Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རེབ་གོང་གི་སྤྱི་ཚོགས་བདེ་འཇགས་ཀྱི་འགན་ཁུར་བ་དག་གང་དུ་ཡིབ་པ་ཡིན་ནམ།(བོད་འབྱོར།)

Posted on 2014-08-122014-08-12 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 6 Comments on རེབ་གོང་གི་སྤྱི་ཚོགས་བདེ་འཇགས་ཀྱི་འགན་ཁུར་བ་དག་གང་དུ་ཡིབ་པ་ཡིན་ནམ།(བོད་འབྱོར།)

རླངས་ཚང་བསོད་ནམས་རྡོ་རྗེ།

ཟླ་འདིའི་ཚེས་བཅུའི་ཉིན་ལོ་ངོ་གཅིག་ཙམ་ལ་ཡུལ་རེབ་གོང་གི་གླེང་གཞིའམ་སེམས་ཁྲལ་བྱེད་ཡུལ་དུ་གྱུར་པའི་སྤྱང་ལུང་རོང་འབྲོག་གཉིས་ཀྱིས་དབྱར་རྩྭ་ལ་དམིགས་པའི་ཁ་མཆུ་རིང་མོ་དེ་འགྲིག་ཐབས་སུ་རོང་བོ་དགོན་ཆེན་གྱི་ཨ་མྱེས་གུར་གྱི་ལྷ་ཁང་མདུན་དུ་རོང་འབྲོག་གཉིས་ཀྱི་བར་དུ་མནའ་འཇོག་ཏུ་བཅུག་པ་ཐོས་པ་དང་། ཚེས་བཅུ་གཅིག་ཉིན་བཟུ་ཁ་གྲགས་ནས་ཕན་ཚུན་གཉིས་ཀའི་རང་ཉིད་ཀྱི་མནའ་གྲོགས་ལ་འདང་རྒྱབ་ནས་ཁ་མཆུ་དེ་འགྲིག་རྒྱུ་ཡིན་ཚུལ་བརྗོད་སོང་བས་སེམས་པ་དགའ་བས་མྱོས་ཏེ་དེ་མ་ཐག་སྡེ་བ་དེ་གཉིས་ཀའི་མནའ་གན་བཞག་པའི་གནས་ཚུལ་དེ་སྐད་འཕྲིན་གྱི་བར་སྟོང་དུ་བཞག་པ་ལྟར། མང་པོ་ཞིག་གིས་དགའ་བའི་རྣམ་འགྱུར་བསྟན་སོང་བ་དེ་ལྟར་ན་ཡང་།

ཚེས་བཅུ་གཅིག་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་གཉིས་བར་དུ་གྱོད་དེ་ཞི་འགྲིག་ཡོང་བའི་གསར་འགྱུར་ལ་སྒུག་བསྡད་ན་ཡང་གོ་རྒྱུ་མ་བྱུང་བས། ད་ཐེངས་ཡང་དེ་སྔ་རོང་བོ་དགོན་ཆེན་དང་རེབ་གོང་སྔགས་མང་། ཆུ་ཁོག་ཡུལ་ཚོ་བཅས་ཀྱིས་སྤྱང་ལུང་རོང་འབྲོག་གཉིས་ཀྱི་གྱོད་ཁ་འདུམ་པར་བྱས་ཏེ་ཕན་ཚུན་གཉིས་ངོས་ནས་མཛུབ་ཐེལ་དང་མིང་རྟགས་བཀོད་རྗེས་ཀྱི་ཉིན་རྗེས་མའི་ཞོགས་པར་སྤྱང་ལུང་རོང་བས་བཟུ་བ་དག་གིས་ས་མཚམས་དང་ཆུ་མཚམས་ནོར་སོང་བར་བསྙད་ནས་ཇ་དང་ཁ་བཏགས་རེབ་གོང་སྐྱབས་མགོན་གྱི་ནང་ཆེན་དུ་བསྐྱལ་བའི་གནས་ཚུལ་ཞིག་བྱུང་བའི་ཁར། རོང་བས་འབྲོག་པ་ནས་ཡིན་པའི་སློབ་འབྲིང་སློབ་མ་གཅིག་ཚུད་མི་རེ་ཟུང་སྨན་ཁང་དུ་བསྐྱལ་བ་མ་ཟད། འབྲོག་པའི་སྡེ་དཔོན་སོགས་ཡོད་པའི་རླངས་འཁོར་ཞིག་ལ་རྡོས་གཞུས་ཏེ་མི་འགའ་ཡང་སྨན་ཁང་དུ་བསྐྱལ་དགོས་བྱུང་བ་དང་། རོང་བའི་མི་མང་པོ་ཞིག་གིས་རེབ་གོང་རྒྱ་སྲང་ནས་འབྲོག་པའི་རྒད་པོ་ཞིག་ལ་གཅར་ནས་སྨན་ཁང་དུ་བསྐྱལ་ཡང་ས་གནས་ཉེན་རྟོགས་པས་མ་ཤེས་པའི་ཁུལ་གྱིས་བསྡད། རིམ་གྱིས་སྤྱང་ལུང་རོང་འབྲོག་གཉིས་ཀྱིས་དུས་ཚོད་བཞི་ཙམ་རིང་རྡོ་འཛིང་བྱས་ཏེ་མཐའ་མར་རྒྱལ་བོ་སྒང་དང་ཀླུ་ཆུ། ཀོའུ་སྡེ་བཅས་སྡེ་བ་འགའ་རེས་བར་འདུམ་ཙམ་བྱས་ན་ཡང་རོང་འབྲོག་གཉིས་ཀའི་ཁྱོ་ཀ་རྨས་མ་དག་རང་རང་གི་ཆུང་མ་ལས་འཁྲིད་མཁན་མེད་པ་ལྟར་གྱུར་ཏེ་མང་པོ་ཞིག་སྨན་ཁང་དུ་བརྫངས་བ་བཞིན་ད་ལྟའི་བར་དུ་ཕ་བུ་ལྟ་བུར་བྱས་ཏེ་ཡོང་བའི་རོང་འབྲོག་གཉིས་ཀས་ད་དུང་ཡང་དབྱར་རྩྭ་བརྐོ་རན་ལ་ཐོན་དུས་ནས་དམར་འཛིངས་བྱེད་ངེས་རེད་ཨང་སྙམ་པའི་མུར་གཉིད་ཁུག་པར་གྱུར།

ཚེས་བཅུ་གཉིས་ཉིན་གྱི་ཞོགས་པ་སྔ་མོར་འབྲེལ་ཡོད་ལ་ཡང་བསྐྱར་ཁ་པར་བཏང་སྟེ་གྱོད་འགྲིག་མིན་དྲིས་སྐབས། འདང་ནུབ་ཆུ་ཚོད་གསུམ་པ་ལ་གྱོད་ཡོངས་སུ་འགྲིག་སོང་ཞེས་པ་ཐོས་པས་སེམས་ཀྱི་ཐེ་ཚོམ་ཡོངས་སུ་མེད་ཐབས་བྲལ་ན་ཡང་དགའ་སྣང་ཅུང་ཟད་ཅིག་རང་བཞིན་གྱིས་སྐྱེས་བྱུང་མོད། འོན་ཀྱང་། ནམ་རྒྱུན་གྱི་གོམས་སྲོལ་ལྟར་ཉལ་སའི་ནང་ནས་སྐད་འཕྲིན་གྱི་བར་སྟོང་ཉུལ་བ་ན་ཀོའུ་སྡེ་དང་ཉ་ལུང་སྡེ་བ་གཉིས་ཀྱིས་དམར་འཛིངས་བྱས་ཤིང་ཉ་ལུང་གི་མི་གཅིག་གསད་ཚུལ་གྱི་སྐད་ཆ་ཞིག་འདུག་ན་ཡང་། གསར་འགྱུར་དེ་འབྲི་མཁན་གྱིས་ཀྱང་གཞན་ནས་གོ་ཚུལ་ཙམ་བྲིས་འདུག་པ་དང་། སྐད་འཕྲིན་གྱི་བར་སྟོང་ནས་བཤད་ཚུལ་མཐའ་དག་བདེན་པར་མི་འཛིན་པའི་གཤིས་ཀ་དབང་བཙན་པར་བྱས་ཏེ་དེ་ལ་རྣ་བ་མ་གཡར།

ཉིན་གུང་ཙམ་ལ་དེའི་སྐོར་གྱི་སྐད་ཆ་བཤད་མཁན་མང་པོ་བྱུང་བ་བཞིན་གཏམ་དེ་བདེན་པའི་ཆ་འདུག་པར་བསམ་ནས་འབྲེལ་ཡོད་འགའ་རེར་ཁ་པར་རྒྱུད་དྲིས་པ་ན་གཏམ་ངན་གོ་ཚད་བདེན་པར་འདུག་པའི་ངེས་པ་རྙེད། གང་ལྟར་རྩྭ་ས་ཁྱིམ་ཚང་ལ་བགོས་པ་ནས་ཕ་བུའི་བར་དུ་ཡང་ས་རྩོད་བྱུང་བ་མ་ཟད། དབྱར་རྩྭ་བརྐོས་པ་ནས་སྡེ་བ་དང་སྡེ་བའི་བར། ཚོ་བ་དང་ཚོ་བའི་བར། སྐྱིད་སྡུག་གཅིག་པའི་རོང་བ་དང་འབྲོག་པའི་བར། མདོར་ན་སྤུན་དང་མིང་སྲིང་བར། ཕ་དང་བུའི་བར་དུ་ཡང་རྩོད་གླེང་སྣ་ཚོགས་ཤིག་བྱུང་དང་འབྱུང་མུས་ཡོད་པ་བཞིན། ཡུལ་རེབ་གོང་གཅིག་པུར་མཚོན་ན་ཡང་ནུབ་ཀྱི་བྱ་ཁྱུང་རྫ་འདབས་གཅིག་པུར། ཤ་སྦྲང་དང་ཆུ་མ་སྡེ་བ་གཉིས་ཀྱི་བར་ལོ་ངོ་དུ་མའི་རིང་དམག་འཁྲུག་བྱས་ཏེ་མི་འགའ་རེ་གསད་པ་དང་འགའ་རེ་ད་དུང་ཡང་བཙོན་དུ་ལུས་ཡོད། ཤ་སྦྲང་དང་བློན་ཆོས་གཉིས་ཀྱི་བར་ནས་ཀྱང་མི་འགའ་རེ་གསད་རྨས་བྱས། ཤ་སྦྲང་དང་དོར་ཉིན་གཉིས་ཀྱི་བར་དུ་ཡང་མི་ལ་རྨས་སྐྱོན་དང་འཕྲུལ་རྟ་སོགས་གཅོག་རེས་ལན་འགར་བྱས། ཉ་ལུང་དང་ཀོའུ་སྡེ་གཉིས་ཀྱི་བར་ཡང་འཁྲུག་འཛིངས་བྱུང་སྟེ་ཁ་སང་མི་གཅིག་གསད་བཞག་པ་དེ་རེད། དེ་ནས་ཀོའུ་སྡེ་དང་དམག་སར་བར་དུ་ཡང་ལོ་རེར་རྒྱག་རེས་ཚབ་ཆེན་བྱས་ཏེ་ད་ལྟའི་བར་ཡོང་བ་རེད། མདོར་བསྡུས་ནས་བཤད་ན་བྱ་ཁྱུང་རྫ་འདབས་སུ་ཡོད་པའི་སྡེ་བའི་ཁྲོད་ད་ལྟའི་བར་དབྱར་རྩའི་ཆེད་དུ་ཁ་རྩོད་ཙམ་ཡང་བྱས་མ་མྱོང་བའི་སྡེ་བ་ཞིག་རྩ་བ་ནས་མེད་ཀྱང་། ལོ་རེ་བཞིན་རེབ་གོང་རྫོང་གི་ལས་བྱེད་པ་དག་གིས་དབྱར་རྩྭ་བརྐོ་སྐབས་གཅིག་པུར་ས་མཚམས་སྲུང་བ་སོགས་བྱེད་པ་ལས་གྱོད་སྣ་ཁ་མཆུ་དེ་འདུམ་ཐབས་ལ་ཤུགས་རྒྱབ་མེད་པ་ནི་ལོ་ངོ་མང་པོ་འགོར་བའི་དེ་རིང་ཡང་ཆུ་མ་དང་ཤ་སྦྲང་སྡེ་བ་གཉིས་ཀྱི་གྱོད་དོན་ཡང་ཐག་བཅད་མེད་པ་འདི་རེད།

དེ་ལྟར་ལོ་རེར་དམར་འཛིངས་བྱས་ཀྱང་གྱོད་དེ་འདུམ་ཐབས་མ་བྱས་པར་ཡོང་བའི་ཉེར་ལེན་དེའི་དབང་གིས་དབྱར་རྩྭ་ལས་ཡོང་སྒོ་གཞན་མེད་པའི་སྡེ་བ་དག་གིས་ཀྱང་དབྱར་རྩྭ་སྲོག་ལ་བརྗེས་ནས་ཁ་མཆུ་ལོ་རེ་བཞིན་འབྱུང་བཞིན་པ་འདིར་རྒྱུ་རྐྱེན་འགའ་རེ་ཡོད་དེ། དེ་ཡང་ས་གནས་སྲིད་གཞུང་གི་ལས་བྱེད་དག་གིས་འཆམ་མཐུན་དང་མཐུན་སྒྲིལ། བདེ་འཇགས་བཅས་རྩ་བར་བྱེད་པའི་རྒྱལ་ཁབ་ཀྱི་དམིགས་ཡུལ་ལ་སྣང་མེད་ཀྱིས་སྡེ་བ་སོ་སོའི་བར་ནས་ཁ་ཚོན་པོ་ཡོད་ན་ཟ་རྐྱང་དང་ཆང་མངར་མོ་ཡོད་ན་བཏུང་རྐྱང་བྱེད་པ་ལས། གྱོད་ཀྱི་རྩ་བ་བཅད་ནས་མཐུན་པའི་ལག་རྡང་སྦྲེལ་དུ་འཇུག་པའི་དམིགས་ཡུལ་གཏན་ན་མ་བཟུང་བ་ནི་གསལ་བོ་ཡིན་ཏེ། ཟླ་སྔོན་མར་སྤྱང་ལུང་རོང་འབྲོག་གཉིས་ཀྱིས་སྤྱང་ལུང་དང་རྒྱལ་བོ་སྒང་གཉིས་ཀྱི་ས་མཚམས་ཀྱི་རི་མགོ་ཞིག་ནས་དུས་ཚོད་བཞི་ཙམ་རིང་ལ་རྡོ་འཛིང་བྱས་ཏེ་ཚབ་ཆེ་ཆུང་གི་རྨས་མ་མང་པོ་བྱུང་ཡང་། མཐར་ཐུག་རྒྱལ་བོ་སྒང་སྡེ་བའི་ལུག་རྫི་འགས་སྡེ་བར་བར་གཤོལ་དུ་ཡོང་དགོས་པའི་བརྡ་རྒྱབ་ནས་༼ས་དེར་རྐང་ཐང་ལ་སོང་ན་དུས་ཚོད་གཅིག་དང་ཕྱེད་ཀ་ནས་གཉིས་བར་འགོར་ངེས།༽ བར་གཤོལ་དུ་ཡོང་བ་དང་། དེ་ནས་རྒྱལ་བོ་ཀླུ་ཆུ༼འཕྲུལ་རྟ་ཞོན་ཡོང་ན་ཡང་དུས་ཚོད་གཅིག་ལྷག་འགོར་ངེས།༽ དང་། ཀོའུ་སྡེ༼དུས་ཚོད་གཉིས་ཙམ་འགོར་ངེས།༽ སྤྱང་ལུང་སྒར་གསར་དགོན་པའི་༼དུས་ཚོད་གཅིག་ལྷག་འགོར་ངེས།༽གྲྭ་བ་དག་བཅས་ཡོང་ནས་བར་འདུམ་བྱས་རྗེས་རོང་འབྲོག་གཉིས་ཀ་བར་འདུམ་ཙམ་བྱས་ཏེ་ཁྱོ་ཀ་རྨས་མ་དག་རང་རང་གི་ཆུང་མས་འཁྲིད་ནས་སྨན་ཁང་དུ་འགྲོ་ཐུབ་ཙམ་བྱུང་བ་ལས། རེབ་གོང་རྫོང་གི་སྤྱི་བདེ་མི་སྣ་དང་དམག་མི། ཆུ་ཁོག་ཡུལ་ཚོ་བཅས་ཀྱི་ལས་བྱེད་དང་བདེ་སྲུང་སུ་གཅིག་གིས་ཀྱང་བར་འདུམ་མ་བྱས་པར་བཞག་པ་འདིའི་དམིགས་ཡུལ་ཅི་ཞིག་ཡིན་ནམ།

སྤྱིར་ཡིན་ན་ཉེ་བའི་ལོ་ཤས་སྔོན་ནས་སྡེ་བ་སོ་སོའི་ནང་དུ་ཏང་ཡོན་བྱ་སྒྲུབ་ཁང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཆེད་དུ་ཁང་པ་རྫིག་ཐག་ཆོད་དེ་རྒྱབ་ནས་དེའི་ནང་སྡེ་བ་རེ་རེའི་བདེ་འཇགས་འགན་ལེན་མི་སྣར་གྲགས་པའི་ཡུལ་ཚོ་དང་རྫོང་གི་ལས་བྱེད་འགའ་རྒྱུན་དུ་བཞག་ཡོད་པ་མ་ཟད། ཁྱིམ་ཚང་རེ་རེའི་སྒོ་ངོས་སུ་ཡུལ་ཚོ་དང་རྫོང་གི་བདེ་འཇགས་འགན་ལེན་མི་སྣའི་འདྲ་དཔར་དང་མིང་། ཁ་པར་ཨང་གྲངས་བཅས་སྦྱར་ཡོད་པའི་མི་སྣ་དེ་དག་གང་ལ་བུད་སོང་བ་ཡིན་ནམ། ཡུལ་སྡེ་དམར་འཛིངས་ཀྱི་དོན་རྐྱེན་འདི་རྒྱལ་ཁབ་ཀྱི་བདེ་འཇགས་འགན་ལེན་པ་དག་གི་མིག་གིས་མི་མཐོང་བ་འདིའི་རྒྱབ་ཏུ་ག་རེ་སྦས་ཡོད་དམ། སྡེ་བ་འདི་གཉིས་གྱོད་ལ་ཐུག་པའི་ཐོག་མའི་དུས་སྐབས་ནས་སྡེ་བ་དང་ཕུ་ནུའི་ནང་དཀྲུགས་ཤིང་འཕེན་མཁན་གྱི་མི་མང་པོ་ཞིག་བཙོན་དུ་འཛིན་པ་སོགས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བྱས་ཡོད་ཚེ་དོན་རྐྱེན་འདི་འདྲ་ཚབ་ཆེན་ཞིག་ཏུ་ག་ལ་འགྱུར་ཐུབ་བམ། གང་ལྟར་གོང་སོང་བཞིན་སྡེ་བ་འདི་གཉིས་ཀྱིས་མནའ་བཞག་པའི་ཉིན་ཕྱི་མ་དེར་ཀོའུ་སྡེ་དང་ཉ་ལུང་གཉིས་ཀྱིས་དུས་ཚོད་བརྒྱད་རིང་དམར་འཛིངས་བྱས་རྗེས་མི་གཅིག་དམར་གསོད་བྱས་པ་དེ་ཡང་ད་ལྟའི་བར་རེབ་གོང་དུ་བྱུང་བའི་གྱོད་དང་ཁ་མཆུ་དག་ལ་ལྷོད་གཡེང་གི་སྲིད་ཇུས་དམིགས་བསལ་བ་ཞིག་བྱིན་པའི་ཉེར་ལེན་ལས་འགྲོ་ས་གཞན་ཡོད་དམ།

མི་རིགས་ས་ཁུལ་དུ་མི་མཁོ་བའི་སྲིད་ཇུས་དམིགས་བསལ་བ་འདིས་རེབ་གོང་རྫོང་གི་སྤྱི་ཚོགས་ཡར་རྒྱས་དང་། མི་དམངས་འཆམ་མཐུན་ལ་གནོད་པ་ཆེན་པོ་བྱས་ཡོད་པ་མ་ཟད། སྲིད་གཞུང་གི་བྱ་བའི་ཕྱོགས་ལ་ཡང་གནོད་པ་ཚབ་ཆེན་བྱས་ཡོད་པ་ནི་དབྱར་རྩྭ་བརྐོ་མགོ་ཚུགས་པ་ནས་རྫོང་སྲིད་གཞུང་གི་ལས་ཁུངས་གང་དུ་སོང་ཡང་ལས་ཀ་བྱེད་མཁན་མེད་པ་འདི་གཅིག་པུས་ཀྱང་ཤེས་ནུས་ན་ཡང་། ལོ་རེ་བཞིན་ལས་བྱེད་དག་ས་མཚམས་སྲུང་དུ་འགྲོ་བ་ལས་ས་མཚམས་གཏན་ནས་སྲུང་མི་དགོས་པའི་ཕྱོགས་ལ་ཐབས་ཤེས་ཤིག་མ་རྙེད་པ་འདི་ནི་མཚར་བོ་ཞིག་རེད་ཨང་།

ཁར་ཉིན་ཀོའུ་སྡེ་དང་ཉ་ལུང་སྡེ་བ་གཉིས་ཀྱིས་དམར་འཛིངས་དུས་ཚོད་མང་པོའི་རིང་བྱེད་པའི་སྐབས་ཀྱང་སྡེ་བ་གཉིས་ཀའི་ཁྱིམ་མཚེས་སྡེ་བ་དག་གིས་བར་འདུམ་ཙམ་བྱེད་ཐབས་བྱས་པ་ལས་ནམ་རྒྱུན་མི་གྲངས་ཉི་ཤུ་ཙམ་རེ་ཕྱོགས་གཅིག་ཏུ་འདུས་ཚེ་ཉེན་རྟོགས་པ་ཁྱུ་དང་ཁྱུ་བྱས་ནས་ཡོང་བའི་སྤྱི་ཚོགས་བདེ་འཇགས་རྟོགས་ཞིབ་པ་ཚོ་གང་དུ་བུད་སོང་བ་ཡིན་ནམ། ཡོད་པ་དག་གིས་ཀྱང་རང་སྲུང་ལས་ནམ་རྒྱུན་ཐབས་དང་བཀོད་པ་ཤིན་ཏུ་ཆེ་བའི་དུག་མདའ་སོགས་གང་དུ་སྦས་པ་ཡིན་ནམ། ཁྱེད་ཅག་ལ་སྡེ་བ་དམར་འཛིངས་ཀྱི་བྱེད་གཏེ་རུ་གྱུར་པའི་མི་དག་འཛིན་པའི་ནུས་པ་མེད་སོང་བ་རེད་དམ། འདི་དག་ནི་ངོ་མ་བློས་དཔོག་པ་ཞིག་མ་རེད།
གྱོད་དང་ཁ་མཆུའི་གསེང་ན་རྒྱལ་ཁབ་ཀྱི་ཟླ་ཕོགས་བླངས་ཏེ་ཤ་ཚོན་པོ་དང་ཆང་མངར་མོ་བཏུང་མཁན་གྱི་རེབ་གོང་གི་ལས་བྱེད་པ་ཚོ། ད་དུང་ཡང་བྱ་ཁྱུང་རྫ་རི་དང་འདབས་འབྲེལ་དུ་ཡོད་པའི་སྡེ་བ་དག་ལ་མུ་མཐུད་དམར་འཛིངས་བྱེད་དུ་འཇུག་རྒྱུ་ཡིན་ནམ། ཡང་ན་ལོ་རེ་བཞིན་ལས་ཁུངས་སྟོང་བར་བཞག་ནས་ས་མཚམས་སྲུང་དུ་འགྲོ་རྒྱུ་ཡིན།

མཐའ་མ་འདིར་ཞོར་ནས་ཞུ་འདོད་པ་ཞིག་ལ། ཁ་སང་དེ་རིང་སྐད་འཕྲིན་གྱི་བར་སྟོང་གཙོ་བོར་གྱུར་པའི་མི་མང་འདུས་ས་གང་ཡིན་ཡང་། རྩྭ་ས་རྩོད་གླེང་བྱེད་པ་ནི་ཤིན་ཏུ་ནོར་འཁྲུལ་ཞིག་ཏུ་འདོད་པ་དང་། དབྱར་རྩྭ་དགུན་འབུ་རྩད་དེ་ཕུ་ནུ་ནང་དམེ་བྱེད་པ་ནི་གཏན་ནས་མི་རུང་བར་བསམ་མཁན་དག་ལ་ཡང་བསམ་བློ་གཏོང་རྒྱུ་འདི་ཡོད་དེ། དཔལ་འབྱོར་འགྲན་རྩོད་ཀྱིས་སྨྱོ་ལ་ཁད་བྱེད་པའི་སྤྱི་ཚོགས་འདིའི་ཁྲོད་རང་གི་ས་ཆའི་དབྱར་རྩྭ་དགུན་འབུ་གཞན་ལ་འབུལ་ནུས་མཁན་མེད་པ་འདི་ཤེས་དགོས་ན་ཡང་། གྱོད་འདིའི་རིགས་ལ་ཁྲིམས་ཀྱི་རྒྱབ་སྐྱོར་འཚོལ་བའམ་ཡང་ན་ཞི་བའི་སྒོ་ནས་འགྲིག་མཐུན་རེ་ཡོང་ཐབས་ལ་འབད་ཐུབ་ཚེ་རང་གཞན་གཉིས་ཀར་ཕན་པ་མི་དམན་པ་རེ་ཡོང་ལོས་ཐུབ་སྙམ་པ་ཞིག་རེད་མོད། འདི་ཡང་ལས་སླ་བོ་ཞིག་མིན་པར་བསམ་ནས་ཡུལ་ལུང་བྱེ་བྲག་པར་ཕྲག་དོག་གི་དབང་གིས་རྩྭ་ས་རྩོད་གླེང་ཐལ་ཆ་ཆེན་པོར་འདོད་པ་དག་གིས་ཀྱང་བྲང་ཁར་ལག་པ་བཞག་ནས་བསམ་བློ་གཏོང་དགོས་པ་མང་པོ་འདུག་ལ། ལྷག་པར་དུ་ད་སྐབས་དབྱར་རྩྭའི་ཆེད་དུ་འཁོན་འཛིངས་བྱེད་བཞིན་པའི་སྡེ་བ་དང་ཡུལ་ཚོ་སུ་ཡིན་ཡང་གྱོད་བཤད་ནས་ཐག་གིས་ཆོད་པ་ལས་གསད་ནས་ཐག་གིས་མི་ཆོད་པ་འདི་སེམས་ལ་ངེས་པར་བྱས་ཏེ། རང་གི་མི་རིགས་སམ་ཡུལ་ལུང་ནང་ཁུལ་དུ་འཁོན་འཛིངས་ཀྱི་སྣེ་འདྲེན་པ་ནི་བྱས་རྗེས་ཆེན་པོ་རུ་འགྱུར་ཐབས་གཏན་ནས་མེད་དོ།།

གསར་འགྱུར།

Post navigation

Previous Post: གཞོན་ལྷན་འགན་འཛིན་ལྷན་ཚོགས་ཐེངས་ཞེ་ལྔ་པ་འབྲས་ལྗོངས་རྒྱལ་སར་འཚོགས་པ།
Next Post: ས་སྲོད་ཀྱི་གྲིབ་གཟུགས། ལྔ་པ།

Comments (6) on “རེབ་གོང་གི་སྤྱི་ཚོགས་བདེ་འཇགས་ཀྱི་འགན་ཁུར་བ་དག་གང་དུ་ཡིབ་པ་ཡིན་ནམ།(བོད་འབྱོར།)”

  1. རྡོ་རྗེ་སྐྱོབ་པ། says:
    2014-08-12 at 12:48 pm

    རེབ་གོང་པ་དེ་ཚོར་ངོ་ཚ་ཡ་མི་འདུག
    ཞབས་འདེྲན་ལུང་པ་གང་ཞུས་འདུག རེབ་ཀོང་རིག་པ་འབྱུང་བའི་གྲོང་ཁྱེར་ཟེར་ན་ག་རེ་ཟེར་གི་ཡོད་རེད།
    ད་ནས་རེབ་གོང་འཁྲུག་པ་འབྱུང་བའི་གྲོང་ཁྱེར་ཅེས་བཏགས་ན་ཏག་ཏག་འདུག

    ད་དུང་འགན་འཁུར་བས་ཅིག་འགྲིག་མ་སོང་མདོག་མདོག རང་གིས་ཞབས་འདྲེན་འདི་འདྲ་ཞུ་མཁན་ག་བ་ཡོད་རེད། འདི་ཐེངས་དང་པོ་མ་རེད་པཱ། རྐང་འདྲེན། ༧སྐྱབས་མགོན་རིན་པོ་ཆེས། འདི་ལ་ཆེད་དུ་དམིགས་ཏེ་གསུང་འཕྲིན་ཀྱང་སྩལ་གནང་པ་རེད། ད་དུང་འདི་ལྟར་བྱེད་ད་དུང་ཀླ་ཀློའི་གནས་སྐབས་སུ་ཡོད་པའི་རྟགས་་རེད།
    རེབ་གོང་འཁྲུག་པ་འབྱུང་བའི་གྲོང་ཁྱེར་མྱུར་དུ་རྨོངས་གཉིད་ལས་སད་པར་ཤོག

  2. རྡོ་རྗེ་སྐྱོབ་པ། says:
    2014-08-12 at 1:21 pm

    ༧རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་ལ་བཟོད་གསོལ་ཞུ།
    བོད་རེབ་གོང་ནས་ཕུལ། 2014/8/12ཉིན།
    ཉ་ལུང་དོར་ཉིན་རི་མགོའི་ར་ལུག་རེད།། སྔོ་རྩ་ཟ་རྒྱུ་མ་གཏོགས་མི་ཤེས་ཀྱང།། བོད་ལ་ཞབས་འདྲེན་བཞག་ན་ངར་ནོ་ལྟོས།། རུ་སྡེའི་མྱི་ཁས་དམོད་དམོ་བྱེད་ནོ་ལྟོས།། གློའུ་སྡེ་ཀོའུ་སྡེ་རོང་འདི་ཐེའུ་རང་འདྲ།། སྒོར་མོ་མཐོང་དུས་མི་གཞི་བརླག་འཇོག་གི། ཡོན་ཏན་ཤིག་ཙམ་མེད་ནོ་བདེན་ནའང།། ཞབས་འདྲེན་འདི་འདྲ་བྱས་ནོ་བླ་སྒུལ་རེད།། ཟོག་དང་ར་ལུག་ལས་བཙོག་སྡེ་བ་ཚོ།། ཟོག་གི་མཉམ་དུ་ཟོག་བཞིན་མི་འདུག་པར།། བོད་ཀྱི་དབུ་འཕང་སྨད་དོན་ཅི་ཞིག་ཡིན།། རེབ་གོང་ལ་རྒྱ་ཆུ་ལ་གཡུག་དོན་ཅི།། རང་སྡེ་དྲོན་མོ་ཁྱི་སྐེར་འདོགས་དོན་ཅི།། ད་དུང་འདི་འདྲའི་ནང་དམེ་བྱེད་སྲིད་ན།། བོད་ཀྱི་ལྷ་སྲུང་གཉེན་པོ་དམ་ལྡན་ཚོས།། སྐད་ཅིག་ཉིད་ལ་ཞབས་འདྲེན་འདི་རིགས་ལ།། དྲག་པོའི་ཆད་པ་མྱུར་དུ་གཅོད་དགོས་སོ།། བོད་མི་ཡོངས་དང་རེབ་གོང་སེར་སྐྱ་ཚོས།། བླ་སྒུལ་འདི་ཚོར་ཉེས་ཆད་དྲག་པོ་ཆོད།། ལས་དང་རྒྱུ་འབྲས་མི་རིགས་ལ་རྒྱ་ཡིས།། ཁྱི་སྡེ་འདི་ཚོ་བཀའ་ཆད་ད་ཕོབ་ཅིག། སྡེ་བ་འདི་ཚོ་གནའ་ནས་དེ་རིང་བར།། ཕྱི་ལ་དཔའ་ཞིང་ནང་ལ་བྱམས་པ་དང།། ཡོན་ཏན་ལྡན་པ་གཅིག་ཀྱང་བྱུང་མེད་པས།། རང་གཞན་ངོ་རྟགས་མི་ཆོད་ཞབས་འདྲེན་ཚོ།། ས་སྟེང་འདི་ན་མེད་ན་དགའ་བ་ལ།། བོད་ཀྱི་རིགས་ལ་མིན་ན་དེ་བས་དགའ།། བྱ་ངན་ནང་དམེ་བྱས་པའི་གཏམ་ངན་འདི།། གང་ས་གང་ལ་ཁྱབ་ནས་འགྲོ་ནའང།། བོད་ཀྱི་ཡུལ་ནས་བོད་མི་ཉམས་ཆུང་ངས།། ཐམས་ཅད་མཁྱེན་པ་གངས་རིའི་མགོན་པོ་ལ།། སྙིང་ཁོངས་རུས་པའི་གཏིང་ནས་དགོངས་དྭངས་ཞུ།། གངས་ཅན་བོད་མི་རྣམས་ལ་བཟོད་གསོལ་ཞུ།།

  3. ཨ་ཕྱི་ཆོས་སྒྲོན says:
    2014-08-12 at 1:30 pm

    རེབ་གོང་བ་ལགས།
    ངའི་བརྩེ་བའི་རེབ་གོང་གི་མི་དམངས་རྣམས།

    དུས་རྟག་ཏུ་ངས་རེབ་གོང་ཞེས་པའི་ལུང་པ་འདིའི་མཚན་སྙན་ལ་སྨོན་ཅིང་ཡོད།

    ཚེ་འདིའི་ལུས་ཕུང་བཞུད་ནས་སྐྱེ་བ་ཕྱི་མ་ཞེས་པའི་ལུས་རྟེན་དེ་ཡོད་ན།

    སླར་ཡང་ང་གངས་རིའི་ལྗོངས་ཀྱི་ཡུལ་ལུང་།

    མཚན་སྙན་ཆེ་བའི་ལུང་པ།

    མདོ་སྨད་རེབ་གོང་དུ་སྐྱེ་བའི་སྨོན་ལམ་འདེབས་བཞིན་ཡོད།

    འདི་ནི་ང་མཁས་དབང་དགེ་ཆོས་ལ་ཡིད་སྨོན་ཤོར་བའི་དབང་གིས་ཡིན་སྲིད་ལ།

    འདི་ནི་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་གཟི་བརྗིད་ཀྱང་ཡིན་ངེས།

    རེབ་གོང་ཞེས་པའི་གནས་འདི་ན་རང་མི་རིགས་ལ་དུང་ཞེན་ཟབ་པའི་དཔའ་རྒོད་གང་མང་ཞིག་བྱོན་མྱོང་བས་ཀྱང་ཡིན་སྲིད།

    གང་ལྟར་ང་རེབ་གོང་གི་ཡུལ་ལ་དགའ་ཞིང་།

    རེབ་གོང་གི་མི་དམངས་ལ་ལྷག་ཏུ་དགའ།

    སྤུན་ཟླ་ཚོ།

    སྤུན་གྲོགས་ཚོ།

    ཤ་ཉེ་ཚོ།

    ངའི་ཡིད་ཕམ་མ་བཅུག་དང་།

    ངའི་ཡིད་ལ་མི་བཟོད་པའི་སྡུག་བསྔལ་ཞིག་མ་གནང་དང་།

    འདས་ཟིན་པའི་ལོ་དེར་ཁྱོད་ཆོས་མཚོན་ཆ་མེ་ལ་བསྲེགས་ཤིང་།

    མཐུན་སྒྲིལ་གྱི་ཁ་གཡང་འབོད་པ་མི་དྲན་ནམ།

    མཛའ་མཐུན་གྱི་དར་དཀར་གྱོན་པ་བརྗེད་དམ།

    སྐབས་དེ་དུས་ཁྱོད་ཚོས་ཅི་ཞིག་གི་ཆེད་དུ་རལ་གྲི་ངར་མ་དེ་མེ་ལ་བསྲེགས་སམ།

    སྐབས་དེ་དུས་ཁྱོད་ཚོས་འཚེ་མེད་དཔའ་བོའི་མཐུན་ཚོགས་ཀྱི་འབོད་སྒྲ་བསྒྲགས་སམ།

    ང་འཐོམ་མ་བཅུག་དང་།

    ང་ངུ་མ་བཅུག་དང་།

    ང་འཆི་མ་བཅུག་དང་།

    སྤུན་ཟླ་ཚོ།

    ངའི་རེབ་གོང་གི་ཕུ་ནུ་ཚོ།

    དེ་རིང་ཁྱོད་ཚོ་ཅི་ཞིག་གིས་བཟིའམ།

    དེ་རིང་ཁྱོད་ཚོའི་ཁོག་པར་གང་ཞིག་བཞུགས་སམ།

    རྩྭ་ས་ལག་ཐིལ་ཙམ་འདིའི་བདག་དབང་ད་དུང་ང་ཚོར་ཡོད་དམ།

    རང་དབང་དང་ནུས་ཤུགས་མེད་པའི་ཕུ་ནུ་ནང་ཁུལ་དུ་དཔུང་པ་ངོམ་དགོས་སམ།

    བསམ་བློ་ཐོངས་དང་།

    རང་དང་རང་མི་རིགས་ཀྱི་ཆགས་འཇིག་ལ་བསམ་བློ་ཐོངས་དང་།

    དེང་སྐབས་འཛམ་གླིང་གང་སར་མི་བུའི་བརྙས་བཅོས་འོག་ལ་ལྷུང་པའི་བདེ་སྡུག་ལ་བསོམས་དང་།

    ཁྱོད་ཚོའི་དཔུང་རྒོད་དེ་ངོམ་ས་ནོར་བ་ད་དུང་མི་ཤེས་སམ།

    ཁྱོད་ཚོའི་མཚོན་ཆ་དེ་ད་དུང་མེ་ལ་མ་བསྲེགས་པར་ལུས་སམ།

    དེ་རིང་ཁྱོད་ཚོའི་ནང་འཁྲུགས་ཀྱི་གནས་ཚུལ་དེས།

    ངའི་ཡིད་ལ་ཟད་མེད་ཀྱི་སྡུག་བསྔལ་ཞིག་བྱིན་སོང་ལ།

    ཕུ་ནུ་ཞིག་གིས་ཚེ་སྲོག་གི་རྒྱུ་བ་བཅད་པ་དེས།

    ངའི་ལུས་རྟེན་ཕྱི་མ་རེབ་གོང་དུ་སྐྱེ་འདོད་པའི་སྣང་བ་དེ་འགག་སོང་།

    སྤུན་ཟླ་ལགས། ཕུ་ནུ་ལགས། ནམ་ཡང་ང་ཚོའི་ལས་དབང་ལ་གཟིགས་ནས།

    ཕུ་ནུའི་ཚེ་སྲོག་ལ་ལག་རྩེད་མ་བརྩེད་རོགས་གནང་།

    ངས་པུས་མོ་ས་ལ་བཙུགས་ཤིང་། མིག་ཟུང་མཆི་མས་བསྣངས་ཤིང་། སྨྲེ་ངག་ཐར་ཐོར་འདི་བྲིས་ཡོད།

  4. ཀླུ་སྨྱོན། says:
    2014-08-12 at 11:09 pm

    རེབ་ཀོང་གི་ས་རྩོད་འདི་དགེ་འདུན་ཆོས་འཕེལ་གྱིས་གཏམ་རྒྱུད་གསེར་ཐང་ནང་དུ་ཡང་བྲིས་འདུག ཤེས་རིག་གི་ཕ་ས་འདི་འདྲ་ན་ཡང་དོན་དག་དེ་འདྲ་མང་ནི་རེད། གཙོ་བོ་ཤེས་ཡོན་མེད་པས་མ་ཡིན་པར་འཚོ་གནས་ཀྱི་ཆེད་དུ་རེད། འཚོ་གནས་ཀྱི་ཆེད་དུ་ཤེས་ཡོན་པས་སྨྱུ་གུ་སྤྱད་ནས་དམར་འཛིང་ག་ཚོད་བྱེད་ཀིན་འདུག རོང་འབྲོག་པ་ཚོ་ལ་ཁག་ཡོད་པ་མ་རེད། ཁ་བརྡ་དྲ་བ་འདི་གཅིག་པོའི་ནང་ནས་ཤེས་ཡོན་ཅན་ག་ཚོད་ཅིག་དམར་གསོད་བཏང་སོང་བ་ང་ཚོས་ཤེས་གསལ་ཡིན་པ། ཀ་ཁའི་མགོ་རྔ་མི་ཤེས་པའི་རོང་འབྲོག་པ་ཚོས་མི་བསད་པ་ནི་ཤེས་ལྡན་པ་ཚོས་དྲ་ལམ་ནས་མི་གསོད་པ་དང་བསྡུར་ན་ཧ་ཅང་ཉུང་ཉུང་རེད།

  5. ཅོག་མྱི། says:
    2014-08-13 at 12:06 am

    རྡུང་རེ་ཙག་ཙིག་བརྒྱག་གིན་བསྡད་ན་ཡག་པོ་རེད། བོད་ལ་མཁས་པ་མང་སོང་ཟིག དཔའ་བོ་ཉུང་སོང་ཟིག སངས་ཆོས་ཀྱིས་བོད་འདི་རྩྭ་གཟན་ལུག་ལྟ་བུར་སྒྱུར་དུས་གཅན་གཟན་རྒྱལ་བོ་འདྲ་བའི་རང་རིགས་ཁྲག་འཐུང་ཅན་རེ་བྱུང་ན་ཅི་སྐྱོན། དགའ་གི རྒྱ་རྒན་ཚོས་ས་ཡ་གཅིག་བསད་སོང་ན་སྐྱོན་མེད་པར་རེབ་གོང་གིས་གཅིག་གཉིས་ཟིག་བསད་ན་ཅིར་མི་ཉན། གཙོ་བོ་རང་གིགས་ཀྱི་དཔའ་སེམས་ཤུགས་དྲག་རྒྱུན་རིང་བ་དེ་འདོར་མི་རུང་།

  6. དཔལ་དོན། says:
    2014-08-14 at 1:02 am

    རྡུང་རེས་རྒྱབ་ནས་གསད་བཞག་ན་ཅི་ཟེར་དགོས་མི་ཤེས་ཀྱང་། བཙན་བྱོལ་བོད་མིའི་སློབ་གྲྭ་དག་ནས་སློབ་ཕྲུག་ཚོས་རྡུང་རེས་གཅིག་ཀྱང་མི་རྒྱག་པ་འདི་ཡ་མཚན་རེད། སློབ་ཕྲུག་འདི་དག་ལ་དངོས་ནས་རང་གཤིས་ཟེར་བ་ཞིག་མི་འདུག བཀའ་བསྟན་འགྱུར།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme