Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་མཚོའི་མཐིལ་ནས་བླངས་པའི་གླུ།

Posted on 2012-06-182012-06-19 By ཡེ་ཤེས་ 16 Comments on རྒྱ་མཚོའི་མཐིལ་ནས་བླངས་པའི་གླུ།

ཀླུ་སྨྱོན་ཧེ་རུ་ཀ

གླུ་འདི་དང་པོ་གང་ནས་འོངས།

གླུ་འདི་དང་པོ་གནམ་ནས་འོངས།

གནམ་གྱི་དགུ་ཚིགས་ངོས་ནས་འོངས།

སྤྲིན་གྱི་ཕྲ་ཚོམ་བརྒྱུད་ནས་འོངས།

འཇའ་ཚོན་སྐས་ཐེམ་ཉུལ་ནས་འོངས།

ཆར་བའི་རྒྱུན་དང་འདྲེས་ནས་འོངས།

གློག་དམར་འོད་དང་བསྡེབས་ནས་འོངས།

འབྲུག་སྒྲའི་ཟིལ་ནས་འགྲོགས་ནས་འོངས།

བར་སྣང་སྟོང་བར་འཁྱུད་ནས་འོངས།

ཉི་ཟླའི་སྣང་བར་འཇུས་ནས་འོངས།

རླུང་གི་དཀྱིལ་འཁོར་བརྒལ་ནས་འོངས།

རི་རབ་རྩེ་རུ་ལྷུང་བཞིན་འོངས།

ལྗོན་པའི་ཡལ་གར་འཐམ་བཞིན་འོངས།

མེ་ཏོག་འདབ་མ་སྒུལ་བཞིན་འོངས།

སྦྲང་མའི་གཤོག་པ་བཀྲུ་བཞིན་འོངས།

ཕྱེ་ལེབ་གར་སྟབས་སློབ་བཞིན་འོངས།

རྦབ་ཆུའི་ཟེགས་མ་འཐུང་བཞིན་འོངས།

ཞིང་གྲོང་དུ་ཞགས་སྣོམ་བཞིན་འོངས།

ཞིང་པའི་རྔུལ་ནག་སྐེམ་བཞིན་འོངས།

བྱ་ཕོའི་སྒོ་ང་རུམ་བཞིན་འོངས།

འབྲོག་སླས་ལྕི་བ་འཐུ་བཞིན་འོངས།

འབྲོག་མོའི་ཟུར་མིག་བཤོལ་བཞིན་འོངས།

འབྲོག་ཕྲུག་སྣབས་ཏོ་འབྱིད་བཞིན་འོངས།

དགོན་ཆེན་རྒྱ་ཕིབས་བགྲང་བཞིན་འོངས།

དུང་དཀར་རྒྱང་འབུད་ཉན་བཞིན་འོངས།

ལྷ་ཁང་རེ་རེར་མཇལ་བཞིན་འོངས།

གྲྭ་ཆུང་གཉིད་ལས་སློང་བཞིན་འོངས།

དབྱངས་གསལ་སོ་བཞི་སློབ་བཞིན་འོངས།

སློབ་གྲྭའི་ཅོང་བརྡ་སྒྲོག་བཞིན་འོངས།

སློབ་དེབ་གསར་བ་རྗེ་བཞིན་འོངས།

སློབ་སྨྱུག་རྩེ་མོ་གཞོག་བཞིན་འོངས།

དགེ་རྒན་སེམས་ཤུགས་སྤར་བཞིན་འོངས།

སྒོ་ཟོག་གཡུང་ལ་འཕབ་བཞིན་འོངས།

འོ་ཞོའི་བྲོ་བ་མྱོང་བཞིན་འོངས།

སྦྲང་དཀར་རྩམ་པ་རྫི་བཞིན་འོངས།

ནས་ཆང་བཙན་པོ་འཐུང་བཞིན་འོངས།

མིག་ཆུའི་སྙན་ངག་འབྲི་བཞིན་འོངས།
མཛེས་མའི་མྱོས་བུམ་སྐྱོམ་བཞིན་འོངས།

ཁྲག་གི་གཏམ་རྒྱུད་གྱེར་བཞིན་འོངས།

གངས་རིའི་སྐྱོ་གར་འཁྲབ་བཞིན་འོངས།

མུན་པ་མེ་ལ་སྲེག་བཞིན་འོངས།

འོད་སྣང་གཅལ་དུ་འགྲེམ་བཞིན་འོངས།

གཡུ་སྦྲའི་ཆོན་ཐག་སྒུལ་བཞིན་འོངས།

རི་སྒང་དར་ལྕོག་འཛུག་བཞིན་འོངས།

མ་ཎི་ཆུ་འཁོར་སྐོར་བཞིན་འོངས།

རྡོ་བརྐོས་བཀའ་བསྟན་རྩིག་བཞིན་འོངས།

ཕ་མཁར་སྨུག་པོ་འཚོལ་བཞིན་འོངས།

ཕ་ཡུལ་གངས་ལྗོངས་བསམ་བཞིན་འོངས།

ཕ་སྐད་སྙན་མོ་འཆད་བཞིན་འོངས།

ཕ་མེས་རྣམ་ཤེས་སྦྲུམ་བཞིན་འོངས།

ད་ནི་གླུ་འདི་གང་དུ་འགྲོ

གླུ་འདི་རྒྱ་མཚོའི་མཐིལ་དུ་འགྲོ།

བྱུ་རུའི་སྡོང་བོ་འཚོལ་དུ་འགྲོ།

འོད་ཀྱི་རྦ་རླབས་འགྱེད་དུ་འགྲོ།

ལྷིང་འཇགས་དུར་ས་འཚོལ་དུ་འགྲོ།

ལོ་སྟོང་གཉིད་དུ་ཡུར་བར་འགྲོ

ལོ་རྒྱུས་རྡོ་རུ་སྒྱུར་བར་འགྲོ

བདེ་བར་གྱིས་ཤིག་མགོ་ནག་བོད།

སྐྱིད་པར་བཞུགས་ཤིག་གངས་ཅན་པ།

སྙན་ངག

Post navigation

Previous Post: དཔའ་བོ་རྟ་མགྲིན་ཐར་གྱི་ཞལ་ཆེམས།
Next Post: བོད་ཀྱི་མཛངས་མ་རེད་དམ་བློ་བཟང་དབང་རྒྱལ་གྱི་མཛངས་མ་རེད་།

Comments (16) on “རྒྱ་མཚོའི་མཐིལ་ནས་བླངས་པའི་གླུ།”

  1. འཇམ་རྡོ says:
    2012-06-18 at 8:16 pm

    དཔའ་བོ་ཨ་ཁུ་ཧེ་རུ་ཁ་ལ་མྱ་ངན་ཞུ། འདི་ནི་ཁ་ཆེམས་ཡིན་པ་འདྲ། ཚང་མས་མེ་མཆོད་ཕུལ་དུས་ཁོང་ནི་ཆུ་ལ་མཆོམ་ཡ་རེད་འདུག་ག

  2. དཔྱིད་འགོའི་མེ་ཏོག says:
    2012-06-18 at 9:46 pm

    ?   རྒྱ་སྐད་དུ་微信དུ་འབོད་པ་བོད་སྐད་ལ་སིལ་འཕྲིན་ནམ་རླབས་འཕྲིན་འདི་དེང་དུས་སྤྱི་ཚོགས་ནང་ཧ་ཅང་རྒྱུག་ཆེ་བ་ཞིག་རེད།   དེའི་ཕྱིར་བོད་མིའི་སྤྱི་ཚོགས་ནང་ཡང་ཆེས་ཆེལ་དར་བཞིན་འདུག ང་རང་རང་ཉིད་བོད་དང་ཁ་བྲལ་དེ་ཕྱི་རྒྱལ་ཞིག་ན་ཡོད་པས་རང་ཡུལ་ཁ་བ་ཅན་གྱི་བོད་མི་རེ་དང་གླེང་མོལ་བྱེད་འདོད་ཧ་ཅང་ཆེ། ཕྲན་ཆུང་ངའི་微信དེའི་ཨང་གྲངས. Laikan166211ཡང་ན་F100003561674590ཡང་ན་1369119339འདི་རྣམས་ཀྱི་སྟེང་ལ་འབྲེལ་བ་གནང་རོགས་ཞུ།

  3. འདོད་ལྷ་ཁམས་པ། says:
    2012-06-18 at 10:24 pm

    དེ་རིང་གི་སྙན་ངག་འདི་སྙན་ངག་དངོས་ཡིན་པ་མ་ཟད་འགྲོ་ཁའི་ཞལ་ཆེམས་ཡང་མིན་ནམ་སྙམ།
    ཅིག་བྱས་ན་ཀླུ་སྨྱོན་ཚང་གི་ཉིག་ཡོག་ལྕགས་ཟམ་ཁ་ནས་ནང་ཐུར་ར་གྲུབ་རྟགས་སྟོན་ན་འདོད་ཀི་ནི་མིན་ན།
    ཧཧཧ

  4. སྣྲོན་ངག་ཁྲི། says:
    2012-06-19 at 3:57 am

    ཨ་མྱེས་རྨ་ཆེན་འདབས་སུ་ཕེབས།།
    ཨ་མདོའི་ཡུལ་དུ་འཁྱུག་ཙམ་ཕེབས།།
    ཨ་སྒོར་ཤོག་ཆར་འཁྲིད་ནས་ཕེབས།།
    ཨ་མདོའི་མཛངས་མ་འདེམས་ལ་ཕེབས།།
    ཨ་རོགས་སྙིང་རླུང་སློང་དུ་ཕེབས།།
    ཨ་ཎི་ཞབས་འཕྱིར་ཉར་ལ་ཕེབས།།
    ཨ་མ་ཡར་འདྲེན་གནང་ལ་ཕེབས།།
    ཨ་ཀྱར་མ་ཎི་སློབ་ཏུ་ཕེབས།།
    ཨ་ཁུའི་ང་རྒྱལ་འཇོམས་ལ་ཕེབས།།
    ཨ་ཞང་ཕྲག་དོག་སྐྲོད་དུ་ཕེབས།།
    ཨ་ནེའི་འདོད་ཆག་མནན་དུ་ཕེབས།།
    ཨ་ཕྲུག་ཀ་ཁ་སློབ་ཏུ་ཕེབས།།
    ཨ་ཁུ་གཤིན་རྗེར་འགྲན་དུ་འཕེབས།།

  5. མགར says:
    2012-06-19 at 4:20 am

    ཨ་ཁུ་གང་ལ་ཕེབས་རྒྱུུ་?སྨྱོ་བཤད་དང་ཆགས་བཤད་བསྐྱུར་ནས་ཨེ།

  6. གཅན་བཟོད་རྒྱམ། says:
    2012-06-19 at 4:40 am

    ཁ་སང་དེ་རིང་གི་མགུར་མ་འདི་ཚོར་གོ་རྒྱུ་ཡོད་ཀི ངས་ལན་གཅིག་བཀླགས་ཤིང་ལན་གསུམ་མྱང་ནས་གཉིད་དུ་ཡུར་སོང་ངོ།།
    གོ་ན་རྣ་བའི་བུ་རམ་བྱོས།། མ་གོ་གླུ་ལ་འགྲེལ་བ་མེད།།

  7. རྒྱ་གར་རྨ་བྱ། says:
    2012-06-19 at 6:17 am

    ཀླུ་སྨྱོན་ཆགས་གཏམ་སྨྲ་གི་སྡིགས།
    ཀླུ་སྨྱོན་སྨྱོན་རྟགས་སྟོན་གི་ཟེར།
    ཀླུ་སྨྱོན་ལས་མེད་དལ་འདུག་ལབས།
    དོན་གྱི་སྙན་ངག་ཀླུ་སྨྱོན་ནོ།

    དུས་རབས་རྗེས་ཟིན་པའི་སྙན་ངག་པ་ཞིག སྤྱི་ཚོགས་ཀྱི་འགྱུར་འགྲོས་དང་བསྟུན་མཁས་ཤིང་དགོས་མཁོའི་རིན་ཐང་མཁོ་སྤྲོད་པ་འགྱུ་ཅན་ཞིག་ལགས་སོ།།

  8. གནམ says:
    2012-06-19 at 7:56 am

    གླུ་བ་ལོ་ལོ་ཀླུ་སྨྱོན་ལགས།།

    མེ་འབར་ནིའི་དུས་རབས་འདི་ལ།།
    གླུ་ལེན་ནིའི་དུས་ཞིག་མ་རེད།།
    ཤ་ཚ་ནིའི་ཚིག་གསུམ་ཡོད་ན།།
    ཞེ་སྨྲེང་ནས་མགུར་ཞིག་བཞོངས་དང་།།

    གླུ་བ་ལོ་ལོ་ཀླུ་སྨྱོན་ལགས།།

    བོད་བསྟན་པ་རྒུད་པའི་དུས་འདིར།།
    ཤི་བསམ་ནིའི་དུས་ཞིག་མ་རེད།།
    དོན་དམ་པའི་ང་ཚོ་བསམ་ན།།
    ཀི་ཐོབས་ལ་བསང་ཞིག་ཕུད་དང་།།

    གླུ་བ་ལོ་ལོ་ཀླུ་སྨྱོན་ལགས།།

    ལག་སྨྱུ་གུ་ཐོགས་པའི་དུས་འདིར།།
    ཐུགས་དལ་མོ་བཞུགས་དུས་མ་རེད།།
    ཤི་གསོན་གྱི་སྐྱིད་སྡུག་ནག་པོ།།
    ཤོག་དཀར་པོར་ལོ་རྒྱུས་ཐོབས་དང་།།

  9. མེ་ཏོག་དཀར་པོ། says:
    2012-06-19 at 8:32 am

    གནམ་ནས་གྲུ་ཆར་བབ་སོང་།

  10. ཀརྡོ་གཉེར་ཕྱག་པ་ says:
    2012-06-19 at 8:38 am

    དཔའ་བོ་འཇམ་དཔལ་ཡེ་ཤེས་ཀྱིས་རྒྱ་གར་ཟམ་པའི་སྒང་ནས།
    ་་་་་་་་་་་་་་་་་་་་་་་་་་་་་་་་་་
    ད་ནི་གླུ་འདི་གང་དུ་འགྲོ

    གླུ་འདི་རྒྱ་མཚོའི་མཐིལ་དུ་འགྲོ།

    བྱུ་རུའི་སྡོང་བོ་འཚོལ་དུ་འགྲོ།

    འོད་ཀྱི་རྦ་རླབས་འགྱེད་དུ་འགྲོ།

    ལྷིང་འཇགས་དུར་ས་འཚོལ་དུ་འགྲོ།

    ལོ་སྟོང་གཉིད་དུ་ཡུར་བར་འགྲོ

    ལོ་རྒྱུས་རྡོ་རུ་སྒྱུར་བར་འགྲོ

    བདེ་བར་གྱིས་ཤིག་མགོ་ནག་བོད།

    སྐྱིད་པར་བཞུགས་ཤིག་གངས་ཅན་པ།

    ཞེས་སྦྱར་ན་གང་འདྲ་འདུག་གམ།

  11. ཀརྡོ་གཉེར་ཕྱག་པ་ says:
    2012-06-19 at 8:50 am

    ད་ནི་གླུ་འདི་གང་དུ་འགྲོ
    གླུ་འདི་རྒྱ་མཚོའི་མཐིལ་དུ་འགྲོ།
    འདི།
    འཇམ་དཔལ་ང་ནི་གང་དུ་འགྲོ
    ཡེ་ཤེས་རྒྱ་མཚོའི་མཐིལ་དུ་འགྲོ།
    ཞེས་པར་བཅོས་རྒྱུ་ལུས་འདུག

  12. རྒད་པོ། says:
    2012-06-20 at 7:54 pm

    “ལོ་སྟོང་གཉིད་དུ་ཡུར་བར་འགྲོ

    ལོ་རྒྱུས་རྡོ་རུ་སྒྱུར་བར་འགྲོ

    བདེ་བར་གྱིས་ཤིག་མགོ་ནག་བོད།

    སྐྱིད་པར་བཞུགས་ཤིག་གངས་ཅན་པ།”ཞེས་པ་མཐོང་སྐབས།

    སྙན་ངག་འདིས་འཇིགས་སྣང་ཏོག་ཙམ་བསླེབས་སོང་། རྒན་ཀླུ་སྨྱོན་རང་ཤི་རྒྱག་པར་འགྲོ་མཁན་མིན་འགྲོ་སྙམ་པའི་ཚོར་བ་བསླེབས་སོང་། དེ་འདྲ་མིན་པ་ཤོག གུས་པས་གོ་ནོར་ཐེབས་པ་ཤོག

  13. ལུང་རྟོགས། says:
    2012-06-21 at 1:33 am

    རྒན་ཀླུ་སྨྱོན་འདི་སྙན་ངག་ཤིན་ཏུ་མཁས་ཤིང་ཆར་ལྟར་འབབ་ཡོང་མཁན་ཞིག་རེད། འོན་ཀྱང་བློ་ཁོག་ནི་དེ་ཙམ་མི་འདུག་པས་རང་ཤི་རྒྱབ་རྒྱུའི་སེམས་ཕྲལ་དགོས་དོན་མེད།

  14. ཀླུ་སྨྱོན། says:
    2012-06-21 at 11:22 am

    མི་ཚེ་གོ་སྐབས་ཡིན་པས་ང་མི་འཆི།
    འཆི་བ་ཟློག་མེད་ཡིན་པས་ང་འཆི་འོ།

  15. ཡ་བ་སྐྱ་བདུན། says:
    2012-06-21 at 1:53 pm

    མི་ཚེ་གོ་སྐབས་ཡིན་པས་འཆི་མི་རུང་།།
    འཆི་བ་ཟློག་མེད་ཡིན་པས་དམ་ཆོས་སྒྲུབ།།

  16. སྣྲོན་ངག་ཁྲི། says:
    2012-06-21 at 4:21 pm

    མེ་ལྕེའི་ཕྲེང་བར་རྒྱ་མཚོའི་མཐིལ་གླུ་འདི།།
    མེ་ཡི་དགྲ་བོའི་ཆུ་དེ་མཚོན་ནམ་ཅི།།
    སྨྲེ་ངག་ཁྲོད་ཀྱི་ཞལ་མཆེམས་མགུར་གླུ་འདི།།
    དཔའ་མཛངས་གཡུ་རལ་ནང་ནས་རྫོགས་རྟགས་སམ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme