Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རིན་ཆེན་དང་པོའི་ལང་ཚོ་དཔལ་གྱིས་བརྗིད།

Posted on 2011-12-232011-12-25 By དགེ་རབ་ 9 Comments on རིན་ཆེན་དང་པོའི་ལང་ཚོ་དཔལ་གྱིས་བརྗིད།

གཉའ་བློ་གྲོས་རྒྱལ་མཚན།

————————-

བགྲང་བྱ་སུམ་ཅུའི་ཡར་སྔོན་དུ་གཟིགས་རྒྱང་རིང་ཞིང་མཁྱེན་རྒྱ་ཡངས་པའི་པར་་་་་སྐྲུན་མཁས་པ་འགས་ཐུགས་བཀོད་རྒྱ་ཆེན་པོ་མཛད་པ་ལ་བརྟེན་ནས་དགེ་བའི་སྨོན་ལམ་་་གྱིས་ཀུན་ནས་ཁྱོགས་པའི་མིང་ཅན་གྱི་དུས་དེབ《སྦྲང་ཆར》གསར་དུ་སྤེལ་པ་དང་། དེ་ཡང་གྲུ་ཆར་སྙོམས་པོར་བབས་པས་ས་གཞིར་ཡིད་དབང་འཕྲོག་པའི་ལྗང་མྱུག་རྒྱས་པ་ནང་བཞིན་འཁྲུངས་མ་ཁད་ཀྱི་དུས་དེབ་དེས་རང་གི་ཕྱིའི་མཛེས་རྩལ་རྣམ་པ་དང་ནང་ལེ་ཚན་གྱི་བཀོད་སྒྲིག་ལེགས་པ་ལ་བརྟེན་ནས་ཀློག་པ་པོ་རྣམས་ཀྱི་དེ་འཐོབ་འདོད་ཀློག་འདོད་ཀྱི་སྤྲོ་བ་ཀུན་ནས་བཏེགས་པར་གྱུར་ལ། རྩོམ་སྒྲིག་ཞུ་དག་གི་སྤུས་ཀ་ཤིན་ཏུ་ལེགས་པའི་རྩོམ་ཡིག་རྣམས་བཀླགས་པས་སྔ་ན་མེད་པའི་རིག་རྩལ་གྱི་དཔལ་ཡོན་ཞིག་མྱངས་སོང་བའི་སྣང་བ་ཞིག་གིས་ཡིད་ཀྱི་ནམ་མཁའ་གང་བར་གྱུར། དེ་ནས་བཟུང་རྩལ་ཤུགས་རྫོགས་པའི་རྩོམ་པ་པོ་རྣམས་ལ་ལེགས་རྩོམ་དགོད་སའི་གཞི་ཞིག་ཡོད་པར་གྱུར་པ་དང་། མྱོང་རོལ་གྱི་ཆུ་ཚད་མཐོ་བའི་ཀློག་པ་པོ་རྣམས་ལ་རིག་པའི་དཔལ་དང་སྒྱུ་རྩལ་གྱི་བྲོ་བ་མྱང་སའི་དུས་དེབ་ཀྱི་དགའ་ཚལ་ཞིག་ཡོད་སོང་བ་ཡིན་ནོ། །

དུས་དེབ་ཅིག་ལ་མཚོན་ན་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པ་དང་། རྩ་བའི་དམིགས་ཡུལ་ལ་ཕྱོགས་ནས་བགྲོད་པ་མཚམས་འཇོག་མི་རུང་བ་དང་། རང་གི་ཁྱད་ཆོས་འདོར་མི་ཉན་པ་དང་། ལེགས་པའི་ཡོན་ཏན་ལ་ཡག་ཐོག་ཡག་རྩེག་བྱེད་དགོས་པ་བཅས་ནི་གལ་ཆེན་ནང་གི་འགངས་ཆེན་ཡིན་པར་འདོད། 《སྦྲང་ཆར》གྱིས་དེ་དག་རང་གི་རྩིས་ཆེན་ནང་རྡིག་ཏུ་བཟུང་སྟེ་གཅེས་སྲུང་ལེགས་པར་བྱས་པས་གོམ་པ་བརྟན་པོ་དང་རྗེས་ཤུལ་ཟབ་མོར་ཐོད་པའི་ངང་མདུན་ནས་མདུན་དུ་སྐྱོད་ཐུབ་པ་བྱུང་ལ། སྤྱིའི་འདོན་ཐེངས་བརྒྱ་ཕྲག་བརྒལ་པའི་དུས་དེབ་དག་ཏུ་རྩོམ་པ་པོ་བརྒྱ་ཕྲག་འགའི་རྩོམ་ཡིག་ལེགས་པོ་བགྲང་བར་ངལ་བ་རྣམས་སྤེལ་པས་དཔལ་ཡོན་གཉིས་ཀྱི་འཛུགས་སྐྲུན་ལ་རང་ཉིད་ཀྱི་ལེགས་སྐྱེས་མི་དམན་པ་ཞིག་ཕུལ་ཡོད། ལེགས་སྐྱེས་དེ་འདྲར་དགའ་རྟགས་འདི་ལྟ་བུ་འབབ་བོ་ཞེས་པའི་བརྡ་རུ“རྒྱལ་ཁབ་དུས་དེབ་སྟར་འཕྲེང”དུ་ཡར་འཐེན་ཅིང་། དེ་ནས་མ་འགྱངས་པར“རྒྱལ་ཁབ་དུས་དེབ་བྱ་དགའ”ཡང་ཐོབ་བོ། ། སྐབས་གཉིས་པའི“རྒྱལ་ཁབ་དུས་དེབ་བྱ་དགའ”སྤེལ་བའི་དུས་སུ་མི་རིགས་གྲངས་ཉུང་གི་སྐད་ཡིག་གིས་སྤེལ་བའི་རྩོམ་རིག་དུས་དེབ་ནང་དུ《སྦྲང་ཆར》གཅིག་པུར་མ་གཏོགས་བྱ་དགའ་དེ་ཐོབ་མེད་པ་དང་། ལྷག་པར《སྦྲང་ཆར》“རྒྱལ་ཁབ་དུས་དེབ་སྟར་འཕྲེང”དུ་ཞུགས་སྐབས་མི་རིགས་གྲངས་ཉུང་སྐད་ཡིག་གི་རྩོམ་རིག་དུས་དེབ་ཕར་ཞོག་སྤྱིར་མི་རིགས་གྲངས་ཉུང་སྐད་ཡིག་གི་དུས་དེབ་གཞན་ཞིག་དེའི་གྲས་སུ་སླེབས་མི་འདུག དེའི་ཡང་རྗེས་ཤིག་ཏུ《སྦྲང་ཆར》ལ“བྱང་ཕྱོགས་ཕུལ་བཅུའི་དུས་དེབ”ཀྱི་བྱ་དགའ་ཐོབ་ཅིང་། ཞིང་ཆེན་ནང་ཁུལ་དུ་དུས་དེབ་འགྲན་སྡུར་ལ་ཞུགས་སྐབས་རྩོམ་སྒྲིག་ཞུ་དག་གི་དགའ་རྟགས་ཨང་དང་པོ་འོར་དང་ཡང་གིས་ཐོབ་མྱོང་བ་ཡིན་ཏེ། བྱ་དགའི་རྣམ་གྲངས་གཞན་ཡང་མང་སྟེ་ཞིབ་ཏུ་འདིར་མ་བརྗོད་དོ། །

རྩོམ་པ་པོ་རྣམས་ཀྱིས་འབད་ནས་བྲིས་པའི་གསར་རྩོམ་འབྲས་བུ་དག་དུས་དེབ་འདི་ལ་སྐུར་ཅི་ཐུབ་བྱེད་པ་དང་། ཀློག་པ་པོ་རྣམས་ཀྱིས་རེ་ལྟོས་དང་བཅས་པས་དུས་དེབ་འདི་ལ་དགའ་བསུ་བྱེད་པ། སྤྱི་ཚོགས་སུ་གདེང་འཇོག་ཆེན་པོ་བྱེད་པ་བཅས་ཀྱིས་དུས་དེབ་འདིས་མཛེས་དཔྱོད་ངོས་འཛིན་གྱི་བྱེད་ལས་དང་། མཛེས་དཔྱོད་སློབ་གསོའི་བྱེད་ལས། མཛེས་དཔྱོད་རོལ་རྩེད་ཀྱི་བྱེད་ལས་གསུམ་ལེགས་པར་ཐོན་པ་མཚོན་ཅིང་། མི་རྣམས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་ནུས་པ་ཆེན་པོ་འདོན་གྱིན་ཡོད་པ་མཚོན་ནོ། །

དུས་དེབ་འདི་ལ་རྩོམ་པ་པོ་མཁས་པ་རྣམས་ཀྱི་ཐུགས་ཁུར་རྒྱབ་སྐྱོར་ཐོབ་དང་ལྷན་དུ་དུས་དེབ་འདིས་སྐྱེད་སྲིང་གི་ནུས་པ་བཏོན་ཏེ་རྩོམ་པ་པོ་མི་ཉུང་བ་ཞིག་ཀྱང་འཚར་ལོངས་འབྱུང་དུ་བཅུག་པ་ཡིན་ནོ། ། དུས་དེབ་ཅིག་ལ་མཚོན་ན་རྩོམ་པ་པོའི་དཔུང་སྡེ་སྟོབས་དང་ལྡན་པ་ཞིག་ཡོད་ཅིང་། དེའི་རྩོམ་པ་པོ་དག་གིས་མཁོ་འདོན་བྱས་པའི་ལེགས་རྩོམ་འདང་ངེས་ཤིག་ཡོད་ཚེ་དགོས་འདོད་འབྱུང་བའི་གཏེར་ཁ་ཕྱེ་བ་དང་འདྲ་ལ། དེ་རྣམས་རྩོམ་སྒྲིག་ཞུ་དག་བྱེད་པའི་རྩོམ་སྒྲིག་པ་པོའི་དཔུང་སྡེ་སྟོབས་དང་ལྡན་པ་ཞིག་ཡོད་ན་ཐོན་རྫས་ལ་ལས་སྣོན་བྱེད་པའི་བཟོ་གྲྭ་ལེགས་པོ་ཞིག་ཡོད་པ་དང་མཚུངས་ཤིང་། མཛེས་དཔྱོད་་མྱོང་རོལ་ལ་མཁས་པའི་ཀློག་པ་པོའི་ཚོགས་པ་རྒྱ་ཆེ་བ་ཞིག་ཡོད་དུས་ཐོན་རྫས་ཉོ་མཁན་ལ་སྡུག་མེད་ཅིང་། དེའི་སྟེང་རིག་པའི་རྫི་ཚོར་ཤིན་ཏུ་རྣོ་བ་དང་རྩོམ་རིག་བརྩམས་ཆོས་ཀྱི་ལེགས་ཉེས་འབྱེད་ལ་ཐོགས་རྡུགས་མེད་པའི་དཔྱོད་བརྗོད་པའི་དཔུང་སྡེ་ཞིག་གྲུབ་པར་གྱུར་སྐབས་རྩོམ་རིག་ལས་དོན་དར་ཞིང་རྒྱས་པར་མཁོ་བའི་ཆ་རྐྱེན་འཛོམས་པ་དང་དགོས་ངེས་ཀྱི་མ་ལག་ཡོངས་སུ་གྲུབ་པ་ཡིན། གསེར་གྱི་ལང་ཚོའི་དུས་ལ་བབ་པའི《སྦྲང་ཆར》གྱིས་ལོ་མང་པོའི་རིང་ལ་དེ་དག་ཐད་ཀྱི་འཛུགས་སྐྲུན་ལས་དོན་ལ་སྣངས་ཆེན་བྱས་པས་གྲུབ་འབྲས་མི་དམན་པ་ལོན་ཡོད་ཅིང་། གྲུབ་འབྲས་རྒྱ་ཆེན་པོ་ལོན་དགོས་ན་ད་དུང་ཐབས་བརྒྱ་ཇུས་སྟོང་གིས་ལས་དོན་དེ་གོང་ནས་གོང་དུ་སྤེལ་ནས་འབད་པ་ལྷོད་མེད་བྱེད་དགོས། བོད་ཀྱི་རྩོམ་རིག་འཕེལ་ནས་ཚད་ག་འདྲར་སླེབས་འདུག་པ《སྦྲང་ཆར》གྱི་སྟེང་ནས་ཀྱང་ཕྱོགས་ཙམ་མཚོན་ཐུབ་པ་དང་། དེས་དུས་དེབ་འདིས་བོད་ཀྱི་རྩོམ་རིག་འཕེལ་བར་ནུས་པ་ཅི་ཙམ་ཐོན་འདུག་པའང་རྟོགས་ཐུབ། བོད་ཀྱི་རྩོམ་རིག་བརྩམས་ཆོས་ཀྱི་གྲངས་ཀའི་མང་ཉུང་མི་རིགས་གཞན་དང་སྡུར་བའི་དགོས་པ་ཆེར་མི་འདུག་ཀྱང་སྤུས་ཀའི་ཐད་ནས་ངེས་པར་སྡུར་དགོས་ལ། བསྡུར་པས་ང་ཚོའི་རྩོམ་རིག་ལས་དོན་འཕེལ་བའི་ཚུལ་ཧ་ཅང་འཁོས་ཆུང་བའང་རྟོགས་སླ། གཞན་ཡང་གྲངས་ཀ་ངེས་ཅན་གྱིས་སྤུས་ཀ་ངེས་ཅན་མཚོན་གྱིན་ཡོད་པས་དགོས་ངེས་ཀྱི་གྲངས་ཀ་མེད་ནའང་ས་ཆོད་མེད་པ་དངོས་གནས་ཀྱིས་བདེན་དཔང་བྱེད་ཀྱིན་ཡོད། རྒྱ་ཡིག་གི་སྒྲུང་རིང་ལོ་རེར་ཉིས་སྟོང་ལྷག་བརྩམས་ནས་པར་དུ་སྐྲུན་གྱིན་ཡོད་ཅིང་། བོད་ཡིག་གི་རེ་གཉིས་ཙམ་ཡང་པར་སྐྲུན་བྱེད་ཐུབ་ཀྱིན་མེད་པ་འདི་ཤིན་ཏུ་སྐྱོ་བའི་ཚུལ་ཞིག་ཅི་ལ་མིན།

དུས་དེབ་ཅིག་གི་དཔར་གྲངས་དང་འགྲེམས་གྲངས་ཀྱི་མང་ཉུང་དེ་རྒྱུ་རྐྱེན་མང་པོ་ཞིག་ལ་རག་ལས་པ་ཡིན་ཅིང་། 《སྦྲང་ཆར》གྱི་དཔར་གྲངས་དེ་སྐབས་ཐོག་ཅིག་ལ་ཁྲི་ཕྲག་གཅིག་ལའང་བུད་མྱོང་བ་དང་། དེ་བོད་ཡིག་གི་དུས་དེབ་དག་གི་ནང་ནས་བལྟས་ན་ལོ་རྒྱུས་ཀྱི་ཐོ་འགོད་ཅིག་ཡིན་ལ། དེའི་མཐོ་ཚད་ལ་དུས་དེབ་གཞན་གྱི་པར་གྲངས་ཤིག་ད་དུང་སླེབས་མེད། ཐ་ན་རྒྱ་ཡིག་གི་དུས་དེབ་མང་པོ་ཞིག་གི་འགྲེམས་གྲངས་ཀྱང་སྟོང་ཕྲག་དུ་མར་མ་གཏོགས་འབུད་ཐུབ་ཀྱིན་མེད། སྤྱི་ཚོགས་ཀྱི་ཕན་ཡོན་དང་དཔལ་འབྱོར་གྱི་ཕན་ཡོན་ཏེ་ཕན་ཡོན་ཟུང་ཞིག་ལེགས་པོར་ཡོད་པ་བྱེད་རྒྱུ་ནི་དུས་དེབ་ཐམས་ཀྱི་དམིགས་འབེན་ཡིན་ཀྱང་དེ་ལྟར་འགྲུབ་རྒྱུ་ནི་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་དགོས་པས་ཧ་ཅང་དཀའ་མོ་ཞིག་རེད། ཡིན་ནའང་ང་ཚོའི་དུས་དེབ་འདིས་ལོན་པའི་སྤྱི་ཚོགས་ཕན་ཡོན་ནི་གང་ནས་བལྟས་ཀྱང་ཇི་ལྟར་དཔྱད་ཀྱང་མ་འཁྱོངས་པ་དང་མ་འགྲུབ་པ་མེད་པའི་ཚོད་དུ་གདའ། དུས་དེབ་འདིའི་འགྲེམས་གྲངས་ད་ལྟ་སྟོང་ཚོ་བདུན་བརྒྱད་ཙམ་ཡིན་ལ་བལྟས་ཚོད་ཀྱིས་ཉུང་སྣང་ཞིག་ངང་གིས་སྟེར་ཀྱང་ང་ཚོས་གཤིབ་སྡུར་ཞིག་བྱས་ན་སྣང་བ་དེ་གཞན་ཞིག་ལ་མི་འགྱུར་བའི་ངེས་པ་མེད། རྒྱ་ཡིག་གི་དུས་དེབ་གྲགས་ཆེན《མི་དམངས་རྩོམ་རིག》དང《དེང་རབས》། 《ཟླ་བཅུ་པ》། 《གྲུབ་འབྲས》སོགས་ཀྱི་འགྲེམས་ཀྱང་ཁྲི་ཚོ་བཅུ་ཙམ་ལ་མ་གཏོགས་འབུད་ཐུབ་ཀྱིན་མེད། དེང་སང་དྲ་ཐོག་རྩོམ་རིག་གིས་དེབ་ཐོག་རྩོམ་རིག་གི་གོ་ཅུང་ཙམ་འཕྲོག་གིན་ཡོད་ནའང་ཆེ་ཀ་ཕྲོགས་འགྲོ་བའི་ངེས་པ་མེད། གློག་ནུས་དགོས་མིན། ཡུན་ཚགས་ནུས་མིན། འཁྱེར་སྟབས་བདེ་མིན། བདེ་ཐང་ལ་གནོད་མིན་བཅས་ཀྱི་ཐད་ནས་དེབ་ཐོག་རྩོམ་རིག་ལ་དྲ་ཐོག་རྩོམ་རིག་གིས་སྒྲུན་དུ་མེད་པའི་ཡོན་ཏན་དེ་དག་ཡོད་པས་དེབ་ཐོག་རྩོམ་རིག་ལ་མདུན་ལམ་ཆེར་མེད་་དོ་སྙམ་པའི་བསམ་ཚུལ་དེ་མི་འགྲིག་པ་མངོན་གསལ་རེད། ལོ་ལྔ་བཅུའི་རྗེས་ཀྱི་འགྱུར་ལྡོག་ག་འདྲ་ཡིན་པ་ང་ཚོས་ཚོད་ཀྱིས་ག་ལ་ཐིག 《སྦྲང་ཆར》ལ་མཚོན་ན་ལོ་ལེགས་གསེར་ལྡན་གྱི་དུས་འདི་ཡུན་རིང་ཞིག་ལ་ཡལ་བ་མེད་པའི་སྨོན་འདུན་ཡོད་ཅིང་། གལ་ཏེ་དར་ཅིག་ལ་ཡལ་པར་གྱུར་ཀྱང་མྱུར་དུ་ཡིད་དབང་ཀུན་ནས་འཕྲོག་པའི་རྩོམ་རིག་གི་དཔྱིད་དཔལ་གསར་བ་ཞིག་ཅིས་ཀྱང་འཆར་བར་འགྱུར་བའི་ཡིད་ཆེས་བརྟན་པོ་ཡོད། ང་ཚོས་སྔར་བཞིན་ཐང་ལྷོད་མེད་པར་རྩོམ་རྩལ་ཀུན་ནས་རྫོགས་པའི་རྩོམ་པ་པོ་གང་མང་ཞིག་ལ་རྩོམ་འདོད་ཀྱི་ངར་ཤུགས་འདོན་པའི་རྒྱུ་རྐྱེན་ཚང་དུ་བཅུག་ཅིང་། དུས་དེབ་འདིའི་ཁོ་ཚོའི་དང་བ་འདྲེན་བྱེད་ཀྱི་ཡོན་ཏན་རྣམས་འབད་པའི་ཤུགས་ལ་འབྱུང་དུ་འཇུག་ངེས། ང་ཚོས་ཕུལ་བྱུང་བརྩམས་ཆོས་བསྐྲུན་རྒྱུའི་འདུ་ཤེས་ཡལ་དུ་འཇུག་མི་ཉན་པ་དང་། ཐ་ཤལ་གྱི་བརྗོད་བྱ་དང་སྐབས་སུ་མ་བབ་པའི་བརྗོད་བྱ་འདྲེས་པའི་བརྩམས་ཆོས་མི་འབྱུང་བ་བྱ་རྒྱུ་ནི་ནམ་ཡང་བརྗེད་མི་མི་རུང་། རྩོམ་རིག་ནི་སྐད་ཆའི་སྒྱུ་རྩལ་ཡིན་པས་རྩོམ་རྩལ་གྱིས་ཀུན་ནས་ཁྱོགས་པའི་རྩོམ་ཡིག་དག་་མཁོ་བ་ཡིན་ཏེ་མང་ཚོགས་ཀྱིས་གོ་ཐུབ་མིན་ལ་འདང་ལེགས་པོ་རྒྱག་དགོས་ཀྱང་རི་ཁུལ་ལུང་ཀྱོག་གི་ཁ་སྐད་དུ་མ་གྱུར་པ་ཞིག་ཤིན་ཏུ་གལ་ཆེ་བ་དང་། དུས་རབས་ཀྱི་རྗེས་སུ་བསྙེགས་ཀྱང་ལོག་ལམ་དུ་མ་གོལ་པ་ཞིག་བྱ་རྒྱུ་དང་། བརྩམས་ཆོས་ལ་ཁག་ཁུར་ལེགས་པོ་ཡོད་པ་བྱས་ཀྱང་དེ་ལ་བརྩི་བཀུར་མ་དོར་པ་ཞིག་བྱ་རྒྱུ་དང་། ཀློག་པ་པོའི་དགའ་ཕྱོགས་མོས་ཚུལ་ལ་བསྟུན་ཀྱང་དེའི་འབྲས་བུ་ངོ་དགའ་སྤྲེལ་ལད་དུ་མ་སོང་བ་ཞིག་བྱ་རྒྱུ་བཅས་ནི་དུས་དེབ་འདིའི་རྩ་དོན་ཞིག་ཏུ་འགྱུར་འོས།

《སྦྲང་ཆར》གྱི་སྙན་གྲགས་དང་ཐོབ་པའི་གྲུབ་འབྲས་ཚང་མ་རྩོམ་པ་པོ་རྣམས་ཀྱི་ཐུགས་ཁུར་རྒྱབ་སྐྱོར་དང་ཀློག་པ་པོ་རྣམས་ཀྱི་གཅེས་སྤྲས་དགའ་བསུ་ཐོབ་པ་ལ་རག་མ་ལས་པ་ཞིག་མེད་པས་དམིགས་བསལ་གྱི་སྐབས་འདིར་ཁོ་བོས་ཞེ་ཐག་པ་ནས་བཀའ་དྲིན་ཆེ་ཞེས་ཡང་ཡང་ཞུས་པ་ཡིན་ནོ། །

གསར་འགྱུར།

Post navigation

Previous Post: ང་རང་མི་དགའ་བའི་ཨ་རི་དང་ནུབ་ཕྱོགས་ཀྱི་དུས་ཆེན་སྲུང་རྩི་བྱེད་སྟངས་གཉིས།
Next Post: དེབ་གསར་བ་འདི་རེད། ཀློག་འདོད་ཡོད་ན་གཅིག་ཉོས།

Comments (9) on “རིན་ཆེན་དང་པོའི་ལང་ཚོ་དཔལ་གྱིས་བརྗིད།”

  1. ལུང་རིགས་རྒྱལ། says:
    2011-12-24 at 2:12 am

    ཅི་མ་བདེན།

  2. བསྟན་འཛིན་ཆོས་རྒྱལ says:
    2011-12-24 at 11:09 am

    སྔ་ཕྱིའིསྦྲང་ཆར་རྩོམ་སྒྲིག་པ་དང་རྩོམ་པ་པོ་རྣམས་ལ་བཀའ་དྲིན་ཆེ་ཞུ། མ་ཟད་བསྔགས་འོས་བསྔགས་པ་ོཔར་ཡང་བཀའ་དྲིན་ཆེ་ཞུའོ།།

  3. འབྲི་རུའི་ཤེས་དཀར་འབུམ་པ་ནས། says:
    2011-12-24 at 3:51 pm

    སྦྲང་ཆར་དུས་དེབ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་སྲ་བརྟན་རྒྱུན་འཁྱོངས་སྐྱོང་མཁན་རྩོམ་པ་པོ་རྣམས་དང་འགན་ཁུར་མི་སྣ་ཡོངས་ལ་དཀའ་དྲིན་ཆེ་ཞུ་རྒྱུ་དང་། མུ་མཐུད་རྒྱུན་བསྐྱང་གནང་རོགས

  4. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-12-24 at 6:21 pm

    གཉའ་བློ་གྲོས་རྒྱལ་མཚན་མཆོག་གིས་སྦྲང་ཆར་གོང་འཕེལ་དགོས་པ་བཀླགས།
    ཤིན་ཏུ་ལེགས་པར་བྲིས་པར་དགའ་བ་འཕེལ། འོན་ཀྱང་གཤམ་གསལ་ཚིག་དག་ལ་མི་འདྲ་བ་དང་། མ་གོ་བ་རྣམས་བྲིས་པ་ལགས།

    ལེགས་རྩོམ་འདང་ངེས་ཤིག འདིའི་ནང་གི་འདང་ལ་ལྡང་དགོས་པ་ཚད་ལྡན་དག་ཡིག་ན་གསལ།
    ཐབས་བརྒྱ་ཇུས་སྟོང་གིས། འདིའི་ནང་གི་ཇུས་ཞེས་པར་བྱུས་ཞེས་པ་པའང་ཡོད་པས། གང་དག་པ་ཡིན་དཔྱད་དགོས་པར་མཐོང་། ཕལ་ཆེར་བྱུས། ཞེས་པ་དག་ཆེ་བ་བསམ་པ་ཞིག་འདུག
    དུས་དེབ་ཅིག་གི་དཔར་གྲངས་དང་འགྲེམས་གྲངས་ཀྱི། འདིའི་ནང་གི་དཔར་ཞེས་པ་དེ། སྤར་ཞེས་དག་པ་ད་སྔོན་འཇུག་སུ་འབོད་པ་ལས་་བྱུང་།
    དཔལ་གསར་བ་ཞིག འདིའི་ནང་གི་གསར་བ་ཞེས་པ་ཁ་སྐད་དང་། ཡིག་སྐད་དུ། གསར་པ་། ཞེས་དགོས།
    གོ་ཐུབ་མིན་ལ་འདང་ལེགས་པོ་རྒྱག་དགོས། འདིའི་ནང་གི་འདང་། ཞེས་ས་པ་གོ་མ་སོང་། རྒྱག ཅེས་པར་ཡང་རྒྱབ་ཅེས་པ་འགྱུར་བ་ལས་བྱུང་ཞིང། རྒྱབ་ཅེས་པ་དག་པར་སེམས།
    ངོ་དགའ་སྤྲེལ་ལད་དུ་མ་སོང་བ། འདིའི་ནང་གི་ ལད་ ཅེས་པ་གོ་་མ་སོང་།

  5. གཙང་ཞོལ་བདེ་གསལ། says:
    2011-12-25 at 5:02 am

    བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་སྟེགས་བུ་གལ་ཆེན་<>དུས་དེབ་ཀྱི་སྐུ་ཚེ་བརྟན་པར་ཤོག དེ་དང་<>གྱི་རྩོམ་སྒྲིག་པ་ལྷན་རྒྱས་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུ།

  6. ཁྲི་གཡུང་དྲུང་། says:
    2011-12-25 at 5:04 am

    མཁས་དབང་ཁོང་གི་གསུངས་ལ་རྗེས་སུ་ཡི་རངས་ཞུ།

  7. གཙང་ཞོལ་བདེ་གསལ། says:
    2011-12-25 at 5:05 am

    སྦྲང་ཆར་ལགས། དགོངས་དག

  8. ཀརྡོ་གཉེར་ཕྱག་པ་ says:
    2011-12-25 at 11:26 pm

    ཐ་མི་དད་པར།
    མདང་ ཆར་པ་ ཆེན་པོ་ བརྒྱབ་སོང་། འདི་རིང་ ཆར་པ་ རྒྱག་བགྱིད་ འདུག སང་ཉིན་ ཆར་པ་ རྒྱག་བགྱི་རེད།
    ཐ་དད་པར། མེ་ཏོག་ལ་་་
    མདང་ ཆུ་ བརྒྱབ་པ་ ཡིན། འདི་རིང་ ཆུ་ རྒྱག་བགྱིད་ ཡོད། སང་ཉིན་ ཆུ་ བརྒྱག་བགྱི་ ཡིན། ཞེས་ཐོབ།

  9. Pingback: Yungdrung Bon » Blog Archive » རིན་ཆེན་དང་པོའི་ལང་ཚོ་དཔལ་གྱིས་བརྗིད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (15)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme