Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དབུ་ཚད་སེང་གེ་མཇིང་བསྣོལ་གྱི་རིས་མེད་མཁས་པའི་བགྲོ་གླེང་།

Posted on 2015-10-132015-10-13 By ཁ་བརྡ 40 Comments on དབུ་ཚད་སེང་གེ་མཇིང་བསྣོལ་གྱི་རིས་མེད་མཁས་པའི་བགྲོ་གླེང་།

སྤྱི་འཐུས་དགེ་བཤེས་རོང་བོ་བློ་བཟང་སྙན་གྲགས།

༧རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་དབུ་ཚད་སེང་གེ་མཇིང་བསྣོལ་གྱི་རིས་མེད་མཁས་པའི་བགྲོ་གླེང་ཆེན་མོ་དགའ་ལྡན་དུ་དབུ་འཛུགས་ཞུས་པ།

ཕྱི་ཟླ་༡༠ ཚེས་༡༣ ཉིན་དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་ཚོགས་ཆུང་གིས་གོ་སྒྲིག་ཞུས་ཏེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༠ ལ་ཕེབས་པར་བཀའ་དྲིན་རྗེས་དྲན་ཆེད། ལོ་རྒྱུས་ཐོག་རི་བོ་དགེ་ལུགས་པའི་མ་དགོན་ཞིག་ཏུ་ཆོས་བརྒྱུད་རིས་མེད་ཀྱི་མཁས་པ་མཉམ་འཛོམས་ཐོག་བགྲོ་གླེང་ཐེངས་དང་པོ་དེ་གནང་གི་ཡོད་པ་རེད།

unnamed-3

དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་ཕྱིར་ལམ་སྟོན་གནང་བའི་དགོངས་གཞི་རྒྱ་གར་པཎ་གྲུབ་བཅུ་བདུན་གྱི་གཞུང་ལུགས་སྤྱི་དང་། ལྷག་པར་དུ་རྨད་དུ་བྱུང་བའི་བསྟན་བཅོས་གྲགས་ཆེན་མཁན་ཆེན་ཞི་བ་འཚོས་མཛད་པའི་ཚད་ཆེན་དང་། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་རྩ་བ་ཤེས་རབ་ཀྱི་ཐོག་ཆོས་བརྒྱུད་རིས་མེད་ཀྱི་མཁས་པ་ཚོ་གདན་གྲལ་གཅིག་ཏུ་འཁོད་དེ་ལུང་རིགས་ཀྱི་ལམ་ནས་བཤད་པ་གནང་བར་དྲི་བ་དྲིས་ལན་དང་དགོངས་འཆར་གྱི་ལམ་ནས་བགྲོ་གླེང་གནང་རྒྱུའི་ལམ་སྟོན་མཛད་དགོངས་བཞིན། ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་པའི་མཁན་ཆེན་དང་། མཁན་པོ། ལྷ་རམས་པ་དང་། སློབ་དཔོན་བཅས་ལ་གོང་གསལ་བསྟན་བཅོས་གཉིས་ཀྱི་བརྗོད་གཞི་གནད་འགག་ཅན་སྔོན་ཕུལ་ཐོག་རྩོམ་ཤོག་བྲིས་ཏེ། བགྲོ་གླེང་གནང་གི་ཡོད་པ་རེད།

unnamedདེ་ཡང་དབུ་འབྱེད་མཛད་སྒོའི་ཐོག་དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་ཚོགས་ཆུང་གི་རྒྱུན་ལས་ཚོགས་གཙོ་དགེ་ལུགས་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ཀྱིས་ཕེབས་བསུ་དང་འབྲེལ་མཛད་རིམ་ངོ་སྤྲོད་དང་། སྐུ་མགྲོན་གཙོ་བོ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་ནས་དབུ་ཚད་སེང་གེ་མཇིང་བསྣོལ་ཞེས་ཡོངས་སུ་གྲགས་པའི་དོན་གནད་སྐོར་ལ་གསུང་བཤད་ངོ་མཚར་བ་གནང་བ་དང་། སྒོ་མང་མཁན་པོ་དང་། ཤར་རྩེ་མཁན་པོ། བྱང་རྩེ་མཁན་པོ། བློ་གསལ་གླིང་མཁན་པོ་བཅས་ནས་ལས་གཞི་འདི་བཞིན་གལ་གནད་ཆེན་པོ་ཡིན་པ་དང་། ལུང་རིགས་ཀྱི་ལམ་ནས་དགག་བཞག་སྤོང་གསུམ་གྱི་ལམ་ནས་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་དག་ལ་བགྲོ་གླེང་གླེང་བྱས་ཏེ་ཆོས་བརྒྱུད་ཕན་ཚུན་དམ་ཚིག་རྡོག་རྩ་གཅིག་སྒྲིལ་དང་དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་ཐུབ་པ་བཟོ་དགོས་རྒྱུ་དེ་དུས་བབ་ཀྱི་དགོས་མཁོ་དང་།

unnamed-1རྒྱལ་བསྟན་སྤྱི་དང་བྱེ་བྲག་འཛམ་གླིང་གི་སྤྱི་ནོར། བོད་གངས་ཅན་གྱི་ཁྱད་ནོར་བོད་བརྒྱུད་ནང་བསྟན་གྱི་རིག་གཞུང་སྤྱིའི་རྩ་དོན་ཡིན་སྐོར་དང་། ད་རེས་གོ་སྒྲིག་ཚོགས་ཆུང་གིས་འབོད་སྐུལ་ཞུས་དོན་བཞིན་ཆོས་བརྒྱུད་བླ་ཆེན་དབུ་ཁྲིད་རྣམ་པས་ཁོངས་སོ་སོ་ནས་མཁས་པ་བསྐོ་གཏོང་གནང་བ་བཀའ་དྲིན་ཆེ་སྐོར་དང་། མ་འོངས་པར་ཡང་འདི་བཞིན་ཚོགས་ཐུབ་ན་དགེ་མཚན་ཆེ་ལུགས་ཀྱི་གསུང་བཤད་གནང་ཡོད་པ་དང་། མཇུག་ཏུ་རྒྱུན་ལས་ཚོགས་གཞོན་བླ་མ་ཆོས་འཕེལ་བཟོད་པ་ལགས་ནས་ཐུགས་རྗེ་ཆེ་ཞུས་ཏེ། མཛད་སྒོ་གྲོལ་ཡོད་པ་དང་།

unnamed-4ཉིན་རྒྱབ་ནས་བགྲོ་གླེང་དངོས་གཞི་དབུ་འཛུགས་གནང་ཞིང་། བགྲོ་གླེང་འདིའི་ཐོག་སྔ་འགྱུར་རྙིང་མའི་སློབ་དཔོན་གཅིག་དང་། དཔལ་ལྡན་ས་སྐྱའི་མཁན་ཆེན་གཅིག་དང་། མཁན་པོ་གཉིས། བཀའ་བརྒྱུད་ཀྱི་མཁན་པོ་གསུམ་དང་། གཡུང་དྲུང་བོན་གྱི་དགེ་བཤེས་གསུམ། རི་བོ་དགེ་ལུགས་པའི་གདན་གསུམ་གྲྭ་ཚང་དྲུག་ནས་དགེ་བཤེས་ལྷ་རམས་པ་དྲུག་རེ་དང་། བཀྲ་ཤིས་ལྷུན་པོའི་དཀའ་ཆེན་གཉིས། རྭ་སྟོད་གྲྭ་ཚང་གི་དགེ་བཤེས་གཅིག་བཅས་རིས་མེད་མཁས་པ་༤༦ གིས་རྩོམ་ཤོག་ཐོག་སྐར་མ་༡༥ རེར་གསུང་བཤད་གནང་རྒྱུ་དང་། སྐར་མ་སུམ་ཅུ་རེར་དྲི་བ་དྲིས་ལན་དང་དགོངས་འཆར་གནང་སྟེ་ཚད་ཆེན་དང་རྩ་བ་ཤེས་རབ་ཀྱི་དགོངས་དོན་ལ་རྒྱ་ཆེ་གཏིང་ཟབ་ཀྱི་བགྲོ་གླེང་གནང་དང་གནང་བཞིན་ཡོད་པའི་གནས་ཚུལ་སྙིང་བསྡུས་སུ།

གསར་འགྱུར།

Post navigation

Previous Post: འོས་བསྡུ་ལས་ཁང་སོགས་ལ་ཕུལ་བའི་ཡོངས་ཁྱབ་ཞུ་ཡིག་ཅིག
Next Post: རྫི་བོའི་བར་སྣང་།

Comments (40) on “དབུ་ཚད་སེང་གེ་མཇིང་བསྣོལ་གྱི་རིས་མེད་མཁས་པའི་བགྲོ་གླེང་།”

  1. ཀླུ་སྨྱོན། says:
    2015-10-14 at 2:11 am

    དེང་སང་གི་གདན་ས་གང་ཞིག་ཏུ་མཁས་པ་སུ་ཞིག་གི་ཐུགས་རྒྱུད་ལ་དབུ་མའི་ལྟ་བ་རྣམ་དག་སྐྱེས་ཡོད་མེད་སྐོར་བགྲོ་གླེང་རེ་ཡང་གནང་ཐུབ་ན་ངེས་པ་དོན་གྱི་དགེ་མཚན་ཆེ།

  2. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-10-14 at 3:12 am

    རེད་ད་་་་གདན་ས་ཆེན་པོ་ན་ཉིན་ལྟར་བགྲོ་གླེང་བྱ་ཀི་ཡོད་པས་དབུ་ལྟ་ཐུགས་ལ་སྐྱེས་ཡོད་མཁན་ཡོད་དགོས་ཀྱང་། དེ་ལས་ནུབ་གླིང་ན་ཟོག་པོ་རྫུན་འཆོས་སྐྱ་སེར་གང་མིན་ཕུང་གསུམ་པ་དེ་ཚོའི་རྒྱུད་ལ་དམར་སེར་གྱོན་པའི་ཁས་ལེན་ཡོད་མེད་དཔྱད་ཞིབ་བྱ་རན་ཐག་ཆོད་འདུག་མ་གཏོགས་འདིས་བོད་རྒྱུད་ནང་བསྟན་དང་དེའི་འཛིན་རྣམ་དག་བཅས་ལ་རྨ་འབྱིན་གྱི་འདུག་གདའ།

  3. ཀརྡོ་གཉེར་ཕྱག་པ་ says:
    2015-10-14 at 4:40 am

    ་་་་་་་་་་་ དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་ཕྱིར་ལམ་སྟོན་གནང་བའི་དགོངས་གཞི་རྒྱ་གར་པཎ་གྲུབ་བཅུ་བདུན་གྱི་གཞུང་ལུགས་སྤྱི་དང་། ལྷག་པར་དུ་རྨད་དུ་བྱུང་བའི་བསྟན་བཅོས་གྲགས་ཆེན་མཁན་ཆེན་ཞི་བ་འཚོས་མཛད་པའི་ཚད་ཆེན་དང་། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་རྩ་བ་ཤེས་རབ་ཀྱི་ཐོག་ཆོས་བརྒྱུད་རིས་མེད་ཀྱི་མཁས་པ་ཚོ་གདན་གྲལ་གཅིག་ཏུ་འཁོད་དེ་་་་་་་་་

  4. རིན་ཆེན says:
    2015-10-14 at 4:42 am

    དབུ་ཚད་སེང་གེ་མཇིང་བསྣོལ་གྱི་བགྲོ་གླེང་འདིའི་གོ་རིམ་དང་དྲི་བ་དྲིས་ལན་སོགས་ཀྱི་དེབ་བཏོན་ཐུབ་ན་ཡག་པོ་རེད།

  5. ལོ་ཡག says:
    2015-10-14 at 4:54 am

    ་༄། རྒྱ་བོད་པན་གྲུབ་ཡོངས་སུ་རྫོགས་པའི་དབུ་མའི་གཞུང་ལུགས་རབ་འབྱམས་ལ་འཆད་པ་ཆུ་བཞུར་བཞུར་དང་། རྩོད་པ་གློག་འཁྱུག་འཁྱུག རྩོམ་པ་མཚོ་མེར་མེར་བྱེད་ཐུབ་པའི་དབང་དུ་བཏང་ཡང་། དབུ་མའི་ལྟ་བ་རྒྱུད་ལ་ཡོད་པས་མི་ཁྱབ་ན། ཇི་ལྟར་ཤེས།

    ད་ཡིན་ན། མི་ཆོས་བླ་མའི་རྫུན་ལ་ཅི་སྙམ་པ་དག་མདུན་ལ་ཐོན་ནས་ངའི་རྒྱུད་ལ་དབུ་མའི་ལྟ་བ་རྣམ་དག་ཡོད་དོ་ཞེས་སྐད་གསང་མཐོན་པོས་སྒྲོགས་པར་གྱིས་ཤིག

    ཨ་ལ་ཀྱལ་ཀ དབུ་མའི་ལྟ་བ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་པོ་ནི་གཞུང་ལུགས་སྦྱང་པ་པོ་རྣམ་པ་ཚོ་ཡིན། སྐྱབས་སུ་མཆི། །

  6. ཀརྡོ་གཉེར་ཕྱག་པ་ says:
    2015-10-14 at 6:10 am

    བགྲོ་གླེང་གི་བརྙན་འཕྲིན་ཡོད་ན་འདིར་གཏོང་གནང་ཞུ།

  7. ཨ། says:
    2015-10-14 at 8:46 am

    དབུ་མའི་ལྟ་བ་སུའི་རྒྱུད་ལ་སྐྱེས་ཡོད་མེད་དེ་རྩད་གཅོད་དགོས་གལ་ཞིག་ཨེ་ཡིན་སྙམ། གལ་ཏེ་རྩད་ཅིག་བཅད་པའི་དབང་དུ་བཏང་ཡང་རག་མིན་བཤད་དཀའ་མོ་རེད། དེ་ལས་གཞུང་ལུགས་དང་གྲུབ་མཐའི་བར་གྱི་ཐ་སྙད་ཚུན་ཆད་ཀྱི་ཁྱད་པར་ལ་རྒྱུས་ལོན་དང་། སྤྱིའི་དགོངས་དོན་ལ་གོང་རེ་སྒྲིག་ཐུབ་པ། འདི་ལྟ་བུའི་བགྲོ་གླེང་ཞིག་གི་ལམ་བུ་ནས་ཨེ་འཁྱོངས་ལྟ་བ་གནད་འགག་ལས། གཞན་སུའི་ཁ་རྣོ་མིན་དང་ནང་དོན་ཞིག་ལ་མ་སྙེག་པའི་ཚིག་རྩོད་འབའ་ཞིག་གི་གྲོས་ནི་དེ་ག་ཙམ་དུ་འདོད།

  8. ཀླུ་སྨྱོན། says:
    2015-10-14 at 12:55 pm

    དབུ་མའི་ལྟ་གྲུབ་དེ་ལག་པ་གཉིས་ཐལ་མོ་རྡེབ་པའི་བར་གྱི་སློབ་ཚན་རྐྱང་པ་ཞིག་གི་སྟེང་དུ་མ་བཞག་པར་བསྒོམ་བྱ་ཞིག་གི་ངོ་བོར་བཞག་སྟེ་ཉི་མ་རེ་རེ་བཞིན་རྒྱུད་ལ་སྐྱེ་ཐབས་བྱེད་རྒྱུ་ན་ད་གཟོད་རང་རེར་དབུ་མའི་ལྟ་བ་རྒྱུད་ལ་སྐྱེས་པའི་སྒོམ་ཆེན་གངས་ཀྱི་སེང་གེ་འདྲ་བ་མང་པོ་ཞིག་ཐོན་རྒྱུ་རེད།

  9. ཨ། says:
    2015-10-14 at 1:54 pm

    དེ་དེ་ག་རང་རེད་འདོད། གོང་ས་མཆོག་གིས་རྒྱུ་མཚན་དེ་འདྲར་དགོངས་ནས་སྔ་གཞུག་བར་གསུམ་དུ། གདན་ས་ཁག་ནང་སྒོམ་ཁང་ཞེས་དམིགས་བསལ་སྡོད་ཁང་གསར་རྒྱག་དགོས་སྐོར་གསུངས་ཡོད་པ་རེད་ལ། དེ་འདྲའི་གསུང་སྐུལ་གྱི་དྲིན་ལས་དེང་སང་གདན་ས་འགར་སྒོམ་ཁང་ཞེས། རྒྱུན་ལྡན་གྱི་གྲྭ་ཤག་དང་ཚོགས་ཁང་སོགས་ལས་ལོགས་སུ་སྡོད་ཁང་རེ་མཐོང་བ་ཡོད། ཡིན་ཡང་། སྒོམ་ཁང་དེ་ཚོའི་ནང་གི་སྒོམ་པ་པོའི་གྲངས་དང་སྤུས་ཚད་སོགས་ངས་མི་ཤེས།

  10. ཀླུ་སྨྱོན། says:
    2015-10-14 at 2:05 pm

    ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དང་ཕུར་ལྕོགས་བྱམས་པ་རིན་པོ་ཆེ་སོགས་དགེ་ལུགས་པའི་བླ་མ་མཁས་གྲུབ་གཉིས་ལྡན་འདི་ཚོའི་རྣམ་ཐར་མཇལ་དུས་དབུ་མ་ཞེས་པ་དེ་དེང་སང་གི་སློབ་གྲྭའི་ནང་གི་སློབ་ཚན་འདྲ་བོ་ཡིག་རྒྱུགས་འཕྲོད་ཆེད་ཙམ་དང་མཁས་གྲགས་ལྡིར་བྱེད་ཙམ་ཞིག་མ་ཡིན་པར་ཉམས་མྱོང་རྣལ་མའི་སྒོ་ནས་བྲོ་བ་མྱོང་རྒྱུའི་བསྒོམ་བྱ་ཁྱད་དུ་འཕགས་པ་ཞིག་ཡིན་པ་ཤེས་ཐུབ། རི་བོ་དགེ་ལུགས་པའི་བཤད་གྲྭ་ཁག་གི་ཐག་ཅུང་རིང་སར་གྲོང་ལས་དགོན་པའི་ཚུལ་དུ་དབུ་མའི་ལྟ་བ་སྒོམ་སའི་སྒོམ་གྲྭ་རེ་གསར་བཞེངས་གནང་སྟེ།འཛིན་གྲྭ་དབུ་མའི་ཡན་ཆད་དུ་བསླེབས་པ་ཚོ་ཉི་མ་རེ་རེར་ཉུང་མཐར་ཆུ་ཚོད་གཉིས་ཙམ་ཁ་ཁུ་སིམ་པོའི་སྒོ་ནས་དབུ་མའི་ལྟ་བ་རྒྱུད་ལ་སྐྱེ་ཐབས་སུ་དབུ་མ་བ་རྒན་པ་ཉམས་མྱོང་ཅན་རེ་སྒོམ་དཔོན་དུ་བསྐོ་བཞག་གིས་ཉམས་མྱོང་དང་བླ་མའི་གདམས་ངག་ཟུང་འབྲེལ་གྱིས་འབད་པ་ཡིན་ན། དབུ་མའི་ལྟ་བ་དེ་སྔོན་ཆད་རྒྱུད་ལ་སྐྱེ་རྒྱུ་ཡོད་པ་ཞིག་ཡིན་ན་དེང་སང་ཡང་རྒྱུད་ལ་སྐྱེ་ན་ཅིས་མི་ཆོག

  11. ཀརྡོ་གཉེར་ཕྱག་པ་ says:
    2015-10-14 at 2:06 pm

    ཆོས་ར་ཆོས་ཀྱི་མེ་ལོང་རེད། །
    སྒོམ་ལ་དཔྱད་སྒོམ་འཇུག་སྒོམ་གཉིས།
    ལག་གཉིས་ཐལ་མོ་རྡེབ་བར་ནས། །
    བསྒོམ་བྱ་སྟོང་ཉིད་སྒྲ་ཐོན་སྲིད། །

  12. རིན་ཆེན says:
    2015-10-14 at 2:57 pm

    ཀླུ་སྨྱོན་འདིས་རང་གི་ཆོས་གྲྭ་ནས་དབུ་མ་བརྩད་ཡང་མ་མྱོང་བ་ཞིག་གིས་རང་རྒྱུད་ལ་སྐྱེས་ཡོད་མེད་བཤད་ཀྱི་འདུག སྒོམ་ལ་དཔྱད་སྒོམ་དང་འཇོག་སྒོམ་གཉིས་ལས། རྩོད་པ་བྱས་ཚེ་དཔྱད་སྒོམ་མ་ཡིན་པའི་སྒྲུབ་བྱེད་ཨེ་ཡོད།

  13. ཀརྡོ་གཉེར་ཕྱག་པ་ says:
    2015-10-14 at 3:02 pm

    དཔྱད་སྒོམ་ཐལ་སྒྲ་གོ་བ་ལ། །
    མ་མཐའ་རྩོད་གྲོགས་གཅིག་གཉིས་དགོས། །
    འཇུག་སྒོམ་མཉམ་པར་འཇོག་པ་ལ། །
    ཐལ་སྒྲས་དབེན་གནས་གཅིག་པུར་དགོས། །

  14. ཀླུ་སྨྱོན། says:
    2015-10-14 at 3:29 pm

    དཔྱད་སྒོམ་དེ་སྒོམ་མཚན་ཉིད་པ་ཡིན་པར་ཁས་ལེན་མཁན་དགེ་ལུགས་པའི་ཁྲོད་དུ་མ་གཏོགས་ཕལ་ཆེར་ཨེ་ཡོད། འཛམ་གླིང་ཡོངས་གྲགས་སུ་སྒོམ་ཞེས་པ་ནི་དམིགས་པ་ཏེང་ངེར་འཛིན་པའམ་དམིགས་པ་རྩེ་གཅིག་ཏུ་འཇོག་པ་ལ་ཟེར།

  15. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-10-14 at 4:11 pm

    ཀླུ་སྨྱོན་ཁྱོད་ནུབ་གླིང་མཚོ་འགྲམ་ན་ཟོག་པོ་འཁྲབ་བཞིན་ལྟོ་གོས་འཚོལ་ནས་འདུག་ན་དགའ་རེད། ཁྱོད་ཀྱིས་གངས་ཅན་ཤིང་རྟའི་སྲོལ་འབྱེད་རྗེ་རིན་པོ་ཆེ་ལ་ཟུར་ཟ་འདྲ་བྱས་ན་སྙིང་རྗེ་ཡུལ་རང་རེད། ཁྱོད་ལ་དེ་འདྲ་དཔྱད་སྟོབས་ཡོད་ན་ལམ་རིམ་ཆེན་མོ་ལ་དགག་ལན་ཞིག་བྲིས་དང་ངས་ཁྱོད་ལ་གསེར་ལུག་མགོ་ཙམ་འབུལ་ཆོག་གདའ།

  16. ཀླུ་སྨྱོན། says:
    2015-10-14 at 4:18 pm

    ཧཧཧ། ཏྲེ་ཧོར་ལགས། ཁྱེད་ལ་གསེར་ལུག་མགོ་འདྲ་ཞིག་ཡོད་པར་དཔྱད་ན་ཁྱེད་ཀྱིས་ཀྱང་ལྷོ་ཕྱོགས་ན་ཟོག་པོ་འཁྲབ་བཞིན་པ་ཞོར་ནས་རྟོགས་ཐུབ་ཀི ཡང་མིན་ན་ཕྱི་རྒྱལ་ལ་སོང་ནས་གསང་སྔགས་ཀྱི་དཀྱིལ་འཁོར་དང་འཆམ་གདངས་དབྱངས་རོལ་དབྱངས་ཚང་མ་ཕྱི་གླིང་བ་དབང་མེད་ལུང་མེད་ཚོར་འགྲེམ་སྟོན་བྱེད་བཞིན་ཡོད་ཐག་ཆོད་རེད། དེ་མིན་གྲྭ་རྐྱང་དཔེ་ཆ་བ་ཞིག་ཡིན་ན་གསེར་ལུག་མགོ་ཙམ་ཞིག་ཕར་ཞོག་གསེར་རླིག་རིལ་ཙམ་ཞིག་ཀྱང་མེད་ཐག་ཆོད་རེད། ཧཧཧཧཧ།

  17. ཀླུ་སྨྱོན། says:
    2015-10-14 at 4:22 pm

    འོ། རྗེ་ཙོང་ཁ་པ་ཞེས་པ་དེ་ང་འདྲ་བ་ཞིག་གིས་ཟུར་ཟ་བྱེད་ཐུབ་པ་ཞིག་ཀྱང་མ་རེད་ལ། གཞན་གྱིས་ཟུར་ཟ་བྱས་ན་ཁོང་ཁྲོས་འབར་ཡོང་བ་ཁྱེད་འདྲ་བ་ཞིག་ཀྱང་ཡིན་ལུགས་མ་ཐོས། ཁོ་བོར་མཚོན་ན་དེ་ལས་ལྡོག་སྟེ་ཁོང་ནི།
    བདག་ལ་བརྡེག་འཚོག་མཚང་འདྲུའི་སེམས་ཅན་རྣམས། །
    མཐོང་ངམ་ཐོས་སམ་ཡིད་ལ་དྲན་པའི་ཚེ། །
    ཁོང་ཁྲོ་བྲལ་ཞིང་སླར་ཡང་དེ་དག་གི །
    ཡོན་ཏན་བརྗོད་ཅིང་བཟོད་པ་སྒོམ་པར་ཤོག །ཅེས་པའི་སྨོན་ལམ་རྩོམ་མཁན་ཞིག་དང་དེ་ལག་ལེན་དུ་འདེབ་མཁན་ཞིག་ཡིན་པའི་དད་པ་ཡིད་ཆེས་ཁྱེད་ལས་མཐོ་ཙམ་ཡོད་མཁན་ཞིག་ཡིན།

  18. ཀླུ་སྨྱོན། says:
    2015-10-14 at 4:28 pm

    དེང་དུས་དགེ་ལྡན་པའི་ཁྲོད་ལམ་རིམ་ཆེན་མོར་ཉམས་ལེན་བྱེད་མཁན་དཀོན་པ་ཡིན་དུས། ཁྱེད་ཀྱི་དཔེ་ཁྲིའི་སྟེང་དུ་ཡང་ལམ་རིམ་ཆེན་མོ་ཞིག་ས་རྡུལ་གྱིས་གཡོགས་ནས་བཞུགས་ཡོད་སྲིད། མཐའ་ན་ལྷ་རམས་དགེ་བཤེས་མ་ཐོན་བར་དུ་ལམ་རིམ་ཆེན་མོར་ལག་པས་ཐུག་ཙམ་ཡང་བྱེད་མ་ཐུབ་པར་ལུས་འགྲོ་སྲིད་པས། ཆུ་ཚོད་སྟོང་པ་རེ་ཡོད་ན་ལམ་རིམ་ཆེན་མོར་གོ་བ་ལེན་ཡ་དང་སྒོམ་ཡ་ཧ་ཅང་ཁག་པོ་འདུག་ན། རྗེའི་བྱིན་རླབས་སྤུངས་ཞུས་སམ་ཡང་ན་ཐོག་མཐའ་བར་དགེ། དེ་ལས་ཀྱང་གལ་ཆེ་བ་ནི་ལམ་རིམ་བསྡུས་དོན་ལྟ་བུ་རེར་ནངས་དགོང་བསམ་བློ་གཏོང་ཐུབ་ན་དཔེ་ཆ་དང་རང་རྒྱུད་རོ་རྒྱབ་ཁུར་ལྟར་ཕྱིན་ཅི་ལོག་ཏུ་མི་འགྲོ་བར་ཕན་པ་ཡོད་ངེས་ཅན་ཡིན། དེ་མིན་རྗེ་གུང་ཐང་བས། ཀྱེ་ཧུད་དགེ་ལྡན་བསྟན་པ་འདི། །དཔལ་དང་འབྱོར་བས་རབ་རྒྱས་ཀྱང་། །བཤད་དང་སྒྲུབ་པ་ཆེས་ཕྲ་བས། །བསམ་བཞིན་ཤེས་པ་སྙིང་ནས་འཕྱོ། །གསུངས་པ་དེ་འདྲ་ཡང་བདེན་གཏམ་ཡིན་སྲིད།

  19. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-10-14 at 5:00 pm

    ཀླུ་སྨྱོན་་་་་དགེ་ལྡན་པའི་ཁྲོད་དུ་ཟོག་པོ་ཁྱོད་འདྲ་བ་ངོ་མ་དཀོན་པོ་ཡོད་རེད་མ་གཏོགས་གདན་ས་ན་སློབ་གཉེར་བྱ་དང་བྱེད་བཞིན་པ་ཚང་མས་སྦྱོང་བྱ་ལམ་རིམ་ཆེན་མོ་རེད་གདའ། མི་ཚེ་ཐོས་པ་ལ་སྐྱེལ་ནས་མཐའ་ཉམས་སུ་ལེན་བྱ་དེའི་རང་ནས་འགྲོ་ཀི་ཡོད་པ་ནུབ་གླིང་ནས་ག་བར་མཐོང་ངམ།

  20. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-10-14 at 5:05 pm

    ཨོ་་་ཀླུ་སྨྱོན་ལགས། གཅིག་བརྗེད་འདུག་་་་་གསང་སྔགས་ཀྱི་དབང་དང་དཀྱིལ་འཁོར་རྣམས་བརྟག་དཔྱད་མེད་པར་མགོ་སེར་ཀུན་ལ་ཌོ་ལ་འབུལ་དུས་འབེར་ལྷུག་ལྷུག་གནང་མཁན་དེ་གདན་སར་བཞུགས་མཁན་རྣམས་རེད་ཨེ་འདུག་གམ། རང་གི་ཐོད་པར་མཛུབ་མོ་ཚུགས་དང་།

  21. ཀླུ་སྨྱོན། says:
    2015-10-14 at 5:52 pm

    ཏྲེ་ཧོར་ལགས། གདན་ས་ཁག་ནས་སྐུ་ཞབས་བརྒྱད་དགུ་རེར་ནུབ་ཕྱོགས་སུ་སྐོར་སྐྱོད་ཀྱིས་གསང་སྔགས་ཀྱི་རྡུལ་ཚོན་དཀྱིལ་འཁོར་དང་གདངས་རྟ་དབྱངས་སོགས་དབང་ལུང་ཁྲིད་གསུམ་མེད་པའི་མགོ་སེར་ཚོར་ཁྲོམ་སྟོན་བྱས་པའི་ཡོང་འབབ་ཀྱིས་ལྷོ་ཕྱོགས་ཀྱི་འདུ་ཁང་ཚོམས་ཁང་མང་པོ་བརྒྱབ་དང་རྒྱག་བཞིན་པ་མ་ཡིན་ནམ། ངས་དེ་བཤད་ཀིན་ཡོད། འདུ་ཁང་ཚོམས་ཁང་རྒྱག་ཡུལ་དེ་དགེ་འདུན་པ་ཚོ་ཡིན་པས་ངེས་པར་དུ་དགོས་ཀྱང་དཔལ་འབྱོར་དེ་ཚོའི་ཡོང་ཁུངས་ལ་བརྟགས་ན་གསང་སྔགས་ཀྱི་ཆོས་དང་མཐུན་པའི་ཡོང་སྒོ་ཞིག་ཡིན་མིན་མི་ཤེས། འདིའི་སྟེང་ནས་ནུབ་བླ་རྒྱ་བླ་ཚོར་ཁ་གཏོང་གིན་ཡོད་པ་མ་རེད་དམ།

  22. ཀླུ་སྨྱོན། says:
    2015-10-14 at 5:55 pm

    ད་དུང་གདན་ས་ནས་ཕེབས་པའི་རྡུལ་ཚོན་དཀྱིལ་འཁོར་འགྲེམ་ཚོང་བ་ཚོའི་ལྷན་དུ་གྲྭ་རྒན་རེ་ཟུང་འདུག་པ་ཚོས་ཀྱང་ང་ནང་བཞིན་ནུབ་ཕྱོགས་པ་ཚོར་དབང་རྗེས་གནང་ཐན་ཐུན་སྣོད་རུང་ཡིན་མིན་ལ་མི་བརྟག་པར་གནང་རྐྱང་བྱེད་པ་ནི་དེང་སང་སྤྱི་འགྲོས་འདྲ་ཞིག་རེད། ཁོང་ཅག་འགྲིག་གི་ཡོད་ན་ངེད་ཅག་ནུབ་བླ་ཚོ་ཡང་མི་འགྲིག་པའི་སྒྲུབ་བྱེད་དེ་ཙམ་ཨེ་ཡོད་དམ།

  23. ཀླུ་སྨྱོན། says:
    2015-10-14 at 6:03 pm

    མགོན་པོ་ཀླུ་སྒྲུབ་ཀྱིས་བཤེས་སྤྲིངས་ལས།
    ཁྱོད་ཀྱིས་བྲམ་ཟེ་དགེ་སློང་ལྷ་དང་ནི།།
    མགྲོན་དང་ཡབ་ཡུམ་དག་དང་བཙུན་མོ་དང་།།
    འཁོར་གྱི་སླད་དུའང་སྡིག་པ་མི་བགྱི་སྟེ།།
    དམྱལ་བའི་རྣམ་སྨིན་སྐལ་ནོད་འགའ་མ་མཆིས།།
    གསུངས་པར་གཞིགས་ན། གདན་སའི་གྲྭ་པ་ནུབ་སྐྱོད་རྡུལ་ཚོན་དཀྱིལ་འཁོར་འགྲེམ་འཚོང་བ་ཚོའི་སྡིག་པ་དང་ངེད་ཅག་ནུབ་བླ་ཚོའི་གསང་སྔགས་སྣོད་མིན་ལ་བསྟན་པའི་ཉེས་པར་ལྕི་ཡང་ཨེ་ཡོད་ན་བསམ་བཞིན་ཡོད།

  24. ཨ། says:
    2015-10-14 at 7:03 pm

    རེད། རིས་སུ་མ་ཆད་པའི་སྔོན་གྱི་སྐྱེས་ཆེན་ཚོ་སྟེ། བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ་འགྲན་ཟླ་བྲལ་བ་ཚོས་ནང་བསྟན་གཞུང་ལུགས་ལ་ཉམས་བཞེས་སམ། ལག་ལེན་སློབ་གཉེར་གནང་སྟངས་ནི་དེ་འདྲ་ལོས་ཡིན་ཏེ། ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་བཤད་པའི་དོན་ཡང་དེར་སྣང་བས། འོན་ཀྱང་། དམ་པ་དེ་ཚོའི་ཇི་ལྟར་སློབ་གཉེར་གནང་སྟངས་དེ་ལྟར་ནི་སྐབས་དེའི་གཙོ་རྒྱུག་སློབ་གཉེར་བྱེད་སྟངས་ཤིག་ཡིན་མིན་མི་ཤེས། གལ་ཏེ་མིན་པའི་དབང་དུ་བཏང་ན། དེང་ཡང་ནང་བསྟན་གཙུག་ལག་ཁང་གང་ན་ཡོད་པ་དེར་དམ་པ་རེ་ཟུང་ནི་སྔོན་ཀྱི་སྐྱེས་ཆེན་ཚོ་བཞིན་ཡོད་པ་གོར་མ་ཆག རེད་དེ། ཉིན་ཞག་ཕྲུགས་གཅིག་ཏུ་ཐོས་བསམ་སྒོམ་གསུམ་སྤེལ་མའམ། ཞིབ་ཚགས་ཀྱི་སློབ་གཉེར་གནང་ཕྱོགས་དང་གནང་མཁན་གྱི་གྲངས་ངོས་ནས་གནའ་དེང་གཉིས་བསྡུར་དུ་མེད་པ་ངེས་ཏེ། བསླབས་འབྲས་ཀྱི་མཁས་པའི་གྲངས་དང་སྤྱི་བཏང་གི་དུས་སོ་སོའི་སློབ་གཉེར་ཡར་རྒྱས་དང་སྤུས་ཚད་སོགས་སྣ་ཚོགས་ནས་ཤེས་པར་འདོད། མདོ་དོན། དེང་གི་གདན་ས་ཁག་ནས་སློབ་གཉེར་ཡར་རྒྱས་ཆེད་སློབ་སྦྱོང་གི་བྱ་བ་དེ། གནད་ལ་འཁེལ་བ། དུས་ལ་སྟུན་པ། ཡར་ལ་ལྟ་བ་ཞིག་ཅིས་ཀྱང་འོང་དགོས་པར་མཐོང་།

  25. ཨ། says:
    2015-10-14 at 7:19 pm

    དེ་ནས་དཔྱད་འཇོག་གི་སྒོམ་གཉིས་ལས་དཔྱད་སྒོམ་དགེ་ལུགས་པ་མ་ཡིན་པའི་ཆོས་རྒྱུད་གཞན་གྱི་དམ་པའི་གཞུང་དུ་ཡོད་ངེས་ཀྱང་། ཐ་སྙད་ཅི་ཞིག་ནས་གསུང་གིན་ཡོད་མེད་ངར་བཤད་རྒྱུ་མེད་དེ། དེ་བཙལ་སླ་བ་ཞིག་རེད། ཐུན་མོང་དུ་དཔྱད་སྒོམ་ནི་མཁས་པས་ཇི་ལྟར་གཞུང་དུ་གཏན་ལ་ཕབ་པ་དང་། འབེབ་བྱེད་ཀྱི་རིགས་པར་གཞིགས་ནས་བསམ་དགོས་མོད། ཐུན་མིན་ནམ་ཚད་མཐོ་ས་ཞིག་ནས་བཤད་ན། རང་གི་བསམ་ངོར་བབས་པའི་ཉམས་སྣང་རྗེན་པ་ཞིག་གི་ངོས་ནས་ཐག་གཅོད་དགོས་གལ་ཏེ། ང་འདྲ་བའི་རྟུལ་པོ་དག་ནི་ཚད་དེ་འཐོན་པར་ཀླད་ཤུགས་ཀྱིས་འདང་དཀའ་ངེས། ཧེ་ཧེ། ངའི་བསམ་པར་སུ་ཞིག་ལ་འཇོག་སྒོམ་གདེང་འཐོབ་ཅིག་བྱུང་ན། མི་དེ་དཔྱད་སྒོམ་གྱིའང་ཐག་ཉེ་སར་བསླེབས་སོང་འདོད། འོ། ཞོར་བཤད་ཅིག་ལ། ཆོས་པ་དང་གྲྭ་པའི་རིགས་ལ་བསམས་ཏེ་ནུབ་བླ་དང་རྒྱ་བླའི་སྐད་ཆ་གཡུགས་ཤོག ཧ་ཧ།

  26. སྤོབས་པ་མཐའ་ཡས། says:
    2015-10-14 at 8:15 pm

    ཐོས་བསམ་སྒོམ་གསུམ་གྱི་ཡ་གྱལ་བསམ་པ་དང་དཔྱད་སྒོམ་ལ་ཁྱད་པར་གང་ཡོད་དམ།

  27. BONPO says:
    2015-10-14 at 8:38 pm

    ཧ་ཅང་ལེགས་སོ། དགོན་སྡེ་ཆེ་ཁག་དང་དཔུང་རླབས་ཆེ་ས་དེ་ཚོས་བོད་མི་ནང་ཁུལ་ཞི་མཐུན་དང་མཉམ་གནས་ཀྱི་བྱ་བ་ལ་འདི་ལྟར་བཙོན་ཐུབ་ན་ཤིན་ཏུ་ངོ་མཚར་ཆེའོ། ཕན་རླབས་ཀྱང་དེ་བས་དགུ་འགྱུར་གྱིས་ལོས་ཆེ། །
    རྣམ་པ་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ། །

  28. BONPO says:
    2015-10-14 at 9:02 pm

    འདིར་གཟིགས་དང་། ཚན་རིག་པས་སྔོན་དམ་བཅས་པ་ལ་དེང་འགྱུར་བ་ཕྱིན་པ་ཞིག་འདུག །
    http://www.bbc.com/news/science-environment-34531861

  29. ལོ་ཡག says:
    2015-10-14 at 10:23 pm

    ༼ དད་པ་དག་སྣང་ལོས་ཀྱང་བྱེད།༽

    བསྟན་པ་སྤྱི་མཚན་གྱི་དབང་དུ་བྱས་ན། དང་པོར་རྒྱ་ཆེན་ཐོས་པ་སྔོན་དུ་འགྲོ་དགོས་པའི་ཕྱིར་ན། ས་དགེ་བཀའ་སྙིང་ཇོ་ནང་དང་བཅས་པ་གང་ལ་ཡང་ལྟ་བའི་གནད་སྟོན་པའི་བསྟན་བཅོས་གླང་པོའི་རྒྱབ་ཁལ་ལོངས་པ་རེ་ཡོད་པ་དེས་མཚོན། གཞུང་ལུགས་རབ་འབྱམས་སྨྲ་བ་ལ་ཐོགས་རྡུགས་མེད་པའི་རྟོག་གེ་མགོ་མཁྲེགས་ཚོ་ང་རྒྱལ་དང་རང་མཐོང་ཆུང་བར་གྱིས་དང་། དད་པ་དག་སྣང་ལོས་ཀྱང་བྱེད།

    གང་ཟག་སྒེར་མཚན་དུ་བྱས་ན། བླ་མ་བྱམས་པའི་རྣལ་འབྱོར་བ་གྲུབ་མཐའ་བྱེ་བྲག་དངོས་སྨྲ་བ་ཡིན་བཞིན་དུ་ སྙིང་རྗེས་ཆེས་ཆེར་བསྐྱོད་དེ་རང་ཤ་བཅད་དེ་སྦྱིན་པར་བཏང་པས་སྟོང་ཉིད་མངོན་སུམ་དུ་རྟོགས་སོང་བ་དེས་མཚོན། ད་དུང་ཕྱག་རྫོགས་མངོན་རྟོགས་འཕོ་བའི་སྣོད་རུང་ཡང་དད་པ་མོས་གུས་ཅན་གྱི་སྒོམ་པ་པོ་ཚོ་ཡིན་ཚོད་འདུག་པས། ནག་ཆང་ལ་དགའ་མགུར་སྤྱོད་པའི་ཁམས་པོ་ཆེ་དག་འདོད་ཆགས་དང་སྐྱུར་འགོང་ཆུང་བར་གྱིས་དང་། དད་པ་དག་སྣང་ལོས་ཀྱང་བྱེད།

    (གོང་གི་མཆན་དུ། སྦྱང་པ་པོར་གཏགས་འདུག་ན་སྦྱོང་བ་པོར་བཅོ་བར་བྱ)

  30. ལོ་ཡག says:
    2015-10-14 at 10:47 pm

    དགོངས་དག བཀའ་སྙིང་ཞེས་པ་བཀའ་རྙིང་ལ་ཆོས།

  31. ལོ་ཡག says:
    2015-10-14 at 11:05 pm

    ཨ་ཙི། ཇི་ལྟར་གཟབ་ཀྱང་གཏགས་ནོར། སྒེར་མཚན་སྒེར་ཚན་དུ་བཅོའོ། །

  32. རྟ་བདུན་དབང་བོ says:
    2015-10-15 at 2:56 am

    དེང་དུས་སློབ་གཉེར་བ་ཚོས་ཆོས་གྲྭ་ནས་རང་ཉིད་རྒྱལ་ཐབས་དང་གཞན་ཕམ་པར་རྒྱག་སྟངས་ཁོ་ནར་བསམ་བློ་གཏོང་ཀི་ཡོད་པ་འདྲ། སྔོན་གྱི་མཁས་དབང་ཚོས་འགོ་ཚད་མ་ནས་བཟུང་ཤེས་བྱ་ཐམས་ཅད་ཉམས་ལེན་ལ་སྦྱར་ནས་ཐོས་བསམ་སྒོམ་གསུམ་འཆད་རྩོད་རྩོམ་གསུམ་བྱས་པ་རེད། ད་ལྟ་ཕལ་ཆེར་ཅང་ཡོད་དམ། ཡིན་ཡང་རེ་གཉིས་ཡོད་པར་སྨོན། ཆོས་ཤེས་ནས་ཉམས་ལེན་མ་བྱས་ན། ཟས་མཛོད་ཁང་ནས་ལྟོག་ནས་ཤི་བ་ལྟ་བུ་རེད། འདི་ལས་ཐབས་རྡུག་པ་ཞིག་ཨ་ེཡོད་ན། །

  33. ཨ། says:
    2015-10-15 at 5:08 am

    སྤྱིར་ན་ཁར་རྒྱུན་ལ་ལར་བསམ་བྱུང་ལའང་དཔྱད་སྒོམ་གྱི་མིང་གིས་བསྙད་པ་འདུག་ཀྱང་། བསམ་བྱུང་ལ་སྤྱིར་སྒོམ་གྱི་མཚན་ཉིད་མེད་པར་འདོད་དེ། ། དེ་ནི་སྒོམ་པའི་བློ་ལས་ཐ་དད་པའི་དཔྱོད་ཤེས་ཤིག་ལ་ཟེར་ཕྱིར། མ་ཟད་བསམ་སྒོམ་གཉིས་ནི་སྤྱིར་ན། བློ་ཡི་མཚན་ཉིད་ཐ་དད་པའི་རྒྱུ་འབྲས་ཤིག་ལའང་འཇོག་པས། བསམ་བྱུང་ལ་སྒོམ་བྱུང་ངམ་སྒོམ་གྱི་ནང་དོན་དེ་གཞར་ཡང་མེད་པར་འདོད། འོན་ཀྱང་། སྤྱིར་སྒོམ་ཞེས་པའི་ཚིག་རིས་ལ་གཞིགས་ཏེ། ཆོས་རའི་ནང་དུ་རིགས་ལམ་པ་ཚོར། རིགས་གར་འཁྲབ་སྟངས་ཡིད་དུ་འོང་བ་མང་།

  34. ཀརྡོ་གཉེར་ཕྱག་པ་ says:
    2015-10-15 at 6:07 am

    ཐོས་བསམ་སྒོམ་གསུམ།

    གཞན་ལས་ཐོས་པ་ལ། ཤེས་པར་བྱེད་པ་ནི། ཐོས་པ།

    ཐོས་དོན་དེ། ལུང་རིགས་ཀྱིས་ཚུལ་བཞིན་དུ་བསམས་ཏེ་ངེས་པ་ནི། བསམ་པ།

    དོན་དེ་ལ་ཐེ་ཚོམ་བྲལ་ན་ཡང་། དོན་དེ་མི་བརྗེད་པ་དང་། སྤང་བྱར་གཉེན་པོར་འགྲོ་ཕྱིར། འགྲོ་འཆགས་འདུག་གསུམ་སྐབས་ལ། རིགས་པས་དཔྱད་སྟོབས་ཀྱིས་ཡང་ཡང་བློ་ལ་འདྲིས་པར་བྱས་པ་ནི། དཔྱད་སྒོམ་དང་།

    ལུས་རྣམ་སྣང་ཆོས་བདུན་གྱིས། ཡིད་དམིགས་པ་གཅིག་ལ་རྩེ་གཅིག་ཏུ་དོན་དེ་ལ། འཇོག་པ་ལ་འཇོག་སྒོམ་ཟེར།

  35. ཁྱུང་སེ། says:
    2015-10-15 at 6:33 am

    རྟོག་གེ་བ་ཚོར་ང་རྒྱལ་ཞིག་དགོས་ཀྱི་ཡོད་པ་འདྲ། སེང་གེ་འཇིང་བསྣོལ་ཞེས་མིང་བཏགས་འདུག་ག་སེང་གེ་ནི་ང་རྒྱལ་མཚོན་བྱེད་ཀྱི་སེམས་ཅན་ཞིག་རེད།

  36. གཅན བཟོད་རྒྱམ། says:
    2015-10-15 at 8:12 am

    སེང་གེ་གཉིས་སྐེ་བསྣོལ་ནས་བསྡད་ན་རྒྱབ་མདུན་གཉིས་གྱི་དགྲ་མཐོང་གི་ཡོད་ཙང་རྒྲབ་མདུན་གང་ནས་དགྲ་ཡོང་བ་འགོག་ཅིང་གནོད་པ་ཐུབ་པ་དང་། དབུ་མ་དང་ཚད་མ་གཉིས་ནི་དེ་ལྟ་བུའི་སེང་གེ་སྐད་བསྣོལ་བསྡད་པར་དཔེ་མཛད་པ་ལས། ང་རྒྱལ་མཚོན་དོན་ཡིན་མིན་དེ་འདྲ་རང་ཡིན་རྒྱུ་མ་རེད་པ།

  37. ཡར་ལྷ་ཤམ་པོ། says:
    2015-10-15 at 12:31 pm

    རྒྱལ་བ་རིན་པོ་ཆེའི་ཐུབ་དགོངས་བཞིན་རིས་སུ་མ་མཆིས་པའི་མཁས་པ་རྣམས་འདུས་ནས་རྩ་ཤེར་དང་ཚད་ཆེན་ལ་བགྲོ་གླེང་གནང་བར་སྙིང་ནས་ཡི་རངས་ཞུ། སྔར་བོད་དུ་ཞི་འཚོ་ཡབ་སྲས་ཀྱི་གཞུང་སྤྱི་དང་ལྷག་པར་དབུ་མ་རྒྱན་དང་རྣམ་ངེས་ཀྱི་འཆད་ཉན་རྒྱ་ཆེར་དར་ཡང་དུས་ཕྱིས་ཉམས་ཆག་ཆེན་པོ་བྱུང་། བོད་དུ་རྒྱལ་བའི་བསྟན་པ་རྩ་བ་བརྟན་པོ་ཞིག་བཙུགས་ཐུབ་པ་དེ་ཞི་འཚོ་ཡབ་སྲས་ཀྱི་བླ་མེད་ཀྱི་མཛད་ཕྲིན་དང་བྲལ་མེད་ཡིན་པར་དགོངས་ནས་བོད་ཀྱི་མཁས་གྲུབ་མང་པོས་བསྔགས་བརྗོད་མང་པོ་མཛད། ཉེ་བའི་འཆར་གོང་ས་རྒྱལ་བའི་དབང་པོས་ཡེ་ཤེས་སྤྱན་གྱིས་གཟིགས་པས་ཞི་འཚོ་ཡབ་སྲས་ཀྱི་མཛད་པར་བསྔགས་བརྗོད་ཀྱི་མེ་ཏོག་རྒྱུན་ཆད་མེད་པར་རབ་ཏུ་གཏོར་བས་བོད་ཀྱི་མཁས་གྲུབ་ཅིག་གི་ནང་ནས་མཁན་ཆེན་ཞི་བ་འཚོར་བསྟོད་པ་ཆེ་ཤོས་གནང་མཁན་ཞིག་ཡིན། ཚིག་གི་བསྟོད་པ་ཙམ་མ་ཡིན་པར་ཞི་འཚོ་ཡབ་སྲས་ཀྱི་གསུང་རབ་ཀྱི་འཆད་ཉན་ཉམས་པ་སླར་གསོ་དང་། གོང་འཕེལ་གྱི་བྱ་བར་ཐུགས་བསྐྱེད་རྒྱ་ཆེར་བཞེས་པ་ནི་རྒྱལ་བསྟན་འཛིན་སྐྱོང་ཀྱི་ཆ་ཤས་གལ་ཆེན་ཞིག་ཏུ་མཐོང་། སླད་མར་རིས་མེད་མཁས་གྲུབ་དང་། དཔེ་ཆ་བ། ལས་ཀྱི་སྣེ་མོར་གཏོགས་པ་ཀུན་གྱིས་ཐུགས་བསྐྱེད་གང་ཐུབ་ཀྱིས་ལེགས་སྐྱེས་གང་ཐུབ་འབུལ་གནང་ཡོང་བའི་གསོལ་བ་སྙིང་ནས་འདེབས་པ་ལགས་སོ།།

  38. རྔ་བ་རྒྱལ་ཁམས་པ། says:
    2015-10-15 at 11:53 pm

    ཆོས་བརྒྱུད་རིས་མེད་ཀྱི་དབུ་ཚད་བགྲོ་གླེང་ཆེན་མོར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཡོད། མཛད་འཆར་འདི་ལྟ་བུ་ནི། ཆོས་བརྒྱུད་དང་ཆོས་བརྒྱུད་པར་མ་རྟོགས་པ་དང་། ལོག་པར་རྟོག་པ། ཐེ་ཚོམ་གྱི་དྲི་མ་སེལ་བའི་ཐབས་ལམ་བཟང་བོ་ཞིག་དང་། ཆོས་བརྒྱུད་ཕན་ཚུན་བར་གུས་བརྩི་དང་ལེགས་ཆ་ལེན་རེས། དག་སྣང་སྦྱོང་ཐབས་ཀྱི་ལམ་ཁ་རྨད་དུ་བྱུང་བ་ཞིག་རེད་སྙམ། སྤྱིར་ཤོད་སྲོལ་ཞིག་ཏུ་རྙིང་མ་དང་བཀའ་བརྒྱུད་ཀྱི་ཕྱོགས་ལ་སྒོམ་ཆེན་གངས་ལ་སེངྒེ་འགྱིང་འདྲ་དང་། ས་སྐྱ་དང་། དགེ་ལུགས་ཀྱི་ཕྱོགས་ལ་མཁས་པ་ཁྱུང་ཆེན་གནམ་ལ་ལྡིང་བ་ལྟ་བུ་ཡོད་ཅེས་པ་ཞིག་གོ་མྱོང་། གལ་སྲིད་དེ་བདེན་པའི་དབང་དུ་བྱས་ན། བཀའ་རྙིང་གཉིས་སྒོམ་གཙིགས་ཆེར་འཛིན་པ་ལས། གཞུང་ལུགས་རབ་འབྱམས་ཐོས་བརྩོན་དེ་ཙམ་ལྷུར་ལེན་མི་གནང་བ་དང་། ས་དགེ་གཉིས་ཐོས་བསམ་གཙོ་བོར་འཛིན་པ་ལས། སྒོམ་ཉམས་ལེན་དེ་ཙམ་གཙོར་འཛིན་མི་བྱེད་པ་ཞིག་ཨེ་ཡིན་སྙམ། ལས་སྲིད་ཐོས་པ་ཙམ་ལས་ཐོས་དོན་སྒོམ་ཉམས་ལེན་གྱི་གྲོགས་སུ་འགྲོ་མ་ཐུབ་ན། ཚིག་ལ་མཁས་པ་ལས་དོན་ལ་མི་མཁས་པར་འགྲོ་སྲིད། དོན་ལ་མ་མཁས་ན་ཐོས་བསམ་ཉོན་མོངས་པའི་ཕྱོགས་སུ་ཤོར་ཏེ། ང་རྒྱལ་དང་ཁོང་ཁྲོ་སོགས་སྟངས་འཛིན་བྱེད་དཀའ་བར་ཆགས་ཡོང་བ་རེད་བསམས། ང་སྔོན་མར་རྡ་རམ་ས་ལར་ཡོད་སྐབས། ལོ་རེའི༧སྐུ་མདུན་གྱི་སྨོན་ལམ་གསུང་ཆོས་ལ་གྲྭ་ས་ཁག་ནས་དགེ་བཤེས་མང་བོ་ཕེབས་ཀྱིན་ཡོད། ང་ཚོའི་གྲྭ་དུ་ཡང་ཡང་ཕེབས་མཁན་གྱི་ཨ་མདོའི་དགེ་བཤེས་ཤིག་ཡོད། སྐབས་རེར་ངེད་གཉིས་ཀྱིས་ཆོས་ཚན་རེའི་སྐོར་ནས་ཁ་བརྡ་དང་། རྩོད་གླེང་ཅུང་ཟད་རེ་བྱེད་མྱོང་། སྐབས་རེར་དགེ་བཤེས་ཚང་ངའི་སྒང་ལ་རླུང་ལངས་ནས། གདོང་རྩ་འབུར་འབུར། མིག་ཧྲིག་ཧྲིག གདན་ཐོག་ནས་ཡར་བཞེངས་ལ་ཁད་ཀྱིས། ཁོང་གིས་ལ་ཁྱོས་སྐྱག་པ་ཟོ། ཞེས་སྨྲས་པའི་ངང་ཚུལ་དེ་སེམས་ནས་བརྗེད་དཀའ་བ་ཞིག་རེད། ང་གད་མོ་ཤོར་ནས་བསྲན་བཟོད་ཅིག་མི་འདུག ང་བགད་ན་ཁོང་ལྷག་པར་ཡང་རླུང་ལངས། ངས་སྐད་ཆ་གཞན་ཞིག་ཏུ་ཁ་བསྒྱུར་ནས་བཤད། དགེ་བཤེས་ཚང་ཡང་ག་ལེར་རླུང་ཞི་ཞིང་ལྷོད་ལ་འབབ་བཞིན་ཡོད། ངས་སེམས་ལ། ང་ཚོས་ཡོངས་གྲགས་གླེང་བཞིན་པའི་ཐོས་རྟགས་ཞི་ཞིང་དུལ་བ། སྒོམ་རྟགས་ཉོན་མོང་ཆུང་བ་ཞེས་པའི་དྲི་ཙམ་ཡང་ཨེ་བྲོ་སྙམ་པའི་སེམས་ཚོར་སྐྱེས་མྱོང་། གནས་སྟངས་དེ་འདྲ་ཁོང་གཅིག་པུ་མ་རེད། རྩོད་གྲྭའི་རིགས་ལམ་སྦྱོང་མཁན་མང་བོར་རང་ཉིད་མ་རྒྱལ་ན་ཐུགས་མི་བདེ་བ་ལྟ་བུའི་མཁྲེགས་འཛིན་ཞིག་ཡོད་འདྲ། དབུ་མ་དང་། ཚད་མ་ལབ་དུས། དབུ་མ་ཞེས་པ་དབུས་ཀྱི་དོན་རེད། དེའང་མཐའ་གཉིས་དང་བྲལ་བའི་དབུས་ཤིག་ལ་གོ་དགོས་པར་གསུང་འདུག འོན་ཀྱང་། ལམ་དབུ་མ་སྒོམ་མཁན་གྱི་རྣལ་འབྱོར་བས། སྟོང་རྐྱང་ཙམ་ཞིག་སྒོམ་པ་ཡིན་ན། མཐའ་གཉིས་དང་བྲལ་ཚུལ་ཇི་ལྟར་ཡིན་ནམ། རྗེ་བླ་མས། སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང་།། སྟོང་བ་ཁས་ལེན་བྲལ་བའི་གོ་བ་གཉིས།། ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ།། ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད།། ཅེས་པའི་གསུང་དེར་བརྟགས་པ་ཡིན་ན། དབུ་མའི་ལམ་དེ་སྟོང་དང་རྟེན་འབྱུང་ཟུང་དུ་འཇུག་པའམ། དེ་གཉིས་ཚོགས་པའི་ལམ་ཞིག་ལ་གོ་དགོས་རྒྱུ་ལ། རྣལ་འབྱོར་བས། དེ་སྒོམ་སྐབས་དེ་གཉིས་ཡ་བྲལ་བའམ། སྟོང་རྐྱང་མེད་དགག་ཙམ་ཞིག་སྒོམ་པ་ཡིན་ན། སྟོང་དང་རྟེན་འབྱུང་ཟུང་འཇུག་གི་ཚུལ་དུ་སྒོམ་པ་ཨ་གནོད། ཐོས་བསམ་སྒོམ་གསུམ་གྱི་ཉམས་མྱོང་ཞན་པའི་གུས་པར། དབུ་མའི་ལམ་སྒོམ་སྟངས་ཀྱི་ཐད་ནས་ལམ་སྟོན་རེ་གནང་མཁན་ཡོད་དམ།

  39. ཀརྡོ་གཉེར་ཕྱག་པ་ says:
    2015-10-16 at 12:38 pm

    གཅིག དབུ་མ་པས་སྟོང་ཉིད་རྟོགས་ཞེས་པ་ལས། སྟོང་ཉིད་དེ་དབུ་མ་རེད་ཅེས་པའི་ཐ་སྙད་མེད།

    གཉིས། ཡིན་ལུགས་ཕུ་ཐག་ཆོད་དུས། རྟེན་འབྱུང་སྟང་པའི་དོན་དུ་གོ་བ་ཙམ་མ་ཟད། སྟོང་པས་རྟེན་འབྱུང་ཡིན་པ་ཕར་གོ་བ་ཡོད་གསུངས་འདུག

    གསུམ། སྟོང་ཉིད་ཐོག་མ་རྟོགས་དུས་མེ་དགག་ཙམ་རྟོགས་དགོས།

    བཞི། ཐེག་ཆེན་མཐོང་ལམ་པས་མཉམ་བཞག་ཏུ་རྟོགས་ཉིད་མེད་དགག་ཙམ་རྟོགས་དགོས།

    ལྔ། འདི་དག་མདོ་ལུགས་རྐྱང་པའི་དབང་དུ་བྱས་ན། ཆོས་བརྒྱུད་གྲུབ་མཐའ་ཀུན་གྱིས་གཅིག་མཚུངས་སུ་བཞེད་དགོས་སྙམ་མོ།།

  40. ཀརྡོ་གཉེར་ཕྱག་པ་ says:
    2015-10-17 at 6:13 am

    རྩ་བརྒྱུད་བླ་མས་བྱིན་གྱིས་རློབས། །
    ཡི་དམ་ལྷ་ཡིས་དངོས་གྲུབ་སྩོལ། །
    ཆོས་སྐྱོང་སྲུང་མའི་འཕྲིན་ལས་དང་། །
    བཀའ་གཉེན་འཁོར་གྱིས་སྣང་བ་སྩོལ། །

    ཐེག་ཆེན་སངས་སྔགས་རྡོ་རྗེ་ཐེག་པའི་དབང་དུ་བྱས་ན་ཡང་། བླ་མ་བྱང་སེམས་འཕགས་པའི་དྲུང་ནས། སློབ་མ་བྱང་སེམས་སོ་སྐྱེ་གཅིག་གིས། བླ་མ་དེ་ལ་སྐྱབས་གསུམ་ཀུན་འདུས་དང་། རྩ་གསུམ་ཀུན་འདུས་ཀྱི་ངོ་བོར་མོས་པར་སླ་ན་ཡང་།
    དེ་ལས་ལྡོག་ཏེ་བླ་མ་བྱང་སེམས་སོ་སྐྱེ་དྲུང་ནས། སློབ་མ་བྱང་སེམས་འཕགས་པ་དེ་ཡི་མོས་གུས་དག་སྣང་བྱ་རྒྱུ་དཀའ་ན་ཡང་། སློབ་མ་བྱང་འཕགས་དེ་སྟོང་ཉིད་གསར་དུ་རྟོགས་པ་ལ་བླ་མར་མོས་གུས་མི་དགོས་ཀྱང་།
    རང་གི་ས་ལམ་ཡར་འཛེགས་ལ ། བླ་མ་སོ་སྐྱེ་དེ་ཡང་སངས་རྒྱས་ཐ་མལ་པའི་ཚུལ་དུ་ང་ལ་ཆོས་གསུངས་ཕྱིར་ཕེབས་པ་འདི། སངས་རྒྱས་དངོས་ལས་ཀྱང་། བཀའ་དྲིན་ཆེ་བར་མོས་ནས། རང་གི་ལམ་གོང་མ་བསྒྲོད་དགོས་པ་ལྟར།
    མདོར་ན། དཔེ་ཆ་གང་ཞིག་ནང་བླ་མ་ལ། མ་མོས་ནས་དེ་ཉིད་མི་རྟོགས་ཞེས་པ་དེ། སྟོང་ཉིད་རྟོགས་པ་ལ་ཚོགས་རྒྱ་ཆེན་པོ་བསགས་རྒྱབ་དགོས་པར་བརྟེན། གསང་སྔགས་ཀྱི་སྐབས་སུ་ཚོགས་བསགས་རྒྱབ་ཆེ་ཤོས་དེ་བླ་མ་ལ་མོས་གུས་དག་སྣང་དེ་ཉིད་ལས་ལྷག་པ་མེད་ཙ་ན།
    བླ་མ་ལ་མོ་གུས་ཀྱིས། སེམས་ཀྱི་ཆོས་ཉིད་རྟོགས་དགོས་ཞེས་པ་དེ། མོས་གུས་དེ་ལ་བརྟེན་ནས་ཆོས་ཉིད་རྟོགས་དགོས་གསུངས་པ་ལས། མོས་གུས་ཀྱི་བློ་དེ་ཉིད་ཀྱིས་སེམས་ཀྱི་ཆོས་ཉིད་རྟོགས་ཞེས་པ་མིན་ཏེ། མོས་གུས་ཀྱི་བློ་དེ་ཡུལ་མ་རྟོགས་པ། ཆོས་ཉིད་རྟོགས་པའི་བློ་དེ་ཡུལ་རྟོགས་པ་ཡིན་པས་དེ་གཉིས་གཅིག་ཏུ་འོངས་མི་སྲིད་པའི་ཕྱིར་རོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme