Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རིས་མེད་མཁས་པ་དང་འཆད་རྩོད་རྩོམ་གསུམ་ཚང་བའི་བགྲོ་གླེང་།

Posted on 2018-12-27 By ཁ་བརྡ 11 Comments on རིས་མེད་མཁས་པ་དང་འཆད་རྩོད་རྩོམ་གསུམ་ཚང་བའི་བགྲོ་གླེང་།

འབྲིང་བ་འཇིགས་མེད་ཀྱིས།
 
རྡོ་རྗེ་གདན་དུ་འཚོགས་པའི་དྲང་ངེས་ལེགས་བཤད་སྙིང་པོའི་བགྲོ་གླེང་ཆེན་མོའི་སྐབས་ཀྱི་མཛད་རིམ་དང་གཙོ་བོར་འབྲེལ་བའི་མཐོང་ཐོས་རགས་ཟིན།

དང་པོ། བགྲོ་གླེང་གི་མཚན།

མཚན་ལ། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་དྲང་ངེས་ལེགས་བཤད་སྙིང་པོའི་དཀའ་གནད་ལ་ཆོས་བརྒྱུད་དང་སེར་སྐྱ་ཕོ་མོ་རིས་མེད་ཀྱི་མཁས་པའི་བགྲོ་གླེང་ཆེན་མོ་ཐེངས་དང་པོ། ཞེས་ཞུ་ཞིང་། མཚན་འདི་རྒྱ་གར་ཡི་གེ་དང་། དབྱིན་ཡིག རྒྱ་ཡིག་བཅས་སུའང་བསྒྱུར་ནས་ཤན་སྦྱར་གནང་ཡོད་པ་དང་། མཚན་ལས་གསལ་བ་ལྟར། དྲང་ངེས་ལེགས་བཤད་སྙིང་པོའི་དཀའ་གནད་བརྗོད་གཞིར་བཟུང་བ་ལ་ཆོས་བརྒྱུད་གྲུབ་མཐའ་རིས་མེད་དང་། སེར་སྐྱ་ཕོ་མོ་རིས་མེད་ཀྱི་མཁས་པ་རྣམས་གདན་འཛོམས་ཏེ་བགྲོ་གླེང་གནང་བ་ནི་ད་རེས་ཐེངས་པོ་ཡིན་འདུག

གཉིས་པ། བགྲོ་གླེང་གི་བརྗོད་གཞི།

བརྗོད་གཞི་ནི། འཇམ་མགོན་བླ་མ་ཤར་ཙོང་ཁ་པ་ཆེན་པོས་མཛད་པའི་ལྟ་བའི་ལེགས་བཤད་ཆེན་པོ་ལྔའི་ཡ་གྱལ། དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་སྙིང་པོ་ཡིན་ཞིང་། དེའང་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས། འཇམ་མགོན་འཇམ་དཔལ་སྙིང་པོ་ཡི། །ལྕགས་མདའ་ལྕགས་ཀྱི་གཞུ་འོ་ཞེས། །འགུགས་འདོད་འགུགས་དཀའི་གཏམ་ཙམ་གྱིས། །ཞུམ་ཞིང་ཞུམ་པར་གྱུར་པའང་མང་། །ཞེས་གསུངས་པ་ལྟར་རྗེ་བླ་མའི་ལྕགས་གཞུ་ལྕགས་མདའ་ཞེས་གྲགས་པའི་ལྟ་བའི་ལེགས་བཤད་ཆེན་པོ་འདིའི་དཀའ་གནད་སྐོར་བརྗོད་གཞིར་བཟུང་བ་དང་། དེའང་ཆོས་བརྒྱུད་རིས་མེད་དང་སེར་སྐྱ་ཕོ་མོ་རིས་མེད་ཀྱི་མཁས་པ་གྲངས་ ༢༢ ནས་བརྗོད་གཞི་དེ་དང་འབྲེལ་བའི་དཔྱད་རྩོམ་རེ་རེ་བྲིས་འདུག་པ་རྣམས་གཞིར་བཟུང་སྟེ་བགྲོ་གླེང་མཛད།

གསུམ་པ། བགྲོ་གླེང་གནང་མཁན།

བགྲོ་གླེང་གསུང་བཤད་གནང་མཁན་དུ་ཆེད་གཉེར་གདན་འདྲེན་ཞུས་པ། ༡ འབྲས་སྤུངས་བློ་གསལ་གླིང་གི་ལྷོ་པ་དགེ་བཤེས་ལྷ་རམས་པ་ཝཱར་ཎ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་རྒྱ་གཞུང་སློབ་དཔོན་དགེ་བཤེས་ཡེ་ཤེས་ཐབས་མཁས་མཆོག་དང་། ༢ དགའ་ལྡན་ཤར་རྩེ་གྲྭ་ཚང་གི་དགེ་བཤེས་ལྷ་རམས་པ་རིགས་ལམ་སློབ་གཉེར་ཁང་གི་གདན་ཞུས་དཔེ་ཁྲིད་དགེ་རྒན་རྒྱལ་མཚན་དབང་འདུས་ལགས། ༣ དཔལ་ས་སྐྱ་པའི་གདན་ས་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་གླིང་གི་སློབ་དཔོན་རིག་འཛིན་རྡོ་རྗེ་ལགས། ༤ འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་ཏྲེ་ཧོར་དགེ་བཤེས་ལྷ་རམས་པ་ཟླ་བ་ཚེ་རིང་ལགས། ༥ སེར་བྱེས་མཁས་སྙན་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་ཏྲེ་ཧོར་དགེ་བཤེས་ལྷ་རམས་པ་ཡ་མ་རིན་ཆེན་ལགས། ༦ བལ་ཡུལ་ཀོ་པཎ་བཙུན་དགོན་མཁའ་སྤྱོད་དགའ་འཁྱིལ་གླིང་གི་དགེ་བཤེས་མ་ཨང་དང་པོ་རྣམ་གྲོལ་ཕུན་ཚོགས་ལགས། ༧ དཔལ་གཤེན་བསྟན་སྨན་རིའི་གླིང་གི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག ༨ འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་ཧར་གདོང་དགེ་བཤེས་ལྷ་རམས་པ་སྦྱིན་པ་ལགས། ༩ འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་ཏྲེ་ཧོར་དགེ་བཤེས་ལྷ་རམས་པ་ཚེ་རིང་ནོར་བུ་ལགས། ༡༠ སྔ་འགྱུར་རྙིང་མའི་གདན་ས་ཐེག་མཆོག་རྣམ་གྲོལ་གླིང་གི་དཔེ་ཁྲིད་དགེ་རྒན་སློབ་དཔོན་ཐུབ་བསྟན་བཤད་སྒྲུབ་དཀོན་མཆོག་བསྟན་འཛིན་ལགས། ༡༡ དགའ་ལྡན་བྱང་རྩེ་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་ཏྲེ་ཧོར་དགེ་བཤེས་ལྷ་རམས་པ་ཚེ་བརྟན་རྡོ་རྗེ་ལགས། ༡༢ སེར་སྨད་སྤོམ་ར་དགེ་བཤེས་ལྷ་རམས་པ། ༸གོང་ས་མཆོག་གི་གསུང་རྩོམ་ཕྱོགས་བསྒྲིགས་འགན་འཛིན་ཡང་སྟེང་རིན་པོ་ཆེ་མཆོག ༡༣ དགའ་ལྡན་ཤར་རྩེ་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་སོག་པ་དགེ་བཤེས་ལྷ་རམས་པ་ཀླུ་སྒྲུབ་བསྟན་དར་ལགས། ༡༤ དགའ་ལྡན་བྱང་རྩེ་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་ཀླུ་འབུམ་དགེ་བཤེས་ལྷ་རམས་པ་དགེ་འདུན་ཆོས་འཕེལ་ལགས། ༡༥ བཞུགས་སྒར་རིགས་ལམ་སློབ་གཉེར་ཁང་གི་དབུ་མ་རབ་འབྱམས་པ་སི་མོན་ཧོལ་ཊོན་(ཕྱི་རྒྱལ་པ། Simon Houlton)ལགས། ༡༦ བཞུགས་སྒར་བཙུན་དགོན་འཇམ་དབྱངས་ཆོས་གླིང་གི་དབུ་མ་རབ་འབྱམས་པ་བསྟན་འཛིན་སྨིན་སྐྱིད་(ཁྱིམ་པ་མོ།)ལགས། ༡༧ བཀའ་བརྒྱུད་ཀྱི་གདན་ས་དཔལ་སྤུངས་ཤེས་རབ་གླིང་གི་མཁན་པོ་པདྨ་ལགས། ༡༨ རྒྱལ་བ་ཇོ་ནང་པའི་རྒྱལ་ཚབ་མཁན་པོ་ཆོས་ཀྱི་སྣང་བ་རིན་པོ་ཆེ་མཆོག ༡༩ འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་དགེ་བཤེས་ལྷ་རམས་པ་འཇིགས་མེད་རྒྱ་མཚོ་ལགས། ༢༠ སེར་བྱེས་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་དགེ་བཤེས་ལྷ་རམས་པ་འཇམ་དཔལ་མཁྱེན་བརྩེ་ལགས། ༢༡ སེར་སྨད་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་རྒྱལ་རོང་དགེ་བཤེས་ལྷ་རམས་པ་དགེ་ལེགས་ལགས། ༢༢ བཞུགས་སྒར་རིགས་ལམ་སློབ་གཉེར་ཁང་གི་དབུ་མ་རབ་འབྱམས་པ་དཔའ་བོ་(ཁྱིམ་པ།)ལགས་བཅས་ཀྱིས་དྲང་ངེས་ལེགས་བཤད་སྙིང་པོའི་དཀའ་གནད་ལས་བརྩམས་པའི་རང་རང་གི་རྩོམ་ཡིག་གི་ཐོག་ནས་བགྲོ་གླེང་གསུང་བཤད་གནང་བ་དང་།
དེ་དག་ལ་དྲི་བ་འདོན་པ་སོགས་བགྲོ་གླེང་གི་ཆ་ཤས་བཞེས་མཁན་དང་ཟུར་ཉན་དུ་ཕེབས་མཁན་རྒྱ་གར་ནང་གི་གདན་ས་ཆེན་པོ་སེར་འབྲས་དགེ་གསུམ་གྱི་གྲྭ་ཚང་དྲུག་དང་། གདན་ས་བཀྲ་ཤིས་ལྷུན་པོ། རྭ་སྟོད་གྲྭ་ཚང་། རྒྱུད་གྲྭ་སྟོད་སྨད། རྣམ་རྒྱལ་གྲྭ་ཚང་། སྔ་འགྱུར་ཐེག་མཆོག་རྣམ་གྲོལ་གླིང་། རྫོང་སར་བཤད་གྲྭ། དཔལ་སྤུངས་ཤེས་རབ་གླིང་། ཇོ་ནང་མ་དགོན། གཤེན་བསྟན་སྨན་རིའི་གླིང་། བཙུན་མའི་ལས་འཆར་ཁོངས་ཀྱི་བཙུན་དགོན་ཁག ཝཱར་ཎ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་། རྡ་ས་རིགས་ལམ་སློབ་གཉེར་ཁང་བཅས་ནས་མཁས་དབང་དང་ཆེད་མཁས། མཁན་པོ་དང་སློབ་དཔོན། ལྷ་རམས་པ་དང་སྔགས་རམས་པ། དགེ་བཤེས་དང་དགེ་བཤེས་མ། དཔེ་ཁྲིད་དགེ་རྒན་དང་དཔེ་ཆ་པ། སློབ་གཉེར་བ་དང་བཙུན་མ་སོགས་སེར་སྐྱ་ཕོ་མོ་གྲངས་ ༧༠༠ ཙམ་བགྲོ་གླེང་ལ་མཉམ་ཞུགས་གནང་སོང་།

བཞི་པ། བགྲོ་གླེང་འཚོགས་སྟངས།

དེ་ནི་གནའ་དེང་གི་ལུགས་གཉིས་ཟུང་ལྡན་ཏེ། ཉིན་སོ་སོའི་སྔ་དྲོ་དང་ཕྱི་དྲོའི་ཆ་དང་པོ་བཅས་སུ་དེང་དུས་ཀྱི་བགྲོ་གླེང་འཚོགས་སྟངས་ལྟར་གོང་གསལ་གདན་འདྲེན་ཞུས་པའི་མཁས་པ་སོ་སོས་རང་རང་གི་རྩོམ་ཤོག་སྟེང་ནས་དུས་ཡུན་སྐར་མ་ ༢༠ རེའི་ཡུན་ལ་གསུང་བཤད་གནང་བ་དང་། དེ་ནས་སྐར་མ་ ༢༠ རེའི་རིང་དྲི་བ་དྲིས་ལན་གནང་། ཉིན་སོ་སོའི་ཕྱི་དྲོའི་ཆ་ཕྱི་མར་སྔ་མོའི་བགྲོ་གླེང་གི་ཕྱག་སྲོལ་ལྟར་དམ་བཅའ་ཆེན་མོ་འཚོགས་ཏེ་གོང་གསལ་གདན་ཞུས་མཁས་པ་རྣམས་དམ་བཅར་བཞུགས་པ་ལ། གདན་ས་ཁག་སོགས་ནས་ཕེབས་པའི་དགེ་བཤེས་དང་དགེ་བཤེས་མ་སོགས་ཀྱིས་རྟགས་གསལ་བཏང་སྟེ་སྔ་རྒོལ་ཕྱི་རྒོལ་གྱི་རྣམ་པས་བགྲོ་གླེང་མཛད།

ལྔ་པ། བགྲོ་གླེང་གི་དབུ་བཞུགས།

བགྲོ་གླེང་ཉིན་དང་པོའི་སྔ་དྲོའི་བགྲོ་གླེང་གི་ཚོགས་མགོན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ཞུས་ལྟར་ཆིབས་བསྒྱུར་༸ཞབས་སོར་འཁོད་དེ་ལམ་སྟོན་བཀའ་སློབ་བཀའ་དྲིན་བསྐྱངས་པ་དང་། དེ་བཞིན་དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ་མཆོག ཤར་པ་ཆོས་རྗེ་བློ་བཟང་རྡོ་རྗེ་རིན་པོ་ཆེ་མཆོག བྱང་རྩེ་ཆོས་རྗེ་སྒོ་སོག་རིན་པོ་ཆེ་མཆོག གཞན་ཡང་གདན་ས་ཁག་གི་མཁན་པོ་རྣམ་པ་བཅས་ཀྱིས་བགྲོ་གླེང་དང་དམ་བཅའ་བཅས་ཀྱི་དབུ་བཞུགས་མཛད།

དྲུག་པ། བགྲོ་གླེང་དང་དམ་བཅའི་གཙོ་སྐྱོང་མཛད་མཁན།

དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་པོ་དགེ་བཤེས་ལྷ་རམས་པ་བྱང་ཆུབ་སངས་རྒྱས་མཆོག་དང་། དགའ་ལྡན་བྱང་རྩེ་གྲྭ་ཚང་གི་མཁན་པོ་ཏྲེ་ཧོར་དགེ་བཤེས་ལྷ་རམས་པ་བློ་བཟང་བསྟན་པ་མཆོག འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མཁན་པོ་དགེ་བཤེས་ལྷ་རམས་པ་བློ་བཟང་རྒྱ་མཚོ་མཆོག འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་མཁན་པོ་དགེ་བཤེས་ལྷ་རམས་པ་བློ་བཟང་བསམ་གཏན་མཆོག སེར་བྱེས་གྲྭ་ཚང་གི་མཁན་པོ་ལོ་དགོན་སྤྲུལ་སྐུ་བསྟན་འཛིན་བྱམས་པ་ཆོས་བཟང་རིན་པོ་ཆེ་མཆོག སེར་སྨད་གྲྭ་ཚང་གི་མཁན་པོ་དགེ་བཤེས་ལྷ་རམས་པ་བཀྲ་ཤིས་ཚེ་རིང་མཆོག རྭ་སྟོད་གྲྭ་ཚང་གི་མཁན་པོ་(ཕྱི་རྒྱལ་པ།)ཐུབ་བསྟན་ལྷུན་གྲུབ་མཆོག་བཅས་ནས་བགྲོ་གླེང་དང་དམ་བཅའི་གཙོ་སྐྱོང་མཛད།

བདུན་པ། གང་དུ་འཚོགས་པའི་ཡུལ།

བགྲོ་གླེང་འཚོགས་ཡུལ་ནི། ནང་པའི་གནས་ཆེན་བཞིའི་ཡ་གྱལ། བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་རིན་པོ་ཆེའི་ལྷོ་ཕྱོགས་སྤྱི་ལེ་ལྔ་ཙམ་གྱི་སར་ཡོད་པ་རྡོར་གདན་ཀིརྟིའི་སྒར་བསམ་ཡས་གླིང་དུ་འཚོགས། རྡོར་གདན་ཀིརྟིའི་སྒར་བསམ་ཡས་གླིང་ནི། ཪོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་ནས་མ་འོངས་པར་༼བོད་བརྒྱུད་ནང་བསྟན་དཔལ་ནཱལེནྡྲའི་ལྟ་གྲུབ་སློབ་གཉེར་ཁང་བསམ་ཡས་གླིང་༽ཞེས་པའི་སློབ་གཉེར་ཁང་ཆེན་པོ་ཞིག་དང་། ཀིརྟིའི་དགེ་རྩ་ཚོགས་པ་དང་ཀིརྟིའི་བྱེས་པ་གྲྭ་ཚང་གི་རྟེན་གཞི་བཅས་རིམ་གྱིས་གསར་བཞེངས་གནང་འཆར་ཡོད་སའི་ས་གནས་ཡིན། མ་འོངས་པར་བཞེངས་འཆར་གྱི་སློབ་གཉེར་ཁང་དེ་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་ཡ་གྱལ་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་མཛད་རྒྱུའི་རླབས་ཆེན་དགོངས་གཞི་མངོན་འགྱུར་ཡོང་བའི་ཞབས་འདེགས་སུ་དམིགས་ཏེ། བོད་དུ་དར་བའི་དཔལ་ནཱལེནྡྲའི་ལྟ་གྲུབ་ཟབ་ཅིང་རྒྱ་ཆེ་བ་རྣམས་ལ་རྒྱལ་ཁབ་དང་། མི་རིགས། ཆོས་བརྒྱུད། སེར་སྐྱ། ཕོ་མོ་བཅས་དབྱེ་བ་མེད་པར་རིས་མེད་ཀྱི་སྒོ་ནས་སློབ་སྦྱོང་གནང་ཡུལ་གྱི་ལྟེ་གནས་ཤིག་བཞེངས་འཆར་ཡིན་ཞིང་། ཟབ་ཅིང་རྒྱས་པའི་ནཱ་ལེནྡྲའི་ལྟ་གྲུབ་ཀྱི་སློབ་སྦྱོང་དེའང་བོད་ཀྱི་སྐད་ཡིག་ལ་བརྟེན་ནས་གནང་དགོས་པས་དེའི་སྔོན་འགྲོར་བོད་ཀྱི་སྐད་ཡིག་རིག་གནས་ལ་འཛིན་རིམ་དགུ་པ་བར་དུ་སློབ་སྦྱོང་བྱེད་ཡུལ་བཅས་ཆ་ལག་ཚང་བ་ཞིག་བཞེངས་འཆར་མ་ཟད། ནང་གི་འཆར་བཀོད་ལ་བོད་ཀྱི་ལོ་རྒྱུས་སྟེང་གི་སློབ་གཉེར་ཁང་ཐོག་མ་བསམ་ཡས་གཙུག་ལག་ཁང་གི་བཀོད་པ་ལྟར་རྣམ་དག་ཚུལ་ཁྲིམས་གླིང་དང་སྒྲ་སྒྱུར་ལོ་པཎ་གླིང་སོགས་གླིང་བཅུ་གཉིས་ཀྱི་སྡེ་ཚན་རྣམས་ཚང་བར་བྱས་ཏེ་བཞེངས་འཆར་ཡོད་པས་བསམ་ཡས་གླིང་ཞེས་པའི་མཚན་ཡང་དེ་ལྟར་བཏགས་གནང་བ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་གཉེར་ཁང་དེའི་རྨང་རྡོ་འཇོག་གནང་གིས་ཐུགས་སྨོན་དང་བྱིན་འབེབས་བཀའ་དྲིན་བསྐྱངས་ཏེ་ལོ་རྒྱུས་ཀྱི་རྡོ་རིང་དང་བྱིན་རླབས་ཀྱི་ཚན་ཁ་འབར་བ་ཞིག་ཏུ་གྱུར།

བརྒྱད་པ། ནམ་འཚོགས་པའི་དུས།

བགྲོ་གླེང་འཚོགས་དུས་ནི། བོད་རབ་བྱུང་བཅུ་བདུན་པའི་ས་ཁྱི་ལོའི་ཟླ་ ༡༡ ཚེས་ ༡༢ ནས་ ༡༤ བར་དང་། ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༩ ནས་ ༢༡ བར་ཉིན་གསུམ་ཡིན་ལ། དུས་ཚོད་འདི་ནི། འཇམ་མགོན་བླ་མ་ཤར་ཙོང་ཁ་པ་ཆེན་པོ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ནས་མི་ལོ་ཧྲིལ་པོ་ ༦༠༠ ཐམ་པ་འཁོར་བཞིན་པའི་ལོ་མགོ་དང་། ཁོང་གིས་དྲང་ངེས་ལེགས་བཤད་སྙིང་པོ་མཛད་ནས་མི་ལོ་ཧྲིལ་པོ་ ༦༡༠ ལོངས་པའི་དུས་ཚིགས་ཁྱད་པར་ཅན་ཞིག་ལ་ཁེལ་ཡོད།

དགུ་པ། བགྲོ་གླེང་གོ་སྒྲིག་བྱེད་མཁན།

བཞུགས་སྒར་དྷ་རམ་ས་ལར་རྟེན་གཞི་བྱས་པའི་ཀིརྟིའི་དགེ་རྩ་ཚོགས་པ་དང་ཀིརྟིའི་བྱེས་པ་གྲྭ་ཚང་གཉིས་ཐུན་མོང་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་ཞིང་། ཐོག་མར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་དུ་འཚོགས་རྒྱུའི་གྲ་སྒྲིག་ཞུས་ནའང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྡོ་རྗེ་གདན་དུ་གྲ་རྒྱས་ཙམ་འཚོགས་ཐུབ་ན་ལེགས་ཞེས་ལམ་སྟོན་བཀའ་སློབ་ཕེབས་དོན་ལྟར་གནས་མཆོག་རྡོ་རྗེ་གདན་དུ་གོ་སྒྲིག་ཞུས་པ་དང་། གོ་སྒྲིག་ཐམས་ཅད་ཕུན་སུམ་ཚོགས་པོ་བྱུང་།

བཅུ་པ། བགྲོ་གླེང་གི་དབུ་འཛུགས་དང་མཇུག་བསྡོམས།

ཉིན་དང་པོར་བགྲོ་གླེང་དབུ་འཛུགས་སྐབས། ཐོག་མར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ནས་བགྲོ་གླེང་ངོ་སྤྲོད་ཀྱི་གསུང་བཤད་དང་། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས་བཀའ་སློབ་ཐུང་ཙམ་གནང་རྗེས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ལམ་སྟོན་བཀའ་སློབ་ཟབ་རྒྱས་ཕེབས། དེ་འཕྲལ་བགྲོ་གླེང་དབུ་འཛུགས་ཀྱིས་ཐོག་མར་མཁས་དབང་དགེ་བཤེས་ཡེ་ཤེས་ཐབས་མཁས་མཆོག་ནས་རང་གི་རྩོམ་ཤོག་གི་སྙིང་དོན་དང་འབྲེལ་ནས་བགྲོ་གླེང་མཛད། དེ་ནས་མཁས་པ་གཞན་རྣམས་ཀྱིས་མཛད་རིམ་ལྟར་རིམ་གྱིས་བགྲོ་གླེང་མཛད།
ཉིན་མཐའ་མའི་མཇུག་བསྡོམས་མཛད་སྒོའི་སྐབས་སུ་ཐོག་མར་བགྲོ་གླེང་སྤྱི་ཁྱབ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཀིརྟིའི་བྱེས་པ་གྲྭ་ཚང་གི་མཁན་པོ་དཀོན་མཆོག་རྒྱ་མཚོ་མཆོག་ནས་བགྲོ་གླེང་དང་འབྲེལ་བའི་ལས་བསྡོམས་༸སྙན་སེང་ཞུས། དེ་ནས་དགའ་ལྡན་ཁྲི་གདན་ཟུར་རྣམ་པ་གཉིས་དང་། ཤར་བྱང་གི་ཆོས་རྗེ་རྣམ་གཉིས། མཁན་པོ་རྣམ་པ། བགྲོ་གླེང་བ་མཁས་དབང་རྣམ་པ་ལ་བཀའ་དྲིན་རྗེས་དྲན་གྱི་ཕྱག་འཁྱེར་དང་། བགྲོ་གླེང་གི་ཆ་ཤས་བཞེས་མཁན་དང་ཟུར་ཉན་པ་རྣམས་ལ་དྲན་རྟེན་ཕྱག་འཁྱེར། དྲང་ངེས་ལེགས་བཤད་སྙིང་པོའི་དཀའ་གནད་ལས་བརྩམས་པའི་དཔྱད་རྩོམ་འགྲན་བསྡུར་གྱི་ཨང་དང་གཉིས་གསུམ་པ་རྣམས་ལ་ཕྱག་འཁྱེར་དང་ལེགས་སྐྱེས་གསོལ་སྩལ་མཛད། དེ་ནས་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ནས་བགྲོ་གླེང་མཇུག་བསྡོམས་ཀྱི་གསུང་བཤད་དང་། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས་ལམ་སྟོན་བཀའ་སློབ། བགྲོ་གླེང་སྤྱི་ཁྱབ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཞོན་ཀིརྟིའི་དགེ་རྩ་ཚོགས་པའི་ཚོགས་གཙོ་བློ་བཀྲ་ཚེ་རིང་མཆོག་ནས་ཐུགས་རྗེ་ཆེ་ཞུས་མཐར། འདུས་མང་ནས་བསྟན་འབར་མ་གསུངས་ཏེ་དྷཱིཿསྐད་ལན་གསུམ་དང་བཅས་ད་རེས་ཀྱི་དྲང་ངེས་བགྲོ་གླེང་ཆེན་མོ་ཡོངས་སུ་གྲུབ།

བཅུ་གཅིག་པ། བགྲོ་གླེང་འདིའི་དམིགས་བསལ་ཁྱད་ཆོས།

དེའི་སྐོར་ལ་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ་དགེ་བཤེས་ལྷ་རམས་པ་བྱང་ཆུབ་སངས་རྒྱས་མཆོག་གིས་ཚིག་ཉུང་དོན་འདུས་ཤིག་བྲིས་གནང་ཡོད་པ་འདི་ལྟར།
༄༅།། འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་ནས་གོ་སྒྲིག་ཞུས་ཏེ་གནས་མཆོག་རྡོ་རྗེ་གདན་དུ་རྗེ་ཙོང་ཁ་པ་ཆེན་པོའི་གསུང་དྲང་ངེས་ལེགས་བཤད་སྙིང་པོའི་དཀའ་གནད་ཁག་ལ་མཁས་པའི་བགྲོ་གླེང་ཉིན་གསུམ་རིང་འཚོགས་གནང་སོང་།
ཐེངས་འདིའི་བགྲོ་གླེང་ནི་དགེ་མཚན་དུ་མས་ཁྱད་དུ་འཕགས་པ་ཞིག་སྟེ།
༡༽ དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བགྲོ་གླེང་གི་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཐོག་དབུ་འབྱེད་དང་ལམ་སྟོན་བཀའ་སློབ་བཀའ་དྲིན་སྩལ་གནང་མཛད་པར་མ་ཟད། བགྲོ་གླེང་དངོས་གཞིའི་ཚོགས་ཐེངས་གཅིག་གི་རིང་ཆ་ཚང་བར་བཞུགས་ཏེ་བགྲོ་གླེང་པ་རྣམས་ཀྱིས་རྩོམ་ཤོག་སྙན་སྒྲོན་ཞུས་པར་ཐུགས་དགྱེས་མཉེས་ངང་གསན་བཞེས་དང་ཐུགས་སྨོན་མཚམས་སྦྱོར་རྒྱ་ཆེར་མཛད་ཅིང་སྟོན་པ་གཉིས་པ་ཁོང་དབུ་བཞུགས་ཐོག འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་དང་ཁྲི་ཟུར་རིན་པོ་ཆེ་རྣམ་གཉིས། མཚུངས་མེད་ཤར་བྱང་གི་ཆོས་རྗེ་རྣམ་གཉིས། དགོན་པ་གྲྭ་ཚང་ཁག་གི་མཁན་རིན་པོ་ཆེ་རྣམ་པས་གཙོས་ཆོས་བརྒྱུད་རིས་སུ་མ་མཆིས་པའི་མཁས་དབང་དགེ་བའི་བཤེས་གཉེན་དུ་མ་ཞལ་འཛོམས་པའི་དབུས་སུ་བགྲོ་གླེང་གཙོ་སྐྱོང་བའི་སྟངས་འཛིན་འོག་བགྲོ་གླེང་པ་སོ་སོས་དཔྱད་རྩོམ་སྒྲོག་སྦྱང་དང་དྲི་བ་དྲིས་ལན། དམ་བཅའ་ཆེན་མོར་རྩོད་ལན་བཅས་གནང་བས་གནའ་དེང་གཉིས་ཀའི་སྲོལ་དང་མཐུན་ཞིང་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་ཚང་བ།
༢༽ ད་ཐེངས་ཀྱི་བགྲོ་གླེང་ལ་མཉམ་ཞུགས་གནང་མཁན་མང་ཆེ་བ་རྒྱུན་དུ་གདན་སའི་ནང་དཔེ་ཁྲིད་གནང་མཁན་དགེ་རྒན་རྣམས་ཆེད་ཕེབས་གནང་འདུག་པས་དཀའ་གནད་མང་པོ་ཞིག་ལ་དཔྱད་གླེང་དུ་མ་བྱུང་བས་བློ་སྐྱེད་ཆེན་པོ་ཐོབ་པ།
༣༽ ༡༩༥༩ གོང་ནས་བོད་དུ་སློབ་གཉེར་གནང་མྱོང་མཁན་མཁས་དབང་དགེ་བཤེས་བགྲེས་པ་འགའ་ཞིག་ཀྱང་མཉམ་ཞུགས་གནང་སྟེ་སྔོན་མའི་བཞེད་ཚུལ་དང་འཛིན་མཚམས་མང་པོ་ཞིག་གསལ་སྟོན་གནང་བས་སྔར་གྱི་བཞེད་སྲོལ་ཐུན་མོང་མ་ཡིན་པ་དུ་མ་ཞིག་མི་རབས་གསར་པ་ཚོར་རྩིས་སྤྲོད་ཐུབ་པ་ལྟ་བུ་བྱུང་བ།
༤༽ བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔ་དང་ཇོ་ནང་པ་བཅས་ཀྱི་མཁས་པ་མང་པོ་བགྲོ་གླེང་ལ་མཉམ་ཞུགས་ཀྱིས་ཆོས་བརྒྱུད་སོ་སོའི་ལྟ་བའི་བཞེད་སྲོལ་དང་གཞུང་ཆེན་མོའི་དགོངས་པ་འགྲེལ་ཚུལ་ལ་འདྲ་ས་དང་མི་འདྲ་ས་ཇི་ཡོད་གསེད་བཀྲོལ་གནང་བས་བཞེད་སྲོལ་ངོ་མ་གང་ཡིན་གསལ་འདོན་དང་དཔྱད་ཤེས་ན་དགོངས་པ་གཅིག་ཏུ་འབབ་ཀྱི་ཡོད་པ།
༥༽ བགྲོ་གླེང་ལ་མཉམ་ཞུགས་གནང་མཁན་ལ་གྲྭ་བཙུན་ཙམ་དུ་མ་ཟད། ཁྱིམ་པ་ཕོ་མོ་ཚོའང་བགྲོ་གླེང་ལ་མཉམ་ཞུགས་དང་རྩོམ་ཤོག་སྒྲོག་སྦྱང་ཞུ་རྒྱུའི་གོ་སྐབས་བསྐྲུན་པས་༸གོང་ས་མཆོག་ནས་ཁྱིམ་པ་ཚོས་ཀྱང་གཞུང་ཆེན་མོར་སློབ་སྦྱོང་བྱ་དགོས་སྐོར་བཀའ་སློབ་སྔ་རྗེས་སུ་ཕེབས་པའི་དགོངས་གཞི་བསྒྲུབ་རྒྱུར་ཁྱིམ་པ་གཞན་རྣམས་ལ་མིག་དཔེ་བཟང་པོ་ཞིག་སྟོན་ཐུབ་སོང་སྙམ།
བགྲོ་གླེང་འདིས་ཚོགས་བཅར་བ་ཙམ་དུ་མ་ཟད་རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་ལེགས་བཤད་ལ་དོན་གཉེར་ཡོད་མཁན་གཞན་མང་པོ་ཞིག་ལའང་ཕན་ཐོགས་རྒྱ་ཆེན་པོ་བྱུང་ཡོད་པ་བཅས། དགའ་ཤར་མཁན་པོས་བགྲོ་གླེང་ཉིན་མཐའ་མའི་ཉིན། ༢༠༡༨།༡༢།༢༡
ཞེས་བྲིས་གནང་འདུག་པ་བཅས།

འབྲིང་བ་འཇིགས་མེད་ཀྱིས་གནས་མཆོག་རྡོ་རྗེ་གདན་ནས་ཕྱི་ལོ་ ༢༠༡༨/༡༢/༢༧ ཉིན་བྲིས།

ངོ་སྤྲོད།

Post navigation

Previous Post: དྲང་ངེས་བགྲོ་གླེང་ལས་འཕྲོས་པའི་གཏམ།
Next Post: རང་བཙན་དང་དབུ་མའི་ལམ་ལ་དཔྱད་པའི་གཏམ།

Comments (11) on “རིས་མེད་མཁས་པ་དང་འཆད་རྩོད་རྩོམ་གསུམ་ཚང་བའི་བགྲོ་གླེང་།”

  1. སྲིན་པོ་རྫ་རྒན says:
    2018-12-28 at 2:23 pm

    ཀིརྟི་སྐྱབས་མགོན་ཚང་། ཀིརྟའི་དགེ་རྩ་ཚོགས་པ། ཀིརྟི་བྱེས་པ་གྲྭ་ཚང་། གོ་སྒྲིག་ཚོགས་ཆུང་གིས་གཙོས་པའི་འབྲེལ་ཡོད་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། མཁས་པ་མང་པོ་གནས་གཅིག་ཏུ་གདན་ཞུ་དང་བཅས་ཏེ་བགྲོ་གླེང་གོ་སྒྲིག་གནང་བ་འདིས། ཐག་རིང་དང་ཐག་ཉེའི་དོན་གཉེར་བ་མང་པོར་དཀྱུས་གཅིག་ཏུ་བློ་སྐྱེད་མི་དམན་པ་ཐོབ་ཐུབ་ཡོད། བགྲོ་གླེང་གི་རིམ་པ་ཆ་ཚང་ལ་དྲ་ལམ་ནས་མཇལ་བ་ཡིན། བཀའ་དྲིན་ཆེ།

  2. སྐལ་བཟང says:
    2018-12-28 at 2:27 pm

    ཐུགས་རྗེ་ཆེ།

  3. གྲགས་པ། says:
    2018-12-29 at 6:10 pm

    སྐྱབས་མགོན་ཀིརྟི་རིན་པོ་ཆེས་དབུ་ཁྲིད་པའི་དྲང་ངེས་དཀའ་གནད་ལ་མཁས་པའི་བགྲོ་གླེང་གཞི་རྒྱ་ཆེ་བ་འདི་འདྲ་གོ་སྒྲིག་གནང་བ་ལ་དྲ་ལམ་ནས་མཇལ་རྒྱུའི་བསྐལ་བ་བྱུང་། ལྷག་པར་དུ་སྐྱབས་མགོན་ཀིརྟི་རིན་པོ་ཆེ་ལ་མཚོན་ན་སྐུ་ཚེ་ཧྲིལ་བོ་བོད་བསྟན་པ་ཆབ་སྲིད་ཀྱི་ཐོག་ཐུགས་འགན་གཙང་བཞེས་ཀྱིས་སྤི་ནོར་༧གོང་ས་༧སྐྱབས་མགོན་རིན་པོ་ཆེའི་དབུ་འོག་དཔུང་འདེགས་ཞུ་མཁན་གྱི་རླབས་ཆེན་མཛད་རྗེས་ཆེ་བའི་སྐྱ

  4. གྲགས་པ། says:
    2018-12-29 at 6:16 pm

    སྐྱབས་མགོན་ཀིརྟི་རིན་པོ་ཆེས་དབུ་ཁྲིད་པའི་དྲང་ངེས་དཀའ་གནད་ལ་མཁས་པའི་བགྲོ་གླེང་གཞི་རྒྱ་ཆེ་བ་འདི་འདྲ་གོ་སྒྲིག་གནང་བ་ལ་དྲ་ལམ་ནས་མཇལ་རྒྱུའི་བསྐལ་བ་བྱུང་། ལྷག་པར་དུ་སྐྱབས་མགོན་ཀིརྟི་རིན་པོ་ཆེ་ལ་མཚོན་ན་སྐུ་ཚེ་ཧྲིལ་བོ་བོད་བསྟན་པ་ཆབ་སྲིད་ཀྱི་ཐོག་ཐུགས་འགན་གཙང་བཞེས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་རིན་པོ་ཆེའི་དབུ་འོག་དཔུང་འདེགས་ཞུ་མཁན་གྱི་རླབས་ཆེན་མཛད་རྗེས་ཆེ་བའི་སྐྱེས་ཆེན་དམ་པ་ཞིག་ཡིན་པའི་ཆ་ནས་བཀའ་དྲིན་དང་ཐུགས་རྗེ་བླ་མེད་དུ་ཆེ་ཞུ། སླད་མའི་ཆར་ཡང་མགོན་པོ་གང་ཉིད་ཀྱི་རླབས་ཆེན་གྱི་ཐུགས་བཞེད་མ་ལུས་གེག་མེད་ལམ་ལྷོང་ཡོང་བའི་གསོལ་འདེབས་དང་སྨོན་འདུན་ཞུ།།

  5. བཀྲ་ཤིས། says:
    2018-12-29 at 6:27 pm

    རིས་མེད་མཁས་པའི་བགྲོ་གླེང་གི་བརྗོད་གཞི་དེ་བོད་ཀྱི་མཁས་པ་བྱེ་བྲག་པ་ཞིག་གི་གསུང་མ་ཡིན་པ་རྒྱ་གར་མཁས་པ་རྒྱན་དྲུག་མཆོག་གཉིས་ལྟ་བུའམ་སྟོན་པ་རང་གི་གསུང་ཞིག་ངེས་པར་དུ་བགྲོ་གླེང་གི་བརྗོད་གཞིར་འཇོག་དགོས་འདུག་།

  6. ལ་དྭགས་འཇམ་དཔལ།། says:
    2019-01-04 at 10:52 pm

    དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།་་་
    བློ་བཟང་གྲགས་པའི་ཞབས་ལ་ཕྱག་འཚལ་ལོ༏
    བཀའ་འགྱུར་ན། དྲང་བའི་དོན་གྱི་་མདོ་སྡེ་གང་གང་བཞུགས།་སམ་ དེ་བཞིན་དུ། ངེས་པའི་དོན་གྱི་མདོ་སྡེ་གང་གང་བཞུགས་སམ།
    ཐ་སྙད་ཀྱི་མིང་ཚིག་དག་ལ་དཔྱད་པ་བྱ་དགོས་ཏེ། སྙན་སེང་ཞུས། ཞེས་པའི། སེང། ཞེས་པ་འདིའི་དོན་དག་གང་ཡིན་ནམ། སྒྲོག་དང་སྒྲོགས། སྐལ་བ་དང་བསྐལ་པ་སོགས་ལ་བགྲོ་གླེང་རེ་བྱེད་ཐུབ་ན། ལེགས་པར་མངོན་ནོ།

  7. ཀརྡོ་རབ་འབྱམས་པ says:
    2019-01-05 at 5:42 am

    སྙན་སེང་མ་ཡིན་པར་སྙན་གསན་ཡིན་དགོས། སྒྲོག་ནི། ལྷམ་སྒྲོག་དང་མདུད་པ་སྒྲོག་པ་དང་། སྒྲོགས་ནི། སྐད་སྒྲ་སྒྲོགས་པའམ། ཁྱབ་བསྒྲགས་སྒྲོགས་པ། སྐལ་བ་ནི། ཆ་ཤས་སུ་བགོས་པའི་རང་སྐལ་་གང་ཐོབ་པ་ལྟ་བུ་དང་། བསྐལ་པ་ནི། དུས་ཀྱི་བསྐལ་པ་སྟེ་གྱང་ཐག་རོང་པོའི་དོན་དུ་གོའོ།།

  8. ལ་དྭགས་འཇམ་དཔལ།། says:
    2019-01-09 at 7:46 am

    ཀརྡོ་རབ་འབྱམས་པ མཆོག་ལ
    ལན་ཇི་ལྟ་བ་བཞིན་ཡོད་པར་་བཀའ་དྲིན་ཆེ། དྲི་བ་གཅིག་སྔོན་མར་མཁས་དབང་ཞིག་གིས་ལན་གསུངས་པ། འབྲི་ཆོག་པ་ཞུ།

  9. ལ་དྭགས་འཇམ་དཔལ།། says:
    2019-01-09 at 11:03 am

    སྐད་ཀྱི་རྩ་བ་བརྡ་ལ་སྣང་ཆུང་དུ་མི་གཏོང་བ་ཀརྡོ་རབ་འབྱམས་པ་མཆོག་ལ། མཁས་དབང་ཟམ་གདོང་རིན་པོ་ཆེ་ལ། ཕལ་ཆེར་༡༩༧༡་ཡིན་ངེས། སྙན་གསན་ལ། སྙན་གསེང་། བྲིས་པར་མཐོང་ནས། ཁོང་ལ་སྙན་གསེང་། གི་དོན་དྲིས་པ་ན། ལན་དུ། སྙན་གྱི་བར་གསེང་ལ་ཞུས་པས་ན། སྙན་གསེང་། དེ་ལྟར་ན། བཀའ་བསྟན་སོགས་བོད་ཀྱི་མཁས་པ་རྣམས་ཀྱི་བྲིས་པ་མི་མཐུན་པ་ཞིག་ཏུ་འགྱུར་བར་ངེས་སོ།

  10. གཞུང་པ་ཚེ་དབང་བསོད་ནམས་ says:
    2019-01-09 at 12:15 pm

    སྙན་གསན་ནི་རྣ་བས་ཉན་པའི་་དོན་དང།
    སྙན་སེང་ནི་ཡར་ལ་ཞུས་པའི་དོན་བཅས་མ་
    ཡིན་པ་ཡིན་ནམ།

  11. ཀརྡོ་རབ་འབྱམས་པ says:
    2019-01-09 at 12:16 pm

    རྒན་ལ་དྭགས་འཇམ་དཔལ་མཆོག་ལ།
    སྙན་གསན་ལ། ཚིག་མཛོད་གསར་པ་འགའ་ཤས་ནང་། སྙན་སེང་གསན་དང་། ཡང་། སྙན་གྱི་བར་གསེང་ལ་ཞུས་པས། སྙན་གསེང་ཞེས་པའང་མི་ཐད་སྙམ་སྟེ། སྙན་གསེང་ཞུས་ཞེས་པས། སྙན་གྱི་བར་སེང་ལ་ཞུས་པ་མི་གོ་བར། སྙན་གསེང་གི་བར་དེའམ། དེའི་སྐོར་ལ། སྙན་ལ་ཞུས་པ་ལ་གོ་བས་སྐྱོན་ཆ་ཡང་ཡོད་པས་སོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme