་ན་ངའི་ཤག་རོགས་ལོས་ཡིན་ཡང་བསམ་གྱི་འདུག

  15. མགོན་པོ་ཕྱག་གཉིས་པ། says:
    2008-08-19 at 10:49 pm

    རྒྱ་རི་རིན་པོ་ཆེས་གསུངས་པ་ལྟར། ང་ཚོར་རྒྱ་ནག་གི་ཆབ་སྲིད་དང་ཁྲིམས་ལུགས་སྐོར་སློབ་སྦྱོང་མེད་པ་དེ་བདེན་པ་རེད། ང་ཚོས་རྒྱ་ནག་གི་ཁྲིམས་ལུགས་སྐོར་སློབ་སྦྱོང་མང་ཙམ་བྱེད་དགོས་རྒྱུ་དེ་གལ་ཆེན་པོར་མཐོང་། ལས་སླ་པོ་ཞིག་བཤད་ན་བོད་ལ་ཚད་ལྡན་གྱི་རང་སྐྱོང་ཞིག་ཡོང་རྒྱུ་ནི་རྒྱ་ནག་གི་རྩ་ཁྲིམས་ནང་གི་ཚིག་ཁ་ཤས་ལ་བཟོ་བཅོས་ཕྲན་བུ་བྱེད་རྒྱུ་ཙམ་ལ་ཐུག་ཡོད་རེད། ཡིན་ན་ཡང་ཚིག་ཁ་ཤས་ལ་བཟོ་བཅོས་ཕྲན་བུ་ཞིག་བྱེད་རྒྱུ་དེ་ཅི་འདྲའི་དཀའ་ངལ་ཆེ་བ་ཞིག་མ་རེད་དམ།
    ཅོག་ཙེ་གཅིག་གི་ཐོག་མར་བསྡད་ནས་མི་རིགས་རང་སྐྱོང་གི་བཅའ་ཁྲིམས་ཐོག་རྒྱ་ནག་དང་མཉམ་དུ་སྐད་ཆ་ཞིག་བཤད་རྒྱུའི་གོ་སྐབས་ཤིག་བྱུང་ན་དེ་ཡག་པོ་རེད་སྙམ། ད་ལྟ་ཁྲིམས་ཐོག་ཏུ་གཏན་འཁེལ་གྲུབ་ཡོད་པའི་རང་སྐྱོང་གི་བཅའ་ཁྲིམས་དེ་ཚོ་ཇི་བཞིན་ལག་ལེན་ལ་འཁེལ་ཐབས་ཤིག་དང་། ཆད་པ་རྣམས་ལ་ཁ་གསབ་ཀྱིས་མི་རིགས་རང་སྐྱོང་ལ་ཁྲིམས་ཐོག་ནས་འགན་སྲུང་ཡོད་པ་ཞིག་བྱ་ཐུབ་ན་རབ་རེད། ང་ཚོས་རྩོད་བཞིན་པ་དེ་རང་སྐྱོང་ཡིན་པའི་རྒྱུ་མཚན་གྱིས། ལྷག་བསམ་རྣམ་དག་གིས་རྒྱ་ནག་གི་རྩ་ཁྲིམས་དེ་རང་ཉིད་ཀྱི་རྩ་ཁྲིམས་ཡིན་པའི་ཀུན་སློང་ཞིག་ཁྱེར་ནས་དེ་ཐོག་བགྲོ་གླེང་ལྷུག་པོ་དང་། དེ་དོན་ལག་ལེན་ལ་འཁེལ་པར་ཚང་མས་འབད་བརྩོན་བྱས་པ་ཡིན་ན་ཁྱོན་ནས་རེ་བ་མེད་པ་ཞིག་ཡིན་ཅི་ལ་སྲིད། ངས་བལྟས་ན། མི་རིགས་རང་སྐྱོང་གི་འགོག་རྡོ་ངོ་མ་ནི་རྒྱ་ནག་ཆེན་པོའི་རིང་ལུགས་འཛིན་མཁན་གྱི་དཔོན་ངན་སྐོར་ཞིག་ལ་ཐུག་བསྡད་མེད་དམ་སྙམ། དེ་ཚོ་རྐུབ་བཀྱག་ལས་གཡུགས་མ་ཐུབ་པ་དེ་སྲིད་དུ་ང་ཚོར་འདོད་པ་ཁེངས་པའི་རང་སྐྱོང་ཞིག་རེག་རྒྱུ་ཁག་པོ་མེད་དམ།
    མི་རིགས་རང་སྐྱོང་གི་བཅའ་ཁྲིམས་ཀྱིས་རང་སྐྱོང་ལྗོངས་དང་རང་སྐྱོང་ས་ཁུལ། རང་སྐྱོང་རྫོང་བཅས་ཚང་མར་ཁྱབ་ཡོད་པ་མ་ཡིན་ནམ། དེ་ཡིན་ན། རང་སྐྱོང་ལྗོངས་ལ་རང་སྐྱོང་གི་དབང་ཆ་སྤྲོད་པ་དང་། གཞན་རང་སྐྱོང་ས་ཁུལ་དང་རང་སྐྱོང་རྫོང་ལ་རང་སྐྱོང་གི་དབང་ཆ་མི་སྤྲོད་པ་དེ་འདྲ་ཞིག་རྩ་ནས་ཡོང་མི་ཤེས་པ་ཞིག་རེད་སྙམ།
    གལ་སྲིད་ང་ཚོས་རང་བཙན་གྱི་སྐད་ཆ་བཤད་ན། ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་རང་བཙན་ཞིག་ཇི་ལྟར་ཡོང་གི་ཡོད་མེད་ངའི་བློ་ངོར་འཆར་བར་དཀའ། ཨ་མདོ་དང་ཁམས་ཀྱི་ས་ཆ་མང་ཆེ་བ་ཆབ་སྲིད་ཀྱི་ཐོག་ནས་བོད་གཞུང་གི་འོག་ན་མེད་པ་རེད། སིམ་ལའི་ཤིང་སྟག་ལོའི་ཆིངས་ཡིག་སྐབས་བོད་ཕྱི་ནང་གཉིས་སུ་དབྱེ་ཡོད་པ་མ་ཡིན་ནམ། ད་ལྟ་ཕྱི་རྒྱལ་ཁག་གི་བོད་ཀྱི་ས་ཁྲ་དེ་བོད་རང་སྐྱོང་ལྗོངས་གཅིག་པོའི་ས་ཁྲ་མ་ཡིན་ནམ།
    རིག་གཞུང་གི་རྒྱལ་ཁབ་ཟེར་བ་དེ་འདྲ་ཞིག་ཡོད་པ་འདྲ། རིག་གཞུང་གི་རྒྱལ་ཁབ་གང་ཞིག་ཆབ་སྲིད་ཀྱི་ཐོག་ནས་ལོགས་སུ་ཡིན་ན། དེ་ལ་རྒྱལ་སྤྱིའི་ཁྲིམས་ཐོག་ཏུ་རང་བཙན་གྱི་ཐོབ་ཐང་ཡོད་པ་རེད་དམ།
    ག་རེ་ཡིན་ན་མིན་ན། ང་ཚོའི་དོན་དག་དེ་མདོར་དེད་ན་ཁྲིམས་ཤིག་གི་ཐོག་ཏུ་འབབ་དགོས་ཀྱི་ཡོད་པ་འདྲ། ཡང་ན་རྒྱ་ནག་གི་ཁྲིམས། ཡང་ན་རྒྱལ་སྤྱིའི་ཁྲིམས།
    མདོར་དེད་ན། ཆོལ་གསུམ་གཅིག་ཏུ་བསྒྲིལ་བའི་རང་སྐྱོང་ཙམ་ཡང་མ་ཡོང་བ་ཡིན་ན། བོད་རང་སྐྱོང་ལྗོངས་ལ་རང་བཙན་སྤྲོད་རྒྱུ་ནི་དེ་ལས་ཀྱང་རྒྱང་ཐག་རིང་བའི་དོན་དག་ཅིག་རེད།

  16. kunchok says:
    2008-08-20 at 12:51 am

    དོན་དག་ཆེ་ཆུང་གང་ཡིན་རུང་འགྲུབ་མི་འགྲུབ་དེ་རང་ལ་རག་ལས་ཡོད་པས་གཞིས་བྱེས་བོད་མིའི་སེམས་ཤུགས་རྡོག་རྡོག་འདི་བོད་དོན་རེ་བ་བཅོལ་ཡུལ་གྱི་ས་བོན་ཡིན་པ་མ་ཟད་ཁྱོས་སྐད་ཆས་ངོ་གདོང་ལས་བོད་དོན་ལས་འགུལ་ལ་མཉམ་ཞུགས་མེད་པའང་རྟོགས་སོང་། གལ་ཏེ་ངའི་སྐད་ཆ་འདི་མི་བདེན་ན་ཁྱོད་ལ་ཅིག་འགྲིག་མེད་པའི་རྟགས་རེད། མིན་ན་རེ་བ་མེད་ས་ལ་ལས་དོན་སྤེལ་དགོས་དོན་ཅང་མེད་ཀ གོང་གི་ཡེ་ཤེས་ལ་ཡིན། དྲ་གྲོགས་རྣམས་སུན་ན་དགོངས་དག།

  17. yeshe says:
    2008-08-20 at 2:17 am

    ང་ལས་འགུལ་གང་དང་གང་ལ་ཞུགས་ཀྱིན་ཡོད་མེད་དེ་ངའི་གྲོགས་པོ་དག་དང་དེ་མིན་རྒྱ་ནག་གི་ཉུལ་མ་ཚོས་ཤེས་ཀྱི་རེད། གཞན་སུ་དང་གང་གིས་མི་ཤེས་ལ་ཤེས་དགོས་དོན་ཡང་མེད། འདི་མོ་འདི་ཁྱེར་ཡོང་ནས་གསག་འདྲི་གི་མ་འདུག དོན་དང་མཐུན་པའི་གཏམ་བརྗོད་རེ་སྤེལ་ན་ལེགས། ཁྱོད་ཅིག་ཡིན་ས་རེད་མིན་ས་རེད་ཏག་ཏག་གིས་དྲ་ཚིགས་འདིའི་ནང་ལ་ཉོག་བསྐྱུགས་ན་དགོས་པ་ཅང་མེད་ཀ

  18. yeshe says:
    2008-08-20 at 2:30 am

    འདིར་ཡོང་མཁན་ཚང་མས་རེ་བ་ཆེན་པོ་ཞིག་མཐོང་བ་ག་ལ་ཡིན། གལ་སྲིད་ཡིན་ན་ཉིད་ལ་རེ་བ་ག་འདྲ་ཞིག་ཡོད། རྐྱང་རྐྱང་ལ་འདྲོག་གིན་ཡོད་པ་རེད། རྐྱང་བཞུར་མ་རང་ལ་འདྲོག་གིན་ཡོད་པ་རེད། མི་རེ་ཟུང་དྲ་གྲོགས་འཚོལ་གི་ཡོང་གི་ཡོད་པ་རེད། མི་རེ་ཟུང་ཉི་མ་གཏོང་གི་ཡོང་གི་ཡོད་པ་རེད། རེ་ཟུང་བོད་དོན་སྒྲུབ་ཀི་ཡོང་གི་ཡོད་པ་རེད། རེ་ཟུང་རྒྱ་དོན་སྒྲུབ་ཀི་ཡོང་གི་ཡོད་སྲིད། རེ་ཟུང་གསེག་འདྲི་གི་ཡོང་གི་ཡོད་པ་རེད། རེ་ཟུང་མཁས་རྟགས་སྟོན་གི་ཡོང་གི་ཡོད་པ་རེད། ལ་ལ་བླུན་རྟགས་ངོམ་གི་ཡོང་གི་ཡོད་པ་རེད། འདི་ནི་ཁ་བརྡ་གཅིག་པོ་མ་ཡིན་པར་དེང་རབས་ཀྱི་འཛམ་གླིང་གི་དྲ་རྒྱ་ལ་ཞུགས་སྟངས་ཤིག་རེད། འདི་ཙམ་ཤེས་པའི་ཤེས་རབ་ཅིག་ཡོད་ན་སྐད་ཆའི་མགོ་བཙུགས་མ་ཐག་ཏུ་ཁབ་ཁུག་མའི་ནང་དུ་བླུགས་པ་ལྟ་བུའི་བཤད་ས་གཏམ་ས་མི་འགྲོ་བ་ཞིག་ཡོང་གི་མ་རེད། གལ་སྲིད་ཆེན་པོ་ཡོད་མཁན་ཚོས་ང་ལྟ་བུའི་རེ་བ་ཆེན་པོ་མེད་མཁན་དག་གི་ཁ་གཙེས་ནས་བསྡད་ན་སྙིང་བོ་ཅང་མེད་ཀ རེ་བ་འདི་འདྲ་དང་དེ་འདྲ་འདུག་གི་རྩོམ་ཡིག་སྤྲིན་འཁྲུག་འཁྲུག་དང་གློག་འཁྱུག་འཁྱུག འབྲུག་ལྡིར་ལྡིར་དང་ཆར་འབབ་འབབ་སྤེལ་ན་མི་ལེགས་སམ།

  19. ÇtôzÅ-q- says:
    2008-08-20 at 8:38 am

    དཀོན་མཆོག ཁྱོད་ཀྱིས་སྤྱི་དོན་གླེང་ས་ནས་སྒེར་ནད་ཅིག་རྩོད་ཀྱི་ཡོད་དམ། བོད་དོན་ལ་རེ་བ་མེད་པར་འདོད་མཁན་ཡོད་སྲིད་ཀྱི་རེད། ཁྱོད་ལ་རེ་བ་ཡོད་ན་ཡོད་སྟངས་གསལ་བཤད་ཐུབ་ན་ལེགས།

  20. འབིག says:
    2008-08-20 at 9:23 am

    རིག་རྡོར་ལགས། ཁྱེད་ཀྱིས་གསལ་བཤད་གནང་བར་ཐུགས་རྗེ་ཆེ་ཞུ།

  21. ÇtôzÅ-q- says:
    2008-08-20 at 9:25 am

    རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་སྔོན་མ་ཡིན་ན་རེ་བ་འདུག་དང་རེ་བ་འདུག་ཅེས་བརྗོད་བྱུང་། ད་ཡིན་ན་རེ་ན་མི་འདུག་དང་རེ་བ་མི་འདུག་ཅེས་བརྗོད་ཀྱིན་འདུག བོད་མིས་རྒྱ་ཁྲིམས་ཤེས་ན་རྒྱ་མིས་བོད་ལ་ཁྲིམས་ཡག་པོ་ཞིག་གཏན་འབེབས་བྱས་འདུག་ཅེས་བཤད་པ་ཨེ་རེད། རྒྱ་མི་གུང་ཁྲན་ལ་ཆ་རྒྱུས་ཆེ་བའི་རྡོ་སྦིས་དགེ་བཤེས་ཤེར་རྒྱམ་དང་། པན་ཆེན་སྐུ་ཕྲེང་བཅུ་པ། འབའ་པ་ཕུན་དབང་སོགས་ཀྱང་སྐྱག་པ་ཤོར་ཤོར་བྱས་པ་དེ་ཁོང་ཚོས་ཁྲིམས་མ་ཤེས་པ་ཨེ་རེད། ངས་བསམ་ན་ཁོང་ཚོས་རྒྱ་མིའི་ཁྲིམས་དེ་ཤེས་རྒྱུ་རེད་བསམ་གྱིན་འདུག ད་ཡིན་ན་སྐུ་ཚབ་ཚོས་རང་ཉིད་དཀར་པོ་དང་། རྒྱ་མི་གུང་ཁྲན་དཀར་པོ། བོད་མི་དམངས་ནག་པོ་བཟོ་བཞིན་ཡོད་པ་ཡིན་རྒྱུ་རེད།

  22. བསོད་ནམས says:
    2008-08-20 at 3:41 pm

    གོང་དུ་ཉེ་ཆར་རྒྱ་རི་རིན་པོ་ཆེས་གྲི་སི་ལ་བཀའ་མོལ་ཞིག་གསུང་བའི་སྐོར་སམས་སྐབས་འདི་དྲན་བྱུང་།་་ང་ཚོས་ཁོང་ནས་གང་གསུང་བ་ཆ་ཚང་མཁྱེན་ནས་འགྲེལ་བརྗོད་བྱེད་ན་ཡག་པོ་མིན་ནམ།་་དེ་མིན་བློ་ཟུ་བོར་གནས་ནས་བསམ་ཚུལ་བཤད་མི་ཐུབ།་་དེ་འདྲ་ཡིན་དུས་ཐོག་མར་རྒྱ་རི་མཆོག་ནས་གང་གསུང་བ་ཆ་ཚང་འདིར་བཀོད་རོགས་གནང་།

  23. kunchok says:
    2008-08-20 at 4:33 pm

    ཨོ་་་་་སྤོབས་པ། ཅིག་ཟིག་ནས་གློ་བུར་མཆོངས་ཡོང་ནས་ང་འཆའ་ལ་ཁེལ་བྱས་སོང་། སུ་གང་ལ་སྒེར་ནད་ཅང་མེད། ཡིན་ནའང་རང་རེའི་གནས་སྟངས་འདི་འདྲའི་འོག་ཏུ་ཡང་མི་སེམས་གསོ་མི་ཐུབ་རུང་སོད་གང་ཐུབ་བལྟ་མཁན་དེའི་རིགས་ག་འདྲ་ཡིན་ནམ་དྲན་ཀི དེས་དམིགས་ཡུལ་འགྲུབ་པར་ཕན་ཐོགས་ཡོད་ན་གནས་སྟངས་སོ་སོ་རེད། ཤེས་ཡོན་ཅན་ཞིག་གིས་ད་རེ་བ་ཡོད་མ་རེད་ཟེར་ནས་ལམ་འཁྲྲིད་སྟངས་ལས་སྲྲིད་དོན་པ་ཞིག་གིས་རེ་བ་ཡོད་རེད་ཟེར་ནས་ལམ་སྟོན་སྟངས་འདི་ང་ཡིན་ན་བློ་ལ་འཕྲོད་ཤོས་འདུག

  24. ཡེ་ཤེས། says:
    2008-08-20 at 6:15 pm

    ཤེས་ཡོན་པ་ནི་ཐད་ཀར་བརྗོད་ལ་དགའ།
    སྲིད་དོན་པ་དག་བསྐོར་ནས་བཤད་ལ་མོས།
    དོན་གྱི་སྙིང་པོ་ལག་ཏུ་ལེན་པའི་དུས།
    ཤ་ཟ་ཁུ་འཐུང་གཉིས་ཀྱི་ཞོགས་པ་འདྲ།

  25. ཡེ་ཤེས། says:
    2008-08-20 at 6:18 pm

    ཤེས་ཡོན་པ་ནི་ཐད་ཀར་བརྗོད་ལ་དགའ།
    སྲིད་དོན་པ་དག་བསྐོར་ནས་བཤད་པར་གོམས།
    དོན་གྱི་སྙིང་པོ་ལག་ཏུ་ལེན་པའི་དུས།
    ཤ་ཟ་ཁུ་འཐུང་གཉིས་ཀྱི་ཞོགས་པ་འདྲ།
    མཆན་གྱི་མཆན།
    བོད་པའི་གཏམ་དཔེར། ཤ་ཟ་མ་དང་ཁུ་འཐུང་མ། ནམ་མཁའ་ལངས་ན་འདྲ་འདྲ་ཡིན་ཟེར།

  26. ÇtôzÅ-q- says:
    2008-08-20 at 8:11 pm

    མིའི་སེམས་ཤུགས་མ་གཅོག་ཟེར་བ་དེ་ངས་རྒྱུ་མཚན་གང་ཡང་མཐོང་གི་མི་འདུག གཅིག་བྱས་ན་དེ་ཆབ་སྲིད་མཁས་པའི་ཐབས་བྱུས་ཞིག་ཡིན་རྒྱུ་རེད། ན་ནིང་འཇར་མན་དུ་སྡོད་མཁན་བོད་པ་ཞིག་གིས་མ་བོས་མགྲོན་པོ་ཞེས་པའི་དེབ་ཅིག་བྲིས་ནས་ཕྱི་ནང་གཉིས་གར་དོན་ལ་ཁེལ་བ་དང་མི་ཁེལ་བའི་སྐྱོན་བརྗོད་མང་པོ་ཞིག་བྱས་འདུག ངས་དེབ་དེ་ཡག་པོ་འདུག་ཅེས་བཤད། ལ་ལས་ཡག་པོ་མིའདུག་དེབ་དེས་བོད་དོན་ལ་འབད་བརྩོན་མཁན་མང་པོའི་སེམས་ཤུགས་བཅག་འདུག་ཟེར། སྐྱོན་བརྗོད་བྱེད་མཁན་གྱིས་རྒྱུ་མཚན་དྲངས་ནས་སྐྱོན་བརྗོད་བྱེད་བཞིན་ཡོད་སྐབས་རང་གཞན་སུ་ཡིན་ཡང་སྐྱོན་དེ་འདུག་མི་འདུག་ཅེས་བརྟག་རྒྱུ་ལས་སྐྱོན་ཡོད་ན་སྐྱོན་བརྗོད་བྱེད་པ་འོས་འཚམས་ལོས་ཡིན། བརྗོད་གཞི་རྡོག་རྡོག་ལས་ཅུང་ཕྱིར་ཤོར་སོང་། དགོང་དག

  27. ÇtôzÅ-q- says:
    2008-08-20 at 8:27 pm

    གཡང་སྐྱབས་རྒྱལ་ནས་རྒྱ་རི་བློ་གྲོས་བགྲེས་ཡོལ་བྱས་ན་ལེགས་ཚུལ་གསུངས་འདུག ཡིན་ན་ཡང་རྒྱ་རི་བློ་གྲོས་འདི་རྒྱལ་བ་རིན་པོ་ཆེ་སྐུ་སྒེར་གྱི་སྐུ་ཚབ་ཡིན་སྟབས་བསྐོས་བཞག་མཁན་ཡང་རྒྱལ་བ་རིན་པོ་ཆེ་ཉིད་ཡིན་པས་ཁོ་བགྲེས་ཡོལ་ལ་འགྲོ་མི་འགྲོ་དེ་རྒྱལ་བ་རིན་པོ་ཆེ་རང་ལ་ཐུག་ཡོད། རྒྱ་ནག་དང་མཉམ་དུ་གྲོས་མོལ་བྱེད་པ་འདི་ཡང་ཕར་གཏུག་ན་རྒྱལ་བ་རིན་པོ་ཆེ་སྐུ་སྒེར་གྱི་གནད་དོན་ཡིན་པར་པེ་ཅིང་ཕྱོགས་ནས་ཤོད་བཞིན་པ་དེར་རྒྱུ་མཚན་ཡོད། བོད་མི་དམངས་ཀྱི་སྐུ་ཚབ་ཡིན་ན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཀོད་སྒྲིག་བྱེད་དགོས་རྒྱུ་རེད། རྒྱལ་བ་རིན་པོ་ཆེ་སི་ཁྲོན་ས་ཡོམ་གྱི་ཚེ་འདས་ཚོར་སྨོན་ལམ་གསུངས་བར་ཕེབས་རྒྱུ་ཟེར་བ་དེ་ཡང་མི་ལ་ལ ཞིག་གིས་དེ་ལྟར་བྱས་ན་ལེགས་ཚུལ་གྱི་བསམ་ཚུལ་ཙམ་ལས་གཞན་གང་ཡང་མ་རེད།

  28. རིག་པའི་རྡོ་རྗེ། says:
    2008-08-20 at 9:16 pm

    བཀུར་འོས་དྲ་གྲོགས་བསོད་ནམས་ལགས་ཀྱིས།    རྒྱ་རིས་གང་གསུང་བ་ཆ་ཚང་འདིར་བཀོད་རོགས་གནོངས་ཞེས་གསུངས་པས།   འདིར་དེའི་ཐད་གསལ་བཤད་ཐུང་ངུ་ཞིག་བྱེད་འདོད་བྱུང་།   དེ་བདེན་པ་རེད།   བོད་རྒྱའི་འབྲེལ་མོལ་སྐོར་ལ་ཤེས་འདོད་ཡོད་མཁན་ཞིག་ཡིན་ཕྱིན།   རྒྱ་རིས་གང་བཤད་ཚང་མ་མགོ་ནས་མཇུག་བར་ཤེས་འདོད་ཡོད་མོད།   ཁར་སང་ཚོགས་འདུའི་ཐོག་རྒྱ་རིས་གང་བཤད་ཐམས་ཅད་འདིར་གཅིག་གཅིག་གཉིས་གཉིས་ཀྱིས་བཀོད་ན་འོར་བཤད་ཡང་བཤད་རྐྱང་ཡིན་པས་དགོས་པ་ཆེར་མེད་ལ།    ད་དུང་ཕྱོགས་གཞན་ནས་བཤད་ན།    འབྲེལ་མོལ་ཐེངས་བདུན་པ་དང་།    དེའི་སྔོན་གྱི་ནང་མོལ་སྐབས་རྒྱ་གཞུང་གིས།   སྐུ་ཚབ་ཚོར་སྣེ་ལེན་བྱས་ཚུལ་དང་།     ལྟ་སྐོར་ལ་ཁྲིད་ཚུལ།    སྔོན་དང་བསྡུར་ན་རྣམ་འགྱུར་ཡག་པོ་སྟོན་ཚུལ་སོགས་ཀྱང་བཤད་པས་དེ་ལ་ཡང་དགོས་པ་ཆེར་མེད་སྙམ།    དེར་བརྟེན་གུས་པས་རྒྱ་རིའི་གཏམ་བཤད་དང་།    དྲིའི་ལན་ཁག་གི་སྙིང་དོན་མདོར་བསྡུས་ནས་བཀོད་པ་ཡིན་པས།    གོང་གི་དེས་འཐུས་སྙམ།    

  29. ཡེ་ཤེས། says:
    2008-08-20 at 9:32 pm

    རྒྱ་རི་རྒྱ་ལ་འགྲོ་སོང་།
    རྒྱ་ཟས་སྟོན་མོ་བཤམས་སོང་།
    རྒྱ་ཟས་ལེའུ་བཅོ་བརྒྱད།
    རྒྱ་རིར་གྲངས་ཀ་ཏག་ཏག

  30. ཡེ་ཤེས། says:
    2008-08-20 at 9:34 pm

    རྒྱ་རི་ཚུར་ལ་ཕེབས་དུས།
    རྒྱ་རི་འཛུམ་མདངས་ཤིག་ཤིག
    གསུང་སྐད་མ་འབྱོན་གོང་ལ།
    རྒྱ་ཟས་དྲི་ཞིམ་ཐུལ་ཐུལ།

  31. བསོད་ནམས says:
    2008-08-21 at 9:31 am

    སྐུ་ཞབས་རིག་རྡོར་མཆོག།
    ཉིད་ནས་གུས་པར་ལན་གནང་བར་ཐུགས་རྗེ་ཆེ།་འོན་ཀྱང་དེས་ཡིད་རངས་མ་སོང་།
    གུས་པའི་བསམས་པར་བོད་རྒྱའི་འབྲེལ་བ་ལྟ་བུའི་ཆབ་སྲིད་དོན་གནད་གལ་ཆེན་པོར་གནས་ཚུལ་ཆ་ཚང་ཧ་མ་གོ་བར་རེ་ཟུང་གི་གང་གསུངས་པར་ཕྱིན་པ་ཡིན་ན་ག་ལ་ཡོང་།
    གལ་ཏེ་རྒྱ་རི་ལགས་ཀྱི་དེ་ལྟར་གསུངས་ཡོད་ན་དེར་རྒྱུ་མཚན་ཡོད་དགོས་པས་དེ་ཚོ་ཧ་མ་གོ་བར་གང་བསམས་གསུངས་ཞུགས་ན་དེ་ནི་མཁས་པའི་རྟགས་མིན།་ཁོང་གི་གསུངས་པར་གོ་བ་གཞན་མེད་དམ།་
    སྤྱིར་འགྲེལ་མོལ་དེ་ནི་སྐུ་ཚབ་ཚོས་གནང་དགོས་རུང་ཆབ་སྲིད་ཀྱི་དམངས་གཞི་ང་ཚོ་བོད་མི་ཚང་མས་བཀོད་དགོས་པ་ཡིན་པས་དེ་ཐོག་ང་ཚོ་འདེངས་ཚོད་ཡོད་དམ།

  32. ཚངས་དབྱངས། says:
    2008-08-21 at 10:43 am

    རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གི་གཏམ་བཤད་ལས་འཕྲོས་པའི་བོད་ཀྱི་བསམ་བློ།

    ད་རེས་རྒྱ་རི་རིན་པོ་ཆེ་མཆོག་གིས་བོད་པས་རྒྱའི་ཁྲིམས་ཤེས་ཀྱི་མིན་འདུག་ཟེར་བ་དེ་ལས་འཕྲོས་པའི་བོད་ཀྱི་མི་སྣ་འགའ་ཤས་ཀྱི་བསམ་ཚུལ་ལས་གང་མཚོན་ཐུབ་ཅེ་ན།

    ༡༽ བོད་ཀྱི་ཤེས་ཡོན་ཅན་དང་ཕྱི་རྒྱལ་ལ་ཡོད་པའི་སྨྱུག་འཛིན་པ་ཚོས་བོད་གཞུང་དང་རྒྱལ་བ་རིན་པོ་ཆེར་རེ་བ་རྒྱག་པ་དེ་ཆེ་དྲག་འདུག ང་ཚོེས་ཤེས་གསལ་ལ་བཙན་བྱོལ་བོད་གཞུང་དང་རྒྱལ་དབང་རིན་པོ་ཆེ་གཞན་གྱི་སྐྱབས་འོག་ཏུ་བཞུགས་ཡོད་པས་ཁོང་རྣམ་ལ་ལྷག་བསམ་རྣམ་དག་ཞིག་ཡོད་ནའི་དོན་དངོས་ཀྱི་ནུས་པ་མེད། དེར་བརྟེན་རྒྱ་ཕྱོགས་ནས་གང་བཤད་ལ་མ་ཉན་ཐབས་མེད་ལས་དེ་ལས་ལྡོག་པར་བྱེད་པའི་རྩ་བའི་ནུས་པ་མེད། དེར་བརྟེན་རྒྱ་རི་དམིགས་བསལ་སྐུ་ཚབ་ལས་དབྱུགས་ནས་མི་གཞན་ཞིག་ཁོང་གི་ཚབ་ལ་འཇོག་པར་བྱེད་ཀྱང་། གཞི་རྩའི་གནས་ཚུལ་ལ་སྒྱུར་བ་རྩ་བ་ནས་མི་འགྲོ།

    ༢༽ རྒྱའི་སྟོབས་ཤུགས་དེ་ཁས་མི་ལེན་ཐབས་མེད་རེད། དཔེར་ན། བོད་འདི་ལ་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱལ་ཁབ་སུ་ཡོད་རེད། མ་གཞི་ནས་གཞན་གྱི་རྒྱབ་སྐྱོར་ཟེར་བ་འདི་བློ་བྲིད་བྱེད་པའི་རྒྱུ་གཙོ་བོ་ཡིན། མི་ཚང་མ་རང་དོན་སྒྲུབ་མཁན་ཤ་སྟག་ཡིན་སྟབས། རང་ཉིད་ལ་ཁེ་ཕན་མེད་ན་རང་དོན་བཏང་ནས་གཞན་དོན་སུས་བྱེད་ཀྱི་རེད། འདི་མ་ཤེས་པ་འདི་བོད་པའི་རྩ་བའི་ནོར་འཁྲུལ་ཆེ་ཤོས་དེ་རེད། རྒྱལ་དབང་མཆོག་གི་ཀྱང་གཞན་གྱི་རོགས་རམ་ལེན་རྒྱུར་རེ་བ་ཆེན་པོ་མེད་པ་དེས་ང་ཚོ་ད་བར་གཞན་གྱི་མགོ་སྐོར་ཆེན་པོར་ཚུད་མེད། ཡིན་ནའི་ཐབས་སྐྱོ་བ་ཞིག་ལ་ཁ་བརྡའི་ནང་ཡོང་མཁན་གྱི་མི་མང་པོ་ཞིག་ལ་སྐྱབས་བཅོལ་བའི་འདུ་ཤེས་ཁྲག་སྐྱེས་རུས་སྐྱེས་རེད་འདུག་པས། ལྟ་བ་དེར་འགྱུར་བ་མ་བཏང་ན་བོད་འདི་ལ་ཕན་པའི་བྱ་བ་ཅི་ཡང་བསྒྲུབས་མི་ཐུབ།

    ༣༽ བོད་ཀྱི་སྟོབས་ཤུགས་དེ་ཆུང་དྲག་པ་རེད། དེ་ཁས་ལེན་མ་བྱས་ན་བོད་ཀྱི་དཀའ་རྙོག་ལ་རྣལ་ཕབ་པའི་འགྲོ་ལམ་ཞིག་འཚོལ་མི་ཐུབ། ལྟོས་དང་། ང་ཚོས་ངོ་རྒོལ་ག་ཚོད་བྱས་ཀྱང་། ཨོ་རྩེད་དེ་རྒྱ་ནག་ལ་ལེགས་པར་སྒྲུབ་བཞིན་ཡོད། རྒྱལ་ཁབ་ཚང་མའི་འགོ་པ་ཚོ་ཚང་ཁ་ཤིག་ཤིག་གིས་རྒྱ་ནག་ལ་ཕྱིན་སོང་། ངོ་རྒོལ་དེ་གང་ཕན་སོང་། དངུལ་འཕྲོ་བརླགས། རྒྱུ་འཕྲོ་བརླགས། དུས་ཚོད་འཕྲོ་བརླགས།

    ༤༽ ཁ་བརྡའི་ནང་ཡོང་མཁན་གྱི་མི་མང་ཆེ་པ་དེ་ཚོར་བོད་དོན་ལ་རང་གི་སྐྒེར་དོན་བློས་གཏོང་མི་ཐུབ་མཁན་ཤ་སྟག་རེད། ཁྱེད་ཚོ་ཚང་མ་རང་དབང་ལུང་པའི་ནང་བསྡད་ཡོད། ལས་ཀར་འགྲོ་དགོས། བུ་ཕྲུག་སྐྱོང་དགོས། ཁང་གླ་སྤྲོད་དགོས། དེ་ཡིན་དུས། ཁ་བརྡར་ཡོང་ནས་དུས་ཚོད་བསྐྱལ་བ་ཙམ་ལས་དེ་མིན་བོད་འདིར་ཤ་ཚ་བྱས་སླེབས་ཀྱི་མེད། ཁྱེད་ཚོ་མང་པོ་ཞིག་ནི་དབྱིན་ཡིག་དང་ཕྱི་རྒྱལ་གྱི་སློབ་གསོ་ཡག་པོ་མེད་སྟབས། ཕྱི་རྒྱལ་སྤྱི་ཚོགས་ནང་མ་ཚུད་སྟབས། སྔར་བོད་ཡིག་ཤེས་པ་འདི་བེད་སྤྱོད་ནས་ཁ་བརྡར་རྙོག་འདྲ་ཤོད་པར་ཡོང་བ་ལྟ་བུ་རེད་འདུག ཁྱེད་ཚོའི་ནང་ནས་ཕྱི་རྒྱལ་ལ་བསྡོད་མཁན་ཚོས་བོད་གཞུང་ངམ་རང་གི་ཕ་ཡུལ་གྱི་ཆེད་དུ་སྒོར་མོ་ག་ཚོད་སྦྱིན་མྱོང་ངམ།

    གོང་དུ་བརྗོད་པ་འདི་དངོས་ཡོད་རེད། དེ་གཞི་ལ་བྱས་ནས་ང་ཚོ་སྐད་ཆ་བཤད་ན་ཕན་པ་ཆེ་བ་ཡོད་སྙམས།

  33. བསོད་ནམས says:
    2008-08-22 at 9:38 am

    རིག་རྡོར་ལགས།

    རྒྱ་རི་ལགས་ཀྱི་ཚོགས་འདུའི་སྐོར་ཞིབ་འཇུག་བྱས་པ་ཡིན་པས་ཉིད་ནས་དོན་གནད་གཉིས་ཐོག་བབཟང་སྤྱོད་འགན་བཞེས་མིན་འདུག
    ༡༽རྒྱ་རི་ལགས་ཀྱི་གང་གསུང་བ་ཆ་ཚང་ལ་འགྲེལ་བརྗོད་མ་བྱས་པར་འཁྱོག་བཤད་བྱས་པ་དང་གཅིག
    ༢༽དེ་ལས་གལ་གནད་ཆེ་བ་ནི་ཚོགས་འདུ་དེ་ནང་མོལ་ཡིན་པ་མ་གཏོགས་ཕྱིར་བསྒྲགས་ཆེད་རེད་མི་འདུག

    གལ་ཏེ་ཁྱེད་ཚོགས་འདུ་དེར་བཞུགས་པ་ཞིག་ཡིན་ན་འདིར་འགྲེལ་བརྗོད་མ་ཚང་བ་གནང་བ་བཟང་སྤྱོད་ཐོག་མ་འོས་པ་རེད།
    གལ་ཏེ་ཁྱེད་ནས་སྐྱེ་བོ་གཞན་ཞིག་གི་གསུངས་པར་ཞི་བཞག་ནས་བཀོད་པ་ཡིན་ན་འགན་མ་འཁྱེར་བའི་རྟགས་རེད།

  34. རིག་པའི་རྡོ་རྗེ། says:
    2008-08-22 at 3:13 pm

    བརྩེ་བའི་བསོད་ནམས་ལགས།
    ཉིད་ཀྱིས་རྒྱ་རིས་ཚོགས་འདུའི་སྐོར་ཞིབ་འཇུག་བྱས་པ་ཡིན་ཞེས་གསུངས་མོད།    ཚོགས་འདུའི་སྐོར་ལ་ཞིབ་འཇུག་བྱས་པ་ཡིན་ཟེར་བ་འདིའི་ནང་དོན་ཅི་ཡིན་ཤེས་ཀྱི་མི་འདུག   གང་ལྟར་གུས་པས་རྒྱ་རིའི་གཏམ་བཤད་ཆ་ཚང་མ་བཀོད་པ་བདེན་མོད།    འཁྱོག་བཤད་བྱས་པ་གཅིག་ཀྱང་མེད།    ད་དུང་ཚོགས་འདི་དེ་ནང་མོལ་ཡིན་པའི་དབང་དུ་བཏང་ཡང་།    ཚོགས་འདུའི་ཐོག་གསང་བ་གང་ཡང་བཤད་མེད་ལ།    གུས་པས་ཀྱང་རྒྱ་རི་དང་བོད་རྒྱའི་གནད་དོན་གྱི་གསང་བ་གང་ཡང་གོང་གི་རྩོམ་ཡིག་དེའི་ནང་བྲིས་མེད།    རྒྱ་རིས་བཤད་པ་ལྟར།    མ་འོངས་བོད་རྒྱའི་འབྲེལ་མོལ་གྱི་ཁ་ཕྱོགས་དང་།    བོད་མིས་རྒྱ་ནག་གི་རྩ་ཁྲིམས་མ་ཤེས་པའི་ཞན་ཆ་སོགས་གསང་དགོས་པའི་དོན་དག་ཅིག་མིན་པ་མ་ཟད།    བོད་མི་རྣམས་ཀྱིས་ངེས་པར་དུ་ཤེས་དགོས་པའི་གནད་དོན་ཅིག་རེད།    དེར་བརྟེན་ང་ལ་བཟང་སྤྱོད་ཀྱི་འགན་མ་ཁུར་བའི་ཉེས་པ་གང་ཡང་མེད་ལ།    བོད་མི་ཞིག་ཡིན་པའི་ཆ་ནས་བོད་ཀྱི་གནད་དོན་དེ་རང་ཉིད་ཀྱི་ལས་འགན་དུ་བརྩིས་ནས་བཤད་པ་ཡིན།    མ་འོངས་པར་ཡང་བོད་མའི་རྩ་དོན་ལ་ཕན་མིན་གང་ལྟར་ཀྱང་།    ཇི་སྲིད་སྲོག་དབང་མ་འགག་དེ་སྲིད་དུ་སྨྲ་བརྗོད་རང་དབང་གི་གོ་སྐབས་དེ་བློས་གཏོང་མི་བྱེད་ཁོ་ཐག་ཡིན་ལ།    དྲ་གྲོགས་རྣམས་ལ་ཚིག་ངན་ཟུར་ཙམ་ཡང་མི་བརྗོད་པ་ཡང་ངའི་དམ་བཅའ་ཡིན་པས།    གལ་ཏེ་གོང་གི་གུས་པའི་རྩོམ་ངན་དེར་ཉིད་ཀྱི་ཐུགས་དང་མི་མཐུན་པ་རེ་ཡོད་ན་དགོངས་སེལ་ཞུ་རྒྱུ་དང་།    རྒྱ་རིས་གང་བཤད་ཆ་ཚང་ཤེས་འདོད་ཡོད་ན་ཚོགས་འདུ་དེ་ནང་མོལ་རེད་ཟེར་མཁན་ཚོར་དྲིས་དང་གསལ་བོར་ཤེས་ངེས།    བཀྲ་ཤིས་བདེ་ལེགས།

  35. yeshe says:
    2008-08-22 at 3:20 pm

    ངེས་དོན་གྱི་མི་བུ་ཞིག་གི་ཚུགས་ཀ་འདུག ཨ་མའི་བུ། སྨྱུ་གུ་དེ་ཐང་ལ་ཅིག་མ་འཕེན། བར་ཆད་ཀྱི་རླུང་དམར་འཚུབས་ན་ཡང་། ཕྲག་དོག་གི་ས་འགུལ་བརྒྱུགས་ན་ཡང་།

  36. སྟག་སྨྱོན། says:
    2008-08-22 at 3:47 pm

    སྔོན་མ་བོད་མི་ཚོས་ལམ་དབུ་མ་ཟབ་དྲགས་ནས་རྟོགས་ཐུབ་ཀྱི་མི་འདུག་ཟེར་ནས་བོད་བསྙོན་འཛུགས་མང་པོ་བྱས་པ་མ་ཟད། ལམ་དབུ་མའི་ཐོག་ཟབ་སྦྱོང་ཡང་མང་པོ་སྤྲད་པ་རེད། ད་ཕལ་ཆེ་བོད་གཞུང་གི་ཁ་འགུལ་གསར་བ་ཞིག་བསྟན་ཡོང་གི་འདུག བོད་མི་ཚོས་རྒྱ་ནག་གི་ཁྲིམས་མ་ཤེས་པས་འགྲིག་གི་མེད་པ་དང་། རྒྱ་ནག་གི་ཁྲིམས་སྐོར་ཟབ་སྦྱོང་འདྲ་ཚུགས་མདོག་ཁ་བོ་རེད་འདུག དབུ་མའི་སྐོར་འགྲིག་ཚར་ཡིན་ས་རེད།
    བོད་གཞུང་གིས་ཏིན་ལ་བོད་རང་བཙན་རྩོད་ཀྱི་མིན་ཟེར་བ་དེ་ལ་ནམ་ཡང་འགྱུར་བ་གཏོང་ཕོད་མེད་པ་དང་། བོད་མིར་ངོ་སྤྲོད་བྱས་པའི་ཆེས་མཐོའི་རང་སྲིད་རང་སྐྱོང་ཟེར་བར་རང་འདོད་ལྟར་། ཆུང་ནས་ཆུང་དུ་བཏང་སྟེ་རིག་གཞུང་རང་སྐྱོང་ཟེར་བ་ཞིག་བསྒྱུར་ཡོང་གི་འདུག བོད་མི་ཚོ་རྩེད་མོ་རྩེད་སྤྱད་རེད་བསམ་གྱི་མེད་འགྲོ།

  37. སྟག་སྨྱོན། says:
    2008-08-22 at 3:51 pm

    ནོར་བཅོས།
    བོད་མི་ཚོར་བསྙོན་འཛུགས་་་་་་་
    ཁ་འགུལ་སྟངས་གསར་བ་་་་་་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (75)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme