Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་ནག་ལ་རྒྱལ་ཁ་ཐོབ་ཡོད།

Posted on 2013-10-292013-10-30 By ཁ་བརྡ་ 8 Comments on རྒྱ་ནག་ལ་རྒྱལ་ཁ་ཐོབ་ཡོད།

ཁྲིམས་ལུགས་སློབ་མ། བློ་བཟང་གྲགས་པ།

ཁ་སྔོན་བོད་ཀྱི་དུས་བབ་དྲྭ་བའི་ཐོག་རྩོམ་པ་པོ་ཟླ་བ་ཚེ་རིང་ཞེས་མིང་འཛིན་པས་“པོ་ཞི་ལེ། ཕྱི་ནང་ངོ་གཉིས་མ”ཞེས་རྩོམ་ཡིག་ལེའུ་དང་པོ་ནས་གསུམ་པ་བར་སྤེལ་འདུག་ལ། རྩོམ་ཡིག་དེའི་ནང་། གཙོ་བོར་རྩོམ་པ་པོས་པོ་ཞི་ལེའི་གནས་དོན་རྐྱེན་པས། རྒྱ་ནག་གི་ཆབ་སྲིད་རུལ་སུངས་ཡིན་པ་དང་། རྒྱ་ནག་གི་དཔོན་རིགས་དེ་དག་ནི་མི་དམངས་ཀྱི་གཤེད་མ་ཡིན་པ། རྒྱ་ནག་དཔོན་རིགས་ནང་ཁུལ་ལ་ཕྱོགས་ཁ་འཐེན་འཁྱེར་རྐྱེན་པས་ནང་ཁུལ་དབང་ཆའི་འཐབ་རྩོད་དང་། ཕན་ཚུན་ལྐོག་ཇུས་ངན་སོགས་དཔྱངས་ཀྱི་ཡོད་ལུགས་མང་པོ་གསུངས་འདུག་ལ། དེ་བས་པོ་ཞི་ལེའི་དོན་རྐྱེན་བྱུང་བ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཐོག རྒྱ་ནག་ངོ་གནོངས་དགོས་པ་དང་། ཕམ་ཉེས་ཆེན་པོ་འཐོབ་ཡོད་ལུགས་སོགས་མང་པོ་གསུངས་འདུག་མོད། འོན་ཀྱང་བདག་གིས་དེ་ལྟར་རང་མི་འདོད་ལ། དེ་ལས་ལྡོག་ཏེ། ཐེངས་འདིར་པོ་ཞི་ལེའི་དོན་རྐྱེན་ལས་རྒྱ་ནག་ལ་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཞིག་འཐོབ་ཡོད་སྙམ།

སྤྱིར་“པོ་ཞི་ལེ། ཕྱི་ནང་ངོ་གཉིས་མ”ཞེས་པའི་རྩོམ་ཡིག་དེ་བོད་ཀྱི་དུས་བབ་དྲྭ་བ་ནང་ཐོན་ཡོད་པ་དང་། ངས་ཀྱང་རྩོམ་ཡིག་འདི་དུས་བབ་ཏུ་འགོད་ཐབས་བྱེད་དགོས་ནའང་། དུས་བབ་ཀྱིས་རྒྱུན་དུ་ནས་ངའི་རྩོམ་ཡིག་ལ་ཡ་ལེན་བྱས་མྱོང་མེད་ལ། དེའི་རྒྱུ་མཚན་ཡང་ངས་ཤེས་ཀྱིན་མི་འདུག ངས་ངོ་ཤེས་པའི་ཁམས་པའི་རྩོམ་པ་པོ་ཁ་ཤས་ཀྱིས། དེ་ནི་ང་རང་ཁམས་པ་ཞིག་ཡིན་པའི་རྐྱེན་རེད་ཅེས་གསུངས་སོང་། དེ་ཉིད་བདེན་མིན་མི་ཤེས་ཀྱང་། གང་ལྟར་བདག་གི་རྩོམ་ཡིག་གང་བྲིས་ཀྱང་། དུས་བབ་དྲྭ་བར་ཏུ་འགོད་པའི་རེ་བ་མེད་པ་ནི་མེ་ལོང་ལྟར་ངའི་སེམས་ཁོང་ན་ཤིན་ཏུ་གསལ། ཡིན་ནའང་ཕྱོགས་རིས་དང་འཐེན་འཁྱེར། ཉེ་དགའ་ཆགས་སྡང་གི་དྲི་མས་དེ་ཙམ་མ་བགོས་པའི་ཁ་བརྡ་དྲྭ་བ་འདི་ཡོད་ཙང་། སོ་སོའི་བསམ་ཚུལ་ལ་དཔག་པའི་ཁ་བརྡ་ཞིག་བྱེད་འདོད་བྱུང་ནའང་། གླེང་སྟེགས་ཤིག་ཡོད་པའི་གདེང་སྤོབས་ཆེ་བས། ཐེངས་འདིར་དྲྭ་གྲོགས་ཚོ་དང་པོ་ཞི་ལེ་དང་རྒྱ་ནག་གི་ཐད་བསམ་ཚུལ་བརྗེ་རེས་ཀྱི་ཚུལ་དུ་ཁ་བརྡ་ཞིག་བྱེད་འདོད་བྱུང་།

གོང་གསལ་རྩོམ་ཡིག་དེའི་ནང་། ཟླ་བ་ཚེ་རིང་ལགས་ཀྱིས་འདི་ལྟར་“ལྦང་ལི་ཅོན་ཁྲོན་ཏུའུ་རུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་དུ་བྲོས་བྱོལ་མ་བྱས་སྔོན་ལ་ངས་པོ་ཞི་ལེ་མི་ཤེས་ལ། རྒྱ་རིགས་ཚོའི་ཁྲོད་རུས་མིང་འདི་འདྲ་ཡོད་མེད་ལ་དོ་སྣང་ཡང་བྱས་མྱོང་མེད་”ཅེས་གསུངས་འདུག སྤྱིར་ཁོང་གིས་འདི་ལྟར་རྒྱ་ནག་གི་ཆབ་སྲིད་དང་དེའི་འགྱུར་འགྲོས། ད་དུང་དཔོན་རིགས་ནང་ཁུལ་གྱི་གནད་དོན་སོགས་ལ་ཤེས་མདོག་གིས་དཔྱད་རྩོམ་འབྲི་སྟངས་ལ་བལྟས་ན། ཁོང་གིས་སྔ་ས་ནས་པོ་ཞི་ལེ་ཞེས་པའི་རྒྱ་ནག་གི་དཔོན་པོ་དེ་ཤེས་དགོས་ངེས་རེད་སྙམ་ལ། དེ་བས་ཁོང་ནི་རྒྱ་ནག་ཆབ་སྲིད་ལ་ཉམས་ཞིབ་བྱེད་མཁན་ཞིག་ཡིན་ན། དེ་བས་ཀྱང་པོ་ཞི་ལེ་ནི་ངེས་པར་ཏུ་ཤེས་དགོས་པའི་མི་སྣ་གལ་ཆེན་ཞིག་རེད་བསམ།
གང་ཡིན་ལགས་ན། པོ་ཞི་ལེ་ནི་དེ་སྔོན་རྒྱ་ནག་ནང་གི་གཙོ་སྣེ་དཔོན་པོ་ཞིག་ཡིན་པ་དང་། ཁོ་རང་ནི་སྐབས་བཅུ་བདུན་པའི་རྒྱ་ནག་དབུས་ཆབ་སྲིད་ཅུས་ཀྱི་འཐུས་མི་ཡིན་པ་དང་། སྐབས་བཅུ་དྲུག་དང་སྐབས་བཅུ་བདུན་གྱི་རྒྱ་ནག་དབུས་གཞུང་གི་གཙོ་སྣེ་འཐུས་མི། སྔ་རྗེས་རྒྱ་ནག་གྲོང་ཁྱེར་ལའོ་ལིན་དང་ཏཱ་ནན་གཉིས་ཀྱི་ཆེས་མཐོ་བའི་དཔོན་པོ་བཟོས་མྱོང་པ་དང་། རྒྱ་ནག་ཏཱ་ནན་གྲོང་ཁྱེར་གྱི་གཙོ་སྐྱོང་ཧྲུའུ་ཅི་དང་ལའོ་ལིན་ཞིང་ཆེན་གྱི་གཙོ་འཛིན་སོགས་བྱས་མྱོང་ཡོད་པ་དང་། དེས་མ་ཚད། དེ་སྔོན་རྒྱ་ནག་གི་དབུས་སྲིད་དོན་ཐག་གཅོད་བྱེད་མཁན་གྱི་དམར་ཤོག་ཚོགས་པའི་ཚོགས་མི་བརྒྱད་ཡོད་པའི་ནང་གི་གཅིག་ཡིན་པ་དང་། ད་དུང་རྒྱ་ནག་ཁྲོང་ཆེན་གྲོང་ཁྱེར་གྱི་གཙོ་འཛིན་སོགས་ལས་ཁུར་བྱས་མྱོང་བའི་གནད་ཡོད་དཔོན་པོ་ཞིག་ཡིན་པ་མ་ཚད། སྔོན་དུས་སུ་འཛམ་གླིང་ཕྱི་ནང་གི་མི་མང་པོས་ཁོ་རང་ནི་རྒྱ་ནག་གི་མ་འོངས་སྲིད་འཛིན་གྱི་གོ་གནས་འཛིན་ནུས་པའི་གཞོན་སྐྱེས་དཔོན་རིགས་ཤིག་ཏུ་འདོད་ཀྱིན་ཡོད་ལ། ཕྱི་ནང་གི་མི་མང་པོས་ཁོ་ལ་གདིང་འཇོག་ཀྱང་མི་དམན་པ་ཞིག་གནང་གི་ཡོད་པ་རེད། འདི་ལྟ་བུའི་རྒྱ་ནག་གི་གལ་ཆེན་མི་སྣ་ཞིག་དེ་སྔོན་ཡོད་མེད་ཀྱང་མ་ཤེས་ན། ང་ཚོས་རྒྱ་ནག་གི་ཆབ་སྲིད་ལ་ཉམས་ཞིབ་བྱེད་པར་དོན་ཕན་ཞིག་ག་ནས་ལྡན་ལ། འདི་ནི་ང་ཚོ་རྒྱ་ནག་ལ་ཆ་རྒྱུས་ཡོད་མདོག་གི་ཤེས་ཡོན་པ་ཞིག་གི་རྗེས་ལུས་དང་འཐུས་ཤོར་རེད་སྙམ།

པོ་ཞི་ལེའི་གནས་དོན་ནི་ཐོག་མར་ཕྱི་ལོ་༢༠༡༢ ཟླ་༢ པའི་ཚེས་༦ ཉིན། ལྦང་ལི་ཅོན་རྒྱ་ནག་སི་ཁྲོན་ཞིང་ཆེན་ཁྲེན་ཏུའུ་གྲོང་ཁྱེར་ཏུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཏུ་སྐྱབ་བཅོལ་ལ་སོང་པ་དང་། དེ་ཡང་གཙོ་བོར་ཝང་ལི་ཅོན་ནི་ཁྲོམ་ཆེན་གྲོང་ཁྱེར་གྱི་ལྐོག་བཟའ་རུལ་སུངས་ཀྱི་དོགས་གཞི་རྩད་གཅོད་དགོས་པའི་དཔོན་པོ་ཐོ་གཞུང་དུ་ཡོད་པ་དང་། དོགས་གཞི་རྩད་གཅོད་གཏོང་དགོས་པའི་བཀའ་རྒྱ་དེའང་ཁྲོམ་ཆེན་གྲོང་ཁྱེར་གྱི་གཙོ་འཛིན་པོ་ཞི་ལེ་ཡིས་བཏང་པ་ཡིན་དུས། དེ་སྔོན་ཝང་ལི་ཅོན་གྱིས་པོ་ཞི་ལེ་དང་མཉམ་རུབ་ཀྱི་ལས་ཀ་མང་པོ་ལས་མྱོང་ཡོད་པ་དང་། ཁོ་རང་སྔོན་ཆད་ཁྲོམ་ཆེན་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱི་གཙོ་འཛིན་བྱས་པ་དང་། དེ་ནས་པོ་ཞི་ལེའི་ལག་རོགས་གཙོ་བོར་བྱས་ནས་ཁྲོམ་ཆེན་གྲོང་ཁྱེར་གྱི་གཙོ་འཛོན་གཞོན་པ་སོགས་ལས་ཁུར་བྱས་པའི་བརྒྱུད་རིམ་ཁྲོད། པོ་ཞི་ལེའི་ལྐོག་བཟའ་རུལ་སུངས་ཀྱི་བྱ་སྤྱོད་དང་། སྒོས་སུ་པོ་ཞི་ལེའི་བཟའ་ཟླ་ཀུབ་ཁེ་ལེ་ཡིས་དབྱིན་ཇིའི་ཆོང་པ་ནེའུཊ་ཧེ་ཝུཊ་དུག་སྤྲད་ནས་ལྐོག་གསོད་བྱས་པའི་གནས་དོན་སྐོར་རྒྱུས་མངའ་ཤིན་ཏུ་ཆེ་བས། ཁོས་པོ་ཞི་ལེ་ལ་འཁོན་སེམས་བཅངས་པ་དང་། པོ་ཞི་ལེའི་ནག་ཉེས་ཐེར་འདོན་བཟོས་པ་དང་། སོ་སོ་སྲུང་སྐྱོབ་བྱེད་པར་ཨ་རིའི་གཞུང་ལ་རྒྱ་ནག་དཔོན་རིགས་དང་ཁོ་ཚོའི་ནང་མི་ཉེ་འབྲེལ་སོགས་ཀྱི་རུལ་སུངས་ཐོལ་བའི་བྱ་ངན་དེ་ཚོ་དང་རྒྱ་ནག་གཞུང་གི་སྐྱུག་དྲི་བྲོ་བའི་སྲིད་ཇུས་ལ་ངོ་སྤྲོད་དང་ཐེར་འདོན་བྱེད་པར་ཚོང་རྫས་སུ་སྤྱད་ནས། ཨ་རིའི་གཞུང་ཚབ་ཁང་ལ་སྐྱབས་བཅོལ་ཏུ་སོང་པ་དང་། ཁོ་རང་གང་མགྱོགས་ཨ་རི་ལ་བསྐྱལ་བའི་རེ་བ་བཏོན་པ་རེད།

ཨ་རི་དང་རྒྱ་ནག་གཞུང་གཉིས་ནི་ཁ་ཙམ་གྱི་གྲོགས་པོ་ཡིན་པ་ལས། དོན་དངོས་ཐོག་རྒྱལ་ཁབ་འདི་གཉིས་ནི་ལོ་རྒྱུས་རང་བཞིན་གྱིས་ཕན་ཚུན་འཁོན་འགྲས་ཡོད་པ་དང་། རྒྱ་ནག་གཞུང་དམངས་གཉིས་ནས་ཨ་རི་ནི་ཁོ་ཚོའི་བཙན་འཛུལ་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱེད་པ་དང་། བཙན་རྒྱལ་རིང་ལུགས་པ་ཞིག་ཏུ་འདོད་པ་མ་ཟད། གནའ་ནས་ད་བར་ཨ་རིའི་གཞུང་གིས་རྒྱ་ནག་ཐོག་བཟུང་བའི་སྲིད་ཇུས་ནི། རྒྱ་ནག་སྐམ་ས་ཆེན་པོ་གཏོར་གཤིག་གཏོང་པ་དང་དམར་ཤོག་སྲིད་གཞུང་ཉམས་རྒུད་དང་། རྩ་འཐོར་ཏུ་འགྲོ་བར་གཙོ་བོ་དམིགས་པར་འདོད་པས། ཨ་རི་ནི་རྒྱ་ནག་གཞུང་དམངས་གཉིས་ཀྱི་དགྲ་བོ་གཏེ་བོ་དེར་ངོས་འཛིན་བྱས་དང་བྱེད་མུས་ཡིན་པར་སོམ་ཉི་མེད་ལ། དེང་རབས་ཁྲོམ་རྭའི་དཔལ་འབྱོར་དང་ཚན་རྩལ་ལག་ཤེས་ཀྱི་འགྲན་རྩོད་རྣོ་བའི་དུས་ཚིགས་སུ། ཨ་རིར་མཚོན་ན་རྒྱ་ནག་ནི་ཁོ་ཚོའི་ཁ་གཏད་དགྲ་ཟླ་གཙོ་བོ་དེ་གྱུར་ཡོད་པ་རེད། རྒྱུ་མཚན་འདིའི་རྐྱེན་པས་རྒྱལ་ཁབ་འདི་གཉིས་ཀྱིས་གོ་སྐབས་བཟང་བཙལ་གྱིས་ཕན་ཚུན་ལ་གནོད་སྐྱེལ་གང་ཐུབ་བྱེད་པ་ནི། རྒྱལ་ཁབ་འདི་གཉིས་དོན་དངོས་ཀྱི་འཁོན་འགྲས་སྲིངས་ན་གནས་པའི་ཆབ་སྲིད་ཀྱི་ཇུས་འདོན་འབའ་ཞིག་ཡིན་པ་རེད།

ཕྱི་ལོ་༡༩༨༩ ལོར་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་དོན་རྐྱེན་ནས་བཟུང་། ཨ་རི་གཞུང་གིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་མང་གཙོ་དོན་གཉེར་བ་གང་མང་ཞིག་ཨ་རི་ལ་བསྐྱལ་གཏོང་བྱས་ཡོད་པ་དང་། ཉེ་བའི་ཆར་རྒྱ་ནག་གི་རང་དབང་ཁྲིམས་རྩོད་པ་ཁྲིན་ཀོང་ཁྲེན་ཡང་ཨ་རིའི་སྐུ་ཚབ་དོན་གཅོད་བརྒྱུད་ཨ་རི་ལ་བདེ་འཇགས་ངང་གནས་སྤོར་བྱས་ཡོད་པ་དང་། དེ་ཡང་ཁོ་ཚོས་རྒྱ་གཞུང་ལ་ངོ་རྒོལ་དང་རྒྱ་གཞུང་གི་སྲིད་ཇུས་ལ་རམ་འདེགས་མི་བྱེད་མཁན་ཚང་མ་གྲོགས་སུ་བཟུང་ནས། གང་ཐུབ་ཀྱིས་རོགས་རམ་བྱེད་བསྡད་པ་ཞིག་རེད་མོད། ཡིན་ནའང་ཝང་ལི་ཅོན་ལ་ཨ་རིའི་གཞུང་ནས་ཅིའི་ཕྱིར་རོགས་རམ་མ་་བྱས་པ་ཡིན་ནམ། ཝང་ལི་ཅོན་གྱིས་མཁོ་སྤྲོད་བྱས་པའི་གནད་དོན་ནི་ཆེས་རྒྱ་ནག་གི་རང་གཤིས་སྟོན་ཐུབ་པའི་གནད་དོན་གལ་ཆེན་ནང་གི་འགངས་ཆེན་ཞིག་མ་ཡིན་ནམ།
ཝང་ལི་ཅོན་ནི་རྒྱ་ནག་ནང་ཁུལ་གྱི་དོན་དངོས་ཆབ་སྲིད་ལ་རྒྱུས་མངའ་ཆེ་བའི་དཔོན་པོ་ཞིག་ཡིན་ནའང་། ཨ་རི་གཞུང་གིས་ཁོའི་རེ་བ་དང་ལེན་མ་བྱས་པར། ཁོ་རང་རྒྱ་ནག་ལ་ཕྱིར་རྩིས་སྤྲོད་བྱས་པ་གང་ཡིན་ནམ། དོན་དངོས་ཐོག་རྒྱ་ནག་ནས་ཝང་ལི་ཅོན་གྱིས་རྒྱ་ནག་ནང་ཁུལ་དང་། ལྷག་པར་ཏུ་ཝང་ལི་ཅོན་གྱིས་པོ་ཞི་ལེ་དང་ཁོ་རང་གི་བཟའ་ཟླ་ཀུབ་ཁེ་ལེའི་གནད་དོན་དེ་ཚོ་ནི། རྒྱ་ནག་གི་གཞུང་དམངས་དམ་ཚིག་དཀྲུགས་ཉེན་ཆེ་བ་དང་། རྒྱ་ནག་དཔོན་རིགས་ནང་ཁུལ་ལ་ཕྱོགས་རིས་ཀྱི་འཐབ་རྩོད་བྱེད་པའི་མེ་རོ་སྤར་ནུས་ཡོད་པའི་གནད་དོན་ཞིག་ཡིན་པ་དང་། དེས་མ་ཚད། གནད་དོན་དེའི་རྐྱེན་པས་རྒྱ་ནག་ནང་མི་དམངས་ཀྱིས་གཞུང་ལ་རྒོལ་བའི་སྒེར་ལངས་འདྲ་སློང་ཉེན་ཆེ་བའི་གལ་ཆེའི་གནད་དོན་ཞིག་ཡིན་པ་མེ་ལོང་བཞིན་གསལ་ཤོས་ཧ་གོ་གི་ཡོད་པ་དང་། དེ་བཞིན་ཨ་རིའི་གཞུང་ནས་ཀྱང་དེ་ལྟར་ཡིན་པ་གསལ་ཐིང་ངེར་ཧ་གོ་ཡོད་ཙང་། ཡུན་རིང་དགྲ་ཟླ་རུ་གནས་པའི་རྒྱལ་ཁབ་འདི་གཉིས་ལ་མཚོན་ན། ཕན་ཚུན་གཏོར་གཤིག་དང་ནང་དཀྲུག་བྱེད་རྒྱུ་བྱུང་ན་ཁོ་ཚོའི་གོ་སྐབས་ཤིག་ཡིན་དུས། ཝང་ལི་ཅོན་གྱི་གནས་དོན་ནི་ཨ་རིའི་གཞུང་ལ་མཚོན་ན་ལོ་མང་རིང་བཙལ་ནས་རྙེད་རྒྱུ་དཀའ་བ་དང་། སྒུག་ན་སྒུག་རྒྱུ་དཀའ་བའི་གོ་སྐབས་ཤིག་ཡིན་དུས། ཨ་རིའི་གཞུང་ནས་གང་བྱུང་ཆུད་ཟོས་སུ་གཏོང་ངེས་མིན་པ་དང་། དེའི་ཐད་རྒྱ་ནག་གིས་ཀྱང་གསལ་གསལ་ཐིང་ཐིང་ཤེས་ཀྱི་ཡོད་པ་རེད་མོད། འོན་ཀྱང་དེ་ནི་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཀྱི་རྒྱན་ཤོག་ཅིག་ཏུ་གྱུར་པས། རྒྱལ་ཁབ་གཉིས་ཀྱིས་ཅིས་ཀྱང་དང་ལེན་མ་བྱེད་ཐབས་མེད་དང་། གཡོལ་ཐབས་བྲལ་བའི་གནད་དོན་ཞིག་ཀྱང་ལོས་ཡིན། ཆབ་སྲིད་རིག་པའི་ནང“་རྩེད་མོའི་རིང་ལུགས་”ཞེས་རྒྱུན་སྤྱོད་བྱེད་པའི་རིགས་པའི་གཞུང་ལུགས་ཤིག་ཡོད་པ་རེད། དེས་ན་རྒྱལ་ཁབ་གཉིས་ཀྱིས་སོ་སོའི་ཁེ་ཕན་དང་གྱོང་རྒུད་གཉིས་ཀྱི་བར་ནས་དོ་མཉམ་གྱི་ཉེན་ཁ་ཞིག་ལ་གདོང་ལེན་དང་བློ་ཁོག་སྤྱད་པ་དེ་རེད། རིགས་པའི་གཞུང་ལུགས་ཇི་ལྟར་ཡིན་མིན་ནི་སྐབས་དེ་དུས་ཨ་རི་དང་རྒྱ་ནག་གཞུང་གཉིས་ཀྱི་རྩེས་པའི་ཆབ་སྲིད་རྩེད་མོ་དེས་མཚོན་ཐུབ་སྙམ།

ཕྱོགས་གཅིག་ནས་བལྟས་ན། རྒྱ་ནག་ལ་མཚོན་ན། ཨ་རིའི་གཞུང་ཚབ་ནས་ཝང་ལི་ཅོན་རྒྱ་ནག་ལ་རྩིས་སྤྲོད་བྱས་པ་ནི་རྒྱ་ནག་ནང་ཁུལ་ལ་བྱུང་མྱོང་མེད་པའི་དབང་ཆ་འཐབ་རྩོད་དང་ཕྱོགས་ཁག་འཐབ་རྩོད། མི་དམངས་སྒེར་ལངས་དང་། ད་དུང་རྒྱ་ནག་གི་བཤད་སྲོལ་བཞིན་“ཆུ་རྙོག་ནས་ཉ་འཛིན་”པའི་དཔེ་ལྟར་རྒྱལ་ཁབ་དང་ནམ་རྒྱུན་མི་རིགས་གནས་དོན་ལ་དཀའ་ངལ་ཡོད་པའི་བོད་པ་དང་། སོག་པོ་དང་། ཤིན་ཅང་མི་རིགས་སོགས་ཀྱིས་གོ་སྐབས་བཙལ་ནས་། རྒྱ་ནག་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་འདྲ་བྱེད་ཉེན་ཆེས་ཆེར་ལྡན་པའི་གནས་དོན་ཞིག་ཡིན་པ་དང་། ཡང་ཕྱོགས་གཞན་ཞིག་ནས་བལྟས་པས་ན། ཝང་ལི་ཅོན་གྱི་གནས་དོན་དེས་རྐྱེན་པས་རྒྱ་ནག་ནང་ཁུལ་གྱི་རུལ་སུངས་ཐོལ་བའི་དཔོན་རིགས་དེ་ཚོ་ཚགས་གཅོད་བྱེད་པ་དང་། ལས་དོན་དེ་བརྒྱུད་རྒྱ་ནག་མི་དམངས་ནས་གཞུང་ལ་ལྟ་སྟངས་གསར་པ་ཞིག་བསྐྲུན་པའི་གོ་སྐབས་ཤིག་དང་། དེས་མ་ཚད་གུང་ཁྲན་རིང་ལུགས་ཀྱི་སྲ་བརྟན་རང་བཞིན་དང་། དེང་རབས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ལ་མི་དམངས་ཀྱིས་འདོད་བློ་དང་ཡིད་ཆེས་ཇི་ཙམ་ཡོད་མེད། རྒྱ་ནག་གི་མཛེས་སྡུག་ལྡན་པའི་རྨི་ལམ་དེ་ཉིད་མངོན་འགྱུར་ཐུབ་མིན་དང་། ད་དུང་གཞུང་དམངས་གཉིས་ཀྱི་བསམ་བློའི་ཧེ་བག་ཇི་ཙམ་ཡོད་མེད་སོགས་ལྟ་ཞིབ་ཐུབ་པའི་གོ་སྐབས་ཤིག་ཀྱང་ཡིན་སྲིད་པས། རྒྱ་ནག་གིས་ཉེན་ཁ་དེར་ཞུམ་མེད་ཀྱིས་དང་ལན་བྱས་པ་རེད་ལ། མངོན་ལྐོག་གཉིས་ནས་ཨ་རིའི་གཞུང་གི་ཝང་ལི་ཅོན་གྱི་གནས་དོན་ཐད་སྤྱད་པའི་སྲིད་ཇུས་ལ་གདོང་ལེན་གང་ཐུབ་བྱེད་འགོ་བརྩམས་པ་རེད།

ཨ་རིའི་གཞུང་ཚབ་ཀྱིས་ཝང་ལི་ཅོན་རྒྱ་གཞུང་ལ་རྩིས་སྤྲོད་བྱས་པ་དང་། དུས་དེ་ནས་ཨ་རིའི་གཞུང་གིས་གྲུ་ཟུར་ཞིག་ནས་རྒྱ་ནག་གི་གནས་དོན་དེའི་རྐྱེན་པས་ཡོང་རྒྱུ་ངེས་པའི་ཁོང་ཚོའི་ཚོད་དཔག་ལ་རེ་སྒུག་བྱེད་འགོ་བརྩམས་པ་དང་། རྒྱ་ནག་གཞུང་ནས་གནས་དོན་དེ་ཉིད་སྦས་བསྐུངས་བྱེད་ཐབས་བྲལ་བ་རེད། གང་ཡིན་ཞེ་ན། ཝང་ལི་ཅོན་ཨ་རིའི་གཞུང་ཚབ་ནང་ཉིན་མ་ཁ་ཤས་བསྡད་རིང་། ཨ་རིའི་གཞུང་གིས་ཝང་ལི་ཅོན་དང་པོ་ཞི་ལེ། ད་དུང་ཀུབ་ཁེ་ལེ་སོགས་ཀྱི་གནས་དོན་ཡོད་ཚད་རྒྱལ་སྤྱིའི་གསར་ལམ་བརྒྱུད་ནས། ས་བསྒྲགས་གནམ་བསྒྲགས་བཟོས་པ་རེད། རྒྱ་ནག་ལ་གནས་དོན་དེ་ཉིད་སེལ་ཐབས་ལ་འབད་བརྩོན་བྱེད་རྒྱུ་ལས་གཞན་གདམ་བྱ་དང་འདེམས་བྱེད་ཀྱི་ཐབས་ལམ་གང་ཡང་བྱུང་མེད་པ་རེད།
དེ་ནས་རྒྱ་ནག་གཞུང་ནས་ཀུབ་ཁེ་ལེའི་མི་གསོད་དོགས་གཞིའི་ཐད་བཙལ་གཅོད་གཏོང་མཁན་གྱི་དམིགས་བསལ་ཉེན་རྟོག་ཚོགས་ཆུང་བཙུགས་པ་དང་། ཀུབ་ཁེ་ལེའི་བཟང་བཙོན་ཚུལ་དུ་ལྟ་ཞིབ་བྱེད་འགོ་བརྩམས་པ་དང་། དེ་དང་མཉམ་དུ་པོ་ཞི་ལེའི་གོ་གནས་རིམ་གྱིས་ཕབ་པ་དང་། ཁོ་རང་ཟླ་བ་བརྒྱད་ཙམ་རིང་གར་སོང་ཆ་མེད་དུ་ཁྲིད་ཡོད་པ་རེད། དུས་ཡུན་དེའི་རིང་རྒྱ་གཞུང་གིས་པོ་ཞི་ལེ་དང་ཀུབ་ཁེ་ལེ་བཟའ་ཚང་གཉིས་ཀྱི་ནག་ཉེས་ཐེར་འདོན་བྱེད་པའི་དཔང་རྟགས་འཚོལ་སྒྲུག་བྱེད་འགོ་བརྩམས་པ་རེད། དུས་མཚུངས་སུ། རྒྱ་གཞུང་གི་གནད་ཡོད་མི་སྣ་དང་ཤེས་ཡོན་སྡེ་ཁག ནམ་རྒྱུན་སྤྱི་ཚོགས་ནང་ཅུང་སྙན་གྲགས་ལྡན་པའི་སྒྱུ་རྩལ་བ་དང་། འགན་ཡོད་མི་སྣ་དེ་ཚོར་སྐུལ་ནས། སྤྱི་ཚོགས་ནང་ལྐོག་བཟའ་རུལ་སུངས་ཀྱི་ཉེས་ལན་དང་རྒྱལ་ཁབ་ཀྱི་“ཡང་དག་སྲིད་ཇུས་”དེ་ཚོ་དྲིལ་བསྒྲགས་བྱེད་དུ་འཇུག་པ་དང་། དེས་མ་ཚད་རྒྱ་ནག་གཞུང་དམངས་གཉིས་ནས་ཕྱི་གླིང་བཙན་རྒྱལ་རིང་ལུགས་དང་མ་རྩ་རིང་ལུགས་ཀྱིས་བགོས་པའི་རྒྱལ་ཁབ་དེ་ཚོས་རྒྱ་ནག་ལ་ཇུས་ངན་དཔྱངས་པ་སོགས་ལ་གདོང་ལེན་དང་ཁ་གཏད་བཅགས་དགོས་ཀྱི་ཡོད་ལུགས་སོགས་བཤད་ནས། སྤྱི་ཚོགས་ནང་རྒྱ་གཞུང་ལ་ངོ་རྒོལ་བརྒྱབ་པ་དང་། ཟིང་འཁྲུག་བསླངས་པར་ལྟ་ཞོག ད་དུང་དེ་ལས་ལྡོག་ཏེ་མི་དམངས་ཚོས་པོ་ཞི་ལེ་དང་ཀུབ་ཁེ་ལེ། ད་དུང་ཝང་ལི་ཅོན་སོགས་ཀྱིས་བྱ་བ་ལ་སྐྱུག་བྲོ་བའི་རྣམ་འགྱུར་སྟོན་པ་དང་། སྤྱི་ཚོགས་ནང་རྒྱ་གཞུང་ལ་རྒོལ་བའི་རྣམ་པ་གང་ཡང་བྱུང་ཡོད་པ་མ་རེད།

ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་མང་པོས་བསམ་པ་དང་ཡོངས་སུ་ལྡོག་ནས། རྒྱ་ནག་ནང་ཁུལ་གྱི་དཔོན་རིགས་ནང་ཁུལ་ལའང་མངོན་གསལ་དོད་པ་དང་། འགོག་ཐབས་བྲལ་བའི་རྩོད་རྙོག་གང་ཡང་བྱུང་མེད་པ་མ་ཟད། ཟླ་བ་བརྒྱད་ཙམ་རྗེས་སུ། རྒྱ་གཞུང་ནས་ཁོ་ཚོའི་ནག་ཉེས་བསགས་པའི་དགོས་ངེས་དཔང་རྟགས་སོགས་མཁོ་སྒྲུག་འཐུས་ཚང་བྱས་ནས། གཞུང་དམངས་གཉིས་ཀ་བློ་ཡིད་ཚིམ་པ་ཞིག་བཟོས་པ་རེད། དེ་ནས་རྒྱ་ནག་ཁྲིམས་ཁང་ནས་པོ་ཞི་ལེ་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་དང་། ཉེ་བའི་ཆར་ཁོ་རང་གིས་ཁྲིམས་ཁང་གི་བཅད་ཁྲ་ལ་འདོད་བློ་མ་ཚིམ་པར་གོང་ཞུ་ཞུས་ཡོད་ནའང་། ཉེས་ཆད་ལ་འགྱུར་བ་མེད་པར་རང་འཇགས་ཚེ་བཙོན་གྱི་ཉེས་ཆད་དེ་བཀལ་བ་རེད་ལ། ཁོ་རང་གི་བཟའ་ཟླ་ཀུབ་ཁེ་ལེ་ལ་དམག་གསོད་དམ་སྲོག་ཐོག་གི་ཉེས་ཆད་བཏང་པ་དང་། ཝང་ལི་ཅོན་ལ་ལོ་ངོ་བཅོ་ལྔ་རིང་བཙོན་འཇུག་བྱེད་པའི་ཉེས་ཆད་བཏང་ཡོད་པ་རེད།
གནས་དོན་དེས་བཤད་སྲོལ་བཞིན་“ར་སྐེ་གཅོད་ནས་ལུག་སྐེ་འདར”ཞེས་པའི་དཔེར་ལྟར། རྒྱ་ནག་དཔོན་རིགས་མང་པོར་དོགས་གཟབ་བྱ་དགོས་པའང་གྱུར་ཡོད་པ་རེད། ཉེ་བའི་ཆར་རྒྱ་ནག་གི་གྲོང་ཁྱེར་ནན་ཅིང་ཞེས་པ་དེའི་གཙོ་འཛིན་ཡང་ལྐོག་བཟའ་རུལ་སུངས་ཀྱི་ནག་ཉེས་འོག་བཙོན་འཇུག་བྱས་ཡོད་པ་དང་། དེས་མ་ཚད། ཉེ་བའི་ཆར་གསར་འགྱུར་བརྒྱུད་ལམ་ཁག་ལ་གཞིགས་ན། རྒྱ་ནག་གི་གནད་ཡོད་དཔོན་རིགས་ཟུར་པ་ཀྲུའུ་ཡོང་ཁམ་ཞེས་པ་དེར་ཡང་། རྒྱ་གཞུང་གིས་དམིགས་བསལ་གྱི་ཉེན་རྟོག་ཚོགས་ཆུང་བཙུགས་ནས། ཁོ་རང་གིས་ལྐོག་བཟའ་རུལ་སུངས་ཀྱི་བྱ་བ་བརྩམས་ཡོད་མེད་ཐད་བརྟག་བཤེར་བྱེད་འགོ་བརྩམས་ཡོད་པ་འདྲ། ད་དུང་རྒྱ་ནག་གཞུང་གིས་ལྐོག་བཟའ་རུལ་སུངས་ཀྱི་གནད་དོན་ཕྲ་མོ་ཙམ་ཡང་ལྷོད་ཡངས་གཏོང་རྒྱུ་མིན་པ་དང་། རྒྱ་ནག་གི་རྨི་ལམ་ཆེན་པོ་མངོན་འགྱུར་བྱེད་པར་ངེས་པར་ཏུ་ལྐོག་བཟའ་རུལ་སུངས་རིགས་ཆེ་ཆུང་མེད་པར་ཚར་གཅོད་བྱེད་རྒྱུ་ཡིན་པའི་དྲིལ་བསྒྲགས་རབ་དང་རིམ་པ་བཟོས་པས། དེང་གི་ཆར། རྒྱ་ནག་ལ་སྔོན་མ་ནང་བཞིན་གང་བྱུང་གིས་ལྐོག་བཟའ་བཟོ་རྒྱུ་དཀའ་ལས་ཁག་པོ་བཟོས་ཟིན་པ་རེད།

སྤྱིར་རྒྱལ་ཁབ་དང་སྲིད་གཞུང་གང་ཡིན་ཡང་། ཕྱོགས་ཁ་འཐེན་འཁྱེར་དང་། དབང་ཆ་འཐབ་རྩོད་སོགས་ཡོད་ཡོད་པ་རེད། ང་ཚོའི་མི་གྲངས་ཁྲི་ཚོ་ཁ་ཤས་ལས་མེད་པའི་བཙན་བྱོལ་སྤྱི་ཚོགས་ནང་དུའང་། ཆོལ་ཁ་འཐེན་འཁྱེར་དང་ཡུལ་ལུང་འཐེན་འཁྱེར། ལྟ་གྲུབ་འཐེན་འཁྱེར་སོགས་གང་མང་ཡོད་པར། རྒྱ་ནག་གཞུང་ཆེན་པོ་དེ་ལ་ཡོད་ཡོད་པ་ལོས་ཡིན། ཡིན་ནའང་གཙོ་བོ་འགག་རྩ་ལ་ཐུག་དུས། ག་རེ་ལ་གཙོ་བོར་འཛིན་མིན་ལ་ལྟ་དགོས་གལ་ཆེ་པ་དང་། དེ་ཡང་གལ་གནད་ཆེ་བའི་གནད་དོན་ཞིག་ཀྱང་ཡིན་པ་རེད། རྒྱ་ནག་ནང་ཁུལ་ལ་འཐེན་འཁྱེར་ག་འདྲ་ཡོད་ནའང་། ཁོ་ཚོས་སོ་སོའི་རྒྱལ་ཁབ་དང་སྲིད་གཞུང་གི་བདེ་འཇགས་ལ་ཐུག་དུས། གཙོ་བོ“་ཀྲུང་གོ་གོང་ཁྲན་ཏང་”ཞེས་པའི་དམར་ཤོག་སྲིད་གཞུང་དེ་གལ་ཆེ་ཤོས་བརྩི་བཞིན་ཡོད་པ་རེད། དམར་ཤོག་སྲིད་གཞུང་དེའི་ཆེད་དུ། ཁོ་ཚོའི་རང་ཉིད་ཀྱི་ཁེ་ཕན་དེ་དག་བློས་གཏོང་ཐུབ་ཀྱི་ཡོད་པ་རེད། འདི་ནི་རྒྱ་ནག་ལོ་རྒྱུས་ནས་བྱུང་བའི་ཡ་རབས་ཀྱི་སྤྱོད་ཚུལ་ཞིག་ཡིན་པ་རེད།
སྔོན་ཆད་གུང་ཁྲེན་ཏང་གི་སྲིད་གཞུང་དང་གོ་མིན་ཏང་གི་སྲིད་གཞུང་གཉིས་ཁྱོད་ཤི་ང་གསོན་གྱི་འཐབ་འཛིང་བྱས་པ་དང་། ཕན་ཚུན་དགྲ་བོའི་འཁོན་འགྲས་གང་ཟབ་ཡོད་ནའང་། ཉི་ཧོང་གིས་རྒྱ་ནག་སྐམ་ས་ཆེན་པོར་བཙན་འཛུལ་བྱེད་ཡོང་དུས། གུང་ཁྲན་ཏང་དང་གོ་མིན་ཏང་གཞུང་གཉིས་ཀྱིས་སོ་སོའི་ཁེ་ཕན་དང་གནས་དོན་རྒྱབ་ཏུ་བསྐྱུར་ནས། དང་པོར་ཕྱི་དགྲ་ཉི་ཧོང་རྒྱ་ནག་ནས་མཐའ་སྐྲོད་གཏོང་གང་ཐུབ་བྱས་པ་རེད། རྒྱ་ནག་ནང་ཁུལ་ལ་རྩོད་རྙོག་ག་འདྲ་ཞིག་བྱུང་ནའང་། ཁོ་ཚོས་དང་པོ་ཕྱི་དགྲ་ཚར་གཅོད་བྱེད་པ་དང་། དེ་ནས་ནང་ཁུལ་གྱི་རྙོག་དྲ་དེ་ཚོར་ཐག་གཅོད་གང་ཐུབ་བྱེད་ཀྱི་ཡོད་པ་རེད།

ཡིན་ནའང་། ང་ཚོའི་བོད་པ་དེ་ཚོས་ཁ་ནས་འདྲ་ཆགས་པོ་དང་། རྫིག་པོ་རྐྱང་རྐྱང་བཤད་བསྡད་པ་ལས། འགག་རྩ་ལ་ཐུག་དུས་གལ་གནད་ཆེ་ཆུང་ཧ་གོ་ཡི་མེད་ལ། འཆི་ལ་ཉེ་བའི་མི་རིགས་འདི་ཉིད་སྐྱོབ་ཐབས་ཀྱི་རྩ་དོན་ལས་ཀྱང་སོ་སོའི་ཆོལ་ཁ་དང་ལུང་ཚན། ལྟ་གྲུབ་སོགས་གལ་ཆེན་དུ་བརྩི་བཞིན་ཡོད་པ་རེད། སོ་སོའི་དབུ་ཁྲིད་ལ་མ་ཉེས་ཁ་གཡོགས་དང་། གཞི་མེད་སྐྱོན་འཛུགས་འདྲ་བྱེད་བསྡད་པ་ལས། དོན་དངོས་ཐོག་བོད་མི་རིགས་དང་༧གོང་ས་མཆོག་གི་བཀའ་དགོངས་སྒྲུབ་པར་ནུས་པ་གང་ཡང་འདོན་གྱི་མེད་པ་རེད། དེས་མ་ཚད། ཁ་ནས་༧གོང་ས་མཆོག་ལ་དད་པ་དང་ཡིད་ཆེས་ཡོད་ལུགས་དང་། ༧ཁོང་ནི་བཀའ་དྲིན་ཆེན་པོ་ཡིན་ལུགས་སོགས་རྫོགས་རྒྱུ་མེད་པ་བཤད་ནའང་། དོན་ངོ་མའི་སྒང་ལྷུང་དུས། ༧གོང་ས་མཆོག་གིས་གསུངས་པ་དང་རྒྱབ་འགལ་འབའ་ཞིག་བྱེད་ཀྱིན་ཡོད་པ་དང་། ད་དུང་༧གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་སོགས་ལ་འཁང་ར་འཁོན་རྡུང་བྱས་ནས། བཀའ་དྲིན་ལ་བསམ་ཞིབ་མེད་པ་དང་ཇ་ལན་ཆུ་ཡིས་འཇལ་བའི་ཐ་ཤལ་གྱི་སྤྱོད་ཚུལ་འབའ་ཞིག་ལས་མ་འདས། གནས་དོན་མང་པའི་ཐད་ང་ཚོ་རྒྱ་མི་གུང་ཁྲན་ལས་ཀྱང་ལྡབ་འགྱུར་གྱིས་སྐྱོ་བ་དང་སྡུག་པ་འདུག་སྙམ།

པོ་ཞི་ལེའི་གནས་དོན་དེའི་རྐྱེན་པས་རྒྱ་ནག་ལ་རྒྱ་ནག་གི་མཛེས་སྡུག་ལྡན་པའི་རྨི་ལམ་དེ་ཉིད་མངོན་འགྱུར་ཐུབ་པར་གདེང་ཚོད་གསར་པ་ཞིག་སླེབས་ཡོད་པ་དང་། དེ་མཚུངས་ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་མང་པོར་འཇིགས་སྣང་ཞིག་ངང་གིས་སྐྱེས་སུ་བཅུག་ཡོད་པ་རེད། དོན་དངོས་ཐོག་པོ་ཞི་ལེའི་གནས་དོན་དེ་ནི་ཨ་རིའི་གཞུང་གི་བསམ་ཡུལ་ལས་འདས་པ་ཞིག་བྱུང་ཡོད་པ་དང་། དེ་ལས་ལྡོག་ཏེ་རྒྱ་ནག་ལ་ལོ་རྒྱུས་རང་བཞིན་ལྡན་པའི་རྒྱལ་ཁ་ཞིག་ཀྱང་ཐོབ་ཡོད་པ་རེད་སྙམ།

དཔྱད་རྩོམ།

Post navigation

Previous Post: ཡབ་ཆེན་ལགས། *ངའི་ཕ་ཡུལ་གྱི་རྒྱབ་རི་སྨུག་པོ
Next Post: <<མདོ་སྨད་ལོ་རྒྱུས་ཆེན་མོ་>>བཀླགས་བྱང་།

Comments (8) on “རྒྱ་ནག་ལ་རྒྱལ་ཁ་ཐོབ་ཡོད།”

  1. རིན་ཆེན། says:
    2013-10-29 at 10:57 pm

    ཁྲིམས་ལུགས་སློབ་མ། བློ་བཟང་གྲགས་་་་་་ཁོང་གིས་དོན་དངོས་ཐོག་ཉམས་ཞིབ་ཡག་པོ་གནང་འདུག་གནས་ཚུལ་དང་མཐུན་པའི་ཕྱོགས་རིས་མེད་པའི་གདེན་གཏམ་གསུང་བ་ཐུགས་རྗེ་ཆེ། ང་ཚོ་བོད་མི་ལ་ཁོང་ལྟ་བུའི་ཉམས་ཞིབ་པ་དང་གནས་ཚུལ་ཕྱི་གསལ་ནང་གསལ་ངོ་སྤྲོད་བྱས་མཁན་མང་ཙམ་ཡོད་ནམ་ང་ཚོའི་མང་ཚོགས་ལ་ཕན་ཆེན་པོ་མཐོག་གིས་ཡོད། ད་ལྟ་ཉམས་ཞིབ་ཞིག་བྱས་ན་བོ་ཤི་ལམ་ཀྱིས་གནས་ཚུལ་ཐོན་ནས་གཟུང་དམག་ཤོག་ཚོག་པའི་མི་རྣམས་འདར་སིལ་ངང་གནས་དགོས་པ་བཟོས་ཡོད། དེ་བའི་རྐྱེན་གྱིས་གུང་ཁྲན་ཚོག་པ་སྲ་བསྟན་དུ་གཏོང་ཡོད། ང་ཚོ་བོད་མི་ཚོང་མས་རྒྱ་ནག་གི་གནས་ཚུལ་དང་སྲིད་དོན་གསལ་པོ་ཧ་གོ་དགོས་པ་ཤིན་ཏུ་གལ་གནད་ཆེ་བས་གནས་ཚུལ་གང་འདྲ་ཡིན་ཀྱང་བདེན་པ་སྨྲ་བ་དོ་གལ་ཆེ། ཟླ་བ་ཚེ་རིང་ཟེར་བའི་མིང་ཅན་ཁོང་ཐེ་ཝན་དོན་བཅོད་ཁང་གིས་མགན་འཛིན་དང་རྒྱ་ནམ་ཉམས་ཞིབ་པ་ཞིག་ཡིན་པའི་མཚན་ཁུར་བ་རེད་མ་གཏོག་དོན་དངོས་ཐོག་རྩོམ་ཡིག་དང་གནས་ཚུལ་སྤེལ་དུས་དངོས་ཡོད་གནས་ཚུལ་དང་བདེན་པ་སྨྲ་བ་ནི་ག་དུས་ཡིན་ཀྱང་མཐོང་མ་སོང། ང་ཚོ་རང་མགོ་རང་གིས་གཡོག་ནས་མ་སྡོད་པ་ནམ་ལང་པའི་དུས་རེད་དོ།

  2. དགེ་འདུན་རྒྱ་མཚོ། says:
    2013-10-29 at 11:44 pm

    འོ་རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག  ཚང་མ་བཀླགས་ཟིན་པ་ཡིན། ནང་ན་ལན་རྒྱུ་མང་བོ་འདུག རྩོམ་ཡིག་སྔོན་མ་ལས་ཡར་རྒྱས་ཡོད་པའི་རྣམ་པ་འདུག ད་རྩོམ་རྩལ་ལ་བྱུང་བའི་བཟོ་ཡོད་གི  ངས་དགའ་བསུ་དང་འཚམས་འདྲི་ཡོད། ཧྲ་གི་ཧྲ་གི

  3. སེར་ཤུལ་རིན་ཆེན་དོན་གྲུབ། says:
    2013-10-30 at 2:58 am

    བློ་བཟང་གྲགས་པ་ལགས་ཀྱིས་རྩོམ་ཡིག་ཡག་པོ་བྲིས་འདུག རེད་དུས་བབ་ཚགས་པར་གྱི་ངོས་སུ་ཁམས་པའི་རྩོམ་པ་པོའི་རྩོམ་འགྲོ་མི་ཐུབ་པ་བདེན་པ་རེད། ངས་ཀྱང་རྩོམ་བཅུ་ཕྲག་བསྐུར་ཡང་གཅིག་ཀྱང་དོན་མ་སོང། དེ་མ་ཡིན་པའི་དཔེ་མཚོན་མང་པོ་ཡོད།

  4. ཐོས་བསམ། says:
    2013-10-30 at 9:51 am

    ཞིབ་འཇུག་ཡག་པོ་ཞེ་དྲག་གནང་འདུག། འདི་ལྟ་བུའི་ཞིབ་ཚག་གི་གནས་ཚུལ་འཁོལ་སྤྲོད་གནང་བ་ཐུགས་རྗེ་ཆེ། ཚང་མ་ཐེངས་གཉིས་ཙམ་བཀླགས་ཡིན།

  5. འཇམ་གཅེས། says:
    2013-10-30 at 11:19 am

    ཞིབ་འཇུག་རང་བཞིན་ལྡན་པའི་དཔྱད་རྩོམ་འདི་ལ་སྙིང་ནས་དགའ་བསུ་ཞུ་རྒྱུ་ཙམ་དུ་མ་ཟད་ད་དུང་ཕྱོགས་མང་པོ་ཞིག་ནས་ང་ཚོའི་ནང་ཁུལ་གྱི་འཐབ་རྩོད་ནི་ཕྱིའི་དགྲ་བོ་སྟོབས་ཤུགས་ལས་ཀྱང་ཉེན་ཁ་ཆེ་བ་ནི་རྩོམ་ཡིག་འདི་ཡིས་ནང་དུ་གསལ་སྟོན་བྱས་འདུག་པར་གོ་ཤེས་མཁན་ཞིག་ཡིན་ཚེ་གོ་རྒྱུ་ཆེན་པོ་འདུག་སྙམ།

  6. བསྟན་འཛིན་འཆི་མེད། says:
    2013-10-30 at 11:39 am

    སྡེབ་སྦྱོར་དང་དག་ཆ་ལ་མང་ཙམ་སྦྱོང་རོགས། དེ་ནས་བསམ་ཚུལ་རེ་ཡོད་ན་དྲ་ཐོག་ཏུ་བཏང་ན་ལེགས། དེང་སང་མི་ཚང་མས་ཡིག་སྐྱོན་དང་ཚིག་སྦྱོར་སོགས་ལ་དོ་སྣང་གང་མང་མེད་པ་འདི་སྐྱོན་ཞིག་ཡིན་པ་འདྲ།

  7. ཨ་རིག་དགེ་མཐོང་ says:
    2013-10-31 at 3:18 pm

    རྩོམ་ལེགས་ཤིང་དེ་འདྲ་བོད་སྤྱི་ཚོགས་སུ་ངེས་པར་མཁོ། འོན་ཀྱང་ནང་དུ་ཁམས་པ་ཞེས་མིང་ཚིག་འདི་གཅིག་བུས་རྩོམ་གྱི་བཟོ་ལྟ་ཤོར་བཅུགས་འདུག དངོས་གནས་ཡིན། རྩོམ་ལེགས་པོ་འབྲི་སྐབས་རྩོད་སྙོག་ཆུང་ཆུང་དེ་འདྲའམ་བརྗོད་དོན་དང་མ་འབྲེལ་བའི་རིགས་མ་བྲིས་ན་བཟང་། གལ་སྲིད་དུས་བབ་ལ་ལྟ་སྟངས་དེ་འདྲ་ཡོད་ན་རྐང་བཙུགས་ནས་དུས་བབ་ལ་བསམ་འཆར་ལྟ་བུའི་རྩོམ་ཡིག་ཅིག་སྤེལ་ན་བཟང་གི་སྙམ། འདི་ནི་ངའི་ལྟ་ཚུལ་ཙམ་ཡིན།

  8. གནམ says:
    2013-10-31 at 5:32 pm

    ངོ་གཉིས་མ་ཡིན་པའི་ཆ་ནས། དེ་ལ་ཕྱི་ནང་ཟེར་ནས་འབྲི་དགོས་སམ། ཕྱི་ནང་ངོ་གཉིས་མ། ཅི་འདྲའི་དགོད་སྤྱད། བོད་སྐད་ཤེས་ཚོད་མ་ཐུག་ན། འདི་འདྲ་རེད། ཧ་ཧ་ཧ་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme