Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་ནག་གི་གད་སྙིགས་ཁྲོད་ཀྱི་བོད། ནམ་མཁའ།

Posted on 2013-02-242013-02-24 By ཁ་བརྡ་ 10 Comments on རྒྱ་ནག་གི་གད་སྙིགས་ཁྲོད་ཀྱི་བོད། ནམ་མཁའ།

༼སྔོན་མའི་འཕྲོས།༽

གཉིས་པ། མཚོ་སྔོན་པོའི་འགྲམ་གྱི་མཐོང་ཐོས།
ངེད་གཉིས་ཀྱིས་རླུང་འཁོར་ཞིག་ཆེད་མངག་གིས་གླས་ཏེ་མཚོ་སྔོན་པོའི་ཕྱོགས་སུ་བསྐྱོད། མཚོ་སྔོན་པོའི་འགྲམ་དུ་ཐོན་བར་ལམ་གྱི་ཁོར་ཡུག་ནི་ཅི་འདྲའི་ཡིད་དབང་འཕྲོག་པ་ཞིག་རེད་འང་། ལམ་གྱི་གཡས་གཡོན་དུ་རང་བྱུང་གི་མེ་ཏོག་སྣ་བརྒྱ་དང་སྤང་ལྗོངས་ཀྱིས་ལུས་སེམས་རང་དབང་མེད་པར་སྐྱིད་སྣང་སྦྱིན་གྱི་འདུག་ལ། སྐབས་རེ་ནོར་ལུག་སོགས་ཀྱང་རྩྭ་ཐང་ན་ལྷོད་གཡེང་དུ་ཡོད་པ་མཐོང་དུས་དེ་བས་ཀྱང་སྤྲོ་སྣང་ཞིག་བྱུང་། འདི་ནི་ང་ལ་རང་བྱུང་ཁོར་ཡུག་གིས་ཐོག་མར་སྦྱིན་པའི་ཚོར་སྣང་སྐྱིད་པོ་དེ་རེད། ཟི་ལིང་ནས་མཚོ་སྔོན་པོའི་འགྲམ་བར་དུ་ཆུ་ཚོད་ཁ་ཤས་ཀྱིས་སླེབས་སོང་། གངས་ཅན་མཐོ་སྒང་གི་མཚེའུ་ཆེ་ཤོས་འདི་ནི་ཅི་འདྲའི་སྔོ་ཞིང་དྭངས་མོ་རེདའང་། འདི་ནི་འཛམ་གླིང་འདིའི་མགུལ་རྒྱན་ལྟ་བུ་ཞིག་རེད། མཚོ་ཆེན་སྔོན་མོ་འདི་ལ་ལྷ་སྒྲུང་ལྟ་བུའི་བྱུང་རིམ་སྙན་མོ་ཞིག་ཐོས་མྱོངས། ཡིན་ཡང་མཚོ་ཆེན་སྔོན་མོའི་རླབས་སྒྲ་དགུང་ལ་འཕྱོ་བ་འདིས་ངའི་སེམས་སུ་གསང་བའི་གླུ་གཞས་ཞིག་བླངས་བས། ངའི་སེམས་སུ་སྐྱོ་སྣང་ཞིག་གིས་བཙིར་ཏེ་ལྷུང་བའི་མིག་མཐའི་མཆི་མ་ཡང་མཚོ་ཆེན་སྔོན་མོའི་ཟེགས་མ་དང་མཉམ་དུ་ཐང་ལ་འཐོར་སོང་ཟེར། མཚམས་འདིར་ངའི་སེམས་སུ་རྒྱ་མོ་འདི་སྙན་ངག་པ་ཞིག་རེད་བསམ་པའི་ཚོར་སྣང་བྱུང་། མ་ཟད་མོས་མུ་མཐུད་ནས་རྒྱ་ཡི་སྙན་ངག་པ་ཞིག་གི་མིང་བཤད་དེ། དེའི་སྙན་ངག་ཚིག་འགའ་སྐྱོར་སོང་མོད། འོན་ཀྱང་ཐབས་སྐྱོ་བ་ཞིག་ལ་ངས་སྙན་ངག་ཚིག་བཅད་གཅིག་ཀྱང་འབྲི་མི་ཤེས་བས་དེའི་དོན་དག་གང་ཡིན་འདྲི་མ་ནུས་བས་དྲ་གྲོགས་ཚོར་དགོངས་དག་ཞུ་རྒྱུ་ཡིན།

པེ་ཅིན་བུ་མོས་མུ་མཐུད་དེ་འདི་ལྟར་བཤད་སོང་། ང་རང་བསམ་གཞིགས་ཀྱི་ཀློང་ན་འཁྱམས་པའི་སྐབས་ཞིག་ལ་ངའི་སྣེ་ཤེན་པ་བུ་མོ་དེས་ཁྱེད་རང་བོད་པ་ཚོས་རི་སྒང་དང་ལྗོན་ཤིང་སོགས་སུ་སྒྲེངས་བའི་དར་ལྕོགས་འགའ་ཉོས་ཏེ་སླེབས་སོང་། ང་རང་བསམ་གཞིགས་ཀྱི་ཀློངས་ནས་ཅི་འདྲ་བྱས་ཏེ་ཕྱིར་སླེབས་པ་ཡང་མ་ཤེས་བར་ངའི་སེམས་སུ་སྤྲོ་སྣང་བརྗོད་མི་ཤེས་པ་ཞིག་བྱུང་། དར་ལྕོག་དེ་ངེད་གཉིས་ཀྱིས་ཁྱེར་ནས་མཚོ་འགྲམ་རུ་འཛུགས་ས་ཞིག་འདུག་པས་དེར་སོང་བ་ཡིན། ངའི་སྣེ་ཤེན་པ་བུ་མོས་ང་ལ་འདི་ལྟར་བཤད་སོང་། སྤྱིར་ང་ཚོའི་བོད་པའི་ལུགས་སྲོལ་ལ་གྲོང་སྡེ་ཡོངས་ཀྱིས་མཉམ་དུ་དར་ལྕོགས་དང་བསང་གསོལ་སོགས་ཀྱི་བྱེད་སྒོ་སྤེལ་དུས་བུ་ཚོས་བྱེད་ཀྱི་ཡོད། ཡིན་ཡང་དེང་སང་རིམ་གྱིས་ལུགས་སྲོལ་ཉམས་མས་སུ་འགྲོ་བའི་སྐབས་ཡིན་པ་དང་། ལྷག་པར་དུ་ཡང་དེ་རིང་འདིར་ངེད་གཉིས་ལ་གྲོགས་པོ་བུ་ཞིག་མེད་པས་ངེད་གཉིས་ཀྱིས་དར་ལྕོགས་འདི་འཛུགས་དགོས་ཟེར། དེ་ཡིན་ན་ངེད་གཉིས་ཀྱིས་འདི་ལྟར་བྱས་ཚེ་འགལ་ཆ་འདྲ་མེད་དམ་ཅེས་དྲིས་པ་ཡིན། བོད་ཀྱི་ན་གཞོན་མ་དེས་མ་རེད་མ་རེད། ངས་སྤྱིར་བོད་ཀྱི་ལུགས་སྲོལ་གོམས་གཤིས་ཞིག་བཤད་པ་ཡིན།དེ་ལ་འགལ་ཆ་ཅི་ཡང་ཡོད་ཀྱི་མ་རེད་ཟེར། ངའི་གྲོགས་མོ་བོད་ཀྱི་བུ་མོ་དེས་བསང་གསོལ་གྱི་འགོ་འཛུགས་བྱེད་སྟངས་དང་དར་ལྕོགས་ཅི་ལྟར་སྒྲེངས་བ་སོགས་ལ་བལྟ་འདོད་ཆེན་པོ་སྐྱེས། མོས་དར་ལྕོགས་དང་མཉམ་དུ་བསང་རྫས་རིལ་བུ་ཁུག་མ་ཞིག་དང་བསང་ཤུག ད་རུང་ཆང་དཀར་ཤེལ་དམ་ཆུང་ངུ་ཞིག་བཅས་ཉོས་འདུག མོས་དད་པ་དང་ལྷག་བསམ་རྣམ་དག་གིས་སྒོ་ནས་གཙང་མ་བྱེད་ཀྱི་འདུག་པ་མ་ཟད། བསང་གསོལ་བྱེད་སྟངས་ཡང་གོ་རིམ་ལྡན་པ་ཞིག་རེད།

བོད་ཀྱི་གཞོན་ནུ་མ་དེས་རྩྭ་སྐམ་པོ་ཞིག་གང་ནས་བཏུས་པ་མ་ཤེས་ཀྱང་དེ་འདྲ་སྤར་བཀང་ཁྱེར་འདུག ངེད་གཉིས་ཀྱི་བསང་གསོལ་བྱེད་ས་དང་དར་ལྕོགས་འཛུགས་ས་དེར། སྔོན་མ་མི་མང་པོ་ཞིག་གིས་བཙུགས་པའི་དར་ལྕོགས་རླུང་གིས་ལྷབ་ལྷབ་ཏུ་གཡོ་བ་འདིས། རྒྱང་ཐག་རིང་བའི་མགྲོན་པོ་གལ་ཆེན་ཞིག་ལ་ཕེབས་འདོད་ཀྱི་ལག་བརྡ་བྱེད་པ་དང་གཅིག་མཚུངས་ཀྱི་ཚོར་བ་ཞིག་སྤྲད་སོང་། བསང་ཁྲི་ཅུང་ཟད་མཐོ་བོ་ཞིག་ཡོད་པ་དེའི་ཐོག་དང་པོ་རྩྭ་སྐམ་པོ་དེ་བཞག་སྟེ་དེའི་སྟེང་ཤུག་ལོ་འགའ་ཡོད་པ་དེ་བཞག་རྗེས་བསང་རྫས་རིལ་བུ་དེ་བླུགས་སོང་། ད་གཟོད་མོས་མེ་སྦར་ཏེ་ཕྱག་གསུམ་འཚལ་ནས་སྨོན་ལམ་འདྲ་རྒྱག་ཞོར་ཆང་དཀར་དེ་བསང་མགོ་མཆོད་པ་དང་། མ་ཟད་དེའི་མཐའ་སྐོར་ནས་ཅུང་ཟད་རེ་མཆོད་ཀྱི་འདུག མོའི་ཁ་ནས་ཞལ་འདོན་ཕྲན་བུ་རེ་སྐྱོར་གྱི་འདུག་མོད། འོན་ཀྱང་ངས་ཅི་ཞིག་འདོན་གྱི་ཡོད་པ་དང་དེའི་དོན་དག་གང་ཡིན་ཅི་ཡང་མ་ཤེས། གང་ལྟར་མཚམས་འདིར་གུས་མོའི་ཡིད་ལ་དྲན་པ་ནི། གུང་ཁྲན་ཏང་གིས་མེ་མདས་བོད་མི་རིགས་འདི་མི་རིགས་གཞན་ཞིག་ལ་བསྒྱུར་འདོད་ཡོད་ཀྱང་། མི་ཡི་སེམས་པ་འདི་བསྒྱུར་མ་ཐུབ་ཚེ་ཕྱིའི་ཆ་ལུགས་སོགས་སུ་བཙན་དབང་བྱས་ཀྱང་བྱ་ཐབས་མེད་པ་ཤེས་སོང་།

མཚམས་འདིར་ངས་པེ་ཅིན་བུ་མོ་དེར་རྒྱུ་མཚན་ག་རེ་ཡིན་ནམ་ཅེས་དྲི་བ་ཞིག་བཏང་བ་ཡིན། པེ་ཅིན་བུ་མོ་དེས་འདི་ལྟར་བཤད་ཀྱི་འདུག གུང་ཁྲན་ཏང་གིས་མེ་མདས་དབང་བསྒྱུར་བྱས་ཏེ་ལོ་ངོ་ལྔ་བཅུ་ཕྱིན་ན་ཡང་། བོད་མི་རིགས་ཀྱི་རང་གི་གོམས་སྲོལ་རིག་གཞུང་སོགས་བསྒྱུར་ཐུབ་མེད། གལ་སྲིད་དེ་དག་བསྒྱུར་ཡོད་ཚེ་དེ་རིང་ངའི་མཉམ་དུ་ཡོད་པའི་བོད་ཀྱི་གཞོན་ནུ་མ་འདིས་ཕ་མེས་ནས་བརྒྱུད་པའི་རིག་གཞུང་སྣེ་གཅིག་པོ་འདི་ཡང་བྱེད་སྟངས་ཤེས་ཀྱི་མ་རེད།རྒྱུ་མཚན་ནི་མོ་རང་གུང་ཁྲན་ཏང་གི་དར་དམར་འོག་ནས་འཚར་ལོངས་བྱུང་ཞིང་སློབ་གསོ་ཡང་དེའི་འོག་ནས་ཐོབ་ཡོད། བོད་ཀྱི་གཞོན་ནུ་མ་འདིས་ཀྱང་མོ་རང་ལ་བུ་ཕྲུག་ཞིག་སྐྱེས་ཚེ་བོད་རང་གི་རིག་གཞུང་གོམས་གཤིས་བསླབ་ཀྱི་རེད། དེ་བཞིན་གཞན་དག་ཚང་མ་ཡང་འདི་བཞིན་ཡིན་ངེས་རེད། གྲོང་ཁྱེར་ནང་དུ་ཡོད་པའི་བོད་པའི་ཕྲུག་གུ་ཉུང་ཤས་ཞིག་མི་རིགས་གཉིས་ཀྱི་བར་ནས་ཕུང་གསུམ་པ་ལྟ་བུ་འགྱུར་སྲིད། ཡིན་ཡང་འདི་ནི་ཆེས་ཉུང་ངུ་ཙམ་རེད་ཟེར།

མཚམས་འདིར་ངས་པེ་ཅིན་བུ་མོ་དེར་ཡང་བསྐྱར་དྲི་བ་ཞིག་དྲིས་པ་ཡིན། ཁྱེད་རང་གི་ངོས་ནས་ནང་པའི་ཆོས་ལ་བལྟ་སྟངས་ག་འདྲ་ཡོད་ཅེས་དྲིས་པ་ཡིན། མོས་ལྟ་སྟངས་ཟེར་ན་ངས་མི་ཤེས་མོད། འོན་ཀྱང་ང་རང་ཡང་ནང་པའི་ཆོས་ལ་དད་པ་ཡོད། སྤྱིར་རྒྱ་མི་རིགས་འདི་ཡང་སྟོན་པ་ཤྰཀྱ་ཐུབ་པའི་བསྟན་པའི་རྗེས་འབྲངས་ཀྱི་མི་རིགས་ཞིག་ཡིན། ཡིན་ཡང་གུང་ཁྲན་ཏང་སླེབས་པ་ནས་བཟུང་ཆོས་མེད་ལྷ་མེད་ཞིག་ཏུ་གྱུར་བ་རེད། ཡིན་ཡང་དེང་སང་ཡང་བསྐྱར་ནང་པའི་ཆོས་ལ་དད་པ་བྱེད་མཁན་གྱི་མི་རིགས་ཞིག་ཏུ་འགྱུར་བཞིན་ཡོད། ལྷག་པར་དུ་བོད་པའི་ནང་ཆོས་ལ་དད་པ་བྱེད་མཁན་མང་པོ་འདུག་ཅེས་ལན་བཏབ་སོང་། པེ་ཅིན་གྱི་བུ་མོ་དེས་ངའི་དྲི་བ་ལ་ལན་བཏབ་རྗེས་། མུ་མཐུད་ནས་མོ་རང་གི་མཐོང་ཐོས་ཀྱི་གཏམ་རྒྱུད་རྣམས་རིམ་བཞིན་བཤད་སོང་། ངའི་གྲོགས་མོ་བོད་ཀྱི་གཞོན་ནུ་མ་དང་ངེད་གཉིས་ཀྱིས་མཚོ་སྔོན་པོ་འགྲམ་ནས་བསང་གསོལ་དང་དར་ལྕོགས་འཐེན་ཚར་རྗེས། ངེད་གཉིས་ཡུལ་སྐོར་བ་མང་པོས་འདྲ་པར་རྒྱག་ས་དང་། འདུ་འཛི་བྱེད་ས་ཞིག་ལ་ཕྱིན་པ་ཡིན།

ཡུལ་སྐོར་བ་ཞིག་ལ་མཚོན་ན་ས་གནས་གང་དུ་སོང་བའི་ཡུལ་ཕྱོགས་དེའི་གཡས་གཡོན་ནས་དྲན་རྟེན་ལྟ་བུའི་འདྲ་པར་ཞིག་རྒྱག་འདོད་པ་ཆོས་ཉིད་རེད། ཡིན་ཡང་ངས་མི་མང་པོ་འདུ་འཛི་བྱེད་ས་དེ་ནས་མཐོང་འདོད་མེད་པའི་གནས་ཚུལ་གྱི་འགོ་བཙུགས་སོང་། དེ་ནི་བོད་ཀྱི་ཁྱད་ཆོས་ལྡན་ཞིང་གདོང་གི་འཛུམ་མདངས་ལ་ལྷད་མེད་པའི་ཕལ་ཆེར་ལོ་བདུན་ནས་བཅུ་ཡས་མས་ཅན་བོད་ལྭ་གྱོན་པའི་ཕྲུག་གུ་འགའ་འདུག རྒྱ་ནང་གི་སྤྲོ་འཆམ་པ་རྒྱ་རིགས་འགས་བུ་ཕྲུག་ཚོའི་ནང་ནས་འདེམས་གསེས་བྱས་ཏེ་མཉམ་དུ་པར་རྒྱག་བཞིན་པ་མཐོང་སོང་། རྒྱ་རིགས་སྤྲོ་འཆམ་པ་ཞིག་གིས་ཕྲུག་གུ་དེ་ཚོའི་ནང་ནས་བུ་མོ་སྙིང་རྗེ་མོ་ཞིག་གདམས་ནས་པར་རྒྱག་གི་ཁྲིད་རྗེས། ཕྲུག་གུ་བུ་མོ་ཆུང་ཆུང་དེའི་རོགས་པ་བུ་ཞིག་ཤུལ་དུ་བཞག་ཡོད་པ་དེའི་གདོང་གི་འཛུམ་མདངས་ཡིད་དབང་འཕྲོག་པ་དེ་གློ་བུར་དུ་སྐྱོ་གདུང་ཞིག་གིས་གཡོགས་སོང་། མ་ཟད་ཁོ་རང་གི་རོགས་པ་བུ་མོ་ཆུང་ཆུང་དེ་དང་། མོ་ཁྲིད་ནས་འགྲོ་མཁན་རྒྱ་རིགས་དེའི་རྗེས་སུ་བལྟས་ཏེ་ཧད་ནས་འདུག་པ་མ་ཟད། ཁོའི་གདོང་གི་མིག་ཟུང་ཆུང་ཆུང་དེ་གཉིས་ལས་མིག་ཆུའི་ཐིག་པ་ཞིག་འགྲམ་པའི་ཁུར་མགོ་ནས་བཞུར་སོང་། ངས་དེ་མཐོང་མ་ཐག་དེང་སང་བོད་པའི་མི་རིགས་འདི་ཚོང་ཁང་ནང་གི་ཅ་དངོས་འདེམས་ཁ་བྱས་ཏེ་ཉོ་བ་དང་གཅིག་པ་རེད་བསམ་སོང་བས། ང་རང་བུ་དེའི་གདོང་ན་སྐྱོ་གདུང་གིས་བཙིར་ནས་འོང་བའི་མིག་ཆུ་མཐོང་དུས། རང་དབང་མེད་པར་ངའི་མིག་ཟུང་ནས་མིག་ཆུ་འགོག་ཐབས་མེད་པར་བཞུར་སོང་།
དེའི་མཚམས་དེར་ངའི་གྲོགས་མོ་བོད་ཀྱི་གཞོན་ནུ་མ་དེའི་གདོང་ཡང་ཧ་ཅང་སྐྱོ་ཉམས་ལྡན་པ་མ་ཟད། ངའི་གདོང་གི་མིག་ཆུ་མཐོང་སྟབས་མོ་རང་གི་མགོ་བོ་ཡང་སྒུར་ནས་བསྡད་སོང་ཟེར། མཚམས་འདིར་པེ་ཅིན་བུ་མོ་འདིས་ལག་ཟུང་གིས་མོའི་གདོང་བཀབ་སྟེ་སྐད་ཆ་བཤད་མཚམས་ཆད་སོང་། མ་ཟད་མོའི་ཚ་མོ་དེ་ཡང་མིག་མཐར་མཆི་མ་འཁོར་ནས་ང་ལ་ལྟས་བ་ངས་ཚོར་སོང་བས་ཕལ་ཆེར་ངའི་མིག་མཐའ་ན་འཁྱིལ་བའི་མཆི་མ་མཐོང་ཡོད་སྙམ།

མཚམས་འདིར་ངའི་ཡིད་ལ་ཞིག་དྲན་པ་ནི། སྐུ་ཞབས་ལྗང་བུ་ལགས་ཀྱིས་བཟོས་བའི་དངོས་བཤུས་གློག་བརྙན་༼མཚོ་སྔོན་པོ༽ཟེར་བ་དེ་རེད། པེ་ཅིན་བུ་མོ་འདིས་བཤད་པ་དང་མཚོ་སྔོན་པོ་ཟེར་བའི་དངོས་བཤུས་གློག་བརྙན་ལས་མཐོང་བ་གཉིས་གཅིག་མཚུངས་ལྟ་བུ་རེད་། ཡིན་ཡང་སྐུ་ཞབས་ལྗང་བུ་ལགས་ལ་དེའི་སྐབས་ཚོར་བ་ག་འདྲ་ཞིག་བྱུང་ཡོད་དམ། འདི་ནི་ང་རང་ཉིད་ཀྱི་ཡིད་ལ་དྲན་པའི་དྲི་བ་གཞན་ཞིག་རེད། རྒྱུ་མཚན་ནི་རྒྱ་རིགས་བུ་མོ་ཞིག་ལ་འདི་འདྲའི་སྐྱོ་སྣང་ཞིག་བྱུང་དུས། སྐུ་ཞབས་ལྗང་བུ་ལ་དེ་བས་ཀྱང་སྐྱོ་སྣང་བརྗོད་མི་ཐུབ་པ་ཞིག་བྱུང་ཡོད་སྲིད། ཇ་ཁང་འདིའི་ནང་གི་ཉིན་གུང་ཁ་ལ་ཟ་མཁན་གྱི་མགྲོན་པོ་འགས་ང་ཚོར་ལྟས་ནས་ཡོད་པ་ངས་ཚོར་སོང་། ང་ཚོ་གསུམ་གྱིས་སྐད་ཆའི་བཤད་མཚམས་ཆད་ཡོད་པ་མ་ཟད། ངེད་གསུམ་གྱི་གདོང་ན་སྐྱོ་སྣང་ཞིག་གིས་ཁེངས་བཞིན་མིག་ཆུ་ཡང་འཁྱིལ་ཡོད་པས་རེད། ད་རུང་ངས་རྒྱ་སྐད་ཡག་པོ་ཞིག་ཤེས་ཀྱི་མེད་སྟབས། སྐབས་རེ་པེ་ཅིན་བུ་མོའི་ཚ་མོ་དེས་ང་ལ་ལུང་པ་འདིའི་སྐད་བསྒྱུར་བྱེད་ཀྱི་ཡོད་པས་གཡས་གཡོན་གྱི་མགྲོན་པོ་ཚོས་ཐོས་ཡོད་སྲིད། གང་ལྟར་ཀྱང་ངེད་གསུམ་གྱི་གླེང་མོལ་ཅུང་ཙམ་རིང་འཇམ་ཐིང་ངེར་བསྡད་སོང་།

ཅུང་ཙམ་ཞིག་འགོར་རྗེས་པེ་ཅིན་བུ་མོ་དེས་མུ་མཐུད་ནས་མོ་རང་གི་ཡུལ་སྐོར་ཟིན་ཐོའི་ཚོར་སྣང་དག་ཡང་བསྐྱར་བཤད་འགོ་བཙུགས་སོང་། ངས་དེ་རིང་ད་རུང་བུ་ཆུང་དེའི་གདོང་གི་སྐྱོ་ཉམས་དེ་ངའི་མིག་ལམ་ནས་ཡལ་ཐུབ་ཀྱི་མི་འདུག་ཟེར། ཡུལ་སྐོར་སྤྲོ་འཆམ་པ་ཚོས་བོད་ཆས་གྱོན་པའི་བུ་ཕྲུག་དེ་ཚོའི་མཉམ་དུ་པར་རྒྱག་དུས་བུ་ཕྲུག་ཚོར་རྒྱ་སྒོར་བཅུ་ཙམ་སྤྲོད་དགོས་བ་འདྲ། རྒྱ་སྒོར་བཅུ་ཙམ་སྤྲོད་ཀྱི་ཡོད་པ་དེས་རྐྱེན་བུ་ཕྲུག་ཚོའི་ནང་ནས་གདམས་གསེས་བྱེད་ཀྱི་ཡོད་པ་རྗེས་ནས་ཚོར་སོང་། བུ་ཕྲུག་དེ་ཚོའི་ལག་ཏུ་ཉི་མ་གཅིག་ལ་དངུལ་ག་ཚོད་ཞིག་ཡོང་གི་ཡོད་མེད་མི་ཤེས་ཀྱང་། དེ་ནི་ཁོང་ཚོའི་ཁྱིམ་ཚང་གི་འཚོ་བའི་ཁ་སྣོན་ལྟ་བུ་ཞིག་ཡིན་ངེས་རེད། གང་ལྟར་ངའི་སེམས་ནང་རྒྱ་རིགས་སྤྲོ་འཆམ་པ་འདི་ཚོས་བོད་ཀྱི་ཕྲུག་གུ་བུ་མོ་དེའི་མཉམ་དུ་པར་རྒྱག་སྟངས་དང་། ཁོང་ཚོས་ག་རེ་བྱེད་ཀྱི་ཡོད་མེད་གསལ་བོ་ཞིག་བལྟ་འདོད་བྱུང་ནས་ལྟས་པ་ཡིན། སྤྲོ་འཆམ་པ་ཁོང་ཚོ་དང་མཉམ་དུ་པར་རྒྱབ་རྗེས་མི་རེ་རེ་ཡང་བུ་མོ་དེའི་མཉམ་དུ་པར་རྒྱབ་སོང་མོད། འོན་ཀྱང་ཁོང་ཚོས་ཐུན་མོང་གིས་བོད་ཀྱི་བུ་མོ་ཕྲུག་གུ་ཆུང་ཆུང་དེ་ལ་མི་དམངས་དངུལ་སྒོར་སུམ་བཅུ་མ་གཏོགས་སྤྲད་མ་སོང་། ངས་ཁོང་ཚོ་གང་ནས་ཡིན་མིན་སྐད་ཆ་མ་དྲིས་བར་ཁྱེད་ཚོ་མི་རེ་བྱས་ནས་མོའི་པར་རྒྱབ་སྟབས་མི་རེ་ཡིས་དངུལ་མ་སྤྲད་པ་ཅི་རེད་ཟེར་ནས་སྐད་ཆ་ཞིག་དྲིས་པ་ཡིན།

ཁོང་ཚོའི་ནང་གི་མི་ཞིག་གིས་ལམ་སེང་གྲངས་ཉུང་མི་རིགས་འདི་ཚོ་ཟེར་ཞོར་མཐོང་ཆུང་གི་སྐད་ཆ་བཤད་འགོ་བརྩམས་སོང་མོད། ཡིན་ཡང་ངའི་མཉམ་དུ་ཡོད་པའི་བོད་ཀྱི་གཞོན་ནུ་མ་དེ་མཐོང་ནས་སྐད་ཆའི་མཇུག་མཐུད་མ་སོང་ཟེར། ངའི་སེམས་སུ་ངོ་མ་གུང་ཁྲན་ཏང་གིས་གྲངས་ཉུང་མི་རིགས་ཞེས་རྒྱུན་ཏུ་མཐོང་ཆུང་གིས་དྲིལ་བསྒྲགས་བྱས་པ་འདིས་རྒྱ་མི་རིགས་ཀྱི་སེམས་སུ་བག་ཆགས་ངན་པ་ཞིག་བཞག་ཡོད་པ་གསལ་བོ་རྟོགས་པ་མ་ཟད། ད་རུང་ཡང་རྒྱ་མི་རིགས་མང་པོའི་སེམས་སུ་མི་རིགས་འདྲ་མཉམ་ཟེར་བའི་ཐ་སྙད་འདི་ཐོས་མ་མྱོང་བ་ཡིན་ནམ་སྙམ་ནས་ངའི་སེམས་ནང་སྐྱོ་སྣང་ཆེན་པོ་ཞིག་བྱུང་། ཡིན་ཡང་ང་རང་ལྟ་བུ་དབང་ནུས་མེད་པ་ཞིག་གིས་ཅི་ཞིག་བྱ་ཐུབ་བམ་ཟེར་ཞོར། མོས་ག་ལེར་བྱས་ཏེ་མགོ་བོ་ཡར་བཀྱག་སྟེ་དབུགས་རིང་ཞིག་བཏང་སོང་། སྐབས་དེར་ངས་ཀྱང་མོའི་གདོང་ལ་བལྟ་འདོད་ཀྱིས་གསལ་བོ་ཞིག་བལྟས་པ་ཡིན། མོ་དང་མོའི་ཚ་མོ་གཉིས་ཀྱི་གདོང་ན་སྐྱོ་ཉམས་དང་འདྲེས་མའི་ངོ་ཚའི་འཚེར་སྣང་ཞིག་འདུག་བསམ་སོང་། མཚམས་འདིར་ངས་རྒྱ་རིགས་སྤྲོ་འཆམ་པ་ཚོར་མོ་རང་གིས་སྐད་ཆ་འགའ་བཤད་ཡོད་སྲིད་སྙམ་ནས་ཉན་འདོད་ཞིག་བྱུང་མོད། ཡིན་ཡང་པེ་ཅིན་བུ་མོས་དེའི་སྐོར་གླེང་མ་སོང་བས་ཕྲན་གྱིས་ཕར་འདྲི་མ་ནུས་བར་བཞག་པ་ཡིན། མོས་མུ་མཐུད་ནས་འདི་ལྟར་བཤད་སོང་།

ངའི་སྣེ་ཤེན་པ་བོད་ཀྱི་གཞོན་ནུ་མ་དེས་ཤུལ་དུ་བཞག་པའི་བོད་ཀྱི་ཕྲུག་གུ་བུ་དེར། ཁོའི་ཕ་མ་གང་ན་ཡོད་མེད་གསལ་བོ་དྲིས་བ་འདྲ། ང་ལ་ངེད་གཉིས་ཁོའི་ཕ་མའི་ཁྱིམ་ལ་འགྲོ་ན་ག་འདྲ་འདུག་ཅེས་ང་ལ་སྐད་ཆ་དྲིས་སོང་བས།ང་རང་ཡང་ལྷག་ཏུ་དགའ་སྟེ་བུ་ཆུང་དེའི་མཉམ་དུ་ཕར་ཁོའི་ཁྱིམ་དུ་ཕྱིན་པ་ཡིན། ཁོའི་ཕ་མ་གཉིས་སྡོད་སའི་ཁང་པ་དེ་ས་ཕག་གིས་བཟོས་བའི་ཁང་མུག་གསུམ་ཅན་ཞིག་རེད། ཁང་པའི་ནང་གི་རྩིག་ངོས་སུ་འཇའ་འོད་འཕྲོ་བའི་པོ་ཏྰ་ལའི་འདྲ་པར་ཞིག་དང་། དེའི་སྟེང་༧གོང་ས༧ཏྰ་ལྰའི་བླ་མ་མཆོག་འཛུམ་མདངས་བཞད་ཡོད་པའི་པར་ཞིག་སྦྱར་འདུག ནང་གི་ཁྱིམ་ཆས་སོགས་ནི་བོད་པའི་ཁྱད་ཆས་དང་རྒྱ་ཡི་རིགས་འདྲེས་མ་ཞིག་གིས་ཁེངས་འདུག བུ་ཆུང་དེའི་ཕ་མ་གཉིས་ལོ་སུམ་བཅུ་བརྒལ་ཙམ་གྱི་ན་གཞོན་གཉིས་རེད། བུ་ཆུང་དེའི་ཕ་མ་གཉིས་ཀྱིས་ལམ་སེང་ངེད་གཉིས་ལ་འོ་ཇ་དཀར་བོ་ཞིག་སྐོལ་སྟེ་མགྲོན་བསུ་ཡག་པོ་ཞིག་བྱེད་འགོ་བརྩམས་སོང་། ངའི་སྣེ་ཤེན་བུ་མོ་དེས་ཁོང་བཟའ་ཟླ་གཉིས་ལ་གུས་མོ་ངོ་སྤྲོད་ཐུང་ངུ་ཞིག་བྱས་དུས། ངའི་སེམས་ནང་ཅུང་མ་བདེ་བ་ཞིག་བྱུང་། རྒྱུ་མཚན་ནི་ང་རང་རྒྱ་རིགས་ཀྱི་བུ་མོ་ཞིག་ཡིན་པ་མ་ཟད། པེ་ཅིན་ན་བསྡད་ཡོད་པས་ཁོང་གཉིས་ཕལ་ཆེར་དགའ་གི་མ་རེད་བསམ་མོད། ཡིན་ཡང་ངའི་བསམ་ཚུལ་དེ་ལས་ལྡོག་སྟེ། ཁོང་བཟའ་ཟླ་གཉིས་ཀྱིས་གུས་མོ་དང་ངའི་སྣེ་ཤེན་པ་བོད་ཀྱི་གཞོན་ནུ་མ་གཉིས་ལ་སྣེ་ལེན་བྱེད་སྟངས་ནི་ཧ་ལས་པ་ཞིག་རེད།

བོད་ཀྱི་རི་མོ་བཀྲ་ཤིས་རྟགས་བརྒྱད་ཡོད་པའི་དཀར་ཡོལ་གཙང་མ་ཞིག་གི་ནང་དུ་། འབྲི་མར་སེར་བོ་ལེབ་མོ་ཆེ་ཙམ་ཞིག་དང་དེའི་ཐོག་འོ་ཇ་དཀར་བོ་བླུགས་དུས་། དངོས་གནས་བོད་ཀྱི་ཟས་རིགས་སུ་དྲི་མ་གཞན་དང་མ་འདྲེས་ཞིག་རེད་བསམ་པའི་ཚོར་སྣང་ཞིག་གུས་མོར་སྤྲད་སོང་། མ་ཟད་ཁྱིམ་བདག་མ་དེས་གུས་མོ་དང་ངའི་སྣེ་ཤེན་པ་བུ་མོ་གཉིས་ལ། གུས་བརྩི་ལྡན་པའི་ལག་ཟུང་གིས་ཇ་དཀར་ལག་ཏུ་བཞག་དུས། ངའི་སེམས་ནང་རང་དབང་མེད་པར་ཅི་འདྲའི་མི་རིགས་ཡ་རབ་དང་། བྱམས་བརྩེ་ལྡན་པ་ཞིག་རེད་བསམ་པའི་ཚོར་བ་ཞིག་གིས་དགའ་སྐྱོ་གང་ཡིན་མི་ཤེས་པར་ངའི་མགྲིན་པ་བརྣངས་སུ་བཅུགས་སོང་ཟེར། པེ་ཅིན་བུ་མོ་དེས་མོ་རང་གི་ལག་པས་རྣམ་འགྱུར་བསྟན་སོང་།འབྲི་མཁན་གྱི་མཆན།

མཚམས་འདིར་ཕྲན་གྱི་སེམས་རང་དབང་མེད་པར་བོད་ནང་དུ་ཤོར་སོང་། བོད་ནང་གི་བུད་མེད་ཚོས་མགྲོན་པོ་དང་ཕ་མ་ཐ་ན་རང་གི་ཁྱོ་ག་སོགས་ཀྱི་ལག་ཏུ་བཞེས་དཀར་སོགས་འཇོག་དུས། ལག་པ་གཉིས་ཀྱིས་གུས་བརྩི་ལྡན་པའི་སྒོ་ནས་སྤྲོད་བཞིན་པ་དེ་རིང་ད་རུང་ངའི་ཡིད་ལ་གསལ་བོ་དྲན་གྱི་འདུག་ལ། དེ་རིང་ཁོ་མོ་ཚོའི་ཡ་རབ་སྤྱོད་བཟང་དེ་ལ་ཡིད་སྨོན་འཆོར་གྱི་འདུག དེང་སང་འདི་གར་དེ་འདྲའི་གུས་བརྩི་ལྡན་པའི་བུ་མོ་ཞིག་གང་ནས་རྙེད་ཐུབ་བམ། ཕྲན་རང་བོད་ནང་དུ་ཡོད་དུས་དེ་འདྲའི་གུས་བརྩི་ལྡན་པའི་ལུགས་སྲོལ་བཟང་བོ་དེ་རྒྱུན་ལྡན་ཞིག་ཏུ་སྣང་བ་ལས་ཡ་རབ་སྤྱོད་བཟང་ཞིག་ཏུ་བསམ་མྱོང་མེད། དེ་རིང་རྒྱ་མོ་འདིས་ཚུར་བཤད་ཡོང་དུས་རང་གི་མི་རིགས་ཀྱི་ཡ་རབ་སྤྱོད་བཟང་དེ་དག ཉི་མ་གཅིག་དེང་སང་ཕྱི་སྡོད་བོད་མི་ཚོས་གཤིས་ཀ་བཞིན་ར་མིན་ལུག་མིན་ཞིག་ཏུ་འགྱུར་བའི་ཉེན་ཁ་ཆེ་བས་ངའི་སེམས་སུ་རྔམ་སྐྲག་ལྟ་བུ་ཞིག་བྱུང་། པེ་ཅིན་བུ་མོ་དེས་མུ་མཐུད་ནས་བཤད་རྒྱུར། འདི་འདྲའི་ཡ་རབ་སྤྱོད་བཟང་ཅན་གྱི་མི་རིགས་ཞིག མེ་མདའ་དང་བཙན་དབང་གིས་རང་གི་བདེ་བ་ཁོ་ན་མ་གཏོགས་མི་བསམ་ཞིང་། དངུལ་ཁུག་ཅུང་མཐུག་པོ་ཡོད་ཚེ་གཞན་དབུལ་བོ་དང་མི་ཉམས་ཆུང་ལ་མཐོང་ཆུང་དངོས་ཤུགས་གཉིས་ཀྱིས་བྱེད་པའི་མི་རིགས་ཞིག་ཏུ་བསྒྱུར་འདོད་བྱེད་པ་འདི་ནི་ཅི་འདྲའི་ཡ་ང་ཞིག་མ་རེད་དམ།

གལ་སྲིད་ཡ་རབ་སྤྱོད་བཟང་གི་མི་རིགས་འདི་གུང་ཁྲན་ཏང་གི་བཙན་དབང་གིས་རྒྱ་མི་རིགས་ཀྱི་བྱ་སྤྱོད་ཞིག་ཏུ་བསྒྱུར་ཚེ། འཛམ་གླིང་འདིའི་སྟེང་གི་རིན་ཐང་ཆེ་བའི་དངོས་བོ་ཞིག་རྒྱ་མཚོའི་ནང་གཡུགས་པ་དང་ཁྱད་པར་ཅི་ཞིག་ཡོད་ཟེར། མཚམས་འདིར་ངས་པེ་ཅིན་བུ་མོ་དེའི་གདོང་ལ་ག་ལེར་ཅིག་བལྟས་པ་ཡིན།མོ་རང་གི་གདོང་ན་ཤིན་ཏུ་སྐྱོ་ཉམས་དང་ཁོང་ཁྲོ་ལྟ་བུ་འདྲེས་མ་ཞིག་འདུག་སྙམ། པེ་ཅིན་བུ་མོས་ཅུང་ཟད་འཚེར་སྣང་ཞིག་གིས་འདི་ལྟར་མཇུག་མཐུད་སོང་། མི་ཚང་ཉམས་ཆུང་འདི་ཚང་གི་ཁང་པའི་སྒེའུ་ཁུང་ནས་ཕར་བལྟས་ཚེ། ཕྱི་ལོགས་ཀྱི་ཁྲོམ་སྲང་སོགས་གསལ་བོ་མཐོང་གི་འདུག ས་ཁུལ་ཡར་མར་ནས་འོང་བའི་སྤྲོ་འཆམ་པ་དང་ཚོང་ཕྲན་བུ་རྒྱག་བཞིན་པའི་བོད་རིགས་དང་། དེ་མིན་རྒྱ་རིགས་ཁ་ཆེ་རིགས་སོགས་འདྲ་མིན་བྲེལ་བྲེལ་འཚུབ་འཚུབ་རེད། གུས་མོས་ཤེས་འདོད་པའི་ཕྲུག་གུ་འདིའི་ཕ་མ་གཉིས་ཀྱིས་ལས་ཀ་ག་རེ་བྱེད་ཀྱི་ཡོད་མེད་སྐོར་འདྲི་འདོད་བྱུང་བས། གུས་མོས་ངའི་སྣེ་ཤེན་པ་བོད་ཀྱི་གཞོན་ནུ་མ་དེར། ཁོང་བཟའ་མི་གཉིས་ཀྱིས་ལས་ཀ་ག་རེ་བྱེད་ཀྱི་ཡོད་པ་རེད་ཅེས་ཁོང་གཉིས་ལ་སྐད་ཆ་ཞིག་འདྲི་རོགས་ཅེས་ལབ་པ་ཡིན། ངའི་སྣེ་ཤེན་པ་བོད་ཀྱི་བུ་མོ་དེས་ཁོང་གཉིས་ལ་སྐད་ཆ་དྲིས་ཏེ་ང་ལ་སྐད་བསྒྱུར་གནང་སོང་། དེ་ནི་ངོ་མ་ཡིད་སྐྱོ་ཞིང་ཁོང་ཁྲོ་ལངས་དགོས་བའི་གནས་ཚུལ་ཞིག་རེད།

ལོ་ཤས་སྔོན་ཞིག་ལ་ཁོང་བཟའ་མི་གཉིས་ཀྱིས་འབྲོག་པའི་རི་ནང་དུ་འཚོ་བ་རོལ་བའི་རྨང་གཞི་ནོར་ལུག་སོགས་བཙོང་སྟེ། མཚོ་སྔོན་པོའི་འགྲམ་འདིར་གནས་སྤོར་བྱས་འདུག་པ་མ་ཟད། ནོར་ལུག་བཙོང་བའི་དངུལ་འབབ་ཅུང་ཟད་ཡོད་པ་དེས་ཁོང་གཉིས་ཀྱིས་ཟ་ཁང་ཞིག་བཟུང་བ་འདྲ། ཁོང་བཟའ་མི་གཉིས་ཀྱིས་ལུས་སེམས་ཀྱི་ལས་ཀའི་གྲུབ་འབྲས་ཡག་པོ་ཞིག་བྱུང་བའི་སྐབས་ཞིག་ལ། མཚོ་སྔོན་པོའི་འགྲམ་གྱི་ས་ཁུལ་དང་ཚོང་ལས་སོགས་ལ་བཀོད་འདོན་བྱེད་མཁན་གྱི་ལས་བྱེད་བོད་མི་འགོ་ཁྲིད་ཞིག་འོང་སྟེ། ཁོང་གཉིས་ཀྱིས་བཟུང་བའི་ཟ་ཁང་དེ་ཁྲིམས་འགལ་ཡིན་པས་གཞུང་ལ་རྩིས་སྤྲོད་བྱེད་དགོས་བའི་བཀའ་བཏང་འདུག ཁོང་གཉིས་ཀྱིས་ཁྲིམས་མཐུན་གྱི་ཡིག་ཆ་ཁྲལ་བསྡུ་ལས་ཁུང་ནས་སྤྲད་པ་དེ་དང་། ལོ་གཉིས་གསུམ་ཞིག་ལ་ཆད་མེད་ཀྱིས་སྤྲད་པའི་གཞུང་ཁྲལ་འཇལ་བའི་ཡིག་ཆ་སོགས་ཅི་ལྟར་བསྟན་ཡང་ཕན་ནུས་མ་བྱུང་བར། ཁོང་བཟའ་མི་གཉིས་ཀྱི་ལག་ནས་བོད་རིགས་འགོ་ཁྲིད་ལས་བྱེད་དེས་དབང་ཤུགས་ཚད་དེ་བླངས་པ་མ་ཟད། ཁོང་བཟའ་མི་གཉོམ་ཆུང་གཉིས་ཀྱིས་བཟུང་བའི་ཟ་ཁང་དེ་རྒྱ་ཁ་ཆེ་ཞིག་ལ་བཙོང་འདུག ད་རུང་བོད་རིགས་ལས་བྱེད་དེས་བཟའ་ཟླ་གཉོམ་ཆུང་གཉིས་ལ་འདི་ལྟར་བཤད་འདུག གལ་སྲིད་ཁྱེད་བཟའ་མི་གཉིས་ཀྱིས་རྣམ་འགྱུར་དྲང་མོ་སྒོ་ནས་མ་སྤྲད་ཚེ།ཁྱོ་ག་དེར་ཁྱོད་རང་བཙོན་ཁང་ལ་འགྲོ་དགོས་པ་ཁྱེད་ཀྱིས་ཤེས་དགོས་ཞེས་བཙན་སྐད་ཀྱིས་འཇིགས་སྐུལ་བྱས་འདུག་ཟེར།
མཚམས་འདིར་ངས་པེ་ཅིན་རྒྱ་མོ་འདིའི་གདོང་ལ་ག་ལེར་ལྟས་པ་ཡིན། ཡིན་ཡང་མོའི་གདོང་པ་ཇ་ཁང་འདིའི་ནང་གི་མགྲོན་པོ་ཚོའི་ཕྱོགས་སུ་འཁོར་སོང་། མ་ཟད་མོ་རང་གི་གདོང་གི་རྣམ་འགྱུར་ལ་ལྟས་ཚེ་ཧ་ཅང་ཡིད་ཐང་ཆད་པའི་རྣམ་པ་ཞིག་འདུག་སྙམ། ད་རུང་རྒྱ་རིགས་བུ་མོ་འདིའི་སེམས་སུ་རང་གི་མི་རིགས་ཀྱིས་ཀྱང་། རང་གི་མི་རིགས་ཉམ་ཆུང་ལ་དབང་ཤུགས་བཀོལ་ནས་བཙན་དབང་བྱེད་པ་འདི་ནི་ཅི་འདྲའི་ཐབས་སྐྱོ་བའི་གནས་ཞིག་མ་རེད་དམ་སྙམ་ཡོད་ས་རེད་བསམ་སོང་། རྒྱུ་མཚན་ནི་མོའི་གདོང་གི་མིག་ཟུང་གཉིས་ལས་ཅུང་ཟད་རྟོགས་ཐུབ། མཚམས་འདིར་ཕྲན་གྱིས་པེ་ཅིན་གྱི་བུ་མོ་འདི་ལ། བོད་རིགས་ནང་ན་ཡང་གུང་ཁྲན་ཏང་གི་སྲིད་ཇུས་ལ་དགའ་མོས་བྱེད་མཁན་མང་པོ་ཡོད་པ་རེད་ཅེས་ལབ་པ་ཡིན།པེ་ཅིན་བུ་མོ་དེའི་ཚ་མོས་ཕྲན་ལ་བོད་རིགས་ནང་ན་ཡང་གུང་ཁྲན་ཏང་གི་སྲིད་ཇུས་རྫུན་གཏམ་དེ་དག་ལ་ཡིད་ཆེས་བྱེད་མཁན་བོད་རིགས་མི་ཉུང་པ་ཞིག་ཡོད་པ་གུས་མོས་ཐོས་མྱོང་ཡོད་ཟེར།

པེ་ཅིན་གྱི་བུ་མོ་དེས་མོ་རང་གི་ཚ་མོ་དང་ངེད་གཉིས་ཀྱི་སྐད་ཆ་ལ་ལན་གཅིག་ཀྱང་མ་རྒྱབ་པར་མུ་མཐུད་ནས་འདི་ལྟར་བཤད་སོང་། སྤྱིར་རྒྱ་ནང་ན་འདིའི་རིགས་ཤིན་ཏུ་མང་པོ་ཡོད་པ་རེད། ཚོང་པ་སྟོབས་ཆེན་སྙིང་རྗེ་མེད་མཁན་ལ་གཞུང་གི་དབང་འཛིན་པ་ཚོས་རྒྱབ་སྐྱོར་བྱས་ཏེ། མི་ཉམ་ཆུང་གི་ལག་ནས་དབང་ཤུགས་དང་བཙན་དབང་གིས་སྡོད་ཁང་དང་ས་ཞིང་སོགས་བཙན་འཕྲོག་བྱས་ནས་སྲང་ལམ་དུ་བསྐྱལ་བཞིན་ཡོད། འདིའི་མཚོན་རྟགས་གཙོ་བོ་ནི། དེང་སང་གུང་ཁྲན་ཏང་གི་སྲིད་ཇུས་ལ་ཁྲིམས་ཀྱིས་རྒྱལ་ཁབ་མ་སྐྱོངས་བར་གཡོ་སྒྱུ་ཁྲ་གསུམ་གྱིས་སྐྱོངས་བཞིན་ཡོད་པའི་རྟགས་མཚན་མངོན་སུམ་དུ་གྱུར་ཡོད། འདི་འདྲའི་ཆབ་སྲིད་ཀྱི་གད་སྙིགས་རླུང་གིས་ཁྱེར་ནས་བོད་ལ་སླེབས་ཡོད་པ་ངས་གསལ་བོ་ཤེས་སོང་། ཐ་ན་མི་དམངས་ཉམ་ཆུང་ཚོས་ཁྲིམས་རྩོད་པ་བཙལ་ནས་ཁྲིམས་གཏུགས་བྱས་ཀྱང་། འབྲས་བུ་ཞིག་ཐོན་པ་ཕར་བཞག་ཁྲིམས་རྩོད་པ་དང་ཁོ་གཉིས་ཀ་བཙོན་ཁང་ལ་བཅུགས་པ་ག་ཚོད་མང་པོ་ཞིག་ཡོད་པ་རེད།བོད་རིགས་ཚོས་ད་རུང་ཁྲིམས་རྩོད་པ་བཙལ་ནས་ཁྲིམས་གཏུགས་བྱེད་ཐུབ་ཀྱི་ཡོད་མེད་ངས་ཤེས་མ་སོང་ཟེར།

མཚམས་འདིར་པེ་ཅིན་བུ་མོས་མོའི་གདོང་གི་མིག་ཤེལ་དཀར་བོ་དེ། ལག་པ་གཡོན་པས་ཡར་འདེད་ཙམ་བྱས་ཞོར་ཕྲན་ལ་ག་ལེར་ཅིག་ལྟས་སོང་། ངས་ཀྱང་མོའི་ཉམས་འགྱུར་ལ་གསལ་བོ་ཞིག་ལྟས་པ་ཡིན། མོའི་གདོང་ན་ཁོང་ཁྲོའི་བསྡུས་བའི་གཉེར་མ་འགའ་ཡོད་པ་ངའི་མིག་ལམ་དུ་གསལ་བོ་མངོན་སོང་། པེ་ཅིན་གྱི་བུ་མོ་དེས་ཁོང་ཁྲོ་འདྲེས་མའི་མུ་མཐུད་ནས་འདི་ལྟར་བཤད། བུ་ཕྲུག་ཆུང་ཆུང་དེའི་ཕ་མ་གཉིས་ཀྱི་ལག་གི་འཚོ་རྟེན་ཕྲན་བུ་ཞིག་ཡོད་པ་དེ་བོད་རིགས་ལས་བྱེད་དེས་བཙན་འཕྲོག་བྱས་ཏེ། མི་རིགས་གཞན་ཞིག་གི་ལག་ཏུ་བཞག་པ་རེད། ཁ་ཆེ་མི་རིགས་དེས་ཁོ་ལ་ལྐོག་དངུལ་མང་ཉུང་ག་ཚད་ཞིག་སྤྲད་ཡོད་པ་མི་ཤེས་ཀྱང་། ལས་བྱེད་དེའི་འདོད་བློ་ཁེངས་པ་ཞིག་སྤྲད་ཡོད་པ་ཐག་གིས་ཆོད། དེ་མིན་ཟ་ཁང་དེ་བོད་རིགས་ཞིག་གིས་བཟུང་ན་ཁྲིམས་འགལ་ཡིན་ལ། བོད་རིགས་མ་ཡིན་པ་མི་རིགས་གཞན་ཞིག་གིས་བཟུང་ན་ཁྲིམས་འགལ་མ་ཡིན་པའི་རྒྱུ་མཚན་ཅི་ཞིག་ཡོད་ཟེར། བུ་ཕྲུག་ཆུང་ཆུང་དེའི་ཨ་ཕས་གནས་ཚུལ་བརྒྱུད་རིམ་དག་བཤད་ཞོར་མིག་ཆུ་བཞུར་གྱི་འདུག་པས་། ང་རང་དང་ངའི་སྣེ་ཤན་པ་བོད་ཀྱི་གཞོན་ནུ་གཉིས་ཀྱང་མིག་ཆུ་བཞུར་སོང་། དེས་རྐྱེན་ཡིན་ནམ་ཡང་ན་རྒྱུ་རྐྱེན་གཞན་གང་ཡིན་ངས་གསལ་བོ་མ་ཤེས་མོད། འོན་ཀྱང་བུ་ཆུང་ཆུང་དེས་མིག་མཐར་མཆི་མ་འཁྱིལ་སོང་བས་ང་རང་གཏིང་ནས་སྙིང་རྗེ་ཞིག་སྐྱེས་སོང་ཟེར་ཞོར་མོ་རང་གི་ཁོང་ཁྲོ་དེ་སྐྱོ་སྣང་ཞིག་གིས་བསྡུས་ཏེ། མོའི་མགྲིན་པ་བརྣངས་ཞོར་དེང་སང་བོད་མི་རིགས་ཉམ་ཆུང་ཚོར་གུང་ཁྲན་ཏང་གིས་མེ་མདས་འཇིགས་སྐུལ་བྱེད་པའི་ཐོག་ལ།རང་གི་མི་རིགས་དབང་འཛིན་པ་ཚོས་ཀྱང་མཐོང་ཆུང་དང་དབང་ཤེད་བྱེད་པ་འདི་ནི་ཅི་འདྲའི་སྡུག་བསྔལ་ལྷག་མ་ཞིག་རེད་ཟེར།

མཚམས་འདིར་ང་རང་ལ་རང་དབང་མེད་པར་མིག་ཆུ་བཞུར་ཏེ་འགོག་ཐབས་བྲལ་སོང་། ཕྲན་གྱིས་རྒྱ་མིའི་སྐད་ཡག་པོ་ཤེས་ཀྱི་མེད་པས་། སྐབས་རེ་པེ་ཅིན་བུ་མོའི་ཚ་མོས་ཕྲན་ལ་ལུང་པ་འདིའི་སྐད་བསྒྱུར་བྱེད་ཀྱི་ཡོད་པས་ཇ་ཁང་ནང་གི་ལས་བྱེད་ཚོ་དང་མགྲོན་པོ་ཚོས་ཀྱང་ཐོས་ཡོད་པ་འདྲ། རྒྱུ་མཚན་ནི། ཇ་ཁང་ནང་གི་ལས་བྱེད་ངོ་ཤེས་ཞིག་གིས་ངའི་མགོ་ལ་བྱིལ་བྱིལ་བྱེད་ཞོར་དམར་ཕྱོགས་ཚོགས་པ་ལ་སྙིང་རྗེ་ཞིག་ག་ལ་ཡོད་ཟེར། མཚམས་འདིར་པེ་ཅིན་བུ་མོ་དེས་ཇ་ཁང་ནང་གི་ལས་བྱེད་དེའི་གདོང་ལ་ཅེར་ནས་ཡོད་པ་ངས་དོན་སྣང་བྱུང་། མ་ཟད་པེ་ཅིན་བུ་མོ་དེས་མོ་རང་གི་ཚ་མོ་ལ་ཇ་ཁང་ནང་གི་ལས་བྱེད་དེས་ཕྲན་ལ་ག་རེ་བཤད་ཀྱི་འདུག་ཞེས་དྲི་བ་དྲིས་སོང་། ཚ་མོས་ཅི་བཞིན་བསྒྱུར་བས་པེ་ཅིན་བུ་མོ་དེས་ཁོས་བཤད་པ་དེ་བདེན་པ་རེད་ཟེར། པེ་ཅིན་བུ་མོ་ཡང་ངའི་སྐྱོ་སྣང་དེ་ལ་སེམས་གཏིང་ནས་སྐྱོ་བ་འདྲ། མོས་ཕྲན་ལ་ངས་དེ་རིང་གླེང་མོལ་ཐུང་ངུ་བྱས་བ་འདིས་ཁྱེད་རང་གི་གཟའ་སྤེན་པའི་ངལ་གསོ་འཕྲོ་བརླགས་བཏང་སོང་ཟེར། ངས་མོ་ལ་མ་རེད་མ་རེད། ངའི་དེ་རིང་གི་ངལ་གསོ་འདི་དོན་ཡོད་པ་ཞིག་བྱུང་སོང་བས་ཁྱེད་ཀྱི་གླེང་མོལ་ལ་མུ་མཐུད་ནས་ཉན་འདོད་ཡོད་པས་གསུང་རོགས་ལབ་པ་ཡིན། ཡིན་ཡང་མོས་བཟའ་ཟླ་ཉམ་ཆུང་གཉིས་ཀྱི་དཀའ་ངལ་བརྒྱུད་རིམ་གྱི་སྐད་ཆའི་མཇུག་བསྡུ་ཞོར་འདི་ལྟར་བཤད་སོང་།

གུས་མོས་ངའི་སྣེ་ཤེན་པ་བོད་ཀྱི་གཞོན་ནུ་མ་དེར། གུས་མོས་ཁོང་བཟའ་མི་གཉིས་ལ་རེ་བ་ཕྲན་བུ་ཞིག་ཞུས་ན་འགྲིག་གི་རེད་དམ་ལབ་པ་ཡིན། བོད་ཀྱི་གཞོན་ནུ་མ་དེས་ཁོང་བཟའ་མི་གཉིས་ལ་ཕར་སྐད་བསྒྱུར་བྱས་ཏེ། བུ་ཕྲུག་ཆུང་ཆུང་དེའི་ཨ་མས་མགོ་ནང་དུ་གུག་གུག་བྱེད་ཞོར་འགྲིག་གི་རེད་ཅེས་ལན་བཏབ་སོང་། ངས་ཁོང་བཟའ་མི་གཉིས་ལ་ད་ནས་བཟུང་བུ་ཕྲུག་འདི། ཡུལ་སྐོར་སྤྲོ་འཆམ་པ་ཚོའི་མཉམ་དུ་པར་རྒྱག་གི་མ་གཏོང་རོགས། ངས་ཁོ་ལ་རོགས་རམ་ཅུང་ཟད་བྱེད་ངེས་ལབ་དུས། བུ་ཕྲུག་དེའི་ཨ་མའི་གདོང་ལ་ཅུང་ཟད་འཚེར་སྣང་དང་འདྲེས་མའི་ཐུགས་རྗེ་ཆེ་ཟེར། དེ་ནས་བཟུང་ངས་བུ་ཕྲུག་ཆུང་ཆུང་དེར་སློབ་སྦྱོང་གི་མཐུན་རྐྱེན་ལྟ་བུ་ལོ་གཅིག་ལ་མི་དམངས་དངུལ་སྒོར་༢༠༠༠སྐུར་གི་ཡོད་ཟེར་ཞོར་བུ་ཕྲུག་དེའི་མཉམ་དུ་ཡོད་པའི་པར་ཞིག་ཕྲན་ལ་བསྟན་སོང་། བུ་ཕྲུག་དེ་ནི་དངོས་གནས་མོས་གོང་དུ་བཤད་པ་བཞིན་གདོང་ལ་བཅོས་མིན་གྱི་འཛུམ་མདངས་ཀྱིས་ཁེངས་ཞིང་། འགྲམ་པའི་མཁུར་མགོ་གཉིས་ལ་ཡང་མཁུར་ཚོས་ལྡན་པ་མ་ཟད། བོད་ལྭ་གོས་དམར་སྨུག་འཁོར་ལོ་ཅན་ཞིག་གྱོན་ཏེ། དེའི་ཐོག་སྐེ་རག་ལྗང་མདོག་ལྡན་པ་ཞིག་བཅིངས་བའི་བོད་ཀྱི་འབྲོག་ཕྲུག་སྙིང་རྗེ་བོ་ཞིག་རེད།

མཚམས་འདིར་ངས་པེ་ཅིན་བུ་མོ་དེ་ལ། ཁྱེད་ཀྱིས་བོད་ཕྲུག་འདི་ལ་རོགས་པ་གནང་བར་བཀའ་དྲིན་ཆེ་ཟེར་ཞོར་ག་ལེར་སྒེའུ་ཁུང་ནང་ནས་ཕྱི་ལོགས་སུ་ལྟས་པ་ཡིན། གནམ་གཤིས་འདིས་ཀྱང་ཕྲན་གྱིས་བུ་མོ་འདིའི་གླེང་མོལ་ལ་མུ་མཐུད་ནས་ཉན་འདོད་ཡོད་པ་ཤེས་པ་ལྟར་ཆར་བ་ད་རུང་ཡང་འབབ་ཀྱི་འདུག མོས་ཀྱང་མོ་རང་གི་ལག་འགོའི་ཆུ་ཚོད་ལ་བལྟ་ཙམ་བྱས་ཏེ་སྒེའུ་ཁུང་ནས་ཇ་ཁང་ཕྱི་ལོགས་སུ་ལྟས་སོང་། ཕལ་ཆེར་མོ་རང་ལུང་པ་འདིའི་གནམ་གཤིས་ལ་སུན་སྣང་ཅུང་ཟད་སྐྱེ་བ་ཡིན་ནམ། ཡང་ན་ཕྲན་གྱི་མཉམ་དུ་གླེང་མོལ་བྱས་ཏེ་ཐང་ཆད་པ་གང་ཞིག་ཡིན་མིན་གསལ་བོ་མ་ཤེས་མོད། འོན་ཀྱང་མོས་ཕྱི་ལོགས་སུ་ལྟ་ཞོར་དབུགས་རིང་ཞིག་བཏང་སོང་། ང་རང་ད་རུང་ཡང་མོའི་གླེང་མོལ་ལ་ཉན་འདོད་ཡོད་པས། ཅུང་ཟད་འཚེར་སྣང་ཞིག་གིས་གླེང་མོལ་མཇུག་མཐུད་ཕྱིར་དྲི་བ་ཞིག་བཏང་བ་ཡིན། མཚོ་སྔོན་པོའི་འགྲམ་གྱི་ས་ཁུལ་གཞན་གང་ལ་སོང་པ་ཡིན་ཞེས་སྐད་ཆ་ཞིག་དྲིས་པ་ཡིན། མོའི་གདོང་ལ་འཛུམ་མདངས་ཞིག་ལངས་ཞོར། ཁྱེད་རང་ད་རུང་ཡང་ངའི་སྐད་ཆ་ལ་ཉན་འདོད་ཡོད་པ་འདྲ་ཟེར། ཕྲན་གྱིས་ཀྱང་ཡོད་ཞེས་ལན་འདེབས་ཞོར་དངོས་གནས་ཁྱེད་རང་བོད་ལུང་པར་ཡུལ་སྐོར་སྤྲོ་འཆམ་ལ་སོང་པ་དེ་དོན་ཡོད་པ་ཞིག་བྱུང་འདུག་ལབ་པ་ཡིན།
པེ་ཅིན་བུ་མོ་དེས་ངས་བཤད་པའི་སྐད་ཆ་ལ་ལན་རྒྱག་ཞོར་མུ་མཐུད་ནས་འདི་ལྟར་བཤད་སོང་། དོན་ཡོད་པ་བྱུང་ཡོད་མེད་མི་ཤེས་མོད། འོན་ཀྱང་དོན་སྣང་ཡག་པོ་ཞིག་བྱེད་རྒྱུ་བྱུང་བས་ཉིན་རེ་ཡི་ཟིན་ཐོ་ཞིག་བྲིས་པ་ཡིན། མཚོ་སྔོན་པོའི་འགྲམ་ནས་ཐག་ཉེ་བོ་མཚོ་བྱང་ཁུལ་དང་རྫོང་ཐོག་རེད་ཅེས་ངའི་སྣེ་ཤེན་བོད་ཀྱི་གཞོན་ནུ་མ་དེས་བཤད་སོང་བས་ངེད་གཉིས་དེར་ཕྱིན་པ་ཡིན།

མུ་འགོད།

སྣ་ཚོགས།

Post navigation

Previous Post: སུད་སིའི་བོད་ཆོལ་གསུམ་རྡོག་རྩ་གཅིག་སྒྲིལ་གྱི་ལས་འགུལ།
Next Post: སྒོ་ཁྱི།

Comments (10) on “རྒྱ་ནག་གི་གད་སྙིགས་ཁྲོད་ཀྱི་བོད། ནམ་མཁའ།”

  1. རིན་ཆེན says:
    2013-02-24 at 3:00 pm

    དངོས་གནས་སྙན་མོ་འདུག་ལ།དངོས་བྱུང་འཚོ་བ་རེ་བྲིས་ན་ཕན་ཐོག་ཡང་ཆེན་པོ་རེད།མཇུག་མཐུད་དང་ཀློག་འདོད་ཤིན་ཏུ་ཆེ།

  2. འོ་མ says:
    2013-02-24 at 3:18 pm

    དངོས་བྱུང་འཚོ་བའི་ཡུལ་སྐོར་ཟིན་ཐོ་སྙན་མོ་ཡག་པོ་ཞིག་བྲིས་འདུག་པས་བཀའ་དྲིན་ཆེ། སྐུ་ཞབས་ལྗང་བུ་ལགས་ཀྱི་མཚོ་སྔོན་པོའི་དངོས་བཤུས་གློག་བརྙན་མཐོང་མ་མྱོང་མོད།རྒྱ་རིགས་བུ་མོ་འདི་བཞིན་སྐྱོ་སྣང་ཞིག་དང་དོན་སྣང་བཟང་པོ་ཞིག་བྱུང་ཡོད་མེད་ཐེ་ཚོམ་རེད།

  3. ཀླུ་སྨྱོན། says:
    2013-02-24 at 5:37 pm

    ཀློག་བཞིན་ཀློག་བཞིན་དོགས་པ་ཞིག་བསླེབས་སོང་། འདི་བརྩམས་སྒྲུང་ཞིག་མིན་ནམ།

  4. འབྲོང་རུ་དམར། says:
    2013-02-24 at 6:01 pm

    ཀློག་གིན་ཀློག་གིན་སྤྲོ་སྣང་ཞིག་སླེབས་སོང་། འདི་དངོས་དོན་ཞིག་མིན་ནམ། སྙན་པོ་བྱུང་།

  5. རུ་ཤུལ་བུ་ says:
    2013-02-25 at 12:32 am

    བཀླགས་ཟིན། དེང་སང་བོད་ནང་གི་འཚོ་བ་ངོས་ལོས་ཡིན་འདོད་ཀི མུ་མཐུད་དུ་སྤེལ་རོགས།

  6. ཁྱབ་འཇུག says:
    2013-02-25 at 8:29 am

    དངོས་ནས་ཡག་པོ་འདུག མུ་མཐུད་དུ་་་

  7. འཆི་མེད་གཡང་དྲུང་། says:
    2013-02-25 at 9:24 am

    སྔོན་མའི་རྩོམ་འཕྲོ་འདི་ཀློག་འདོད་ལྟར་རྒྱུན་རིང་ཞིག་ལ་སྒུག་པ་ཡིན། དེ་རིང་དངོས་སུ་མཇལ་བྱུང་བས་སྙན་པོ་ཞེ་དྲགས་བྱུང་།

  8. རེབ་ཐོག་མདའ says:
    2013-02-26 at 6:18 am

    གང་ལྟར། དངོས་ཡིན་ཡང་ཆོག་ལ། བརྕམས་སྒྲུང་ཡིན་ཡང་རེད་ཡིད་སྐྱོ་ལ་ཀློག་འདོད་ཤུན་ཏུ་ཆེ་བ་ཞིག་རེད། ཐོག་མ་དེ་ཀློག་ནས་མུ་འགོད་ལ་སྒུག་ཡིན་དེ་རིང་མུ་མཐུད་དུ་ཀློག་ཐུབ་སོང་། མུ་འགོད་བྱེད་པར་ཐུགས་རྗེ་ཆེ

  9. འཇམ་དཀར says:
    2013-02-26 at 9:59 am

    དངོས་སྒྲུང་དང་བཅོས་སྒྲུང་གང་ཡིན་རུང་འཚོ་བ་དངོས་དང་སྦྱར་ནས་བྲིས་འདུག་པས་ཀློག་འདོད་ཡོད་པ་ཞིག་བྲིས་འདུག མ་ཟད་སྔོན་མའི་ལེའུ་དང་པོ་དེ་བཀླགས་ནས་འདིར་ཡང་བསྐྱར་ཀློག་རག་བར་དུ་རྒྱུན་རིང་སྒུགས་དགོས་བྱུང་སོང་།རྗེས་མ་དེ་གང་མགྱོགས་ཀྱིས་འགོད་པའི་རེ་བ་ཤིན་ཏུ་ཆེ།

  10. ནམ་མཁའ says:
    2013-02-27 at 10:00 am

    དྲ་གྲོགས་ལྷན་རྒྱས་ཀྱིས་རྒྱབ་སྐྱོར་གནང་བ་ཐུགས་རྗེ་ཆེ། དགོངས་དག་ཞུ་རྒྱུ་ཞིག་ལ་འཕྲོས་འགོད་ལ་ཅུང་ཟད་འགོར་སོང་བས་དགོངས་འགལ་མེད་པར་ཞུ།མུ་འགོད་གསུམ་པ་གང་མགྱོགས་ཀྱིས་འགོད་ཆོག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme