Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རིགས་གཅིག་རྐང་འཛིན་གྱི་དགོས་མཁོ་གླེང་བའི་སྐད་མགོ་ཇེ་མཐོ་རེད།

Posted on 2009-02-09 By དབང་ཕྱུག་ 10 Comments on རིགས་གཅིག་རྐང་འཛིན་གྱི་དགོས་མཁོ་གླེང་བའི་སྐད་མགོ་ཇེ་མཐོ་རེད།

སྔ་ལོའི་ལོ་སྨད་དུ་གོང་ས་ྋམཆོག་ནས་འདས་པའི་མི་ལོ་ལྔ་བཅུའི་ནང་གི་མི་ལོ་སུམ་ཅུ་ནི་འཐུས་ཤོར་གྱི་མི་ལོ་སུམ་ཅུ་ཡིན་པའི་ངོས་འཛིན་དང་བཀའ་སློབ་ཕེབས་པར་བརྟེན། ཤེས་རིག་ལས་ཁུངས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཆེད་ལས་སློབ་ཐོན་པ་དང་ཆེད་ལས་སུ་ཞུགས་མུས་ཀྱི་གྲངས་ཐོ་བསྡུ་ལེན་དང༌། གཞུང་མང་ཕྱོགས་གཉིས་ཐད་ནས་རིགས་གཅིག་རྐང་འཛིན་གྱི་དགོས་མཁོ་གླེང་བའི་སྐད་མགོ་ཇེ་མཐོར་འགྲོ་བཞིན་ཡོད།
རང་རེ་རྣམས་བཙན་བྱོལ་དུ་འབྱོར་བ་ནས་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་དར་སྤེལ་ནི་བསྟན་པ་ཆབ་སྲིད་ཀྱི་གནས་བབ་སླར་གསོའི་རྨང་གཞི་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན་པའི་ངོས་འཛིན་དང་བཅས་ཏེ། སློབ་གྲྭ་གསར་འཛུགས་དང་དེ་འབྲེལ་གྱི་ལག་བསྟར་ཞུ་སྒོར་ཕྱོགས་སྣ་སྒོར་མོ་ནས་འབད་པ་བསྟེན་ཡོད་ནའང༌། མི་ལོ་ལྔ་བཅུའི་རྗེས་ཀྱི་ད་ཚོད། གཞི་ནས་སྤྱི་ཚོགས་ཀྱི་དགོས་མཁོ་དང་དེ་འགན་ལེན་ཐེག་ཁུར་བྱེད་མཁན་དོ་མཉམ་མ་བྱུང་བའི་གནས་སྟངས་འདིའི་བྱུང་རྐྱེན་སྐོར་ལ་ཞིབ་འཇུག་དང༌། སླད་ཀྱི་དུས་ཡུན་ནང་གྲུབ་འབྲས་མངོན་གསལ་བ་ལེན་པའི་ཐབས་ཚུལ་ལམ་ཁ་ཕྱོགས་འཚོལ་བཞིན་ཡོད།
འདི་ཐད་དོ་སྣང་དང་ཐུགས་ཁུར་གནང་མཁན་གྱི་ཉམས་ཞིབ་པ་ཁག་ཅིག་ལྟར་ན། ཐོག་མའི་ནོར་འཁྲུལ་གྱི་མགོ་འཛུགས་ནི་ཕ་མའི་བསླབ་བྱ་ལ་རག་ལས་པ་དང༌། བར་གྱི་ནོར་འཁྲུལ་ནི་དགེ་རྒན་གྱི་ལམ་སྟོན་གྱིས་མ་འགྲིག་པ། མཐའ་མའི་ནོར་འཁྲུལ་ནི་སློབ་གཉེར་བ་ཚོའི་འདམས་ཀ་མ་འགྲིག་པ་གསུམ་དུ་ཡོངས་སུ་འདུ་བར་ངོས་འཛིན་དང༌། དེ་ཡང་ཕ་མའི་སློབ་གསོ་དེར་མི་ཐོག་རིམ་བརྒྱུད་ཀྱིས་འགྱུར་བ་སོང་བ་སྟེ། དེ་སྔར་ཕ་མས་ཕྲུ་གུར་སློབ་གསོ་རྒྱག་རིམ་ནང༌། སློབ་གཉེར་ཡག་པོ་བྱེད་པ་དང༌། ཡ་རབས་གུས་ཞབས་གཞི་ལ་འཇོག་པ་རྨང་གཞིར་བཞག་ནས། གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་བོད་གཞུང་དམངས་ཀྱི་སྲི་ཞུ་ཁུངས་འཕེར་སྒྲུབ་མཁན་ཅིག་བྱེད་དགོས་པའི་བསླབ་བྱ་རྒྱག་པ་ནས། དེ་རིང་ཁ་སང་ནི། གཉོམ་ཆུང་བྱེད་རྒྱུ་མེད་པ་དང༌། ཕམ་ཁ་ཁུར་རྒྱུ་མེད་པ། ཁེ་བཟང་གང་རེག་བྱས་ནས་རང་མགོ་ཐོན་པ་བྱེད་དགོས་ཞེས་བསླབ་བྱ་རྒྱག་པའི་བར་འགྱུར་བ་ཐེབས་པ་དེ་དང༌། དེ་སྔའི་དགེ་རྒན་ཚོས་གཞན་ཕན་དང་ཤ་ཚ། ལྷག་བསམ་རྣམ་དག་བཅས་ནི་ལས་འགན་མཐའ་དག་གི་དང་པོར་འཇོག་པའི་གནས་སྟངས་ནས། དེ་རིང་ཁ་སང་ནི། ཉི་མ་འཁྱོལ་ཙམ་དང༌། ཕོགས་འབབ་ལེན་ཐུབ་ཙམ་གྱི་གྲངས་འབོར་ཇེ་མཐོར་སོང་ནས་ཡོད་པ། སློབ་གཉེར་བ་ཕལ་མོ་ཆེ་བས་ཀྱང་རང་ཉིད་སྤྱི་ཚོགས་ཀྱི་དགོས་མཁོ་གང་ཞིག་སྒྲུབ་མཁན་དུ་དམིགས་པ་ལས་ལྡོག་སྟེ་རང་ཉིད་ཀྱི་འཚོ་ཐབས་ཁོ་ན་གཙོ་འདོན་བྱེད་པར་གྱུར་པའི་འགྱུར་བ་འདི་གསུམ་གྱིས་ད་ལྟའི་ང་ཚོའི་དགོས་མཁོ་དང་འགན་ལེན་བར་གྱི་སྟོང་ཆ་འདི་བསྐྲུན་པར་བརྗོད་ཀྱི་ཡོད།
བརྗོད་སྟངས་འདིར་ང་ཚོས་མཐའ་གཅིག་ཏུ་བདེན་ཁ་སྤྲོད་རྒྱུ་དཀའ་ནའང༌། ང་ཚོས་མི་ལོ་ལྔ་བཅུའི་དུས་ཡུན་ལ་དཔག་པའི་གྲུབ་འབྲས་ཀྱི་ངོས་དང༌། ད་ལྟའི་དཀའ་ངལ་དང་དགོས་མཁོའི་ངོས་ནས་བལྟས་པ་ཡིན་ན། གོང་གསལ་བརྗོད་སྟངས་དང་ལྟ་སྟངས་ལ་བདེན་ཁ་མི་སྤྲོད་རང་སྤྲོད་ཀྱི་རྒྱུ་མཚན་ནམ་གནས་ལུགས་མང་པོ་ཞིག་དང༌། ངོས་ལེན་མ་བྱས་རང་བྱས་ཀྱི་རྟགས་མཚན་མང་པོ་ཞིག་ང་ཚོའི་གཡས་གཡོན་གྱི་ཐག་ཉེ་ན་མངོན་གསལ་གྱིས་ཚུར་མངོན་བྱེད་ཅིང་ཡོད། སྐབས་མཚམས་འདི་འདྲ་ཞིག་ལ། ང་ཚོས་འདས་པའི་མི་ལོ་ལྔ་བཅུའི་རིང་གི་འཐུས་ཤོར་དང་ནོར་འཁྲུལ་ཕྱོགས་བསྡོམས་དང༌། ད་ལྟའི་དགོས་མཁོ་དང་དཀའ་ངལ་ལ་གདོང་ལེན་ཞུ་ཕྱོགས། མ་འོངས་པའི་ནང་གྲུབ་འབྲས་བརྩོན་ལེན་བྱ་རིམ་བཅས་ལ་གཞི་ནས་ཐབས་ཚུལ་གསར་པ་ཞིག་བསྟེན་དགོས་པའི་ངོས་དེ་ཤུགས་ཆེན་པོས་གླེང་བཞིན་ཡོད་ནའང༌། བློ་གདེང་འཁེལ་ངེས་ཀྱི་ཐབས་ཚུལ་གསར་པ་ཞིག་གསལ་སྟོན་གྱི་ཚབ་ཏུ། སྤྱི་ཚོགས་ཆུང་ཆུང་འདིའི་མདོ་སྦུག་ནས་ད་ཕན་ཆེད་ལས་པ་མང་པོ་ཞིག་བསྐྱེད་བསྲིང་གི་གྲངས་ཐོ་ཞིག་བསྐྲུན་ཡོད་ཚུལ་བརྗོད་རྒྱུར་ཤ་ཐང་དུ་འབད་མུས་འདི་ནི། ང་ཚོས་ཡང་བསྐྱར་སྤྱི་ཚོགས་ལ་མགོ་སྐོར་ཐེངས་ཤིག་གཏོང་བར་རྨང་གཞི་བསྐྲུན་པ་དང་གཉིས་སུ་མེད་པ་སྟེ། ད་ལྟའི་ང་ཚོར་སླད་ཀྱི་དུས་ཡུན་ནང་འཐུས་ཤོར་དང་དཀའ་ངལ་འདི་འདྲའི་རིགས་མི་འབྱུང་བའི་འགན་ཁུར་ཐེག་སྒྲུབ་བྱེད་པ་ཁུར་དུ་འཁྲི་བ་ལས། འདས་པའི་གྲངས་འབོར་དེ་ད་ལྟའི་གནས་སྐབས་སུ་མཁོ་མེད་དུ་གྱུར་ནས་ཡོད་པ་དང༌། ཕྱོགས་ངོས་གཞན་ཞིག་ནས་བཤད་ན། གྲངས་འབོར་གྱི་སྙན་ཐོའི་བློས་བསླངས་ཤིག་གིས་ད་ལྟའི་དཀའ་ངལ་སེལ་མི་ཐུབ་ལ། དཀའ་ངལ་འདི་ལས་ཡོངས་སུ་གྲོལ་བ་དང༌། དགོས་མཁོ་འདི་ཐེག་སྒྲུབ་ལ་འགན་ལེན་གྱི་ཤུགས་རྐྱེན་གང་ཡང་ཐེབས་དཀའ་བ་ཙམ་མ་ཡིན་པར། ཐབས་ཚུལ་འདི་ནི། དཀའ་ངལ་དང་དགོས་མཁོ་ངོས་ལེན་མི་བྱེད་པའི་རྣམ་འགྱུར་ཕྱིར་སྟོན་བྱས་པ་ཞིག་ཆགས་ཀྱི་ཡོད། འདི་ནི་ང་ཚོའི་མ་འོངས་པ་དེ་གང་འདྲ་ཞིག་ཆགས་མིན་གྱི་ཚོས་གཞིའི་ཐད་ཀྱི་ཉེན་ཁ་ཞིག་རེད།
ད་ལྟའི་ང་ཚོས་གོམ་སྟབས་གང་འདྲ་ཞིག་བསྒྱུར་བ་ཡིན་ན། མིང་དོན་གཉིས་མཚུངས་ཀྱི་གྲུབ་འབྲས་བརྩོན་ལེན་ཐུབ་མིན་གྱི་དྲི་བ་འདིར་འཇུས་ནས་ང་ཚོས་རང་ཉིད་དང་སྤྱི་ཚོགས། དཀའ་ངལ་དང་དགོས་མཁོ། འགན་ལེན་བཅས་ཀྱི་ཕྱོགས་ངོས་ནས་རང་ཉིད་ཀྱི་ལས་འགན་དང་སྤྱི་ཚོགས་ཀྱི་དགོས་མཁོ་གཉིས་བསྡུར་དཔྱད་ཀྱི་ཉམས་སད་ཐེངས་གཅིག་བྱེད་དགོས་པ་དང༌། དེ་ཡང༌། རང་ཉིད་ནས་སྤྱི་ཚོགས་ཀྱི་དགོས་མཁོ་གང་ཞིག་འགན་ལེན་གྱི་ཆོད་སེམས་རྨང་གཞིར་བཞག་པའི་གོམ་སྟབས་གསར་པ་ཞིག་དང༌། ཕྱི་རབས་པ་དག་ལ་མིག་ལྟོས་གང་ལེགས་ཤིག་འཇོག་པའི་ལྷག་བསམ་དང་ཤ་ཞེན་གཅིག་ཏུ་བསྡོངས་པའི་སེམས་བསྐྱེད་སྣེ་འཁྲིད་ཀྱི་སྤོབས་པ་སྦྱོང་བ་གནད་དུ་ཆེ་ཞིང༌། དེ་ཡང་སྒེར་སེམས་ཁོ་ན་ཞེ་བཅངས་མ་ཡིན་པར། ད་ལྟའི་ང་ཚོས་སྤྱི་དོན་ཁུར་སྐྱེད་ཀྱི་བློ་སྦྱོང་དང་པོར་འཇོག་པའི་གལ་གནད་ཤེས་པ་ག་ཚད་ཀྱིས་མང་བ་དང༌། ཡང་ན། གཞུང་དང་ཚོགས་སྡེ་ཁག་ནས་དེ་འབྲེལ་གྱི་ལམ་སྟོན་སྣེ་འཁྲིད་ཀྱི་ནུས་པ་སྤེལ་བ་དེ་སྲིད་དུ་ང་ཚོར་གྲུབ་འབྲས་ཀྱི་རེ་བ་སྦོམ་དུ་འགྲོ་བ་ལས། རྣམ་པ་གསར་པའི་འགུལ་བསྐྱོད་ཀྱི་རི་མོ་ཞིག་འབྲི་བཞེངས་མ་ཐུབ་པ་ཡིན་ན། ང་ཚོས་མུ་མཐུད་འཐུས་ཤོར་གྱི་སྣེ་མོ་འདི་རིང་དུ་གཏོང་བ་ལས་མེད་པར་འདོད།

རྩོམ་རིག

Post navigation

Previous Post: བོད་པ་ཚོར་ཡང་རང་རང་གི་ཁྱིམ་རྒྱུད་ཟིན་དེབ་འབྲི་བའི་རིག་གཞུང་འདི་མགོ་འཛུག་དགོས་ཀྱི་འདུག
Next Post: འཆི་མི་སྲིད་པའི་ང་ཚོ།

Comments (10) on “རིགས་གཅིག་རྐང་འཛིན་གྱི་དགོས་མཁོ་གླེང་བའི་སྐད་མགོ་ཇེ་མཐོ་རེད།”

  1. བསྟན་འཛིན། says:
    2009-02-09 at 10:57 am

    རྡོར་དབང་གིས་བྲིས་པའི་དོན་ཚན་དེ་ཚོར་བསམ་བློ་གཏོང་རིན་འདུག གུས་པའི་བསམ་ཚུལ་ནི་གཤམ་ལྟར་ཡིན།

    དང་པོ། ངེད་ཚོའི་སྤྱི་ཚོགས་ནང་སློབ་གསོར་ཐུས་ཤོར་ཕྱིན་པའི་རྒྱུ་གཙོ་བོ་དེ་ཆོས་ལ་ཐུག བོད་པའི་སྤྱི་ཚོགས་ཀྱི་སློབ་གསོའི་དམིགས་ཡུལ་དེ་འཚོ་ཐབས་དང་སྤྱི་ཚོགས་ཡར་རྒྱས་ཐོག་སླེབས་མེད། ངེད་ཚོའི་སློབ་གསོ་དེ་ཆོས་སྲུང་སྐྱོབ་དང་རྨོངས་དད་ཉམས་གསོ་དང་གོང་འཕེལ་ཐོག་བཏང་ཡོད། དེའི་འབྲས་བུ་དེ་བོད་ཕྲུག་སློབ་གསོ་དང་ཉམས་མྱོང་ཅི་ཡང་མེད་པའི་བུ་ཕྲུག་ཤེས་བྱ་བྲལ་བ་ཡ་ང་བ་ཁྲི་ཕྲག་བསྐྲུན་ཡོད། རྒྱལ་བ་རིན་པོ་ཆེ་སྡུག་སྐད་ཤོར་བ་དེ་ཁོང་བློ་ཁ་ཡངས་པ་དང་། མ་འོངས་བསམ་བློ་འཁོར་གནང་བ་དང་། དགོངས་པ་བཞེས་ནས་རིགས་གཅིག་རྐང་འཛིན་དགོས་གསུངས་པ་ཡིན་ས་མ་རེད། རྒྱལ་བ་རིན་པོ་ཆེར་བུ་གསོ་ཁང་དང་རྒྱ་གར་ནང་འཚར་ལོངས་བྱུང་བའི་ན་གཞོན་མི་ཉུང་བ་ཞིག་མཇལ་ཞིང་། ཁོང་ཚོ་དང་གླེང་མོལ་གནང་སྐབས། ཐུགས་ལ་བློ་ཕམ་ཆེན་པོ་བྱུང་ཡོད་ཚོད། དེ་ནི་ཤེས་བྱ་དང་ཉམས་མྱོང་གང་ཡང་མ་ཐོབ་པའི་བུ་ཕྲུག་དེ་ཚོའི་བསམ་བློག་གཏོང་སྟངས་དང་། སྤྱོད་པ་བཅས་ལ་གཟིགས་ནས་དགོངས་མོ་མིག་ཆུ་ཤོར་ཡོད་ཚོད། རྒྱུ་མཚན་ནི་གོང་ས་མཆོག་འཛམ་གླིང་གང་སར་ཕེབས་མྱོང་ཞིང་། མི་ཚོགས་མང་པོ་མཇལ་མྱོང་། དེ་ཚོའི་སློབ་གསོ་དང་བསམ་བློ་གཏོང་སྟངས་གཅིག་གཟིགས། རྗེས་སུ་བོད་པའི་བུ་ཕྲུག་ཚོའི་བསམ་བློ་གཏོང་སྟངས་གཅིག་གཟིགས་ནས། ཐུགས་སྐྱོ་པོ་བྱུང་ཡོད་ཚོད། 

    གཉིས། ལྟོ་གོས་དང་འབྲེལ་བ་མེད་པའི་སློབ་གསོ་ནི་སློབ་གསོ་ལེགས་པོ་མིན་པ་འཛམ་གླིང་ཀུན་གྱི་མཁས་ལེན་བྱེད་ཀྱི་ཡོད། སྤྱིར་ནུས་ཕྱོགས་དང་ཡར་མཐོན་རྒྱལ་ཁབ་ནང་ཐད་ཀར་ལྟོ་གོས་འཚོལ་བའི་ཆེད་དུ་སློབ་གསོ་སྤེལ་གྱི་མེད་རུང་། ཁོང་ཚོའི་སློབ་གསོའི་དམིགས་ཡུལ་གཙོ་བོ་དེ་མིའི་ཀླད་པ་འགུལ་སྟངས་དང་། ཐབས་ཤེས་འཚོལ་སྟངས། རིགས་པ་གཏོང་སྟངས། དེ་བཞིན་གསར་གཏོད་བྱེད་སྟངས་རྣམས་གཙོ་བོ་འབུར་སྟོན་བྱས་ནས་སྤེལ་གྱི་ཡོད། ད་ངེད་ཚོའི་སྤྱིཚོགས་ཀྱི་སློབ་གསོར་གཟིགས་དང་། བསམ་བློ་གཏོང་ས་འདུག་གམ། རིགས་པ་གཏོང་ས་འདུག་གམ། གསར་གཏོད་བྱེད་ས་འདུག་གམ། ངེད་ཚོ་ད་དུང་ས་སྐྱ་ལེགས་བཤད་སྦྱངས་ནས་སྡོད་པ་མ་ཡིན་ནམ། ཁྱེད་ཚོ་དགོངས་པ་ཡག་པོ་ཞིག་ཞེས་ན། ས་སྐྱ་ལེགས་བཤད་འཛིན་སྐྱོང་དར་གསུམ་བྱེད་མཁན་གྱི་སྲིད་གཞུང་སྟེ། ས་སྐྱ་གོང་མ་ཞེས་པ་འདི་ལོ་བརྒྱ་ཕྲག་གོང་ནས་སྲིད་དབང་ཤོར་བ་རེད། རྒྱུ་མཚན་ནི་ཁོང་ཚོའི་འཇོན་ཐང་དང་སློབ་གསོ་བཅས་ཀྱི་མ་ལྡང་སྟབས། མི་ཤི་ཁྱིམ་སྟོང་གི་ཆག་སྒོ་སྒོར་དྲུད་པ་རེད། ད་དེའི་སློབ་གསོ་ཕན་མེད་དེ་ཅིའི་ཕྱིར་ངེད་ཚོའི་བུ་ཕྲུག་ཚོའི་ཀླད་པའི་ནང་བཙན་གཤེད་ཀྱིས་བཅུག་གི་ཡོད་དམ། ས་སྐྱ་ལེགས་བཤད་ཀྱི་རྗེས་བྲངས་པ་ཚོ་ད་ལྟ་ཕྱི་རྒྱལ་གྱི་སྦྱིན་བདག་འོག་འཚོ་བ་མ་ཡིན་ནམ། ད་དེ་གསལ་པོ་མ་རེད་པས། ཅིའི་ཕྱིར་ངེད་ཚོའི་བུ་ཕྲུག་ཚོར་མགོ་འཁོར་གཏོང་གི་ཡོད་དམ་། ཅིའི་ཕྱིར། མུ་མཐུད་འགོད་རྒྱུ། 

  2. gangcheng says:
    2009-02-10 at 2:49 am

    ང་ཚོས་རིགས་གཅིག་རྐང་འཛིན་གསོ་སྐྱོང་བྱེད་པ་ལ། གཞི་རིམ་གྱི་སྐད་ཡིག་རྨང་གཞི་དང༌། བསམ་བློའི་རྨང་གཞི་བསྐུན་དགོས་པར་འདོད། དེ་ལྟར་བྱེད་པ་ལ་ང་ཚོས་གཞི་རིམ་ལ་ཁ་ཕྱོགས་ཏེ་ཉམས་ཞིབ་གཏིང་ཟབ་ཅིག་བྱས་ཏེ་འཆར་གཞི་བཀོད་པ་ལས། ཐང་ལ་མི་འབབ་པའི་སྐད་ཆ་བཤད་དེ་བར་སྣང་ནས་འཁོར་བའི་མཐོ་བཤད་དམའ་བཤད་དེ་ཅི་ལ་ཡང་མི་ཕན། ད་དུང་གཞན་པ་ང་ཚོས་གཞུང་ལ་དྲི་བ་འདྲི་དགོས་པ་ཞིག་ལ། ཤེས་ཡོན་སྲིད་བྱུས་གསར་པ་གཏན་འབེབས་བྱས་ནས་ལོ་ངོ་བཞི་འགོར་ཡོད་ཀྱང༌། ཤེས་ཡོན་སྲིད་བྱུས་གསར་པའི་དོན་ཚན་བཅུ་བཞི་པའི་ནང་གསེས་གཉིས་པ་དང༌། གསུམ་པ་གཉིས་ཅིའི་ལག་ལེན་དུ་བསྟར་མ་ཐུབ་པ་ཡིན་ནམ། ། ཤེས་ཡོན་སྲིད་བྱུས་ལག་བསྟར་བྱས་ཏེ་འབྲས་བུ་སྟོན་རྒྱུ་ཡོད་པ་ནི་དཔེ་སྟོན་སློབ་གྲྭ་ཡིན་སྟབས། དེའི་འབྲས་བུ་ཡི་ཉམས་མྱོང་ལ་བརྟེན་ནས་ལག་བསྟར་བྱེད་དགོས་ཀྱི་འདུག

  3. jamyangdakpa says:
    2009-02-10 at 6:49 am

    i think it’s very good article for our education way and our future. and we all must need to take the changce to say our own thought.

  4. dhonduptashirekjong says:
    2009-02-10 at 6:42 pm

    རྩོམ་ཐུང་ཐུང་འདི་ལས་ཞིབ་འཇུག་པ་དང་ཚོར་བ་འབྲི་མཁན་གཉིས་ཀྱི་བར་ན་རྒྱང་ཁད་ཅིག་ཡོད་པ་ཡང་གསལ་བོར་བསྟན་འདུག
    ཚོར་བ་འབྲི་རྒྱུར་གོམས་བསྡད་པ་ཚོས་རྩོམ་ཐུང་འདི་འདྲ་ྐློགས་དང་བློ་བསྐྱེད་ཡོང་གི་རེད་སྙམ།
    འདི་ནས་ཁྱེད་ལ་ཡང་བསྐྱར་རེ་བ་ཞིག་འདོན་གྱི་ཡིན།
    ཁྱེད་ཀྱི་ནོར་ལྡེའི་རྩོམ་སྒྲིག་པའི་གཏམ་དེ་ཚོ་ཉིད་ཀྱི་དུས་བབ་ཟིན་བྲིས་སུ་འཇོག་ཐུབ་ན་ཧ་ཅང་ཡག་གི།

  5. གཞིས་ལུས་བོད་པ། says:
    2009-02-11 at 1:51 am

    དེང་རབས་པ་དང་འཚོ་གནས་པ་ལ་མཁོ་བའི་རིགས་གཅིག་རྐང་འཛིན་ནི་མེད་དུ་མི་རུང་བ་ཞིག་རེད།

  6. ཟླ་བ་དོན་འགྲུབ says:
    2009-02-11 at 5:59 am

    ང་ལ་བསམ་ཚུལ་ཞིག་ཡོད། དེང་སྐབས་རྡ་རམ་ས་ལ་གཙོ་བོར་བྱས་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདིའི་ནང་གི་རྩོམ་པ་པོ་མང་ཆེ་བ་སྙན་ངག་པ་རེད། དེ་ནི་རྣམ་པས་ཆ་ནས་དཀའ་ལས་ཞེ་དྲག་རྒྱག་མི་དགོས་པའི་ཚན་པ་ཞིག་རིགས་གཅིག་རྐང་འཛིན་གྱི་གྲས་རེད་ལབ་ན་འགྲིག་གི་རེད་པས། ང་ལ་གྲོགས་པོ་ཁ་ཤས་ཤིག་ཡོད། ཚང་མ་སྙན་ངག་འབྲི་མཁན་ཡིན། སྙན་ངག་ནི་མི་དགོས་ཟེར་ནའང་ཁོང་ཚོས་འབྲི་གི་རེད། དངོས་འབྲེལ་བྱས་ན། ད་ལྟའི་སྤྱི་ཚོགས་ནང་སྙན་ངག་ཀློག་མཁན་ཞེ་དྲག་མེད་ནའང༌། ཁོང་ཚོས་ཨུ་ཚུགས་བརྒྱབ་ནས་བྲིས་ཡོང་གི་འདུག ད་ག་རེ་ཟེར་ནས་བཤད་དགོས་རེད། ཡག་པོ་མ་རེད་ལབ་ན་ཅིག་བྲིས་ནས་ཡོང་གི་ཡོད་པ་རེད། ཡག་པོ་འདུག་ལབ་རྒྱུ་ལ། ཀློག་མཁན་མི་འདུག་ཅེས་སྐད་ཤོར་ནས་བསྡད་ཡོད་རེད། འདི་འདྲའི་རིགས་གཅིག་རྐང་འཛིན་གྱི་གྲས་དེ་ཚོ་ནི། བོད་ནང་དུའང་མང་པོ་ཡོད་པ་རེད། ད་ལྟ་དྲ་གྲོགས་གཞིས་ལུས་བོད་པ་ཟེར་བས་བཤད་ཡག་ལ། དེང་རབས་པ་དང་འཚོ་གནས་པ་ལ་མཁོ་བའི་རིགས་གཅིག་རྐང་འཛིན་ཟེར་བ་ནི་འདི་ཚོ་ཡིན་སྣང་ཅི་ཡང་མི་འཆར། ང་ཚོར་འདི་འདྲའི་རིགས་གཅིག་རྐང་འཛིན་མང་པོ་འདུག་པ་ལ་ཁ་ཕྱོགས་ལམ་སྟོན་རེ་བྱེད་ཐུབ་མཁན་ཡོད་ན། དུས་ཚོད་ཀྱི་སྔ་རྗེས་བརྩད་ནས་ལམ་སྟོན་དགོས་ནས་འདུག་སྙམ།

  7. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2009-02-11 at 7:08 am

    སྤྱིར་བཏང་ནས་རིག་པའི་གཞུང་ལུགས་དང་རིག་གནས་བྱེ་བྲག་པ་ཅི་འདྲ་ཞིག་ཡིན་རུང་། རང་གི་ངོ་བོ་སྲུང་སྐྱོབ་དང་སྤྱི་ཚོགས་དང་དེའི་ཕྱོགས་གཏོགས་ཀྱི་དགོས་མཁོ་བསྐོང་ཐུབ་རྒྱུ་འདི་
    གལ་ཆེན་པོ་རེད། རང་གི་ངོ་བོ་སྲུང་སྐྱོབ་མ་ཐུབ་པ་དང་སྤྱི་ཚོགས་ཀྱི་དགོས་མཁོ་ཡང་བསྐོང་མ་ཐུབ་པའི་ཚད་ལ་སླེབས་ན། རིག་གནས་བྱེ་བྲག་པ་དེའང་བེད་མེད་ཆགས་འགྲོ་གི་རེད་བསམ།
    འོན་ཀྱང་། སྙན་ངག་འདི་ཁྱོན་ནས་དགོས་མཁོ་མེད་པ་དེ་འདྲ་ཞིག་མིན་པ་འདྲ། ྐློག་པ་པོ་མི་འདུག་ལབ་ནས་སྐད་བརྒྱབ་ནའང་། ྐློག་པ་པོའི་ཁོར་ཡུག་དང་གྲངས་འབོར་གྱི་ཆེ་ཆུང་ཙམ་རེད་མ་གཏོགས། ྐློག་པ་པོ་ཏན་ཏན་ཡོད་པ་འདྲ། ྐློག་པ་པོ་གཏན་ནས་མེད་པར་སྙན་ངག་པ་ཚོེའི་ཨུ་ཚུགས་གཅིག་པོས་ཡོང་གི་མ་རེད་བསམ།
    འགྲོ་བ་མི་སུ་འདྲ་ཞིག་ཡིན་ནའང་། ང་ཚོས་ལག་རྩལ་རེ་སྦྱངས་ཀྱི་ཡོད་པ་རེད་། ལག་རྩལ་དེ་བེད་སྤྱོད་བརྒྱུད། ང་ཚོས་རང་གི་འཚོ་གནས་ཀྱི་དགོས་མཁོ་དང་སྤྱི་ཚོགས་ཀྱི་དགོས་མཁོ་བསྐོང་རྒྱུར་འབད་ཀྱི་ཡོད་པ་རེད། གཙོ་བོ་ལག་རྩལ་དེ་ཡག་པོ་ཞིག་སྦྱངས་མ་སྦྱངས་དང་ལག་རྩལ་དེའི་ཐོག་ལ་སོ་སོ་ཆེད་ལས་ཡིན་མིན་ལ་ཡང་རེག་ལས་ཀྱི་ཡོད་པ་འདྲ།
    གང་ལྟར། སྐབས་འདིར། ངེད་ཀྱི་སེམས་སུ་བོད་ཀྱི་སྙན་ངག་པ་ལྗང་བུ་ལགས་ཀྱི་སྐད་ཆ་ཞིག་དྲན་སོང་།
    ཁོང་གིས་འདི་འདྲ་ཞིག་གསུངས་འདུག
    དང་པོ། སྙན་ངག་ཅེས་པ་འདི་ང་རང་ཉིད་ཀྱི་རང་གཤིས་དང་ཨུ་ཚུགས་དེར་ཐག་ཉེ་བར་སྣང་སྟེ། འདི་ལ་རོལ་རྩེད་ཀྱི་ཤས་ཆེ་བའི་ཁར་ངོམས་པའི་མཐའ་བྲལ་བ་ཞིག་དང་། འགྱུར་ལྡོག་ལ་རྫོགས་མཐའ་མེད་པ་ཞིག འབྲི་ྐློག་དཔྱད་གསུམ་མམ་རིགས་པའི་གཞུང་ལུགས་གཅིག་ཁོ་ནས་བཅིངས་བར་རང་དབང་ལྡན་པ་ཞིག་གམ་ཐ་ན་རིགས་པའི་གཞུང་ལུགས་ཆ་ཚང་ཞིག་གིས་ཀྱང་འདི་དབང་དུ་སྡུད་མི་ཐུབ་པ་ཞིག
    གཉིས་པ། ཡང་ང་རང་སྒྱིད་ལུག་གི་གོམས་གཤིས་དང་ཐག་ཉེ་ཙམ་ཡོད་དེ། ཐིག་ཕྲེང་ཁ་ཤས་ཀྱིས་ཤོག་ངོས་གཅིག་གི་མངའ་ཁོངས་ཡོངས་སུ་བཀང་ཆོག་པས་། འདི་ལ་འབྲི་བ་དེ་ྐློག་བདེ་ཚིག་ཉུང་དོན་འདུས་ཤོག་སྣག་དུས་ཚོད་གྲོན་པ། བརྩམས་སྒྲུང་སོགས་དང་བསྡུར་ན་རྩོམ་ཡོན་མང་བ་སོགས་ཀྱི་ཡོན་ཏན་ནམ་ཁྱད་ཆོས་ཤིག་ཡོད་འདུག
    གསུམ་པ། ང་རང་གཞོན་ནུའི་དུས་སུ་བོད་པ་ཚོས་སྙན་ངག་ཅེས་པ་འདི་ས་སྟེང་གི་རིན་ཆེན་གསུམ་ལས་ཡ་གྱལ་ཞིག་ལ་བགྲང་གིན་ཡོད་ལ་། གཞན་གཉིས་གང་ཡིན་ད་ལྟ་བརྗེད་ཚར།
    སྐབས་དེ་དུས་སྙན་ངག་ཞེས་པ་དེ་ཡང་རྒྱུག་ཆེ་བའམ་དར་སོ་ཆེ་བའི་ཚོང་རྫས་ལྟ་བུ་ཞིག་ཡིན་འདུག
    བཞི་པ། མི་ཡི་མཚན་ཉིད་འཛིན་པའི་རིགས་ཤིག་ཡིན་ཚེ། རང་ཉིད་འཚོ་སྡོད་ཀྱི་འཇོན་ཐང་ཞིག་ཅི་ནས་ཀྱང་དགོས་ཀྱི་ཡོད་པས། བདག་གིས་ལག་རྩལ་རིགས་འདི་བདམས་པ་ཡིན་ལ།
    ད་ལྟ་བལྟས་ན་ཕལ་ཆེར་ནོར་ཡིན་པ་འདྲ། ཡིན་ན་ཡང་། ནོར་འཁྲུལ་དང་བཅས་བའི་འདམ་གསེས་དེའི་ཕྱིར་དུ་འགྱོད་པ་སྐྱེས་བ་ལས་ཧུར་ཐག་འབད་ཐག་ངང་ནོར་འཁྲུལ་དེའི་ཕྱོགས་སུ་མུ་མཐུད་དུ་བསྐྱོད་ན་ཕོ་ཁྱོ་ཀའི་རང་གཤིས་ཤིག་ཡིན་སྙམ།

  8. གྲོགས་མེད་བོད། says:
    2009-02-11 at 7:56 am

    བཀྲ་ཤིསབདེ་ལེགས།་་

    ཧ་ཧ།།་གྲོགས་པོ་ཆོ༹་
    བོད་ཡིག་འབྲི་བ་ལ་འབད་བརྩོན་བྱེད་ཀྱི་ཡོད།

  9. བསྟན་འཛིན། says:
    2009-02-11 at 4:02 pm

    རིག་བྱུང་བཀྲ་་་་་ཤིས་དོན་འགྲུབ་ལགས།

    རང་གི་ངོ་བོ་སྲུང་སྐྱོབ་བྱེད་པའི་ལྟ་བ་འདིར་གུས་པར་འདྲི་བ་ཁ་ཤས་ཡོད། དང་པོ། ངོ་བོ་དེ་རྟག་ཏུ་འགྱུར་བ་འགྲོ་བའི་ཆོས་ཅན་ཞིག་ཡིན། དཔེར་ན། བོད་པའི་ངོ་བོ་ནི་འགྱུར་བ་ཆེན་པོ་ཕྱིན་ཡོད། ཨ་རི་ཡིན་ནའང་རེད། དེ་བཞིན་མི་ཡི་ཆ་ཤས་སུ་གཏོགས་པའི་སྤྱི་ཚོགས་ཚང་མར་འགྱུར་བ་ཆེན་པོ་འགྲོ་བའཻ་སྐབས། ངོ་བོ་སྲུང་སྐྱོབ་ཟེར་བ་འདི་སྟོང་བཤད་ལ་འགྲོ་བའི་ཉེན་ཁ་འདུག

    གཉིས་པ། ཡར་འཐོན་དང་ཕུལ་བྱུང་གི་རིག་གནས་ཇི་འདྲ་ཞིག་ཡིན་ཡང་། ཕྱིའི་གནས་སྟངས་དང་བསྟུན་ནས། ངོ་བོ་གསར་པ་བཟོ་རྒྱུ་དེ་གལ་ཆེ་རེད་ྙམ། དཔེར་ན། ཨ་རིའི་རིག་གཞུང་དེ་དར་ཁྱབ་ཆེ་ཤོས་དུ་འགྲོ་བཞིན་པར་ངོས་འཛིན་བྱེད་ཀྱི་འདུག མཐའ་ན། རྒྱ་ནག་གི་གྲོང་གསེབ་པའི་ཕྲུ་གུ་ཚོས་ཀྱང་ཨ་རིའི་རིག་གཞུང་རྣམས་ལ་དོ་སྣང་བྱེད་ཀྱི་འདུག་ཅེས་གསར་འགྱུར་ནང་བཏོན་འདུག 

    ངོ་བོ་སྲུང་སྐྱོབ་བྱེད་མཁན་གྱི་ལས་འགུལ་ཤུགས་ཆེ་ཤོས་དེ་ཁ་ཆེ་དང་ཆོས་ལུགས་ཀྱི་བཞེན་ཆགས་ཆེ་བའི་སྤྱི་ཚོགས་ནང་ཡོང་བཞིན་འདུག དེ་ཚོ་རིམ་བཞིན་ྙིང་བཞེན་གྱི་མཐའ་ལ་ལྷུང་ནས། གསར་པ་ཚང་མར་དུག་ལ་མཐོང་མཁན་གྱི་སྤྱི་ཚོགས་སུ་འགྱུར། དེ་ན། ཁྱེད་ཀྱིས་དེའི་སྐོར་ལ་བསམ་བློ་ཞིག་བཏང་ནས། ལན་ཞིག་སྤྲོད་དང་། ངས་ཁྱེད་ལ་དཔེ་ཞིག་སྤྲད་ཆོག རྡ་རམ་ས་ལར་དེ་ྔོན་གཞུང་ཞབས་རྒན་པོ་རྣམས་ཀྱིས་ད་བར་དབྱིན་ཇི་སྐད་སྦྱོང་མི་དགོས་པར་བོད་ཡིག་ཐོག་འཚོ་བ་བསྐྱལ་བ་ཡིན་ཞེས་སྤོབས་པ་ཆེན་པོ་བྱེད་གསོལ་ཞིག་ཡོད། བསམ་བློ་དེ་ཚོ་ཡང་ངོ་བོ་སྲུང་སྐྱོབ་དང་འབྲེལ་བ་ཡོད་པའི་ལས་འགུལ་རེད། 

  10. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2009-02-13 at 5:33 pm

    ཉིན་ཁ་ཤས་ལ་དྲ་ཐོག་ཏུ་ཡོང་ཐུབ་མ་སོང་། བསྟན་འཛིན་ཟེར་བ་ཞིག་གིས་དྲི་བ་ཞིག་བཏང་འདུག་པས།
    དེར་རྨོངས་འཆར་ཐུང་ཙམ་བརྗོད་རྒྱུ་ཡིན། འཇིག་རྟེན་གྱི་ཆོས་ཐམས་ཅད་རྟག་བརྟན་མིན་པར་འགྱུར་བའི་རང་བཞིན་ཅན་རེད་མ་གཏོགས་འགྱུར་བ་མེད་པར་རང་ཚུགས་སུ་གནས་བ་དེ་འདྲ་རེད་ངེད་ཀྱིས་ལབ་ཀྱི་མེད། རིག་པའི་གཞུང་ལུགས་གང་ཞིག་ཡིན་རུང་ངོ་བོ་སྲུང་སྐྱོབ་ཐུབ་མིན་དེ་། རིག་པའི་གཞུང་ལུགས་དེ་ལ་བེད་སྤྱོད་ཀྱི་ཁོར་ཡུག་བསྐྲུན་ཐུབ་མ་ཐུབ་བ་འབྲེལ་བ་ཆེན་པོ་ཡོད། རིག་པའི་གཞུང་ལུགས་སམ་རིག་གནས་བྱེ་བྲག་པ་དེ་ལ་བེད་སྤྱོད་ཀྱི་ཁོར་ཡུག་རྒྱ་ཆེན་པོ་ཡོད་པ་མ་ཟད་ད་དུང་ཉིན་རེའི་འཚོ་བའི་ཁྲོད་དུའང་རྒྱུན་སྤྱོད་ཆེན་པོ་ཡིན་ན།
    དེའི་ངོ་བོ་སྲུང་སྐྱོབ་ཐུབ་གི་རེད།་ ངོ་བོ་སྲུང་སྐྱོབ་བྱེད་དགོས་ཀྱི་འདུག་ལབ་དུས། བྱ་དངོས་ལ་བསྟུན་འགྱུར་མི་འདུག་ལབ་ཀྱི་ཡོད་མ་རེད། དཔེར་ན། དེ་རིང་སང་ཉིན་དར་ཆེ་བའི་དབྱིན་ཇིའི་སྐད་ཡིག་ལ་མཚོན་ན་ཡང་འགྱུར་བ་མང་པོ་ཕྱིན་ཡོད། འོན་ཀྱང་། སྐད་ཡིག་རང་གི་ངོ་བོ་ད་དུང་ཡང་མ་བརླགས་པར་བསྡད་ཡོད་།
    ངེད་ཀྱིས་ངོ་བོ་སྲུང་སྐྱོབ་བྱེད་དགོས་ཀྱི་འདུག་ཟེར་དོན་དེ་དཔེར་མཚོན་ཆུང་ཆུང་ཞིག་གི་སྒོ་ནས་བརྗོད།
    ཁྱེད་རང་ཤིང་བཟོ་ཞིག་ཡིན། སྔོན་མ་གང་ཤེས་བ་དེ་མ་གཏོགས་ཤིང་བཟོའི་ལག་རྩལ་གསར་བ་སྦྱངས་ཆོག་གི་མ་རེད་ལབ་ཀྱི་ཡོད་མ་རེད། རང་ཉིད་ཤིང་བཟོ་ཡིན་ཙང་། ཤིང་བཟོའི་ལག་རྩལ་སྣ་མང་སྦྱངས་ཏེ་དེའི་སྒང་ལ་ཆེད་ལས་བྱེད་དགོས་ཀྱི་གལ་ཆེན་པོ་རེད་ཟེར་གྱི་ཡོད་ལ་དེ་ལྟར་བྱུང་ན་ཤིང་བཟོའི་ངོ་བོ་ཡང་སྲུང་སྐྱོབ་ཐུབ་གི་རེད།
    རིག་གཞུང་དང་སྐད་ཡིག། ཡུལ་སྲོལ་གོམས་གཤིས་སོགས་ཕར་ཞོག། དེ་རིང་སང་ཉིན་གོ་ལའི་དཔལ་འབྱོར་ཡང་གོ་ལ་གཅིག་གྱུར་གྱི་ལམ་ཏུ་མ་ཕྱིན་པར་རྒྱལ་ཁབ་སོ་སོའི་དཔལ་འབྱོར་གྱི་ངོ་བོ་རང་ངོས་ནས་སྲུང་སྐྱོབ་བྱེད་དགོས་འདུག་ཞེས་བསམ་ཚུལ་སླེབས་ཀྱི་ཡོད། འདི་ནི་ཞོར་འཕྲོས་ཙམ་ཡིན།
    དེ་ནས་ངོ་བོ་སྲུང་སྐྱོབ་དང་ཞེན་ཁོག་གཉིས་ལོགས་ཀ་རེད། ནང་པ་ཞིག་ཡིན་ན། ནང་པའི་ཆོས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་དགོས་རྒྱུ་གལ་ཆེན་པོ་རེད་མ་གཏོགས་ནང་པ་ཡིན་པའི་ཞེན་ཁོག་འདྲ་བོ་བྱས་ན་ཅུང་ཐབས་སྐྱོ་བོ་རེད།
    གནས་སྐབས་ལ་དེ་ཙམ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme