Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རེབ་གོང་ནས་སློབ་མས་སྐད་འབོད་ལས་འགུལ་སྐོར་གནས་ཚུལ་ཁ་གསབ།

Posted on 2010-10-202010-10-20 By དབང་ཕྱུག་ 14 Comments on རེབ་གོང་ནས་སློབ་མས་སྐད་འབོད་ལས་འགུལ་སྐོར་གནས་ཚུལ་ཁ་གསབ།

རེབ་གོང་རོང་པོ་གྲོང་བརྡལ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་འཛིན་ལྟེ་བ་ཡིན་ཅིང་། རྨ་ལྷོ་ཁུལ་ལ་རེབ་གོང་། རྩེ་ཁོག རྨ་ལྷོ། གཅན་ཚ་བཅས་རྫོང་ཁག་བཞི་ཡོད། གྲོིང་བརྡལ་འདིར། རྨ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་དང་། རྨ་ལྷོ་ཁུལ་ལས་རིགས་ལག་ཤེས་སློབ་གྲྭ། རྨ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང། རེབ་གོང་རྫོང་མི་རིགས་སློབ་འབྲིང་། ཡུ་ཧྥུ་མི་རིགས་སློབ་འབྲིང་སོགས་སློབ་གྲྭ་ཆེ་ཆུང་མང་དག་ཅིག་ཡོད་ཅིང་། ཁུལ་རིམ་པའི་སློབ་གྲྭ་ཁག་གི་ནང་དུ་རྫོང་ཁག་བཞིའི་སློབ་ཕྲུག་ཡོད་པ་ནས། རྨ་ལྷོ་ཁུལ་ལས་རིགས་ལག་ཤེས་སློབ་གྲྭའི་ནང་བོད་ལུགས་གསོ་རིག་གི་ཚན་ཁག་ཅིག་ཡོད་པ་དེའི་ནང་། མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་ཁག་གི་སློབ་ཕྲུག་བསྡུ་ཡི་ཡོད་པ་ཞིག་ཡིན།
ཁ་སང་ཕྱི་ཚེས་ 19 ཉིན་གྱི་སློབ་མའི་སྐད་འབོད་ལས་འགུལ་ནི། རོང་པོ་གྲོང་བརྡལ་དུ་ཡོད་པའི་སློབ་གྲྭ་ཆེ་ཆུང་ཕལ་ཆེ་བ་མཉམ་ཞུགས་བྱས་ཡོད་པའི་ལས་འགུལ་ཞིག་དང་། ཁོང་ཚོའི་སྐད་འབོད་རེ་འདུན་གྱི་འབོད་ཚིག་གཙོི་བོ་ནི༼མི་རིགས་འདྲ་མཉམ། སྐད་རིགས་རང་དབང༽ཞེས་པ་འདི་ཡིན་ལ། ཤོག་བྱང་སོགས་ཀྱི་སྟེང་དུ་འབོད་ཚིག་འདི་འཁོད་ཡོད་པ་དང་། སྐད་འབོད་ཀྱི་སྐབས་སུའང་སྐད་འབོད་འདི་ག་རང་བྱས་ཡོད་པ་རེད།
འདི་ནས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཁ་སང་ཞོགས་པ་ནས་ཉིན་གུང་བར་རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་ལས་ཁུངས་སྒོ་ཁ་དང་། རེབ་གོང་རྫོང་མི་དམངས་སྲིད་གཞུང་གི་ལས་ཁུངས་སྒོ་ཁ་གཙོ་བོར་བྱས་པའི་རོང་པོ་གྲོང་བརྡལ་གྱི་ཁྲོམ་སྲང་གང་སར་སྐད་འབོད་ཁྲོམ་སྐོར་བྱས་འདུག
ད་རེས་ཀྱི་སྐད་འབོད་ཁྲོམ་སྐོར་འདིའི་ཡོང་རྐྱེན་གཙོ་བོ་ནི། ཉེ་བའི་ལོ་ཤས་རིང་ནས་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་འབྲེལ་ཡོད་ལས་ཁུངས་རིམ་པས་སློབ་གྲྭ་ཁག་གི་སློབ་དེབ་རིགས་ལས་མི་རིགས་རང་གི་སྐད་ཡིག་སློབ་དེབ་ཕུད། དེ་མིན་གྱི་སློབ་དེབ་ཚང་མ་རྒྱ་ཡིག་གི་ལམ་ནས་འཁྲིད་སྦྱོང་དགོས་པའི་གླེང་སློང་རིམ་པར་བྱུང་ཡོད་འདུག་ཅིང་། ད་ཆར་དེ་ལུགས་ཀྱི་རྩ་འཛིན་ཡིག་ཆ་འགྲེམས་སྤེལ་དང་ལག་བསྟར་བྱ་ཉེའི་མཚམས་སུ་འཁེལ་ནས་ཡོད་འདུག་པ་དང་། དེ་ཡང་མ་འོངས་ལོ་ལྔའི་ནང་དེ་ལུགས་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་འཆར་གཞི་ཡོད་འདུག་པར། སློབ་གྲྭ་ཁག་གི་སློབ་ཕྲུག་ཚོས་རྩ་ཁྲིམས་ཀྱིོ་བསྟན་དོན་དང་མི་རིགས་ས་ཁོངས་རང་སྐྱོང་གི་སྲོལ་ཡིག་གིས་གཏན་ལ་ཕབ་པའི་འབྲུ་དོན་གཞིར་བཞག་༼མི་རིགས་འདྲ་མཉམ། སྐད་རིགས་རང་དབང་༽ཡོང་བར་རེ་འབོད་ཁྲོམ་སྐོར་གྱི་ལམ་ནས། བོད་ཀྱི་ས་ཁུལ་ནས་བོད་ཡིག་གཙོ་བོར་བཞག་པའི་སློབ་གསོའི་སྲིད་བྱུས་མུ་མཐུད་ལག་བསྟར་ཡོང་བའི་དགོས་འདུན་གསལ་སྟོན་གྱི་ལས་འགུལ་འདི་སྤེལ་བ་ཡིན་འདུག
སྐད་འབོད་ཀྱི་སྐབས་སུ་འབྲེལ་ཡོད་སློབ་གྲྭ་ཁག་གི་དགེ་རྒན་ཚོ་དངོས་སུ་མཉམ་ཞུགས་ཞུས་མེད་ནའང་། དགེ་རྒན་ཚོས་སློབ་མའི་ལས་འགུལ་འདི་སྐོར་ངོ་བོ་གཞན་གྱི་ལས་འགུལ་དུ་མི་འགྱུར་བའི་ཆེད། སྐད་འབོད་ཁྲོམ་སྐོར་སྐབས་ལྟ་རྟོག་དང་བཅས་ཏེ། སློབ་ཕྲུག་མ་ཡིན་པའི་མང་ཚོགས་ཀྱི་རིགས་སོགས་ལས་འགུལ་འདིའི་ནང་མཉམ་ཞུགས་མ་དགོས་པའི་ཐབས་ཤེས་གཙོ་འདོན་བྱས་ཡོད་འདུག་ལ། དེར་མང་ཚོགས་ཀྱི་ངོས་ནས་ཀྱང་སློབ་མའི་དགོས་འདུན་འདི་བཞིན། ལས་འགུལ་གཞན་གྱི་ངོ་བོར་འཕོ་འགྱུར་མི་འགྲོ་བའི་གཞོགས་འདེགས་གང་ཡོང་བྱས་དང་བྱེད་ཀྱིན་ཡོད་གནས་འདུག
ད་རེས་ཀྱི་ལས་འགུལ་ནང་སློབ་ཕྲུག་ག་ཚད་ཅིག་མཉམ་ཞུགས་བྱས་ཡོད་མེད་ཐད་གྲངས་ཀ་ངེས་གཏན་ཞིག་མེད་ནའང་། ས་གནས་ཀྱི་འབྲེལ་ཡོད་ཁག་གིས་ད་རེས་ཀྱི་ལས་འགུལ་ནང་མཉམ་ཞུགས་སློབ་གྲྭ་ཁག་གི་སློབ་མའི་གྲངས་འབོད་གཞིར་བཞག་གིས་ཚོད་དཔག་གནང་དོན་ལྟར་ན། ཁྱོན་བསྡོམས་སློབ་ཕྲུག་སྟོང་ཕྲག་གསུམ་ཡང་མས་ཤིག་མཉམ་ཞུགས་བྱས་ཡོད་པར་ཤོད་ཀྱི་འདུག
འདི་ནས་ལས་འགུལ་འདི་སྐོར་མུ་མཐུད་གནས་ཀྱི་ཡིན་མིན་སྐོར་འདྲི་བརྩད་ཞུར་པར། ལས་འགུལ་འདི་ནི་སློབ་ཕྲུག་ཚོའི་ངོས་ནས་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་སྲོལ་ཡིག་དང་མ་འགལ་བ་གཙོ་བོར་བཞག་ནས་སྤེལ་གྱི་ཡོད་པ་ཞིག་ཡིན་པ་ལས། དེ་ལས་བརྒལ་བའི་རྣམ་འགྱུར་དང་འབོད་ཚིག་གང་ཡང་སྒྲོག་གིན་མེད་སྟབས། ད་ལྟའི་གནས་སྟངས་ལ། ཉེན་རྟོག་པ་དང་དམག་མི་སོགས་ཀྱིས་ཕྱོགས་དང་ཕྱོགས་ནས་རྒྱང་བལྟ་ལྟ་བུ་བྱེད་ཀྱི་འདུག་མ་གཏོགས། སློབ་མའི་ལས་འགུལ་ལ་བཀག་འགོག་དང་། འཛིན་བཟུང་། དྲག་གནོན་སོགས་གང་ཡང་བྱེད་ཀྱི་མི་འདུག གནས་སྟངས་འདིར་བལྟས་པ་ཡིན་ན། ད་རེས་ཀྱི་ལས་འགུལ་འདི་བཞིན་མུ་མཐུད་གནས་ཐུབ་རྒྱུའི་གནང་སྟངས་ཤིག་ཆགས་ཀྱི་འདུག ད་ཆ་གྲོང་བརྡལ་འདི་ཙམ་གྱི་ལས་འགུལ་གྱི་ངོ་བོ་ནས། རིམ་པས་རྫོང་ཁག་དག་གི་ནང་དུའང་ལས་འགུལ་འདི་རིགས་སྤེལ་སྲིད་པ་ཞིག་རེད་ལ། ཚང་མས་རེ་འདུན་གཅིག་དང་འབོད་ཚིག་གཅིག་གི་འོག་ནས་སྲིད་གཞུང་ལ་ཁོང་ཚོའི་དགོས་འདུན་གསལ་སྟོན་དང་སྲིད་གཞུང་ནས་ངེས་པར་ཐག་གཅོད་ཡོང་བའི་ཞུ་འབོད་ཤུགས་ཆེ་རུ་འགྲོ་སྲིད་པ་ཞིག་རེད་ཅེས་ཟེར།
ཁ་སང་གི་ངོ་རྒོལ་སྐབས་འབྲེལ་ཡོད་སྲིད་གཞུང་གི་མི་སྣས་སློབ་མ་ཚོར་གསལ་བཤད་ཐེངས་གཅིག་བྱས་འདུག་པ་ནི། འབྲེལ་ཡོད་ཚན་པས་གོང་རིམ་དང་ཞིང་ཆེན་འབྲེལ་ཡོད་ཚན་པར་སློབ་མ་ཚོའི་དགོས་འདུན་འདི་སྐོར་ཡར་ཞུ་ངེས་པར་བྱེད་ངེས་ཀྱི་ཁས་ལེན་ཙམ་ལས། གཞན་གྱི་ཐག་གཅོད་སོགས་གང་ཡང་བྱུང་ཡོད་མི་འདུག

གསར་འགྱུར།

Post navigation

Previous Post: "མི་རིགས་འདྲ་མཉམ། སྐད་རིགས་རང་དབང་།" རེབ་གོང་གི་སློབ་མ་ཚོའི་སྐད་འབོད།
Next Post: བོད་ཁུལ་གྱི་ཁྲམ་པ་མི་དྲུག

Comments (14) on “རེབ་གོང་ནས་སློབ་མས་སྐད་འབོད་ལས་འགུལ་སྐོར་གནས་ཚུལ་ཁ་གསབ།”

  1. གཅན་བཟོད་རྒྱམ། says:
    2010-10-20 at 2:12 am

    སྤྱིར་སློབ་ཕྲུག་སྟོང་ཕྲག་འགས་རང་གི་ཐོང་ཐབ་གང་ཡིན་པ་དེའི་ཆེད་དུ་ངོ་རྒོལ་བྱས་པ་ནི་དངོས་གནས་བསྟོད་ན་ཚིག་གིས་མི་འདང་བ་དང་། བསམས་ན་བློ་ངོར་མི་ཤོང་བའི་ཚོད་དུ་འདུག་པས་ཞེ་ནས་དགའ་སོང་མོད། དེ་དང་ལྷན་དུ་བློ་དོགས་གཞན་ཞིག་ཀྱང་ཡོང་བ་ནི། གནས་ཚུལ་འདི་ཞི་འཇགས་སུ་སོང་མཚམས་སུ་ག་ལེར་བོད་ཞེན་ཅན་རེ་སྲང་ལམ་ནས་ཁྱི་འཛིན་འཛིན་བྱས་མི་ཡོང་ངམ་སྙམ་ནས་སེམས་འཁྲེལ་ཞིག་ཀྱང་སྐྱེས་ཡོང་གི་འདུག
    སློབ་ཕྲུག་སྟོང་ཚོ་གསུམ་ཙམ་ཡོད་པ་ཚོའི་མངོན་འདོད་བཞིན་འགྲུབ་པའི་རེ་པ་དང་། དགེ་སློབ་མི་གཅིག་ལའང་འཛིན་བཟུང་སུན་གཙེར་གནོན་བཙུར་ཅུང་ཙམ་ཡང་མི་འབྱུང་བའི་སྨོན་ལམ་འདེབས།

  2. གནམ་ལྕགས། says:
    2010-10-20 at 2:41 am

    བོད་ཡོངས་ཀྱིས་རྣམ་པ་འདིའི་སྟེང་ནས་སྐད་འབོད་ཁྲོམ་སྐོར་ཞིག་བྱ་ཐུབ་ན་གནས་སྐབས་ཀྱིས་ཐོབ་རྒྱུ་ཞིག་ཡོད་ངེས། གོང་གི་བརྙན་འཕྲིན་དེར་བལྟས་ནས་ཡོང་སྐབས། གཟི་བརྗིད་ཅིག་དང་ངར་ཤུགས་ཤིག་ཡོད་པ་དེ་དང་། ལྷག་པར་དུ་སློབ་ཕྲུག་དེ་ཚོའི་གོམ་སྟབས་རེ་རེ་ལ་མི་རིགས་དང་རྒྱལ་ཁབ། རིག་གཞུང་ཞིག་གི་བརྩེ་བ་རྣམ་དག་གིས་འཁྱུད་ནས་ཡོད་པ་མཐོང་ཐུབ། ཁོང་ཚོའི་སྐད་འབོད་ཀྱི་རྣམ་པ་དང་དེའི་ངར་ཤུགས་སོགས་ཀྱིས་ད་དུང་ང་ཚོའི་མི་རིགས་འདི་ལས་སླ་བོར་སུ་གང་གིས་ཀྱང་འཆི་ལམ་དུ་འདེད་མི་བཏུབ་པ་དེ་མཚོན་གི

    ད་རེའི་རེབ་གོང་གི་སློབ་ཕྲུག་དག་གི་ལས་འགུལ་འདིས་བོད་མི་རིགས་སྤྱི་ལ་སློབ་སྦྱོང་ཞིག་སྤྲོད་ཐུབ་པའི་ཡིད་ཆེས་ཡོད། ལྷག་པར་དུ་བོད་ཡོངས་ཀྱི་སློབ་མ་དག་གིས་འདི་ལྟར་མི་རིགས་རང་གི་རིག་གཞུང་གི་ཆེད་དུ་ལས་འགུལ་འདི་སྤེལ་ཐུབ་ན་རེ་བ་ཞིག་ཡོད་པ་གདོན་མི་ཟ།

  3. བསིལ་རླུང་ says:
    2010-10-20 at 5:37 am

    ངོ་མ་བརྗོད་མི་ཤེས་པའི་དགའ་སྣང་ཞིག་གིས་གོང་གི་སློབ་མ་འདི་ཚོའི་སྐད་འབོད་བྱེད་སྟངས་ཀྱི་རིམ་དང་བཀོད་བསྒྲིགས་སོགས་ལ་བལྟས་ཚེ་བོད་མི་རིགས་ཀྱི་ལ་རྒྱ་དང་། མི་རིགས་ལ་བཅིངས་པའི་བརྩེ་སེམས་སོགས་ལྷད་མེད་ཡིན་པ་མཚོན་ཐུབ། སེམས་ཤུགས་དང་། སྟོབས་ཤུགས། ངར་ཤུགས་བཅས་ལས་བོད་མི་རིགས་འདི་ད་དུང་གསོན་ཐུབ་པའི་རེ་བ་ཇེ་ཆེ་ནས་ཇེ་ཆེ་རེད། ལྷག་པར་དུ་བོད་ཕྱི་ནང་གཉིས་ཀར་བློ་འཚབ་སྐྱེས་གཞི་ཞིག་སྟེ་བོད་ཀྱི་སྐད་ཡིག་ཉམས་ཆགས་ཀྱི་ཐད་ལའང་སེམས་གསོ་ཐུབ་ངེས་རེད།
    འདི་བཞིན་རྒྱ་དམར་གྱི་བཙན་གནོན་ལ་མ་འཛེམ་པར་བོད་ཀྱི་རིག་གཞུང་གི་ཐོག་ལ་དོ་སྣང་དང་ཐུགས་འཁུར་གནང་གི་ཡོད་ན་ང་ཚོ་འདིར་གནས་པའི་སློབ་གྲྭ་ཁག་དང་དགོན་པ་ཁག་གིས་ཁོང་ཚོར་གདུང་སེམས་མཉམ་བསྐྱེད་ཇི་ལྟར་བྱེད་རྒྱུ་ཡིན།

  4. བོད་པ་ says:
    2010-10-20 at 7:15 am

    ཁ་གསལ་བོ་མ་རེད། མི་རིགས་རང་གི་སྐད་ཡིག་སློབ་ན་ཆོག་ན་ཆོག་གི་མོ་དེ་མིན་གཞན་ཅི་ཞིག་དགོས་པ་རེད།
    སློབ་གྲྭ་ཁག་གི་སློབ་དེབ་རིགས་ལས་མི་རིགས་རང་གི་སྐད་ཡིག་སློབ་དེབ་ཕུད། དེ་མིན་གྱི་སློབ་དེབ་ཚང་མ་རྒྱ་ཡིག་གི་ལམ་ནས་འཁྲིད་སྦྱོང་དགོས་པའི་གླེང་སློང་རིམ་པར་བྱུང་ཡོད་འདུག་
    དེ་མིན་གྱི་སློབ་དེབ་ཚང་མ་ཟེར་ན་ག་རེ་ག་རེ་ཡོད་པ་རེད། གསལ་བར་གསུངས་དང།

  5. སྟག་སྨྱོན། says:
    2010-10-20 at 7:29 am

    ཡོངས་སུ་ཞི་བ་དང་དྲང་བདེན་གྱི་སྐད་འབོད་འདི་ལ་དྲག་གནོད་ཀྱི་ལམ་སྣེ་མི་རྙེད་པ་བྱེད་རྒྱུ་གལ་ཆེན་པོ་རེད། དགེ་རྒན་ཚོའི་ལྟ་ལྟོག་འཐུས་ཚང་བྱེད་རྒྱུའི་རེ་འབོད་བྱེད་ཀྱི་ཡོད། གཞན་ཡང་མང་ཚོགས་དང་དགེ་འདུན་པ་སོགས་མི་གཞན་པ་སློབ་ཕྲུག་ཚོའི་ཉེ་སར་རྒྱུགས་ནས་ཟིང་སློང་གི་ངོ་བོ་མ་ཐོན་གལ་ཆེར་འཛིན་དགོས། མང་ཚོགས་ཐག་རིང་ནས་འདུག་རྒྱུ་གལ་ཆེན་པོ་རེད། སློབ་ཕྲུག་ཁོ་ན་གྲལ་སྒྲིག་ནས་གོ་རིམ་མ་འཆོལ་བའི་ཐོག་ནས་རེ་འདུན་སྐད་འབོད་བྱེད་དགོས་པ་གསར་འགོད་པ་གཙོའི་བོད་ནང་འབྲེལ་བ་ཐུབ་མཁན་ཚོས་བསྐུལ་མ་ནན་པོ་གནང་རོགས། ཕྱི་ལོག་ནས་ཀྱང་ངར་ངར་རྫིག་རྫིག་བྱས་ཏེ་ལས་འགུལ་འདི་བཞིན་ཆབ་སྲིད་ཀྱི་ངོ་བོར་མི་བསྒྱུར་བ་གཙོ་འཛིན་བྱེད་དགོས། དེ་མིན་རང་གི་བསམ་ཚུལ་གང་ཡོད་པ་གསར་འགྱུར་འདི་དག་དང་བསྲེས་ནས་ཁྱབ་བསྒྲགས་བྱས་ཏེ་ངོ་བོ་གཞན་དུ་བསྒྱུར་རྒྱུའི་ཕྱོགས་ལ་གཟབ་ནན་བྱེད་དགོས། ༧གོང་ས་མཆོག་གིས་བོད་མི་རིགས་ལ་ཞི་བའི་འཐབ་རྩོད་ཀྱི་རྨང་གཞི་བཙུགས་ཏེ་དབུ་ཁྲིད་གནང་པར་ཡིད་གཏིང་ནས་ཐུགས་རྗེ་ཆེ་ཞུ་གི་ཡོད། ཁོང་མིན་ན་ཕྱི་ལོག་གི་བོད་མི་ཆབ་སྲིད་པའི་མིང་ཁྱེར་མཁན་འུར་ཚ་བོ་དེ་ཚོས་བོད་ནང་གི་བོད་མི་རྣམས་བཙོང་རྒྱུའི་ཉེན་ཁ་མཐོང་གི་འདུག བོད་ནང་དྲག་གནོད་ཚད་མེད་ཕོག་བཅུག་རྗེས་ད་དུང་སྲོག་མ་ཤོར་ཞིང་ཁྲག་མ་བཞུར་བར་རྩ་དོན་གང་ཡང་འགྲུབ་ཀི་མ་རེད་ཟེར་ནས་སྐད་ཆ་རྫིག་པོ་བཤད་ཞོར་ལ་རང་ཉིད་ཉེན་ཁ་མེད་སར་སྐྱབས་བཅོལ་ནས་འདུག་གི་རེད། ༧གོང་ས་མཆོག་ལ་སླར་ཡང་ཐུགས་རྗེ་ཆེ་ཞུ་ན་འདོད་སོང་།

  6. གཅན་བཟོད་རྒྱམ། says:
    2010-10-20 at 7:30 am

    དེ་ད་ཕལ་ཆེར་ལོ་རྒྱུས། ས་རྒྱུས། ཚན་རིག རང་བྱུང་། དངོས་ཁམས་རིག་པ། འབྱུང་རྩིས། སྤྱི་ཚོགས་ཚན་རིག ཨང་རྩིས་ལ་སོགས་པ་མང་རྒྱུ་རེད་པ། ངས་ཀྱང་དེང་གི་སློབ་མ་ཚོར་སློབ་གཞིའི་སློབ་ཚན་དུ་ཡོད་གསལ་བོ་མི་ཤེས་ཡ།

  7. སྟག་སྨྱོན། says:
    2010-10-20 at 7:42 am

    ངའི་མཆན་བཏབ་ཚར་བ་དང་དུས་མཉམ་བབ་ནང་ཆབ་བྲག་ལྷ་མོ་སྐྱིད་ཟེར་བ་སྤྱི་འཐུས་མིང་ཁུར་དེས་མཁས་མདོག་ཁ་བོ་བྱས་ནས་ལས་འགུལ་འདི་ཐོག་རྫིག་མདོག་ཁ་བོ་རང་གི་བསམ་ཚུལ་མང་པོ་བསྣན་ནས་འགྲེལ་བཤད་བརྒྱབ་འདུག་པས་ཡག་པོ་མ་རེད། ཐུགས་རྗེ་ཆེ་བོད་མི་མ་བཙོང་རོགས། དྲག་གནོན་གྱི་སྣ་འདྲེན་མ་བྱེད་རོགས། བོད་མི་རིགས་ཀྱི་ཚེ་སྲོག་ལ་ཆེ་མཐོང་སྤྲོད་རོགས།

  8. ཅོ་རི་ཉི་མ། says:
    2010-10-20 at 9:35 am

    ༡༩༨༤ལོའི་ཟླ༥ཚེས༣༡ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དྲུག་པའི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གྲོས་འཆམ་བྱུང་ཞིང༌། ༢༠༠༡ལོའི་ཟླ་༢ ཚེས་༢༨ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དགུ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་བའི་ཐོག་བཞག་པའི་མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན་ལྟར་བཟོ་བཅོས་བརྒྱབ་ཡོད།
     དོན་ཚང་དང་པོ། མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་འདི་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཞིར་བཟུང་ནས་གཏན་ལ་ཕབ་པ་ཡིན།
    དོན་ཚན་བཅུ་པ། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གའི་མི་རིགས་ཁག་ཚང་མར་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་དང་དར་རྒྱས་སུ་གཏོང་བའི་རང་དབང་ཡོད་པ་དང༌། རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་སྔར་མུས་འཛིན་པའམ་བསྒྱུར་བཅོས་བྱེད་པའི་རང་དབང་ཡོད་པར་འགན་སྲུང་བྱ་རྒྱུ།ཞེསབཀོད་འདུག

    ཁ་དོན་ཚིག་ལ་མ་གནས་པའི་མི་ངན་དང་རྩ་ཁྲིམས་ལག་ལེན་མེད་པའི་རྒྱལ་ངན་ཀྲུང་གོ་བ་ལ་ངོ་ཚ་རྒྱུ་ཡོད་དམ། ངས་བལྟས་ན་ངོ་ཚ་རྒྱུ་མེད། འདི་ནི་ཀྲུང་གོ་བའི་རྒྱུན་ལྡན་གྱི་བེད་སྤྱོད་བཏང་སྟངས་ཤིག་རེད།

  9. འཇིག་མེད་ says:
    2010-10-20 at 2:34 pm

    དངོས་གནས་ཡག་པོ་འདུག

  10. lala says:
    2010-10-20 at 6:15 pm

    སློབ་མ་ཚོས་རང་གི་སྐད་རིགས་སྦྱངས་ནས་མི་རིགས་ཀྱི་ལ་རྒྱ་སྲུང་བ་དང་མཐར་གཏུགས་ན་མི་རིགས་འདི་སྲོག་རྩ་སྐྱོང་འདོད་ཀྱིས་རྒྱ་གཞུང་ལ་མི་འཇིགས་པར་ཁྲོམ་སྐོར་བྱས་ནས་རང་གི་འདོད་མོས་བཏོན་པ་རེད།

    འོན་ཀྱང་རྡ་ས་ནས་ཡིན་པའི་ཚེ་རིང་རྡོ་རྗེ་ཟེར་བ་ཞིག་གིས་ཨ་རིའི་སྐད་སྒྲར་རྒྱ་ཡིག་གིས་སློབ་ཚན་ཁྲིད་པའི་སློབ་གསོའི་བསྒྱུར་བཅོས་འཆར་གཞི་དེར་སློབ་མ་དང་། དགེ་རྒན། ཁྱིམ་བདག་ཚང་མས་མི་རིགས་སྐད་ཡིག་ལ་ཉེན་ཁ་བཟོས་པར་ངོས་ཟིན་པ་མ་ཚད། དགེ་རྒན་ཚོས་སྲིད་ཇུས་དེས་ཁོང་ཚོ་ལས་ཀ་ཤོར་བ་དང་ལས་མེད་དུ་ལུས་པར་སེམས་ཁྲལ་བྱེད་ཀྱི་ཡོད། རྒྱུ་མཚན་ནི་དགེ་རྒན་ཧ་ཅང་མང་པོའི་རྒྱ་ཡིག་ཆུ་ཚད་ཡག་པོ་མེད། ཅེས་བཤད་འདུག
    གསར་འགྱུར་ནང་མི་དེ་ངོ་སྤྲོད་བྱེད་དུས། མཚོ་སྔོན་རྨ་ལྷོ་རེབ་གོང་དུ་སྐྱེས་པ་དང་ས་འདིར་སྤུན་མཆེད་ཧ་ཅང་མང་པོ་ཡོད་ཤིང་། རྨ་ལྷོ་ཁུལ་རྩེ་ཁུག་རྫོང་མི་རིགས་སློབ་འབྲིང་ལ་བོད་དབྱིན་དགེ་རྒན་ལོ་༡༠ལ་ཉེ་བ་བྱེད་མྱོང་བས་མཚོ་སྔོན་གྱི་སློབ་ཁྲིད་གནས་ཚུལ་ལ་རྒྱུས་མངའ་ཆེན་པོ་ཡོད། ཅེས་བྲིས་འདུག
    ཚེ་རིང་རྡོ་རྗེའི་འགྲེལ་བཤད་དེས་མི་རྣམས་ལ་གོ་བ་གང་ཞིག་སྟེར་གྱིན་འདུག་གམ།
    ཁྱེད་རྣམ་འདི་ལ་གཟིགས།http://news.boxun.com/news/gb/china/2010/10/201010202352.shtml

  11. med mi ruf says:
    2010-10-20 at 10:53 pm

    བྱེས་པ་ཚོས་བོད་ནང་གི་སློབ་ཕྲུག་ཚོའི་རེ་འདོད་འགྲུབ་པར་གཞོགས་འདེགས་རེ་བྱེད་མི་ཐུབ་ནའང།
    དངོས་ཤུགས་བརྒྱུད་གསུམ་ནས་གནོད་རེ་མི་བསྐྱལ་བའི་ཐུགས་སྣང་ཡོད་པར་ཤོག
    འདི་ལྟར་བསམ་གཞིགས་བྱས་ཚེ་མིང་དོན་མི་མཚུངས་གསར་འགོད་ལས་རིགས་གཉེར་བ་འགར་ཞེད་སྣང་སྐྱེ་འོངསྐུ་མཁྱེན་རང་དོན་ཁོ་ན་མ་བསམ་རོགས།

  12. འཇིགས་མེད་བཀྲ་་་་ཤིས། says:
    2010-10-21 at 12:44 pm

    ན་ནིང་ 2008 ལོར་ཆབ་སྲིད་ཀྱི་ངོ་རྒོལ་དེ་ཆོལ་ཁ་གསུམ་ལ་ཁྱབ་པ་རེད། དེས་བོད་ཀྱི་ཆབ་སྲིད་ཀྱི་འཐབ་རྩོད་ལ་གསོན་ཤུགས་གསར་པ་ཞིག་རྒྱས་ཡོད། ད་རེས་སྐད་ཡིག་སློབ་གསོའི་ངོ་རྒོལ་འདི་ཡང་ཆོལ་ཁ་གསུམ་ལ་ཁྱབ་ཐུབ་རྒྱུ་ན། འདིས་བོད་ཀྱི་རིག་གནས་སློབ་གསོའི་གནད་དོན་ལ་གསོན་ཤུགས་གསར་པ་ཞིག་རྒྱས་ངེས་ཡིན།
    ད་རེས་ཀྱི་འདི་ཁྲིམས་འགལ་དུ་མི་འགྱུར་བ་དང་། དྲག་ཟིང་དུ་མི་འགྱུར་བ། སྲིད་དོན་དུ་མི་འགྱུར་བའི་སྒོ་ནས་བོད་ཡོངས་ལ་ཁྱབ་ཐུབ་པར་སྨོན།

  13. tenzin tsomo says:
    2010-10-22 at 2:16 am

    really nice

  14. tenzin tsomo says:
    2010-10-22 at 2:20 am

    i saw this good news today.
    tear fell on my face .
    i am really proud of all students.

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme