Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རེབ་གོང་གི་གོ་རེ།

Posted on 2010-04-182010-04-18 By ཁ་བརྡ་ 7 Comments on རེབ་གོང་གི་གོ་རེ།

ནགས་ཤོད་རིག་རལ།

སེང་ལྕམ་འབྲུག་མོའི་མཁར་ཤུལ་དུ་གྲགས་པའི་ཡུལ་ཤུལ། ས་ཆེན་འགུལ་ཐེངས་གཅིག་གིས་གྲངས་མེད་སྤུན་ཟླའི་ཚེ་སྲོག་སྐད་ཅིག་ནང་དུ་འཕྲོག་ཕྱིན་འདུག
རྒྱལ་ཁབ་གཞན་དུ་ས་ཡོམ་གྱི་ཤུགས་ཚད་དེ་ལས་ཆེ་བའི་ཁྲོད་དུ་མི་གྲངས་ཉི་ཤུ་ལྷག་ལས་འདས་གྲོངས་ཕྱིན་མེད་མོད། ཡ་ང་བའི་ང་ཚོའི་སྤུན་ཟླ་དེ་ཚོ་བཙན་དབང་དང་འཇམ་བསླུ་གཉིས་ཀྱི་ཁྲོད་དུ་རང་གི་ཕ་མེས་ནས་བཞག་པའི་སྦྲ་ནག་ནས་ཐོན་དགོས་བྱུང་བ་དང་། འཚོ་རྟེན་དུ་གྱུར་པའི་སྒོ་ཕྱུགས་བཙོངས་དགོས་ཐུག
རྒྱུས་མེད་པའི་ཕག་གྲུམ་སྔོན་པོའི་ཁང་པའི་ནང་དུ་འཚོ་བ་གསར་པའི་ལམ་བུ་ཞིག་བསུ་འགོ་ཚུགས་མོད་སྤུས་ཀ་མེད་པའི་ཁང་ཁྱིམ་དེ་དག་ད་ལྟ་སྲོག་གི་གཤེད་མར་གྱུར་འདུག ངོ་མ་མི་སེམས་སུ་རྨ་ཁ་བྱུང་དུས་གཉེན་བཤེས་འདས་གྲོངས་སུ་འགྲོ་བའི་རྒྱུ་རྐྱེན་ས་ཡོམ་ཙམ་དུ་རྩ་བ་ནས་འདེད་ཐུབ་ཀྱི་མི་འདུག ཁྲག་དང་མིག་ཆུས་ཚོས་པའི་སྤུན་ཟླ་ཚོའི་སྐུ་ཕུང་མིག་གིས་བལྟ་མི་གཟོད་པའི་སྐབས་སུ་ག་ས་གང་དུ་ཐར་ཐོར་དུ་ལུས་པའི་ཕག་གྲུམ་སྔོན་པོ་དེ་དག་ཅི་འདྲའི་མིག་ལ་གཟན་པ་ཞིག་རེད་ཨང་།
ཡིན་ནའང་རྐྱེན་ངན་གྲང་རེག་གིས་རྒོལ་བའི་ནམ་ཟླ་འདིར་མདོ་དབུས་ཁམས་གསུམ་གྱི་སྤུན་ཟླ་རྣམས་དང་ཡུལ་གྱར་དུ་ཡོད་པའི་སྤུན་ཟླ་ཡོངས་རྫོགས་ཀྱི་དབུགས་ཀྱི་རྒྱུ་བ་ཡུལ་ཤུལ་མི་དམངས་རྣམས་དང་མཉམ་གཏོང་བྱེད་པ་མཐོང་དུས་ངའི་སེམས་ཁོངས་སུ་ཡང་དྲོད་ཀྱི་རླབས་རྒྱུན་ཞིག་ལྡང་གི་འདུག
ཁང་ཤུལ་དང་ས་རྡུལ་ཁྲོད་ག་ས་གང་དུ་མི་སེར་གྱི་སྲོག་སྐྱོབ་བཞིན་པའི་དགེ་འདུན་དེ་དག་མཐོང་དུས་རྗེས་སུ་ཡི་རང་དང་དད་པའི་སྟོབས་ཀྱིས་སོར་མོའི་འདབ་མ་སྙིང་ཁར་མི་ཟུམ་རང་དབང་མི་འདུག ངོ་མ་དགེ་འདུན་ཚོ་ནི་ང་ཚོ་བོད་པ་རྣམས་ལ་ཡོད་པའི་ཡོད་ཚད་རེད། ཚེ་ཕྱི་མའི་སྐྱབས་གནས་ཡིན་པ་མ་ཚད། ཚེ་འདིར་རྐྱེན་ངན་གོད་ཆགས་བྱུང་བའི་སྐབས་སུ་ལུས་པོ་ས་རྡུལ་འོག་ནས་འཐེན་རོགས་བྱེད་མཁན་དང་། སེར་ཁ་གས་པའི་སེམས་ཀྱི་རྨ་ཁ་ཡོད་ཚད་གསོ་རོགས་བྱེད་མཁན། གློ་བུར་ལུས་དང་ཁ་བྲལ་བའི་རྣམ་ཤེས་བསྔོ་སྨོན་གྱིས་དག་པའི་ཞིང་དུ་སྐྱེལ་མ་མཛད་མཁན་རེད། དགེ་འདུན་ཚོའི་ངུར་སྨྲིག་ན་བཟས་ས་ཡོམ་རྗེས་ཀྱི་ཁང་ཤུལ་སྨུག་ཐིང་ངེར་བཀབ་པའི་གཟུགས་བརྙན་དེ་དག་ང་ཚོས་ནམ་འཚོའི་བར་དུ་བརྗེད་ག་ལ་ཐུབ། དེ་བཞིན་བོད་ནང་དང་རྒྱ་ནག་གི་ས་ཆ་ག་ས་གང་དུ་ཡོད་པའི་བོད་རིགས་སློབ་མ་དེ་དག་གིས་ཕ་མས་རང་ལ་བསྐུར་བའི་དངུལ་ཕྲན་བུ་དེ་དག་བསྡུས་ནས་རྐྱེན་ངན་ནང་ལྷུང་བའི་སྤུན་ཟླ་དག་ལ་བསྐུར་བ་འདི་ནི་ཅི་འདྲའི་དགའ་འོས་པ་ཞིག་དང་མི་སེམས་འགུལ་བ་ཞིག་རེད་ཨང་། གསར་སྐྱེས་ན་གཞོན་འདི་དག་གིས་མི་རིགས་འདི་གང་དུ་འགྱེལ་བ་དེ་ནས་ཡར་བསླང་འདོད་པའི་སྙིང་སྟོབས་འདི་ནི་ཅི་འདྲའི་རྗེས་སུ་ཡི་རང་འོས་པའི་འགན་ཁུར་ཞིག་མ་ཡིན་ནམ།

ད་དུང་དེ་དག་ལས་ཀྱང་ངའི་སེམས་པ་འདར་དུ་འཇུག་པ་དང་འདྲེན་བྱེན་བརླན་དུ་འཇུག་མཁན་ནི་རེབ་གོང་གི་གོ་རེ་དེ་དག་རེད་ཨ། ཁང་ཤུལ་དང་ས་རྡུལ་ཁྲོད་དུ་ལུས་པའི་ཡུལ་ཤུལ་སྤུན་ཟླ་རྣམས་ལ་རེབ་གོང་མང་ཚོགས་ཀྱིས་གོ་རེ་རླངས་འཁོར་མང་པོ་ཁེངས་པ་བཟོས་ནས་བསྐྱལ་འདུག གོ་རེ་དེ་དག་ཉིན་མཚན་མཐུད་ནས་བཟོས་འདུག གོ་རེ་རེ་རེའི་ནང་དུ་རིགས་རྒྱུད་གཅིག་པའི་སྤུན་ཟླ་ལ་འཆང་པའི་བརྩེ་བ་ཇི་ཙམ་ཞིག་འདུས་ཡོད་དམ། གོ་རེ་དེ་དག་ནི་སྐྱོ་སྣང་གི་མེ་ཡིས་བསྲེག་པ་དང་སྐྱོ་སྣང་གི་མིག་ཆུས་བརླན་པ་ཡིན་པས་དེ་དག་ནང་དུ་བརྩེ་བ་ཇི་ཙམ་འདུས་པ་ནི་རི་མོའི་ལམ་གྱིས་མཚོན་ཐབས་ག་ལ་ཡོད། རེབ་གོང་གི་གོ་རེ་ཨ་རེབ་གོང་གི་གོ་རེ།
རྐྱེན་ངན་བར་ཆད་བྱུང་ཚེ་ཁྱེད་ནི་རེབ་གོང་གི་གོ་རེ་ཙམ་མ་ཡིན་པར་མདོ་དབུས་ཁམས་གསུམ་གྱི་གོ་རེར་གྱུར་འདུག ཇི་སྲིད་གོ་རེའི་གཏམ་རྒྱུད་གནས་པ་དེ་སྲིད་དུ་མདོ་དབུས་ཁམས་གསུམ་གྱིས་གྲུབ་པའི་མི་རིགས་འདི་གནས་ངེས་རེད་ལ། གོ་རེའི་གཏམ་རྒྱུད་འདི་ཡང་མི་རབས་ནས་མི་རབས་བར་དུ་བརྒྱུད་ངེས་རེད།
དུས་ནམ་ཞིག་ང་རང་རེབ་གོང་དུ་སླེབས་པའི་གོ་སྐབས་དེ་བྱུང་ན་ངས་གོ་རེ་གཅིག་ཉོས་ནས་བཟའ་ངེས་ཡིན་ལ། རེབ་གོང་གྲོགས་པོ་རྣམས་ཀྱི་འཁྲིས་ནས་གོ་རེའི་གཏམ་རྒྱུད་ཆ་ཚང་ཞིག་ཉན་ངེས་ཡིན།

རྩོམ་རིག

Post navigation

Previous Post: མུ་གེའི་སྒང་ལ་ཟླ་ལྷག ༼4/14 ས་ཡོམ་གོད་ཆག་བྱུང་རྗེས།༽
Next Post: ཆོ་ག་གཅིག་ལ་ཕྱག་ལེན་མི་འདྲ་བ་གཉིས།

Comments (7) on “རེབ་གོང་གི་གོ་རེ།”

  1. མི་ཞུན། says:
    2010-04-19 at 2:53 am

    རེབ་གོང་གི་གོ་རེ། གོ་རེ་་་་་གོ་རེ་་་་གོ་རེ་་་་གོ་རེ་་་་་གོ་རེ་་་་་གོ་རེ་་་་་གོ་རེ་་་གོ་རེ་
    གོ་རེ་་་་་་་ངས་ངོ་མ་གོ་རེ་དྲན་གི ཡུལ་ཤུལ་མི་དམངས་ཀྱི་སེམས་སྡུག་སེལ་ཞིང་དཀའ་བ་འཇོམས་པར་ཆས་པའི་རེབ་གོང་གི་གོ་རེ། ཁྱེད་ལ་ནུས་སྟོབས་ཀྱི་ཟིལ་བ་ཡོད་ཨང་། ཁྱེད་ལ་བཅུད་འདུས་ཀྱི་རོ་ངད་ལྡན་ཨང་།

  2. ཟླ་བ་གཞོན་ནུ། says:
    2010-04-19 at 3:22 am

    རྩོམ་འདི་བཀླགས་པར་བདག་གི་ཡུམ་ཆེན་གྱིས་གོ་རེ་སྲེག་གིན་པའི་རྣམ་པ་མིག་ལམ་ལ་ངང་གིས་ཤར་ཞིང་། གོར་སྐྱ་དེ་དག་ནམ་ཞིག་ལ་ཁ་ལ་རེག་སྲིད་སྙམ་བཞིན་ཡིད་སེམས་སུ་ན་བུན་ལང་ལོང་ཞིག་འཐིབས་སོང་།

    ན་གཞོན་དེ་དག་དང་དགེ་འདུན་པ། ད་དུང་སྡུག་གི་ཁུར་བོ་མཉམ་འཁུར་བྱེད་མཁན་དག་གི་གཏམ་རྒྱུད་ཐོས་དུས་ཡིད་སེམས་རེ་བས་ཁེངས་ཤིང་མིག་མཐའ་མཆི་མས་བརླན་སོང་།
    དེ་ནི་དགའ་བའི་མཆི་མ་མ་ཡིན་ནམ།

  3. རྡུལ་ཕྲན། says:
    2010-04-19 at 5:31 am

    གོ་རེ་རེས་ཚེ་སྲོག་གི་དབུགས་རྒྱུན་རེ་རེ་གསོ་བར་ཤོག་

  4. བློ་གྲོས། says:
    2010-04-19 at 5:58 am

    དངོས་གནས་རེད་ཡ་ བོད་མི་རིགས་འདི་ཡི་ལས་ངན་ཇི་བསག་པ་ཡིན་ནམ། དགེ་འདུན་པ་དག་གི་ས་རོ་རྡོ་རོ་སྲིན་ནས་མི་ཚེ་སྲོག་སྐྱོབས་བཞིན་པའི་བརྙན་འཕྲིན་དེ་དག་མཐོང་དུས་སེམས་གཏིང་ནས་ཚོར་བ་མི་འདྲ་བ་ཞིག་སྐྱེས་ཡོང་གི་ ང་ཚོ་བོད་མི་རིགས་ཀྱི་དམག་སྤོབས་ནི་འདི་ཚོ་རེད་འདུག་སྙམ་བྱུང་། དགེ་འདུན་པའི་གྱོན་པ་དེ་དག་ཕྲན་བུ་བཟོ་བཅོས་གཏོང་དགོས་ཀྱི་འདུག ལས་ཀ་བྱེད་དུས་བདེ་པོ་མེད་ཞིག་མངོན་གྱི་འདུག་གཞན་བོད་ཀྱི་དམག་མི་རང་རེད་འདུག་ག
    ཨོྃམཎིཔདྨེཧྰོུྃཿཿ

  5. མགོན་པོ་ཕྱག་གཉིས་པ། says:
    2010-04-19 at 11:59 am

    རེབ་གོང་གོ་རེ་སྐད་གྲགས་ཅན།།
    མཐོང་མྱོང་ཡོད་ལ་ཟ་མྱོང་ཡོད།།
    རེབ་གོང་གོ་རེ་མ་རྫོགས་བར།།
    བོད་མི་མང་ལྟོགས་ཤིར་ཐེབས་མི་སྲིད།།

  6. ཁྱོད་སུ་ཡིན། says:
    2010-04-19 at 3:43 pm

    བཀའ་དྲིན་ཆེ། རེབ་གོང་གི་གོ་རེ་ལགས།

  7. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    2010-04-21 at 2:57 am

    ནག་ཤོད་རིག་རལ་ལགས། ཁྱེད་ཀྱི་གོ་རེ་ཡི་རྩོམ་འདི་ངས་འདི་གར་ལྗང་རླུང་གསར་འཕྲིན་སྟེང་མྱ་ངན་རྗེས་དྲན་གྱི་ལེ་ཚན་ཞིག་བཀོད་སྒྲིག་བྱེད་ཀྱིན་ཡོད་པས། གོ་ས་ཡོད་ན་གོ་རེ་ཡི་རྩོམ་འདིར་གོ་སྐབས་དེ་འབུལ་རྒྱུ་ཡིན། ཡིན་ནའང་། ཁྱེད་ཀྱི་གོ་རེ་ཡི་རྩོམ་འདིར་གོ་སྐབས་དེ་ཕུལ་མི་ཆོག་ན་ང་ལ་མགྱོགས་པོར་གོ་བར་བྱེད་རྒྱུ་ཧ་ཅང་གལ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme