Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རེབ་གོང་དང་རཀ་ར། སྤྲུལ་སྐུ་ཞིག་རྗེས་སུ་དྲན་པ།

Posted on 2013-07-072013-07-07 By དགེ་རབ་ 23 Comments on རེབ་གོང་དང་རཀ་ར། སྤྲུལ་སྐུ་ཞིག་རྗེས་སུ་དྲན་པ།

ཉིན་འགའི་སྔོན་དུ་རཀ་ར་རིན་པོ་ཆེ་དགོངས་པ་རྫོགས་པའི་མྱ་ངན་རྗེས་དྲན་གྱི་རྩོམ་ཡིག་ཅིག་གྲགས་ཅན་རྩོམ་པ་པོ་འཇམ་དབྱངས་ནོར་བུས་རང་གི་དྲ་དེབ་ཏུ་སྤེལ་འདུག་པ་མཐོང་།   ངས་རཀ་ར་རིན་པོ་ཆེ་དགོངས་པ་རྫོགས་པའི་གསར་འགྱུར་དེ་ཐོག་མར་ཐོས་པ་ཡིན་ནམ།  འདི་ཡིན་མི་སྲིད།  ཡིན་སྲིད།  ངས་ཀློག་བཞིན་པའི་དྲ་དེབ་དང་གསར་འགྱུར་དག་ན་ཁོང་གི་དགོངས་རྫོགས་ཀྱི་གནས་ཚུལ་མ་འཁོད་པ་དང་།  རྒྱུན་ལྡན་གྱི་རླུང་འཕྲིན་སོགས་ཀྱི་གསར་འགྱུར་ལ་ནི་ཕྲན་གྱིས་ཉན་ལོང་མེད་པར་ལུས་འགྲོ་བ་དང་། ད་དུང་རང་ཉིད་ནི་བོད་མི་བཅུ་གྲངས་ཤིག་ལས་མེད་པའི་ས་ཆ་ཁུག་ཀྱོག་ཅིག་ཏུ་སྡོད་བཞིན་པ་བཅས་ལ་བརྟེན་ནས། ངས་ང་ནི་བོད་ཀྱི་འཇིག་རྟེན་ལས་ཧ་ཅང་ཐག་རིང་བ་ཞིག་ཏུ་བསྐྱལ་ཡོད།  རྒྱུ་མཚན་འདི་ལ་བརྟེན་ནས་རཀ་ར་རིན་པོ་ཆེ་དགོངས་པ་རྫོགས་པ་དེ་ཡང་ཡུན་རིང་པོར་མ་ཐོས་པ་རེད།

ལྷ་སྡེ་ཨ་ཁུ་ཚང་དགེ་འདུན་བསྟན་འཛིན་ཞབས།

༡༩༨༠ གྱ་གྲངས་ནང་ང་རོང་བོ་དགོན་ཆེན་དུ་བསྡད་ཡོད།  ངའི་དགེ་རྒན་གྱི་མཚན་ལ་ལྷ་སྡེ་ཨ་ཁུ་ཚང་ཞེས་འབོད།  ཁོང་རབ་ཏུ་བྱུང་བའི་མཚན་ནི་དགེ་འདུན་བསྟན་འཛིན་ཡིན།  ཡུལ་མི་འགའ་རེས་ཁོང་ལ་སྐྱ་མིང་གིས་སྙིང་ཅག་བྱམས་ཞེས་འབོད་པའང་ཡོད།  ལྷ་སར་ཕེབས་པའི་མིང་འདོགས་ཞིག་ཡོད་པ་དེ་ནི་རྒན་དཔོན་པོ་ཞེས་པ་ཡིན།  དགེ་རྒན་འདི་ནི་རེབ་གོང་ནས་ནང་ཆོས་ལ་མཁས་ཤོས་སུ་བརྩི་བའི་དགེ་བཤེས་ཤིག་ཡིན།  སྐབས་དེར་རྒན་ཁོང་བཞུགས་སའི་ཁང་མིག་གཉིས་ཅན་གྱི་རྒྱ་ཁང་ཞིག་ཡོད།  སྒོ་ནས་འཛུལ་མ་ཐག་ཁང་མིག་དང་པོར་སླེབས་ཤིང་། དེར་ཅོག་ཙེ་ཞིག་གི་སྟེང་ན་སྣུམ་པར་དུ་བཏབ་པའི་ཀླུ་སྒྲུབ་དགོངས་རྒྱན་ཞེས་པའི་དེབ་གཟུགས་དཔེ་ཆ་ཞིག་ཡོད།  དཔེ་ཆའི་རྒྱབ་ན་རྒན་ཁོང་གིས་བརྩམས་པའི་ཚིགས་བཅད་གཅིག་དབུ་མེད་དུ་བྲིས་ཡོད། ཚིག་ཇི་བཞིན་ད་ལྟ་དྲན་ཡུལ་ན་མི་འདུག་མོད། ཚིག་རྐང་རེ་རེའི་མགོར་དགེ་འདུན་ཆོས་འཕེལ་ཞེས་པའི་ཚིག་འབྲུ་རེ་རེར་བཀོད་ཅིང་། ནང་དོན་ནི་སྐྱེས་སྦྱངས་ཀྱི་ཤེས་རབ་ལྡན་མོད་བསོད་ནམས་ཀྱི་ཞིང་ས་ལ་འབྲས་བུ་མ་སྨིན་པའི་མཁས་པ་དེས་བྲིས་ཞེས་པའི་ནང་དོན་ཅན་ཞིག་ཡིན།  ཚིག་རྐང་མཐའ་མ་དེ་ན་ “སྐམ་པོར་ལུས་དེས་བྲིས་”ཞེས་གསལ་བ་ཞིག་རོབ་ཙམ་དྲན་གྱི་འདུག

སྐབས་ཐོག་དེ་འདྲ་ཞིག་ལ་རྒྱ་གར་ནས་དཔར་བའི་ “དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་”ཞེས་པའི་དེབ་དེ་རྒན་ཁོང་གི་ཕྱག་ལ་འབྱོར།  ངས་དགེ་རྒན་ཚང་གིས་དེབ་དེ་ལ་གཟིགས་པ་དྲན་གྱི་མི་འདུག  འོན་ཀྱང་ཉིན་གཅིག་མཆོད་པ་བཤམས་སྐབས་དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་བྲིས་པའི་ཚིགས་བཅད་དེ་སྣག་ཚ་དམར་པོས་གསུབ་འདུག་པ་མཐོང་།  ཕལ་ཆེར་རཀ་ར་རིན་པོ་ཆེས་བརྩམས་གནང་བའི་ལོ་རྒྱུས་ཀྱིས་རྒན་ལགས་ཀྱི་དགོངས་ཚུལ་བརྗེས་པ་དེ་དེ་ནས་གསལ་བོར་མཐོང་།  གནས་ཚུལ་འདི་ལ་བརྟེན་ནས་ “རཀ་ར་སྤྲུལ་སྐུ་” དང་ “བཀྲས་མཐོང་ཐུབ་བསྟན་ཆོས་དར་”ཞེས་པའི་མཁས་པ་དེའི་མཚན་དེ་ངའི་རྣ་ལམ་དུ་སླེབས།

ཕྱིས་སུ་ཀླུ་སྒྲུབ་དགོངས་རྒྱན་ལས་འཕྲོས་ཏེ་དགེ་རྒན་ཚང་གིས་རྩོམ་ཡིག་ཅིག་སྤེལ་བ་སོགས་མཛད་འདུག་ཀྱང་། ཁོང་གིས་དགེ་འདུན་ཆོས་འཕེལ་གྱི་རྣམ་དཔྱོད་ལ་ཡི་རངས་དང་དགེ་འདུན་ཆོས་འཕེལ་གྱི་མཛད་རྗེས་ལ་བསྔགས་བརྗོད་བྱེད་རྒྱུ་དེ་ནི་སྐུ་ཚེའི་མཐའ་མ་བར་དུ་གནས་པར་གྱུར།  དགེ་རྒན་ཚང་དང་ངེད་གཉིས་ཀྱིས་ཡི་གེ་བསྐུར་རེས་དང་། དེའི་རྗེས་སུ་ཁ་པར་ཐོག་ནས་ཁ་བརྡ་ཞུ་སྐབས།  དགེ་འདུན་ཆོས་འཕེལ་གྱིས་དོན་དག་ཅིག་འདི་ལྟར་བྲིས་འདུག དེ་ཡོད་དམ་ཟེར་བའམ། ཡང་ན་དགེ་འདུན་ཆོས་འཕེལ་གྱིས་རྒྱ་དཔེ་སྐོར་ཅིག་མཇལ་ཟེར་བ་དེ་ཚོ་མཐོང་རྒྱུ་འདུག་གམ་སོགས་ཀྱི་དྲི་བ་ཧ་ཅང་མང་།  དགེ་རྒན་ཁོང་གི་ཐུགས་རེ་སྐོང་ཕྱིར་ངེད་ཀྱིས་སྔ་ཕྱིར་རྒྱ་དཔེ་འགའ་རེ་དང་སྔགས་བཀླག་པའི་སྒྲ་སྡུད་འཁོར་ཐག་སོགས་ཕ་ཡུལ་ལ་བསྐུར་མྱོང་།  བཀའ་མོལ་ཞུས་པ་འདི་དག་གི་སྐབས་སུ་ཡང་ཡང་ཁོང་གིས་ང་ལ་མངགས་བཅོལ་བྱས་པ་ཞིག་ནི།  རཀ་ར་རིན་པོ་ཆེར་ཞུ་སྐུལ་གྱིས་སྲོང་བཙན་དང་འབྲེལ་བའི་ཟློས་གར་གྱི་བསྟན་བཅོས་ཤིག་རྩོམ་སྐུལ་ཞུ་རྒྱུ་དེ་ཡིན།  དགེ་རྒན་ཚང་གིས་རཀ་ར་རིན་པོ་ཆེ་ལ་དེ་ལྟ་བུའི་ཟློས་གར་ཞིག་རྩོམ་འདུན་ཡོད་པ་ཁོང་གི་དགེ་ཆོས་ཀྱི་རྣམ་ཐར་དུ་འདུག་ཅེས་ང་ལ་གསུངས་བྱུང་།  དེ་ལྟར་ཕྲན་གྱིས་ཀྱང་ཧུར་ཐག་གིས་རཀ་ར་རིན་པོ་ཆེར་ཡིག་ངག་གཉིས་ཐོག་ནས་སྐུལ་མ་ཞུས་པ་ཡིན།  མཐའ་མ་དེར་དགེ་རྒན་ཚང་གིས་རཀ་ར་རིན་པོ་ཆེས་དེ་ལྟར་རྩོམ་པ་ཞལ་བཞེས་གནང་ཚེ། “ང་མ་ཤིའི་གོང་ལ་ལྟ་འདོད་འདུག་”ཅེས་བཀའ་ནན་པོ་ཞིག་གནང་བྱུང་།  དེ་ལྟར་བཀའ་ལྕི་མོ་གནང་བ་དེ་ངས་ཀྱང་མ་ལྕོགས་པར་རིན་པོ་ཆེར་ཞུས་པ་ཡིན།  རིན་པོ་ཆེས་ ༢༠༠༥ ལོར་ཕྲན་ལ་གནང་བའི་ཕྱག་བྲིས་ཤིག་ཏུ། “ཁྱོད་ཀྱིས་ཆོས་ཀྱི་ཕོ་ཉ་ནི།། ཀུན་དགའ་བོ་བཞིན་རེབ་ཀོང་གི། དྲང་སྲོང་དགེ་བའི་བཤེས་ཀྱི་བཀའ།། ཁོ་བའི་ཁུར་དུ་འཁྱེར་ཅེས་བསྐུལ།།  གནས་བརྟན་ཆེན་པོ་དགེ་འདུན་གྱི།། བསྟན་འཛིན་དེ་ཡིས་རྒྱ་མོ་བཟའ།། མངོན་པར་ཤེས་པའི་ཟློས་གར་དེ།། ཡོངས་སུ་རྫོགས་པར་བགྱི་བར་དགོངས།།  ཁོ་བོ་གངས་ཅན་དུ་གནས་ཚེ།། རབ་ཏུ་བྱེད་པའམ་ཡན་ལག་ནི།། དང་པོ་ཙམ་ཞིག་བྱས་ནས་ནི།། དེ་རིང་བར་དུ་གྱི་ནར་ལུས།།” སོགས་འཁོད་ནས། ཟློས་གར་གྱི་བསྟན་བཅོས་དེའི་མཚན་བྱང་ལ་ “རྒྱ་མོ་བཟའ་མངོན་པར་ཤེས་པའི་ཟློས་གར་”ཞེས་ཞུ་བ་དང་། དགེ་ཆོས་ཀྱིས་བསྟན་བཅོས་འདིར་རྒྱ་གར་སྐད་དུ་མཚན་གནང་བ་ནི། “ཨ་བྷི་ཇཉཱན་ཅིནྱ་ཀུམཱརིའི་ནཱཊཀྐ་”ཞེས་ཡིན་ཚུལ་ཀྱང་འཕྲིན་ཡིག་འདིར་གསལ་འདུག  ཕྲན་ལ་རིན་པོ་ཆེ་ནས་གནང་བའི་ཚིགས་བཅད་ལྷུག་གི་འཕྲིན་ཡིག་སྐོར་ཅིག་ཡོད་མོད་དེ་རིང་བཙལ་སྐབས་རྙེད་མ་བྱུང་། གཅིག་རྙེད་པ་དེ་ནི་གོང་གསལ་གྱི་ཡི་གེ་ཡིན་ཞིང་འདིར་བཀོད་ཡོད།  ༼rakra༽དེའི་རྗེས་ནས་རིན་པོ་ཆེས་ཟློས་གར་གྱི་བསྟན་བཅོས་འདི་ཟིན་བྲིས་སོགས་མཛད་ཡོད་མེད་ཆ་མ་འཚལ།  དེ་མུར་ཕྲན་གྱི་དགེ་རྒན་ཚང་ ༢༠༠༦ ལོར་དགོངས་པ་རྫོགས་ཤིང་།  ད་ནི་རཀ་ར་རིན་པོ་ཆེ་ཡང་ཞི་བར་ཕེབས་པ་རེད།

ཕྲན་རཀ་ར་རིན་པོ་ཆེར་མཇལ་སྐབས། ༡༩༩༥ ལོར།

དགེ་རྒན་ཚང་གིས་ང་ལ་དེ་ལྟར་མངགས་བཅོལ་གནང་བ་དེ་ལ་རྒྱུ་མཚན་གཞན་པ་ཞིག་ཡོད།  དེ་ནི་ཕྲན་རང་ཉིད་རཀ་ར་རིན་པོ་ཆེར་འབྲེལ་བ་ཞིག་བྱུང་ཡོད་པ་དེའི་རྐྱེན་གྱིས་ཡིན། དེ་ཡང་ ༡༩༩༠ གོ་གྲངས་ལ་ཕྲན་ལ་ཝར་ཎ་ནས་ཁོང་གིས་བརྩམས་པའི་དེབ་དཀར་ཁ་སྐོང་གི་མ་ཟིན་དེ་ཐོབ་བྱུང་།  མཚམས་དེ་འདྲ་ཞིག་ལ་ཕྲན་གྱིས་རཀ་ར་རིན་པོ་ཆེར་ཡིག་འབྲེལ་ཞུས་ཤིང་།  བཀའ་འཁྲོལ་ཐོབ་པ་བཞིན་དེབ་དཀར་ཁ་སྐོང་གི་མ་ཟིན་དེ་གློག་ཀླད་དུ་འཇུག་མགོ་བརྩམས་པ་ཡིན།  དེབ་དཀར་ཁ་སྐོང་གི་མ་ཟིན་དེ་ནི་དབུ་མེད་དུ་བྲིས་པའི་དེབ་གཟུགས་ཤིག་ཡིན་ལ།  ད་ལྟ་དེ་ལ་བསམས་སྐབས་ཞུ་སྒྲིག་མ་བྱས་པར་དེ་ག་རང་དཔར་འདེབས་མཛད་ནའང་ལེགས་ཆ་ཆེ་བར་མངོན།  ཕྲན་གྱིས་གློག་ཀླད་དུ་འཇུག་སྐབས་མ་ཡིག་ལ་བཟོ་བཅོས་ཀྱང་མང་པོ་ཞིག་ཐེབས་ཤིང་།  དེ་ཚང་མ་རེ་རེ་བཞིན་རིན་པོ་ཆེར་ཡིག་ངག་གཉིས་ཐོག་ནས་བཀའ་འཁྲོལ་ཞུས་པ་ཡིན།  མཐར་དཔར་སྐྲུན་མཛད་སྐབས་དཔེ་མཛོད་ཁང་གི་ཉམས་ཞིབ་པ་དགེ་བཤེས་ངག་དབང་ལུང་རྟོགས་ལགས་ཀྱིས་དཔྱད་ཞིབ་མཛད་ཅིང་།  ཐོག་མའི་མ་ཡིག་ཀྱང་ཁོང་གི་ཕྱག་ཏུ་ཡོད་པ་ཞིག་དྲན།  གང་ལྟར་ཕྲན་གྱི་འབད་བརྩོན་འདི་བརྒྱུད་ནས་དེབ་དཀར་ཁ་སྐོང་དེ་ཡང་བོད་ཀྱི་དཔེ་མཛོད་ཁང་གིས་དཔར་བསྐྲུན་མཛད།  དཔར་སྐྲུན་གྲུབ་པའི་རྗེས་ནས་རིན་པོ་ཆེའི་ཐུགས་དགོངས་ཚིམ་ཡོད་དང་མེད་སོགས་བཀའ་མོལ་ཞུ་རྒྱུ་མ་བྱུང་།

ངས་ཏག་ཏག་ཅིག་མི་དྲན་མོད། སྐུ་སྒེར་ནས་བཙན་བྱོལ་དུ་རིག་གནས་སློབ་ཁྲིད་ལ་ཕེབས་དགོས་པའི་བཀའ་འབྲེལ་བཞིན་རཀ་ར་རིན་པོ་ཆེས་ ༡༩༩༥ ལོ་ཙམ་ལ་རྡ་རམ་སཱ་ལར་རིག་གནས་འཛིན་གྲྭ་ཞིག་བསྐྱངས།  རཀ་ར་རིན་པོ་ཆེས་དེ་ལ་འདི་ལྟར་གསུངས་འདུག “ཕྱི་ལོ་ ༡༩༩༣ ལོར་ཨ་མྱེས་རྨ་ཆེན་རིག་གཞུང་ཁང་ནས་འདུ་བྱས་ཏེ། རིག་གནས་ཚོགས་འདུའི་འགོ་འབྱེད་ཉིན། ༧གོང་ས་སྐྱབས་མགོན་ཆེན་པོས། རང་རེའི་རིག་གཞུང་ཆེ་འབྲིང་ཆུང་གསུམ་གྱི་བར་ན་སྟོང་ཆ་ཤིན་ཏུ་ཆེ་བ་འདི་སངས་ཐབས་བྱེད་རྒྱུ་ནི། ཐ་སྙད་རིག་གནས་པའི་ལས་སུ་བྱ་བ་ཡིན། ཞེས་ཐུགས་དགོངས་ཆེན་པོའི་རེ་བས་སྐུལ་མ་མཛད་པ་སྙིང་ལ་བཅངས་ཏེ། ལོ་གཉིས་གོང་རིགས་ལམ་སློབ་གྲྭར་དཔེ་འཁྲིད་དུ་བཅར།” ཞེས་གསལ། ༼གནས་བརྒྱད་ཀྱི་འགྲེལ་པ་ཐ་སྙད་རིག་པའི་ཐི་གུ་དང་། སྤྲིན་གྱི་ཕོ་ཉའི་འགྲེལ་པ་གློག་ཕྲེང་མ། རཀ་ར་བཀྲས་མཐོང་ཐུབ་བསྟན་ཆོས་དར།  རྡ་ས་རིགས་ལམ་སློབ་གཉེར་ཁང་། ཤོག་གྲངས་ ༢༩ ན་གསལ།༽

རཀ་ར་རིན་པོ་ཆེ་དང་ལྷན་དུ་རིག་གནས་འཛིན་གྲྭའི་སློབ་མ་རྣམས།
སྐབས་དེར་ཕྲན་གྱིས་བོད་ཀྱི་རྩོམ་རིག་གི་བྱུང་བ་ལ་ཞིབ་འཇུག་སློབ་སྦྱོང་བྱེད་བཞིན་པའི་སྒང་ཡིན་པ་དང་།  རིག་གནས་འཛིན་གྲྭ་ལ་ཞུགས་འདོད་ཀྱིས་རྡ་རམ་ས་ལར་སླེབས་ཤིང་། འཛིན་གྲྭ་འདི་ཡང་རིགས་ལམ་སློབ་གཉེར་ཁང་གིས་གོ་སྒྲིག་ཞུས་པ་རེད།  སློབ་མ་ཡང་གདན་ས་ནས་ཕེབས་པའི་བླ་སྤྲུལ་དགེ་བཤེས་ཁག་དང་། སཱ་ར་རིགས་ལམ་སློབ་གཉེར་ཁང་གི་དགེ་སློབ་སོགས་རྒྱ་ཆེན་པོ་ཞིག་འདུས།  སྐབས་དེར་རིགས་ལམ་སློབ་གཉེར་ཁང་ཡང་འཛུགས་སྐྲུན་བྱེད་བཞིན་པའི་སྒང་རེད།  ང་ཚོའི་འཛིན་གྲྭ་ཁང་གསར་དེའི་ཚོགས་ཁང་ཆེན་པོ་ཞིག་ཏུ་བསྐྱངས་ཤིང་།  ང་ཚོ་རྐུབ་སྟེགས་སོགས་མེད་ཐང་ལ་བསྡད་ནས་སློབ་ཁྲིད་ལ་ཉན།  སྐབས་དེར་རཀ་ར་རིན་པོ་ཆེས་རྒྱུན་དུ་ནས་རྒྱ་གར་བའི་གྱོན་པ་ཀུར་ཏ་(Kurta)དཀར་པོ་གྱོན་ཅིང་། ཁུག་མ་ཞིག་ཕྲག་པར་བཞེས་ནས་འཛིན་གྲྭ་ལ་ཕེབས་ཡོང་བ་ཞིག་དྲན་ངོ་ན་འདུག  ང་ཚོའི་སློབ་ཁྲིད་དེ་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་ཡལ་འདབ་འགའ་རེ་ཡིན་པ་དྲན།  སློབ་ཁྲིད་ཀྱི་སྐབས་སུ་རཀ་ར་རིན་པོ་ཆེ་ནི་ཧ་ཅང་གུ་ཡངས་པོ་གནང་ཞིང་།  ཕོ་མོའི་མཛའ་འབྲེལ་གྱི་དགོད་གཏམ་དག་གིས་འཛིན་གྲྭ་ལ་ཧབ་ཆ་ཤོར་འཇུག  ལྷག་པར་ཁོང་གི་ཆེ་བའི་སྙན་ཅོག་གཉིས་ལ་འཕྱ་བའི་མཚར་གཏམ་སྣ་ཚོགས་གསུངས་རྒྱུ་ཡོད།

ད་ལྟ་འཛིན་གྲྭའི་སྐབས་སུ་ཁྲིད་གསར་དང་གསལ་བཤད་འདི་དང་དེ་གསུངས་སོང་བསམས་པ་ཞིག་སེམས་ངོ་ན་མི་འདུག  འོན་ཀྱང་། ཞོར་འཕྲོས་སུ་འདུལ་བའི་གཏམ་རྒྱུད་དག་དང་། དེ་ནས་བཀའ་བསྟན་ན་འཁོད་པའི་བསྟོད་ཚོགས་སྐོར། ས་སྐྱ་དང་དགེ་ལུགས་སོགས་ཀྱི་བླ་མའི་གསུང་རྩོམ་སྐོར་ཡང་ཡང་གསུངས་ཐལ་འགྲོ་བ་ཞིག་ཡོད།  ཡང་ཡང་ཚིག་འགྲེལ་དང་ཚིག་རྩ་འདེད་སྐབས་ཧིན་དིའི་སྐད་དང་ལེགས་སྦྱར་སྐད་ལ་གཏུགས་ནས་འགྲེལ་བཤད་བྱེད་ཅིང་། “དགེ་འདུན་ཆོས་འཕེལ་ལགས་”ཀྱིས་འདི་ལྟར་གསུངས་སོགས་ཀྱི་ལུང་འདྲེན་ཡང་ཡང་བྱེད་པ་ཞིག་ཡོད།  སྙན་དངགས་ཀྱི་ཁོངས་སུ་ཡོད་པའི་བཀའ་བསྟན་གྱི་བསྟན་བཅོས་དག་ལ་ལྷག་ཏུ་གཙིགས་འཛིན་མཛད་ཅིང་། བསྟན་བཅོས་འདི་དག་ནི་ཁོང་གི་སྐལ་བར་བཞག་པའི་བསྟན་བཅོས་ཤིག་གི་རྩིས་ཀྱིས་རྒྱུས་སྟོན་དང་འགྲེལ་བཤད་བྱེད།

 

རིགས་སློབ་དབུ་འཛིན་དམ་པ་རྒན་བློ་བཟང་རྒྱ་མཚོ་དང་ལྷན་དུ།
སྐབས་འདིའི་རིག་གནས་སློབ་མ་རྣམས་ཀྱི་ཁྲོད་དུ་འབྲས་སྤུངས་བློ་གླིང་རྫ་ཆོས་རྗེ་དང་། སྒོ་མང་ནས་གུ་རུ་རིན་པོ་ཆེ། ཨ་ལགས་བསྟན་འཛིན། བྱང་རྩེ་གོ་བོ་མཁན་སྤྲུལ་སོགས་བླ་མ་དང་དགེ་བཤེས། ད་ལྟའི་ཆར་དགེ་རྒན་དང་རྩོམ་སྒྲིག་པ་སོགས་གནང་བཞིན་པའི་རྩོམ་པ་པོ་མང་པོ་ཞིག་འདུས་ཡོད།  འོན་ཀྱང་སྐོར་ཞིག་ནི་ད་ལྟ་མི་ཡུལ་ནས་གྱེས་པར་གྱུར། རཀ་ར་རིན་པོ་ཆེས་མུ་མཐུད་ནས་དབྱར་ཁའི་རིག་གནས་འཛིན་གྲྭ་ལན་ཤས་གནང་ཡོད་འདུག་མོད། ཕྲན་དེ་ལ་སླེབས་པར་མ་གྱུར།  འོན་ཀྱང་འབྲེལ་བ་འདི་ལ་བརྟེན་ནས་རིགས་སློབ་ཀྱིས་རཀ་ར་རིན་པོ་ཆེའི་ཕྱག་དེབ་ཀྱང་དཔར་བསྐྲུན་མཛད་པ་རེད།རཀ་ར་རིན་པོ་ཆེའི་ཐུགས་གཤིས་དང་མི་ཚེའི་སྐོར་སྐུ་ཞབས་འཇམ་དབྱངས་ནོར་བུ་ལགས་ཀྱིས་གསུངས་ཟིན་འདུག་སྟབས་འདིར་བསྐྱར་འབྲི་མི་བྱེད་ཅིང་།  ཕྲན་གྱིས་ཤེས་པའི་ཕྱག་དེབ་ཀྱི་ཁོངས་སུ།

༡༽ རྡ་རམ་ས་ལའི་བོད་ཀྱི་དཔེ་མཛོད་ཁང་གིས་ ༡༩༨༠ ལོར་པར་སྐྲུན་བྱས་པའི་ “དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་” དང་། (འདི་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དྲ་རྒྱའི་ཐོག་འབྲེལ་ཐག་ www.tbrc.org འདི་ན་འདུག )

༢༽དེ་བཞིན་ ༢༠༠༠ ལོར་པར་སྐྲུན་བྱས་པའི་ “རྒྱལ་རབས་དེབ་ཐེར་དཀར་པོའི་ཁ་སྐོང་མེས་བློན་གོང་མའི་ཞལ་ཆེམས།”

༣༽ རིགས་སློབ་ཀྱིས་ པར་སྐྲུན་མཛད་པའི་ “གནས་བརྒྱད་ཀྱི་འགྲེལ་པ་ཐ་སྙད་རིག་པའི་ཐི་གུ་དང་། སྤྲིན་གྱི་ཕོ་ཉའི་འགྲེལ་པ་གློག་ཕྲེང་མ།” (འདི་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དྲ་རྒྱའི་ཐོག་འབྲེལ་ཐག་ www.tbrc.org འདི་ན་འདུག )

༤༽ལྡི་ལི་བོད་ཁང་གིས་  ༡༩༩༥ ལོར་པར་སྐྲུན་མཛད་པའི་ “གསེར་ཀོང་རྡོ་རྗེ་འཆང་ཆེན་པོའི་རྣམ་ཐར་སྐལ་བཟང་རེ་སྐོང་།”

༥༽ མི་རིགས་དཔེ་སྐྲུན་ཁང་གིས་ ༢༠༠༥ པར་སྐྲུན་བྱས་པའི་ “གསར་བསྒྱུར་རཱ་མ་ཡཱ་ཎའི་རྟོགས་བརྗོད།”

༦༽བོད་གཞུང་ཤེས་རིག་པར་ཁང་གིས་ ༢༠༡༠ ལོར་པར་སྐྲུན་བྱས་པའི་ “རྒྱུན་ཆགས་ལྔ་པ་” (འདི་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱའི་ཐོག་འབྲེལ་ཐག་http://www.sherig.org/tb/wp-content/uploads/2011/03/rGyun-Chags-lnga-pa1.pdf འདི་ན་འདུག) བཅས་དང་།  ད་དུང་འདིར་མ་འཁོད་པའི་ཆབ་ཤོག་དང་། སྙན་རྩོམ། ལྷུག་རྩོམ་སོགས་ཚགས་པར་དང་དུས་དེབ་ཁག་ཏུ་འཁོད་པ་བཅས་རྩོམ་བྲིས་མང་ཙམ་བཞུགས་འདུག  དེ་ཡང་རིན་པོ་ཆེ་ནི་རྩོམ་ཁ་ཧ་ཅང་ཡངས་པ་དང་ཐོལ་བྱུང་དུ་རྩོམ་ཡིག་སྤེལ་བའི་ལྷན་སྐྱེས་ཀྱི་རིག་རྩལ་པ་ཞིག་ཡིན་པ་ནི་གོར་མ་ཆག

རིན་པོ་ཆེའི་སྐུ་ཚེ་ནི་འཕོ་འགྱུར་ཆེ་བའི་བོད་ཀྱི་དུས་སྔ་ཕྱི་གཉིས་དང་། གནའ་དེང་གི་འཇིག་རྟེན་གཉིས་ཀྱི་ནང་བརྒྱུད་ཡོད་སྟབས། དེ་ལ་དཔག་པའི་གསར་བརྗེ་དང་གསར་དོད་ཀྱི་དགོངས་ཚུལ་འཛིན་པ་ནི་སྨོས་མ་དགོས།  སྐད་ཡིག་གི་སྐོར་ལ་རིན་པོ་ཆེས་གསུངས་པའི་དཔེ་མཚོན་ཞིག་ནི་འདི་ལྟར། “རྒྱུན་ཆགས་ལྔ་པ་”ཞེས་པའི་གླེང་བརྗོད་དུ། “འདི་ནི་རང་རེ་བོད་པའི་པུ་གུ་ཚོ་ལ་སྒྲུང་སྙན་པོ་ཞིག་དང་།  བོད་སྐད་ཁུངས་དག་པོ་ཞིག་ཡིག་ཐོག་ནས་ཀྱང་ཤེས་པའི་ཆེད་དུ། ཧིནྡཱིའི་མ་དཔེ་ནས་བསྒྱུར་པ་ཡིན།” ཞེས་དང་། “རང་རེའི་གཞོན་སྐྱེས་མང་པོས། ཨིན་ཇི་དང་སྐད་ཡིག་གཞན་ཡག་པོ་ཤེས་པའི་རྗེས་ལ། དགོས་ངེས་ཀྱི་ཚིག་མང་པོ་བོད་སྐད་ནང་ལ་བཤད་དགོས་དུས།  དེ་སྔ་རིག་གནས་ཀྱི་ཚིག་མཐོ་པོ་ཤ་སྟག་བསླབ་པ་དེ་ཚོ་ནི། དུས་རྒྱུན་གྱི་སྐད་ཆ་བཤད་དུས་བེད་སྤྱོད་མེད་པར་བརྟེན། དོན་དག་གསལ་པོ་འཁྱོལ་རྒྱུའི་ཆེད་དུ་ཚིག་གིས་མ་འདང་བ་མེད་པ་དང་། ཚིག་ལྷག་མང་པོ་བཅུག་མི་དགོས་པར། རང་གི་བོད་པའི་སྐད་ཀྱི་ནང་ཤ་ར་རར་བཤད་ཐུབ་པ་དང་འབྲི་ཐུབ་པ་ཞིག་ཡོང་བའི་རེ་འདུན་དྲག་པོ་དང་བཅས། སྒྱུར་བ་པོ་རཀ་ར་བཀྲས་མཐོང་ནས་ཞུ་བ་ལགས།” ཞེས་གསལ་འདུག ༼ཤོག་གྲངས་ ༥༽

རཀ་ར་རིན་པོ་ཆེའི་སྐུ་ཚེ་འདིའི་རྩོམ་ཡིག་མཐའ་མ་ཡིན་པ་འདྲ་བའི་རྩོམ་ཡིག་ཅིག་བོད་ཀྱི་དུས་བབ་སྟེང་ཁོང་དགོངས་པ་རྫོགས་རྗེས་སུ་བཀོད་འདུག་ཅིང་། དེ་ལ་ “བོད་རྒན་རཀ་ར་བཀྲས་མཐོང་པའི་དྲང་གཏམ།” ཞེས་བཀོད་ཅིང་། རྩོམ་པ་པོའི་མཚན་དང་རྩོམ་བྲིས་ཟླ་ཚེས་ཀྱང་ “བོད་རྒན་རཀ་ར་བཀྲས་མཐོང་པས། ༢༠༡༢ ཟླ་ ༦ ཚེས་ ༢༣ ལ། ཕུལ།” ཞེས་བཀོད་འདུག་ཅིང་། དེའི་འབྲེལ་ཐག་འདི་རེད། http://tibettimes.net/news.php?id=6380 འདིའི་ཚིག་ཕྲེང་མཐའ་མ་དེ་ནི་འདི་འདྲ་ཞིག་རེད། “གུས་པས་དྲང་གཏམ་ཞིག་ཞུ་དགོས་བྱུང་དོན་ནི། ༸གོང་ས་སྐྱབས་མགོན་བཅུ་གསུམ་པས། བཀྲས་མཐོང་བུ་རིག་འཛིན་རྣམ་རྒྱལ་དཔའ་ཤོད་རཀ་རའི་སྐྱེ་སྲིད་དུ་ངོས་འཛིན་ན་འཐུས། ཞེས་ཕྱག་རྟགས་གནང་བ་བཞིན་ད་ལྟའང་མདོ་སྟོད་ཀྱི་ཁོངས་སུ་ཡོད་པས་མགྲིན་ཚབ་བྱས་ཏེ། མཐའ་དོན་ཞུ་རྒྱུ་ནི། མཛད་སྒོའི་གསུང་བཤད་དབུ་བཙུགས་སྐབས་ལ་ནི། སྲིད་པ་ཆགས་སྐབས་ནས་སྟོབས་ཆེན་རྒྱལ་ཁབ་རང་དབང་རང་བཙན་ཡིན་པ་དང་། ཡང་མཐའ་སྡོམ་དུ་ནི་རྒྱ་བོད་མཉམ་འབྲེལ་དུ་གནས་པ་མ་གཏོགས། ཁྱིམ་པ་ཕོ་མོ་ལྟར་ཁ་བྲལ་མི་ཆོག་ཅེས་བཀའ་ནན་གནང་ན། མང་གཙོའི་ཁས་ལེན་དམ་བཅའ་ལ་མི་གནོད་དམ།” ཞེས་པ་འདི་རེད།

ཕྲན་གྱིས་འདི་ལྟར་འཆལ་འཆོལ་གྱི་ངོ་བོར་དྲན་ཐོ་ཞིག་འབྲི་དོན་ནི། རཀ་ར་རིན་པོ་ཆེས་ཕྲན་ལ་བོང་བ་གསེར་གཟིགས་ཀྱིས་བརྩེ་གཟིགས་གནང་བ་དེ་རྗེས་དྲན་ཞུ་རྒྱུ་ཁོ་ནའི་ཆེད་ཡིན།  རཀ་ར་རིན་པོ་ཆེར་འབྲེལ་ཡོད་རྣམས་ཀྱིས་འདི་ལ་ཆད་གསབ་དང་ནོར་འཁྲུལ་ཡོ་བསྲང་སོགས་གནང་རྒྱུ་ལ་ཧ་ཅང་དགའ་བསུ་དང་གུས་བཀུར་ཞུ་བ་ཡིན། དེ་བཞིན་སླར་ཡང་རཀ་ར་རིན་པོ་ཆེས་གངས་ཅན་བོད་ཀྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གནང་བ་དེ་ནི་མི་རབས་རྗེས་མ་རྣམས་ཀྱིས་ཡི་རངས་ཀྱི་གནས་སུ་མཆིས་སོ་ཞེས་སྨྲ་བར་ཐལ་ལོ།།

རྩོམ་རིག

Post navigation

Previous Post: དགེ་རྒན་གྱི་སློབ་གསོ། ༼མཁན་པོ་ཚུལ་ཁྲིམས་ཀྱི་གསུང་བཤད།༽
Next Post: བོད་མི་མང་གི་གཅེས་ཕྲུག་བླ་ན་མ་མཆིས་པ། རྒྱལ་བ་རིན་པོ་ཆེ།

Comments (23) on “རེབ་གོང་དང་རཀ་ར། སྤྲུལ་སྐུ་ཞིག་རྗེས་སུ་དྲན་པ།”

  1. དགེ་འདུན་རྒྱ་མཚོ། says:
    2013-07-07 at 2:09 am

    བཀླགས་ཟིན།
    ཡག་པོ་བྲིས་འདུག
    སེམས་འགུལ་ཐེབས་པ་ཞིག་བྲིས་འདུག

  2. ཀླུ་སྨྱོན། says:
    2013-07-07 at 2:36 am

    ཐུགས་རྗེ་ཆེ། གསེར་སྲང་ལྔ་བརྒྱ་ཙམ་ངེས་པར་དུ་རི་བའི་མཁས་པ་འདི་འདྲ་ཞིག་སྐུ་གཤེགས་པར་བོད་གཞུང་དམངས་གཉིས་ད་བར་དུ་ཁུ་སིམ་མེར་བཞུགས་སོང་བར་ང་ནི་ཧ་འདྲ་ལས་བསྡད་ཡོད། ཆབ་སྲིད་པ་ཐེབས་ཆབ་དེ་འདྲ་ཞིག་ཤི་ན་གཞུང་འབྲེལ་མྱ་ངན་ཟེར་བ་དེ་འདྲ་འདུག ངོ་མ་ཡིད་ཆད་ཀི

  3. ཀླུ་སྨྱོན། says:
    2013-07-07 at 2:36 am

    ཐེབས་ཆག

  4. བློ་ཚེ། says:
    2013-07-07 at 7:29 am

    བོད་མི་ལ་མེད་དུ་མི་རུང་བའི་མི་དེ་འདྲ་ཞིག་སྐུ་གཤེགས་དུས་སུ་གང་གིས་རྒྱུན་ལམ་དུ་གོ་ཐོས་མེད་པ་གང་འདྲ་ཡིན་ནམ་་་ཁོང་གིས་སྔོན་མ་རྒྱ་བོད་བསྐོར་ལ་དྲང་བདེན་གིས་སྐད་ཆ་རྗེན་པ་དེ་འདྲ་གསུང་ཡོད་མིན་གྲོ།

  5. གངས་ཅན། says:
    2013-07-07 at 9:57 am

    དངོས་གནས་མཁས་པ་ཆེན་པོ་དེ་གོ་མེད་ཚོར་མེད་ཅིག་ངང་འདི་ལྟར་ཕེབས་སོང། ཚགས་ཤོག་དང་དྲ་གནས་སྟེང་ནས་རྗེས་དྲན་བྱས་པ་འདི་ཐོག་མ་མིན་ནམ། སྤྱི་བཏང་ས་རཱ་ཚང་ནས་མཁས་པ་འདི་རྗེས་དྲན་གྱི་ཚོགས་འདུ་དང་དེབ་འདྲ་བཏོན་ན་ཆོག་ཀྱང། གཅིག་ཀྱང་ཐོན་མ་སོང། མ་བྱས་པ་དེ་ལ་རྒྱུ་མཚན་གཞན་ཞིག་ཡོད་དམ། གང་ཡིན་མ་ཤེས།

  6. བཀྲ་ཤིས་རྡོ་རྗེ། says:
    2013-07-07 at 10:44 am

    རཀ་རེའི་ཉེ་འཁོར་གྱི་མི་དེ་དག་སུ་དང་སུ་ཞིག་ཡིན་ནམ། རྩོམ་ཡག་པོ་བྲིས་འདུག

  7. བློ་བཟང་། says:
    2013-07-07 at 11:38 am

    ཀླུ་སྨྱོན་ལགས། བོད་གཞུང་དམངས་གཉིས་ལ་ཧ་མ་ལས་སོང་མ་གསུངས་ཤིག ཁྱེད་ནས་རྒྱན་ལྡན་ཚགས་ཤོག་ཐོག་མང་པོ་ཞིག་འབྲི་བཞིན་འདུག འོ་ན་ཁོང་གི་རྗེས་དྲན་མ་འབྲི་པ་གང་ཡིན་ནམ། གོ་མ་སོང་ཟེར་ན། བོད་ནང་གི་མཁས་དབང་དེ་འདྲ་ལ་དོ་སྣང་མེད་པའི་རྟགས་རེད། ང་ཁྱེད་ལ་ཧ་ལས་སོང་ཡ།

    ཞུས་འདོད་གཙོ་བོ་ཞིག་ནི། ལམ་སེང་སྐྱོན་བརྗོད་མ་གནང་བར་ཁྱེད་རང་ལ་ཐོབ་ཐང་གང་ཡོད་པ་དེ་འབད་བཅོས་གནང་དང་། དཔེར་ན། བོད་མིའི་སྒྲིག་འཛུགས་དང་ཚོགས་པ་ཁག་ལ་དྲན་བསྐུལ་དང་བསམ་འཆར་གསུང་། རང་གིས་ཡང་ཧུར་ཐག་གནང་། དེ་ནས་དུང་ཆེན་འབུད་དང་རན་པོ་ཡོད། གཞན་ལ་ལྟ་བའི་མིག་ཡོད་ཀྱང་། །རང་ལ་ལྟ་བའི་མེ་ལོང་དགོས། གསུངས་པ་མ་རེད་དམ། དགོངས་དག་དངོས་གནས་ཁྱེད་ཀྱི་ཚིག་འདིས་འཕོག་སོང་། གང་ཡིན་ཟེར་ན་དྲང་པོ་མ་རེད་པའ།

  8. བློ་བཟང་། says:
    2013-07-07 at 11:42 am

    ཧ་ལས་སོང་” ཞེས་བཅོས་རོགས།

  9. རྒྱང་མིག says:
    2013-07-07 at 11:44 am

    རཀ་ར་ཞེས་པའི་དོན་དག་ཅི་ཡིན་ངས་ནི་མ་ཤེས་པས་དེ་བརྗོད་མཁན་ཡོད་དམ། བོད་ཡིག་ལ་རྗེས་འཇུག་ཀ་ཅན་ནི་མེད་པས་ར་དང་ཀ་གཉིས་མཉམ་དུ་སྦྱར་ན་ཀློག་གདངས་ཅི་ཞིག་ཐོན་ནམ།

    སྔོན་ཆད་མཁས་པ་ཁོང་གི་གསུང་རྩོམ་ལ་མང་དུ་མཇལ་མྱོང་ཡོད། ཁོང་གི་གསུང་རྩོམ་ཁག་ནང་འདི་འདྲ་བའི་གལ་གནད་ཅན་ “མི་ལོ་སྟོང་ལ་ཉེ་བའི་སྔོན་ནས་རྒྱལ་མཆོག་ལྔ་བ་ཆེན་པོའི་སྐུ་དུས་ཙམ་བར་དུ་མི་ལོ་དྲུག་བརྒྱ་བདུན་བརྒྱ་ཞིག་གི་རིང་ལ་ནི་བོད་ཀྱི་ལོ་ཙཱ་བ་ཚོས་མགོ་བཀའ་འགྱུར་ནས་བྱས་ཏེ། བསྟན་འགྱུར་གྱི་བཪ་འགྱུར་རིང་ལ་གཞན་ཕར་བཞག སྨན་རྩིས། ཐ་ན་རྟའི་བསྟན་བཅོས་ཚུན་བསྒྱུར་གནང་དུས། བོད་ཀྱི་ལོ་ཙཱ་བ་ཚོ་ལ་ནི་ཚིག་གི་མུ་གེ་བྱུང་བའི་ལོ་རྒྱུས་ནི་རྒྱལ་རབས་ཆོས་འབྱུང་གང་གི་ནང་དུའང་གསལ་མི་འདུག མུ་གེ་དངོས་གནས་དེ་དེང་སང་བྱུང་ནས་ཕྱི་རྒྱལ་གྱི་སློབ་གྲྭ་ཞིག་ལ་ཕྱིན་ན། ཚུར་ཡོང་དུས་བོད་སྐད་དང་མཉམ་དུ་སྐད་གཞན་པ་ཞིག་མ་འདྲེས་ན་མི་གྲལ་ལ་མི་ཚུད་པའི་སྡུག་བསྔལ་བྱེད་པ་དེ་ནི་ཤར་ཕྱོགས་སྤྱི་དང་། ལྷག་པར་རྒྱ་གར་བའི་བསྙུན་གཞི་ཞིག་བོད་ལ་འགོས་འདུག་པས། བླང་བྱ་དང་དོར་བྱའི་མཚམས་ཤེས་པ་ཞིག་དགོས་ཀྱི་མེད་དམ།”ཞེས་དང་།

    “གང་ལྟར་སྐད་ཡིག་གཉིས་བཟའ་ཚང་ཁ་བྲལ་བྱུང་བའི་རྐྱེན་གྱིས་བོད་ཕྲུག་ཚོ་ལ་མགོ་ཀ་ཁ་ཤེས་ཙམ་ནས་དཀའ་ལས་བྱུང་ནས། བར་གཞོན་ནུ་ཡན་ཆད་ཞེ་མེར་ལངས་དགོས་པ་དང་། སྤོ་རྒན་རྒོན་ཚུན་ཆད་ཡི་མུག་པ་བྱུང་བ་རེད་སྙམ།”ཞེས་དང་།

    “འགའ་ཤས་ནས་ཡི་གེ་ལ་ཡང་བསྒྱུར་བཅོས་དགོས་ཟེར་ཡང་། ཡི་གེ་ལ་བསྒྱུར་བཅོས་བཏང་ན་ནི་རྨང་གཞི་རྩ་མེད་དུ་འགྲོ་ཉེན་ཡོད་ཅིང་། བོད་ཀྱི་དབྱངས་གསལ་འབྲི་སྟངས་དང་ཡི་གེའི་བཀོད་པ་ལྟ་བུ་རྒྱལ་ཁབ་གཞན་སུ་ལ་ཨེ་ཡོད། ད་ལྟ་དོ་གལ་ཆེ་ཤོས་དེ་སྐད་ལ་དག་ཐེར་བྱེད་དགོས་པ་མ་གཏོགས། ཡི་གེ་དང་ཚིག་ལ་བསྒྱུར་བཅོས་དགོས་རིགས་རྩ་བ་ནས་མེད། གསར་རྙིང་གི་རིག་གཞུང་དང་བརྡ་སྤྲོད་སོགས་ཕན་ཚུན་གཅིག་གྲོགས་ལ་གཅིག་འགྲོ་ཐབས་མ་ཤེས་ན། རིག་གཞུང་རྙིང་བའི་པོ་ཏི་ཁ་ནས་ཟོས་ཀྱང་བོད་སྤྱི་ལ་ཕན་ཐོགས་ག་ལ་འོངས། དེར་བརྟེན་དགེ་ཆོས་རིན་པོ་ཆེ་ནས་རང་གི་བློ་བཟོའི་ཚིག་སྦྱོར་གསར་རྩོམ་བྱེད་མི་ཉན། དཔེ་ཆ་གང་མང་མང་རྒྱ་གང་ཆེས་ཞིབ་ཚགས་བྱས་ཏེ་བལྟས་ན། རང་རེའི་བོད་ཀྱི་སྐད་ཡིག་ལ་ཚིག་དོན་གཉིས་ཀྱིས་ཕོངས་པ་ཡོང་གཞི་རྩ་བ་ནས་མེད་ཅེས་ཡང་ཡང་བཀའ་གནང་བ་དེ་ལ་ཞིབ་ཏུ་དཔྱད་སྐབས་དགེ་མཚན་བསམ་གྱིས་མི་ཁྱབ་པ་འདུག” ཅེས་སོགས་མང་པོ་འབྱུང་།

  10. བློ་བཟང་། says:
    2013-07-07 at 11:46 am

    ད་དུང་ཁོང་དང་ཁོང་འདྲ་ག་ཚོད་བྱུང་མིན་དང་། དེར་བོད་གཞུང་དམངས་གཉིས་ཁུ་སིམ་མེར་བཞུགས་ཡོད་པ་ཇི་ཙམ་བྱུང་མིན་གསུང་ཐུབ་བམ། རྩོམ་པ་པོ་ཞིག་གི་ཆ་ནས་བསམ་ན་བློ་ཟུར་བོར་གནས་པ་མི་དགོས་སམ།

  11. ཀླུ་སྨྱོན། says:
    2013-07-07 at 11:56 am

    གོང་གི་བློ་བཟང་ལགས། ངས་ཉེ་སྔོན་ཁོང་ཚང་ལ་གྲག་འགུལ་ཅང་མི་འདུག་པས་སྐུ་གྲོངས་སོང་ཡིན་ནམ་ཞེས་ཁ་བརྡ་དྲ་ཐོག་འདིར་དྲིས་པས་གཞི་ནས་ཁོང་གྲོངས་ཟིན་པ་ཤེས། ང་དང་ཁོང་ལ་འབྲེལ་བ་ཕྲ་མོ་ཞིག་ཡོད་པ་གཞིར་བཞག་སྟེ་ཁོང་རྗེས་དྲན་རྩོམ་ཐུང་ཞིག་འབྲི་བཞིན་ཡོད། ཁོང་ལ་ས་རའི་སློབ་མ་དེ་ཚོར་གྲགས་འགུལ་མེད། ཁོང་སུད་སི་ལ་བོད་ཕྲུག་ཕྱི་བསྐྱོད་པ་ཐོག་མ་ཚོའི་དགེ་རྒན་དུ་མངགས་མཁན་བོད་གཞུང་ལ་གྲགས་འགུལ་མེད། དགེ་ཆོས་ལྷ་བཞིར་བཀུར་མཁན་ཚོར་གྲག་འགུལ་མེད། དུས་བབ་དང་ཁ་བརྡ་སོགས་ལ་གྲག་འགུལ་མེད། ཁོང་ཆོས་ཞུགས་གནང་སའི་གདན་ས་ཁག་ལ་གྲག་འགུལ་མེད།

  12. ཀླུ་སྨྱོན། says:
    2013-07-07 at 12:23 pm

    ཁ་བརྡ་ཁ་སང་དེ་རིང་གཞི་ནས་གྲག་འགུལ་བྱུང་བ་ཡང་ཁོང་གྲོངས་པ་རྩོམ་སྒྲིག་པ་ཚོས་ཉེ་ཆར་རང་ཤེས་རྟོགས་བྱུང་བ་ཡིན་ངེས་ཡིན།

  13. ཀུན་དགའ་ says:
    2013-07-07 at 12:30 pm

    གྲགས་འགུལ་མེད་པ་འདི་རིན་པོ་ཆེ་མཆོག་འབད་པ་ལྷུར་ལེན་ཆེན་པོས་སྦས་པའི་བརྟུལ་ཞུགས་འཛིན་མཁན་གྱི་རྣལ་འབྱོར་བ་ཞིག་རེད། འདི་དེང་གི་སྐྱག་གཅིན་གཏོང་བ་ཚུན་ཆད་ལ་ཡུད་ཤོད་མཁན་གྱི་རྩོམ་པ་པོ་ཚོས་བསམ་མ་ཐུབ་པའི་སྤྱོད་པ་ཞིག་མ་རེད་པས།

  14. བློ་བཟང་། says:
    2013-07-07 at 1:02 pm

    ཁོང་རང་ངོས་ནས་ཁུ་སིམ་བཞུགས་པའི་རྒྱུ་མཚན་ཡང་འདུག་སྙམ། ཁོང་གིས” བོད་ཀྱི་ཡོན་ཏན་ཁྱབ་གདལ་ཡོང་རྒྱུའི་ཚབ་ལ་རང་གི་དུས་ཚོད་ཆུད་ཟོས། དེའི་ཐོག་ཁོང་ཚོར་ཕོགས་སྣོན་ཡོང་གཞིའི་དམིགས་ཡུལ་སྒྲུབ་རོགས་ལྟ་བུ་གཅིག་དང་། ཞེས་དང་། བོད་ལ་བསམས་ནས་གཞན་ལ་རྨོངས་གྲོགས་བྱས་པའི་འགྱོད་པ་ཆེན་པོ་དང་། ཞེས་སོགས་གསུངས་ཉམས་ལ་བལྟས་ན་ཡིད་ཐང་ཆད་པའི་བཟོ་འདྲ་ཞིག་འདུག སླད་ནས་བོད་ལར་ཞེན་ཅན་ལ་གུས་བཀུར་དང་གོ་སྐབས་ཕུལ་དགོས་པ་ལས་གནོན་ཤུགས་མེད་ན་ཕན་ཐོགས་ཡོང་ངེས་བསམ།

  15. ཀརྡོ་གཉེར་ཕྱག་པ་ says:
    2013-07-07 at 2:25 pm

    རཀ་ར་རིན་པོ་ཆེས། ་་་་་་་ དེ་བཞིན་འདི་འཇིག་རྟེན་འདིའི་ནང་གི་སྒྲུང་རྙིང་ཤོས་མིན་ན་ཡང་། ཐམས་ཅད་ནས་མཆོག་ཏུ་གྱུར་པའི་སྒྲུང་ཞིག་ཡིན་པར་ངོས་འཛིན་བྱེད་བགྱི་ཡོད། ཕྱིའི་རྒྱལ་ཁམས་ཀྱི་མཁས་པ་མང་པོས་ཀྱང་འདིའི་ནང་གི་སྒྲུང་དང་། སྤྱོད་ཚུལ། ཁྲིམས་ཀྱི་བརྗོད་བྱ་ལ་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད་རེད་ཅེས། མཁས་པ་Satyakaam Vidyaalankarགྱིས་གསུངས་འདུག ་་་་་
    ངས།
    ་་་་ དེ་བཞིན་འདི་འཇིག་རྟེན་འདིའི་ནང་གི་སྒྲུང་རྙིང་ཤོས་མིན་ན་ཡང་། ཐམས་ཅད་ནས་མཆོག་ཏུ་གྱུར་པའི་སྒྲུང་ཞིག་ཡིན་པར་ངོས་འཛིན་བྱེད་བགྱི་༼བགྱིད་༽ཡོད། ཕྱིའི་རྒྱལ་ཁམས་ཀྱི་མཁས་པ་མང་པོས་ཀྱང་འདིའི་ནང་གི་སྒྲུང་དང་། སྤྱོད་ཚུལ། ཁྲིམས་ཀྱི་བརྗོད་བྱ་ལ་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་༼བགྱིད་༽ཡོད་རེད་ཅེས། མཁས་པ་Satyakaam Vidyaalankarགྱིས་གསུངས་འདུག ་་་་་་་

  16. ཀརྡོ་གཉེར་ཕྱག་པ་ says:
    2013-07-07 at 2:31 pm

    བཀའ་བསྟན་གྱི་མིང་ཚིག་དང་བརྡ་དག
    འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་བཞུགས་པའི་ཚེ།
    དིང་གི་བོད་སྤྱིའི་ཁ་སྐད་དུ།
    ངས་དུས་གཅིག་ལ་འདི་འདྲ་ཅིག་ཐོས་བྱུང་། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་བྱ་རྒོད་ཕུང་པོའི་རི་ལ་བཞུགས་པའི་དུས།

  17. བློ་བཟང་། says:
    2013-07-07 at 5:48 pm

    ཀླུ་སྨྱོན་ལགས་དགོངས་པ་བཞེད་དགོས་པ་ཞིག་ལ། སྤྱི་པའི་ལས་ཀ་ཟེར་བ་དེ་ང་ཚོའི་མིག་གི་ལྟ་བ་བཞིན་རྩ་བ་ནས་མེད། ཕྱོགས་མང་པོ་ཞིག་ནས་བསམ་དགོས། བོད་མིའི་སྒྲིག་འཛུགས་ནས་ཕྱི་རྒྱལ་དགེ་རྒན་དང་ལས་འགན་གཞན་གྱི་ཆེད་མངགས་པ་ཁོང་གཅིག་པོ་ཡིན་གྱི་མརེད། བྱས་ཙང་གཅིག་བྱེད་ན་ལོ་འཁོར་མ་དུས་དྲན་གནང་ནས་རྫོགས་དགོས་པ་དེ་འདྲ་ཡོང་མི་སྲིད་མ་རེད། གཅིག་ནས་ཁོང་གི་རྩ་བའི་བླ་མར་དུས་དྲན་གནང་ན་ངའི་བླ་མར་ཡང་ལོས་དགོས། བྱེད་ལས་མཚུངས་པའི་ཕྱིར། ཞེས་རིགས་གྲས་བཏང་ནས་ཆོས་ལུགས་དང་ཆོ་གའི་འཐེན་འཁེར་གྱི་སྟ་གོན་ཐོག་གནས་ཡོད་པ་མཁྱེན་གསལ་རེད།

    གཉིས་ནས་ཁོང་ཚོའི་སྣང་འཇོག་བྱས་པ་ཡིན་གྱི་མ་རེད། གཞན་གྱི་དོ་སྣང་སྤྲོད་མིན་དོ་བདག་སོ་སོའི་འབྲེལ་བ་ལ་ལག་ལས་པ་ང་ཚོ་ཚང་མའི་མཁྱེན་གསལ་རེད་པའ། དཔེར་ན། བྱ་བྲལ་ཁ་ཁུམ་སིམ་པོ་ཞིག་ཡིན་ན་མྱང་ངན་ལས་འདས་མིན་སུས་ཤེས། དེ་སུ་གཅིག་གི་སྐྱོན་མ་རེད། བླ་མའི་སྙན་གྲགས་སློབ་མས་གྲགས་འགུལ་རེད།
    སློབ་མ་ངན་པས་བླ་མ་ཟོག་པོར་གཏོང་། ཞེས་པ་མཁྱེན་དགོས། གཞུང་སྤྱི་ལ་མཚོན་ན་རང་རང་སོ་སོའི་ལས་འགན་ནང་འཐིམ་བསྡད་ཡོད། འོག་ནས་དྲན་གསོ་དགོས། གཞུང་ཞབས་པ་ཞིག་གི་འབྲེལ་ཡོད་ཡིན་ན་དེས་གྲགས་འགུལ་གནང་གིས་རེད། མ་གཏོགས་དེང་ས་གཞུང་ཞབས་པ་གསར་པའི་ནང་ཁོང་ངོ་མི་མཁྱེན་མཁན་ཉུང་ཤས་ཡིན་གྱི་མ་རེད།

    ད་དུང་འདས་པའི་ལོ་རྒྱུས་ལ་ཕྱི་མིག་མང་ཙམ་གཟིགས་ཐུབ་ན་མཁྱེན་ཡོང་། མ་འོངས་པར་ཡང་དུས་དྲན་རྫོགས་མཐའ་མེད་པར་གནང་དགོས་སྲིད། གང་ལྟར་ཡང་ལམ་སེང་”ཐེབས་ཆག་”ཞེས་མ་གསུངས་ཤིག
    ངའི་ཤེས་ཚོད་ལ་བླ་མ་བསམ་གྱི་མི་ཁྱབ་ཡིན་ནའང་སྤྱི་ཚོགས་སྡིངས་ཆའི་གང་མ་ནས་སླེབ་མ་མྱོང་བ་དང་། དེ་ཙམ་སྐུ་ཡོན་མེད་པ་སྤྱི་ཚོགས་སུ་ཡང་ཡང་མངོན་པ་དེ་འདྲ་ཁ་གསལ་རེད། འོ་ན་དེ་སུས་སྐྱོན་རེད། ཚོགས་པ་ཁག་ལ་ལན་ཁག་མ་གཡོག འོན་ཀྱང་ཚོགས་པ་སྤྱི་ལ་ནམ་ཡང་སྐྱོན་མེད་ཟེར་གྱི་མེད། བརྟགས་དགོས། རྟོག་དགོས། བརྟག་དགོས།

  18. བློ་བཟང་། says:
    2013-07-07 at 5:52 pm

    རག་ལས་པ།

  19. ཨ་ནུ་ཐང་བསོད་ནམས says:
    2013-07-07 at 6:41 pm

    སྐད་གྲགས་ཅན་གྱི་དམ་པ་ཁོང་སྐུ་གྲོངས་བར་མྱ་ངན་གྲངས་མེད་ཞུ།

  20. ཨ་ནུ་ཐང་བསོད་ནམས says:
    2013-07-07 at 6:44 pm

    དངོས་གནས་ཀླུ་སྨྱོན་གྱིས་གསུངས་བར་མོས་མཐུན་ཡོད།

  21. ལྷ་སྡེ་གནམ་ལོ་ཡག says:
    2013-07-07 at 10:59 pm

    དམ་པ་ཁོང་གི་སྐུའི་འཕེན་པ་རྫོགས་པར་མྱ་ངན་གྲངས་མེད་ཞུ་རྒྱུ་ཡིན།

  22. ལུང་རྟོགས། says:
    2013-07-09 at 11:52 am

    རག་ར་རིན་པོ་ཆེ་བོད་པའི་སྤྱི་ཚོགས་ནང་ཅུང་ཟད་གོ་རྒྱུ་ཡོད་པ་བྱུང་བ་འདི་དགེ་ཆོས་ཀྱི་བཀའ་དྲིན་རེད། དེས་ན་ཁོང་ལ་རྗེས་དྲན་ཞུ་དུས་དགེ་རྒན་ཡང་མ་བརྗེད་པ་གྱིས་ཤིག

  23. ཀརྡོ་གཉེར་ཕྱག་པ་ says:
    2013-07-10 at 3:10 am

    ཡབ་ཆེན་དགེ་ཆོས་བོད་དུ་གཤེགས། །
    སྲས་ཆེན་རཀ་ར་སུད་སིར་གཤེགས། །
    དགེ་ཆོས་ཡབ་སྲས་རྣམ་གཉིས་ཀྱི། །
    གསུང་རྩོམ་རྟག་ཏུ་རྒྱལ་འགྱུར་ཅིག །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme