Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རིག་པའི་གྲོང་གི་བླུན་སྤྱོད།

Posted on 2015-08-062015-08-06 By ཁ་བརྡ 44 Comments on རིག་པའི་གྲོང་གི་བླུན་སྤྱོད།

ཁང་མུན་གྲོལ།
———ཁྲག་དྲི་བྲོ་བའི་རེབ་གོང་ཀླུ་རོལ་ལ་རྒོལ་གཏམ་གཏོང་བ།

 
དེ་རིང་ཕྱི་དྲོ་འཛིན་གྲྭ་མེད་པའི་སྐབས་དང་བསྟུན་སེམས་པ་ལྷོད་ལ་བབ་སྟེ་ཐོག་མར་བོད་ཀྱི་དུས་བབ་ཚང་ལ་དྲ་ཉུལ་བྱེད་དུ་སོང་། དེ་ན་སྤེན་པ་ཚེ་རིང་བཀའ་ཁྲིར་ལང་དགོས་པའི་གསལ་བཤད་ཅིག་ཡོད་པ་དེ་བཀླགས། དེ་མིན་ཀློག་འདོད་པའི་གནས་ཚུལ་གཞན་མ་རྙེད་པས་འཆར་ཅན་ལྟར་ངོ་དེབ་ཀྱི་ཁ་ཕྱེས། གྲོགས་པོ་འགར་ཡིག་ལན་བཞག མིག་ཡང་ཞིག་བྱས་མོད་དེ་རུ་ཡང་ཡིག་ཐོག་གི་གནས་ཚུལ་གསར་པ་ཅང་མི་འདུག འོན་ཀྱང་ཨ་མདོ་རེབ་གོང་ཡུལ་ན་དམངས་སྲོལ་དུ་ཆགས་པའི་བྱེད་སྒོ་ཞིག་སྟེ། སྐྱེས་པ་ལོ་ཆུང་དག་གིས་རང་གི་འགྲམ་ཤ་ལྕགས་ཐུར་གྱིས་ཕིག་སྟེ་མང་ཚོགས་ཁྲོད་ཆེས་དཔའ་ཉམས་ཀྱིས་སྟོན་བཞིན་པ་དེ་གཞན་གྱིས་པར་འདེབས་བཞིན་པའི་བརྙན་འགའ་བཏང་འདུག པར་རིས་དེ་དག་ཐོག་མར་མཐོང་བ་དང་ངས་མང་ཚོགས་རང་བཞིན་གྱི་བྱེད་སྒོ་འདིར་གསང་བ་ལྐོག་གྱུར་གྱི་ལོ་རྒྱུས་དམིགས་བསལ་བ་ཞིག་ཡོད་པའི་ཡིད་ཆེས་བྱས།

རང་གི་འགྲམ་པ་ལྕགས་ཐུར་གྱིས་ཕིག་དགོས་པའི་དཀའ་སྤྱད་འདིས་ཅི་ཞིག་མཚོན་གྱི་ཡོད་དམ། ལྷ་ལ་མཆོད་པ་བྱེད་ཀྱི་ཡོད་དམ། ཀླུ་ལ་བསྙེན་བཀུར་བྱས་པ་ཡིན་ནམ། ཡང་ན། ཁོང་ཚོ་ནི་བོད་བཙན་པོའི་གདུང་རྒྱུད་ཡིན་པས་གང་ལ་ཡང་མི་འཇིགས་ཞེས་བརྗོད་བཞིན་ཡོད། གང་ལྟར་དྲི་བ་འདི་དག་གཅིག་རྗེས་གཉིས་མཐུད་དུ་སེམས་ན་འཕྱུར་ཡོང་གི་འདུག

unnamed

དེ་འཕྲལ་ངས་དྲ་ཐོག་ནས་འབྲེལ་ཡོད་དྲ་གྲོགས་ཤིག་ལ་དེའི་སྐོར་ནས་དྲི་བ་བཏང་། འོན་ཀྱང་། དེ་ནི་ཨ་མདོ་བླ་བྲང་ནས་ཡིན་པས་དེའི་སྐོར་གོ་མྱོང་ཡོད་པ་ལས། དམིགས་བསལ་གྱི་རྒྱུས་མངའ་མི་འདུག འོན་ཀྱང་ཁོང་གིས་དེའི་སྐོར་དྲ་གྲོགས་གཞན་ཞིག་ལ་དྲིས་པའི་ལན་དག་ང་ལ་བསྐུར་བྱུང་། ལན་དེ་དག་ནི་ངོ་མ་གནད་ལ་སྨིན་པ་ཤ་སྟག་རེད། ལུགས་སྲོལ་འདི་བཙན་པོའི་རྒྱལ་རབས་ཡར་སྔོན་ནས་ཡོད་ཚུལ་དང་། དེ་ཡང་གནའ་བོའི་ཞང་བོན་གྱི་བྱེད་སྒོའི་སྟེང་དམར་མཆོད་བྱེད་སྲོལ་ཡོད་པ་དེ་ཀླུ་མཆོད་ཀྱི་ཆེས་ཐོག་མའི་རྨང་གཞི་དེ་ཡིན་ཟེར།

ཀླུ་རོལ་རྩེ་བའི་བརྒྱུད་རིམ་ཁྲོད་རྩེད་མོ་བ་དག་གིས་རང་གི་ཁ་དང་རྒྱབ་ལ་ལྕགས་ཁབ་མང་པོ་འཛེར་བ་དང་། མགོ་ལ་གྲིས་གཏར་ནས་དམར་པོ་ཁྲག་གི་མཆོད་འབུལ་བྱས་ཏེ། རང་གི་ཁ་ལས་རླུང་རྟ་དགེ་ཞིང་། ཡུལ་ལུང་ལ་སད་དང་སེར་བ་མེད་ཅིང་། ཆར་ཆུ་དུས་སུ་འབབ་པའི་ཆེད་ལྷ་ཀླུ་གཉན་གསུམ་གྱི་ངོ་སོ་བསྟོད་པའི་རྨོངས་དད་ཀྱི་སྲོལ་ཞིག་རེད།
བཤད་སྲོལ་གཅིག་ནི། བོད་དུ་ནང་ཆོས་དར་བའི་ལོ་དེར་བོད་ཀྱི་ས་ཆ་འགར་སྔར་བྱུང་མ་མྱོང་བའི་ནད་ཡམས་སོགས་བྱུང་བས། མི་རྣམས་ཀྱི་སེམས་པར་གནོད་འཚེ་དག་ནི་ཆོས་བྱས་པ་ལ་བརྟེན་ནས་བྱུང་བར་ངོས་འཛིན་བྱས་པའི་རྨང་གཞིའི་སྟེང་ལྷ་ཀླུ་མཆོད་པའི་དུས་སྟོན་འདི་དར་སྤེལ་བྱུང་བར་བཤད།

གང་ལྟར་འཚེ་བའི་ལས་དང་འབྲེལ་བའི་བྱེད་སྒོ་འདིར་ཕོ་མོ་སུ་ཡིན་རུང་ན་ཚོད་དར་ལ་བབ་པ་མ་གཏོགས་བྱིས་པའི་རིགས་ཡོང་སྲོལ་མེད་པར་བཤད་མོད། དེ་རིང་གི་པར་རིས་འདིའི་རྒྱབ་ལྗོངས་ན་ཨ་མ་མང་པོས་བྱིས་པ་པང་ནས་ཡོད་པས་དེང་སྐབས་ནི་སྔོན་དང་བསྡུར་ན། འཇིགས་སྣང་དེ་ཆུང་དུ་སོང་བ་འདྲ།

སྤྱིར་རེབ་གོང་གི་ཡུལ་འདི་ཨ་མདོ་བ་ཚོས་རིག་པ་འབྱུང་བའི་གྲོང་ཁྱེར་ཞེས་འབོད་པའི་ས་གནས་དམིགས་བསལ་ཞིག་རེད། འོན་ཀྱང་དེ་རུ་ཡང་དུས་རབས་སྔོན་མའི་བླུན་སྤྱོད་ཀྱི་རྒྱུན་སྲོལ་མཐུག་པོ་འདྲི་འདྲ་ཞིག་ད་དུང་ལྷག་ཡོད་པ་འདིས། ཁོ་བོར་རེབ་གོང་རང་ནས་ཡིན་པའི་དྲན་དབང་དགེ་ཆོས་ཀྱིས་རྒྱ་གར་རིག་པའི་འབྱུང་གནས་ན་སྤྲེའུ་དང་སྲིན་པོས་དམག་བརྒྱབ་པའི་ལོ་རྒྱུས་དགོད་སྤྲོ་བ་འཆད་རྒྱུ་ཡོད་པ་དེ་ཡ་མཚན་ཞེས་བཀོད་པ་ཇི་བཞིན་དུ། ཁོ་བོས་ཀྱང་རེབ་གོང་རིག་པ་འབྱུང་བའི་གྲོང་ན། དུས་རབས་འདི་ལྟ་བུར་ཡང་། རང་གི་འགྲམ་པ་ལྕགས་ཁབ་ཀྱིས་འབིགས་པའི་ལྐུག་པ་ཨུ་ཚུགས་ཀྱི་སྲོལ་ངན་འདི་འདྲ་ལུས་ཡོད་པ་ཡ་མཚན་རེད་སྙམ་པ་བྱུང་།

ལར་ནས་གོས་སུ་ཤིང་ལོ་གྱོན་ཞིང་། ཟས་སུ་ཤ་ཁྲག་ཁོ་ན་རོལ་བའི་ཕྷེ་གླིང་གི་མི་རིགས་འགར་ད་ལྟའི་ཆར་ཡང་མཆུ་ཏོ་གྲས་ཏེ་ནང་དུ་ལྕགས་ལེབ་འཇོག་པ་དང་། གཟུགས་པོའི་སྟེང་མདའ་མདུང་སོགས་མཚོན་རྗེས་ཀྱིས་བཀང་སྟེ་དཔའ་རྟགས་འགོད་པ། གཅན་གཟན་གྱི་མཆེ་བའི་མགུལ་རྒྱན་དང་། པགས་པ་གོས་སུ་གྱོན་པའི་སྲོལ་ངན་དེར་མིག་དཔེ་བྱེད་འདོད་ན་དེར་ཟད། དེ་མིན་༧བླ་མ་བདག་ཉིད་ཆེན་པོས་དུས་རབས་ཕྱེད་ཀའི་རིང་གཏུམ་སྤྱོད་དང་། ཤེས་རྨོངས་ཀྱི་སྲོལ་ངན་སྤོངས་དགོས་པའི་ལམ་སྟོན་སྔ་ཕྱིར་གསུངས་པ་དེ་དག་སྙིང་ལ་མི་འཛིན་པར། ངན་སྲོལ་འདི་དག་རྒྱུད་འཛིན་བྱེད་པ་ནི་ལྐུག་རྟགས་སྟོན་པ་ལས་དཔའ་མཛངས་ལྡན་པའི་མི་རིགས་ཤིག་གི་ཁྱད་ཆོས་སུ་དཔྱོད་ལྡན་སུས་ཀྱང་ངོས་འཛིན་མི་སྲིད་དོ།

བླང་དོར་གོ་ནོར་དུ་སོང་བའི་སྲོལ་ངན་འདི་དག་ལ་བརྟེན་ནས། ད་གཟོད་ང་ཚོ་བོད་གངས་ཅན་པ་རྣམས་ལ་མི་རིགས་གཞན་གྱིས་ཧ་ཅང་རྗེས་ལུས་དང་། ཆེས་ཀླ་ཀློ། ཆེས་མུན་ནག་ཏུ་འབོད་པའི་རྒྱུ་རྐྱེན་དག་ཀྱང་བྱུང་བ་ཡིན་ན། འཚེ་མེད་ཀྱི་ཆོས་དང་། ལུགས་མཐུན་གྱི་འཇིག་རྟེན་གང་ལ་བསམས་ཀྱང་འཚོ་བ་ཡར་ཐོན་ལ་མི་ཕན་ཞིང་། སྙིང་རྗེའི་རིག་གནས་ལ་མི་མཁོ་བའི་དམངས་སྲོལ་ངན་པ་འདི་དག་ནི་བྲན་གཡོག་གི་འདུ་ཤེས་སྟུག་པའི་སྤྱི་ཚོགས་ཁྲོད་ལྷག་ཏུ་དར་ཆེ་བས། འདབ་གཤོག་གཉིས་ལྡན་གྱི་བོད་པ་ཞིག་ཡིན་ཕྱིར་ཧ་ཅང་གཏིང་ཟབ་པའི་བྲན་གཤིས་འདི་དག་ད་ནས་འཕོང་བྱས་ཀྱི་རྡོ་བཞིན་རྒྱང་ཕུད་གཏོང་རན་ནོ།

བྲན་རྒོལ་བ་ཁང་མུན་གྲོལ་གྱིས།

རྩོམ་རིག

Post navigation

Previous Post: ངས་འཇོན་ས་རེད་སྙམ་ན་འོས་བླུཊ། ང་ལ་ཞེན་ཁོག་བྱས་ཏེ་འོས་མ་ལྡུག
Next Post: བུད་མེད་ཚོས་ཉོན། གྲྭ་རྒོད་ཚོས་འདང་རྒྱོབས།

Comments (44) on “རིག་པའི་གྲོང་གི་བླུན་སྤྱོད།”

  1. ཁྱུང་དཀར། says:
    2015-08-06 at 2:52 pm

    སྲོལ་རྒྱུན་རྩེད་མོ་འདི་ནི། །གནའ་བོའི་རིག་གནས་ཡིན་ཡང་། །དེང་རབས་འཚོ་བའི་ལམ་ན། །རྗེས་ལུས་རྣམ་པ་མངོན་ཡོང་། །མཚོན་འབིགས་རང་ལུས་བཙགས་ནས། །ན་ཟུག་མེད་མདོག་སྟོན་ཞོར། །འུ་ཚུགས་བཙན་གྱིས་བསྲན་པ། །རང་སྡུག་རང་ཉེས་མིན་འགྲོ །དེང་གི་རྩེད་རིགས་ཁྲོད་ལ། །རྩེད་རིགས་སྣ་མིན་ཡོད་ཀྱང་། །སྲོལ་ལམ་མཁྲེགས་འཛིན་བྱེད་ན། །ཡར་རྒྱས་ཡོང་མདོག་མི་འདུག །

  2. ཁུ་བྱུག says:
    2015-08-06 at 3:21 pm

    དགོངས་ཚུལ་ཡག་པོ་བྲིས་འདུག ཚིག་སྦྱོར་ཧ་ཅང་བཟང་། ལུགས་ངན་དགོས་མེད་རིགས་སྤྱི་ཚོགས་སུ་ཐེར་འདོན་དང་། བགྲོ་གླེང་། ལེགས་ཉེས་ལམ་སྟོན་དགོས་པ་ནི། སྨྱུག་ཐོག་རྣམ་དཔྱོད་ཅན་དག་གི་འགན་འཁྲི་ཡིན། བདག་གི་མཐོང་ཐོས་སུའང་གོང་གནས་འདྲ་བའི་ལུགས་ངན་ཞིག་ཁ་ཆེའི་ཆོས་ལུགས་པར་འདུག ཁོང་ཚོས་དུས་ཆེན་ཞིག་གི་སྐབས་རང་གི་ལུས་པོ་གང་སར་མཚོན་རྣོ་རིགས་ཀྱིས་རྨ་བཟོ་བ་དང་། གལ་ཏེ་དེའི་ཉིན་རྨས་ཏེ་ཤི་སོང་ན། འཇིག་རྟེན་བྱེད་པོ་ཨ་ལའི་དྲུང་དུ་སྐྱེ་བའམ་ཐར་བ་འཐོབ་ཅིང་། མ་ཤི་ན་ལུས་རྨས་པའི་འབྲས་བུར་སྡིག་པ་དག་པའི་ཡིད་ཆེས་དང་རྨོངས་དད་བྱེད་བཞིན་འདུག

  3. ཚ་ཕྲུག་རྒྱལ། says:
    2015-08-06 at 3:55 pm

    མི་གཞན་དང་ཡུལ་གཞན་ལ་ལུགས་ངན་དང་སྲོལ་ངན་བཅས་བོད་མིའི་རྣམ་དཔྱོད་ཡིན་ཁུར་གང་མང་ཡོད་པས་བྱ་སྤྱོད་འདི་འདྲ་རིགས་ཀྱིས་ཚེ་འདི་ཕྱི་གང་ལ་ཡང་ཕན་རྒྱུ་ལས་གནོད་ཚབ་ཆེ་བས་སྲོལ་ངན་འདི་དག་མི་སྤྱོད་རྒྱུ་མ་ཟད། སྤང་བྱ་ཁོ་ན་ཡིན་པར་འབོད་དགོས།

  4. སྤྱན་ཡ་ལུང་། says:
    2015-08-06 at 4:47 pm

    ཁང་མུན་གྲོལ་ལགས། ཁྱོད་ལ་རྩེད་རིགས་འདི་ལ་རྒྱུས་ཅི་ཙམ་ཡོད། རང་སྣང་ཁོ་ན་སྤྱད་ནས་སྐད་ཆ་བཤད་ཀྱིན་མེད་པའི་རེ་བ་ཡོད།

  5. བསེ་རུ་ཟང་ཐལ། says:
    2015-08-06 at 4:51 pm

    སྲོལ་ངན་འདི་རིགས་ལ་མི་དགའ་ན་དོར་དགོས། ཆུང་ས་ནས་བཤད་ན། སྔར་ཀོང་ཇོ་བོད་དུ་བྱོན་དུས་བོད་ཀྱི་མི་ཆེན་རྣམས་ཀྱི་གདོང་ལ་ཚོན་དམར་བྱུག་པའི་སྲོལ་ལ་མ་དགའ་ནས་སྲོང་བཙན་གྱིས་སྲོལ་དེ་ཕྱིན་ཆད་བྱེད་པ་བཀག་འདུག། ཡང་རྒྱའི་གོས་ཀྱི་གཟི་བརྗིད་ལ་མ་བཟོད་ནས་བཙན་པོ་རང་ཉིད་ཀྱིས་ཀྱང་སྣམ་བུའི་གོས་བོར་ཏེ་དར་ཟབ་གྱོན་འགོ་བཙུགས་འདུག་གོ།

  6. ཁྱུང་སེ། says:
    2015-08-06 at 10:27 pm

    སྲོལ་རྒྱུན་དེའི་རིགས་སྔར་ཞང་བོན་གྱི་སྐབས་སུ་བྱུང་བའི་བདན་རྟགས་གང་ཡོད་དམ། དེ་མིན་མི་མཛེས་པ་མི་འོས་པ་མི་ལེགས་པ་ཐམས་ཅད་ཞང་བོན་གྱི་མགོ་ལ་གཡོགས་སྟངས་འདི་ད་དུང་ཉམས་ཆུང་ལ་གཉའ་གནོན་བཤུ་ཤོགས་བྱེད་སྟངས་ཞིག་རེད། ཁ་ནས་ཆིག་བསྒྲིལ་ཟེར་ནས་མ་ཎི་འདོན་པ་ལྟར་བྱེད་ཁོག་ཏུ་སྐྱག་དྲི་བྲོ་བའི་ལས་སྟངས་འདི་ཚོར་ཞེན་པ་ལོག་ཡོད། སྔ་དུས་སུ་མ་བྱུང་བ་ཐམས་ཅད་བོན་པོ། དེ་རྗེས་མ་བྱུང་བ་ཐམས་ཅད་རྒྱ་མིའི་རྒྱུགས་ཁྱི། དེ་རྗེས་ཐེ་ཝེན་གྱི་རྒྱུགས་ཁྱི། དེ་རྗེས་དོལ་ཚོགས་ཀྱི་རྒྱུགས་ཁྱི། དེ་རྗེས་རང་བཙན་པའི་རྒྱུགས་ཁྱི་ད་གང་བརྗོད་འདོད་ཡོད་དམ།

  7. BONPO says:
    2015-08-07 at 12:24 am

    ཞང་བོན་གྱི་ཀླུ་མཆོད་ལ་ཤ་དང་ཁྲག་གི་ཐིག་པ་ཙམ་ཡང་འགྲོ་ས་ཡོད་མ་རེད། ཐིག་པ་མི་དགོས་དྲི་མ་ཙམ་ཡང་འགྲོ་ས་ཡོད་མ་རེད། འཇིགས་རྟེན་འདིར་བདེ་སྐྱིད་དང་ཞི་བདེ་སྤྲོད་མཁན་གྱི་ཀླུ་ཞིག་ཡིན་ན་དེ་ནི་ཀླུ་རིགས་ཡག་པོའི་གྲས་དེ་འདྲ་རེད། དེ་ཚོར་མཆོད་པ་འབུལ་བྱེད་བོན་ལུགས་ལ་་་ཀླུ་མཆོད་འོ་མའི་རྒྱ་མཚོ་་་ཞེས་པ་སོགས་ཀླུ་མཆོད་མང་པོ་འདུག དེར་མ་ཚད་ཀླུ་འབུམ་དཀར་ནག་ཁྲ་གསུམ་ཞེས་པ་དེ་འདྲ་འདུག་མ་གཏོགས། ཁྲག་མཆོད་བྱེད་སའི་ཀླུ་ཞིག་བོན་ལུགས་ཁུངས་ལྡན་ལ་དེ་སྔ་མ་མཐོང་། བལ་ཡུལ་རྒྱལ་སའི་ཀླུ་གན་རྒྱལ་ཟེར་བ་དེ་ནི་ཀླུ་བདུད་ཅེས་པ་དེ་ཡིན་སྐོར་ཤོད་མཁན་འདུག དེ་ལའང་ཁྲག་མཆོད་བྱེད་པའི་ལུགས་སྲོལ་མ་མཐོང་། རེབ་གོང་གི་ཀླུ་རོལ་ལ་ཁྲག་མཆོད་བྱེད་པའི་ལུགས་སྲོལ་དེ་ག་འདྲ་བྱས་ནས་བྱུང་བ་ཡིན་ནམ། །

  8. BONPO says:
    2015-08-07 at 1:25 am

    རེབ་གོང་གི་དེ་དང་འདྲ་བ་ཡུལ་ལུང་གང་སར་ཡོད་པ་ཞིག་རེད་བཞག་དཔེར་ན་རྒྱ་གར་གྱིས་གཙོས་པའི་ཡུལ་ལུང་ཁག་ལའང་འདིར་ལྟར་འདུག་གཟིགས་པར་འཚལ། ཞང་བོད་གངས་རིའི་ལྗོངས་ཀྱི་བོན་ལུགས་ཁུངས་ལྡན་ཇི་བཞིན་མི་ཤེས་པའི་བོད་ལུས་སུ་སྐྱེས་པའི་མི་རོ་ཁྱེད་ཚོ་སྙིང་རྗེའི་གནས་སུ་རིགས་པར་བྱའོ། https://www.youtube.com/watch?v=zLkhzp4VGVI

  9. BONPO says:
    2015-08-07 at 1:31 am

    དེ་དང་འདྲ་བ་རྒྱ་མི་ཚོ་ལའང་ཡོད་འདུག་འདིར་གཟིགས་ནས་བསམ་བློ་ཡང་ཡང་ཐོངས།
    https://www.youtube.com/watch?v=dVCclkOMDwY

  10. ཅོ་རི་ཉི་མ། says:
    2015-08-07 at 6:27 am

    ཁྱུང་སེང་དང་བོན་པོ་གཉིས། ཁྱོད་རང་གཉིས་བོད་གངས་ཅན་པའི་ཕ་མེས་ཆོས་ལུགས་ལ་ཉེས་ཞྭ་གོན་མཁན་ཚོའི་ཁ་གཏད་དུ་བུ་བཟང་གཉིས་སྐྱེས་འདུག་པས་ཡིད་སྨོན་ཞིག་ཤོར་སོང་།

  11. ཀརྡོ་གཉེར་ཕྱག་པ་ says:
    2015-08-07 at 6:51 am

    མེ་ལྔ་བསྟེན་པ་དང་ཁྱད་མེད་པས། ནང་པས་དེ་ལྟར་བྱེད་མི་རུང་ང་ོ།།

  12. སྤྱན་ཡ་ལུང་། says:
    2015-08-07 at 8:20 am

    ཁང་མུན་གྲོལ་འབོད་པ་ལགས། སྐུ་ཉིད་དངོས་སུ་དྲ་ཐོག་ལ་ཡོང་ནས་དཔྱད་མཆན་པ་དག་གི་བསམ་ཚུལ་ལ་དགེ་སྐྱོན་གླེང་ཐུབ་པའི་རེ་བ་ལྟར། ཡང་བསྐྱར་སྐད་འདི་བསྐུར་ཡོད། དེ་ལུགས་བཞིན་ཡ་ལན་རེ་ཡོང་བ་ཞུ། དེ་མིན་སྐད་ཆ་འདི་རིགས་གནས་ལུགས་མི་ཤོད་པའི་དཀྲོགས་གཏམ་རང་དུ་འགྱུར་དོགས་ལྟར་རོ།

  13. ཁྱུང་སེ། says:
    2015-08-07 at 8:20 am

    གྲོགས་ཅོ་རི་ལགས་ང་དང་ཁྱེད་ལྟ་བུས་དྲང་བདེན་དང་ཉམས་ཆུང་ལ་མཐུ་དཔུང་སྡོང་གྲོགས་བྱེད་རྒྱུའི་ལྟ་བ་གཅིག་མཚུངས་རེད་འདུག ད་ལན་ཀླུ་གར་འབྱམས་སྲིད་སྐྱོང་ལ་འོས་ཐོབ་ན་བོད་མི་རིགས་འདི་གཉིད་རྨོངས་དད་དང་ཆོས་ལུགས་ཀྱི་ཕྱོགས་རིས་ནད་ངན་དེ་དག་སེལ་བའི་རེ་བ་ཞིག་འདུག་ང་དང་ང་ཡི་གྲོགས་པོ་ནང་མི་ཚོས་ཁོང་ལ་འོས་བླུག་རྒྱུའིམཐབས་ཤེས་གཏོང་གི་ཡིན།

  14. ཅོ་རི་ཉི་མ། says:
    2015-08-07 at 8:44 am

    ཨོ་རེད། གྲོགས་པོ་ལགས། ངས་ཀྱང་ཀླུ་བྱམས་འོས་ལངས་བྱེད་ཀྱི་སྐོར་དུ་བསམ་བློ་གཏོང་ཡོད། ཁྱོད་ཀྱིས་གསུངས་པ་ལྟར་དོན་དངོས་ཐོག་ཀླུ་བྱམས་ལ་རྒྱབ་སྐྱོར་བྱེད་ཐུབ་དགོས་ཀྱི་འདུག ང་ལ་ནི་འོས་བླུག་པའི་ཐོབ་ཐང་མེད། བཙན་བྱོལ་བོད་གཞུང་སྒོ་བརྒྱབ་པ་ནས་དང་བླང་དཔྱ་ཁྲལ་སྤྲོད་་བཞིན་མེད།

    ཡིན་ཀྱང་ང་དང་འབྲེལ་བ་ཡོད་པའི་རང་མི་རྣམས་ལ་འོས་ཀླུ་བྱམས་ལ་སྤྲོད་དགོས་པའི་འགྲེལ་རྒྱབ་ཀྱི་ཡིན། མ་ཟད་ཁ་སྟོང་པའི་རྒྱབ་སྐྱོར་ཞིག་གིས་ཅང་ཕན་མི་ཐོགས་དུས་་་སྤྲང་པོ་ཀླུ་བྱམས་ལ་དཔལ་འབྱོར་གྱི་ཐོགས་ནས་ཀྱང་ང་རང་ཚོས་སྒོར་མོ་ཏོག་ཙམ་རེ་བསྡུ་ནས་ཁོ་གཏམ་བཤད་འགྲོ་དུས་འགྲོ་སོང་དང་། ཁྱབ་བསྒྲགས་ཀྱི་ཆེད་དུ་བེད་སྤྱོད་གཏོང་ཡ་ཏོག་ཙམ་ཕན་ཐོག་ན་བསམས་ཀྱི་འདུག

    ངས་ངོས་ནས་ཀྱང་ཨ་སྒོར་བརྒྱ་ཉིས་བརྒྱ་ཙམ་སྤྲོད་ཐུབ་ས་རེད། རྒྱབ་སྐྱོར་བ་དཔལ་འབྱོར་གྱི་རང་མགོ་ཐོན་མཁན་ཚོས་ཞལ་འདེབས་ཤིག་བསྡུས་ན་བསམས་ཀྱི་འདུག བློ་མཐུན་རྣམས་པས་མོས་མཐུན་བྱུང་ན་ང་ལ་འགྱུར་བ་མེད།

  15. ལྕགས་རྒྱ་འགྲམ་ནག says:
    2015-08-07 at 6:02 pm

    ཆོ་ག་དེར་ ཀླུ་རོལ་དང་གླུ་རོལ་ ཞེས་དག་ཆ་གཉིས་འབྲི་བཞིན་འདུག་ལ། ཁ་ཤས་ཀྱིས་ཆོ་ག་དེའི་དམར་མཆོད་ཀྱི་རྣམ་པར་གཞི་བཅོལ་ཏེ། ཆོ་ག་དེ་ནི་བོན་ལུགས་རེད་ཅེས་བཤད་པ་གོ་མྱོང་། 
    ཡིན་ནའང་ཆོ་ག་དེ་ནི་བོན་པོ་དང་འབྲེལ་བ་མེད་པའི་རྟགས་མཚན་ཁ་ཤས་མཐོང་རྒྱུ་ཡོད་ཅིང་། གོང་དུ་BONPOལགས་ཀྱིས་ “ཞང་བོན་གྱི་ཀླུ་མཆོད་ལ་ཤ་དང་ཁྲག་གི་ཐིག་པ་ཙམ་ཡང་འགྲོ་ས་ཡོད་མ་རེད། ཐིག་པ་མི་དགོས་དྲི་མ་ཙམ་ཡང་འགྲོ་ས་ཡོད་མ་རེད།” ཅེས་པ་འདིའི་ཁུངས་བཅོལ་གྱི་དཔྱད་གཞིའི་ཡིག་ཆ་གང་རུང་རྒྱུས་སྟོན་གནང་རོགས་ཞུ། “ཀླུ་རོལ” ལམ་ “གླུ་རོལ” ཞེས་པའི་ཆོ་ག་འདི་བོན་ལུགས་སུ་བརྩི་བ་ནི་མ་དག་པར་འདོད་པས། BONPOལགས་ཀྱིས་གོང་གི་བཀའ་མོལ་དེའི་སྐོར་ལ་ཅུང་ཙམ་རྒྱས་བཤད་དང་ཡིག་ཆ་རྒྱུས་སྟོན་གནང་རྒྱུའི་རེ་སྐུལ་ཞུ། 

  16. BONPO says:
    2015-08-07 at 10:32 pm

    ལྕགས་རྒྱ་འགྲམ་ནག་ལགས།
    སྐུ་ཉིད་ཀྱིས། ༼ཅེས་པ་འདིའི་ཁུངས་བཅོལ་གྱི་དཔྱད་གཞིའི་ཡིག་ཆ་གང་རུང་རྒྱུས་སྟོན་གནང་རོགས་ཞུ།༽ བོན་གྱི་ཀླུ་འབུམ་གཟིགས་ཐུབ་ན་ཀླུ་ཡི་སྐོར་ལ་གང་མཚམས་མཁྱེན་ཐུབ་ངེས། ཀླུ་འབུམ་གྱི་དཔེ་ཆ་རྡ་སའི་དཔེ་མཛོད་ཁང་ལ་ཡོད་ས་རེད། http://weibo.com/u/2522653640#_rnd1438999796818
    ད་དུང་བོན་གྱི་དཔེ་མཛོད་ཁང་ལ་འབྲེལ་བ་བྱོས་ཀླུ་མཆོད་དང་ས་བདག་གི་འཁྲུགས་བཅོས་སོགས་སྐོར་མང་པོ་འདུག །
    འདིར་བན་དེའི་བླ་ཆེན་སྲིད་ཆེན་ཞིག་དང་འབྲེལ་བའི་བོན་གྱི་ཀླུ་མཆོད་སྐོར་གླེང་བ་ཞིག་འདུག་དུས་ཚོད་ཡོད་ན་ཀློག་རོགས་གནོངས། http://www.khabdha.org/?p=20497

    ང་རང་ཉིད་ཀྱི་ཞང་པོས་དུས་ནས་དུས་སུ་ཀླུ་མཆོད་དང་འཁྲུགས་བཅོས་སོགས་མང་པོ་གནང་གི་རེད། ཀླུ་མཆོད་གནང་དུས་ཚེས་བཟང་དུས་བཟང་དང་སྟབས་བསྟུན། ཀླུ་ཡི་མཆོད་རྫས་ཀུན་བསགས། ཁྲུས་དང་གཙང་སྦྲ་བྱས། གོས་ཕྱོར་ལེགས་པར་བཀྲས། ཀླུ་རྫས་ན་ག་གེ་སར་དང་པད་མ་གེ་སར་སོགས་དང་། མཁན་པ་དང་ཤུག་པ། བ་ལུ་དང་སྤང་སྤོས། བདུད་རྩི་ཨ་ཀྲོང་། ཀྲ་བ་ཐོད་དཀར་སོགས་ཀྱི་སྨན་སྤོས་མང་པོ་བསགས་ནས་ཀླུ་མཆོད་གཏོང་བ་མ་གཏོགས། ཁྲག་དང་དམར་གྱི་ལག་ལེན་ཞིག་ཡེ་ནས་མ་མཐོང་།

  17. རོང་པོ་འཇོ་ན་ནས says:
    2015-08-08 at 6:51 am

    ཀླུ་ཡི་ཆོ་གང་ཡིན་ལ་བན་བོན་གང་ཡིན་ཕལ་ཆེར་དམར་མཆོད་ཡོད་མ་རེད།

  18. ལྕགས་རྒྱ་འགྲམ་ནག says:
    2015-08-08 at 12:26 pm

    Bonpo ལགས་སུ་བཀའ་དྲིན་ཆེ་ཞུ། 
    བོད་ཀྱི་ས་ཁུལ་ཁ་ཤས་སུ་ར་ལུག་གི་ལུས་སྲོག་དང་མིའི་ཁྲག་གི་མཆོད་པ་འབུལ་བའི་སྲོལ་དེ་བོན་ལུགས་སུ་བགྲངས་པ་ལ་ཞིབ་འཇུག་པ་ཁྱེད་ལྟ་བུས་དག་ཐེར་ཞིག་ཡོད་ཆོག་ཨང་བསམ། དེ་འདྲ་ཞིག་ཡོད་ཚེ། གོང་དུ་བཤད་བཞིན་པའི་ ཀླུ་རོལ་ལམ་གླུ་རོལ་ ཞེས་པ་དེ་དོན་དངོས་སུ་ཆོ་ག་ཅི་འདྲ་ཞིག་ཡིན་པའི་འགྲེལ་བཤད་ཇེ་གསལ་དུ་འགྲོ་ཐུབ་པར་འདོད།
    གོང་དུ་བཤད་བཞིན་པའི་ཆོ་ག་དེའི་ཆ་ཤས་སུ་ “གླུད་” ཡིན་ནམ་དེ་དང་ཕྱོགས་འདྲའི་ཆོ་ག་ཞིག་འདུག་ན། ཁྱེད་ལ་ “གླུད” ཅེས་པ་དེའི་སྐོར་གྱི་དཔྱད་རྩོམ་དང་རྣ་ཐོས་སོགས་ཤེས་བྱ་ཅི་ཡོད་རྒྱུས་སྟོན་གནང་རོགས་ཞུ།

  19. རང་ཤར་རིག་གྲོལ་རྩལ says:
    2015-08-09 at 2:09 am

    བོན་ཆོས་གང་གི་ལུགས་ཡིན་ཀྱང་ཀླུ་མཆོད་ལ་ཤ་ཁྲག་གི་རིགས་མེད་པ་གསལ་པོ་རེད། ཀླུ་ནི་དཀར་ཟས་ཁོ་ན་ལ་དགའ་བ་ཡིན་པ་ལས་དམར་ཟས་ཀླུའི་དུག་ཡིན་པར་བཤད། ཀླུ་ལའང་རིགས་མང་བོ་ཡོད་པས་ཀླུ་བཙན་གྱི་རིགས་གཅིག་དམར་མཆོད་ལ་དགའ་བར་སེམས་སོ། ཡིན་ཡང་བོན་ཆོས་གཉིས་ཀྱིས་ཆར་ཆུ་དུས་སུ་འབབ་པ་དང་ལོ་ཕྱུགས་ལེགས་པའི་ཆེད་དུ་མཆོད་བཞིན་པའི་ཀླུ་ནི་དཀར་ཟས་ཁོ་ནས་མཆོད་དོ། བོད་ནས་མི་བརྒྱ་དང་བཞི་བཅུ་ལྷག་གིས་རང་བསྲེགས་བཏང་བ་ཡང་བོན་ལུགས་ཡིན་ནམ། བཙོག་པ་ཐམས་ཅད་བོན་ལུགས་དང་ཡག་པོ་ཐམས་ཅད་ཆོས་ལུགས་སུ་འདོད་ན་མི་འཐད་དོ། གང་ལྟར་ཀྱང་བོན་ཆོས་གཉིས་ཀྱི་གཞུང་ཆེ་མོ་ནས་གསུང་བ་བཞིན་རྗེས་སུ་འབྲངས་ན་ཕྱི་གཙང་ནང་གཙང་མེ་ཏོག་པདྨ་ལྟ་བུ་རེད་ལགས། །

  20. ལྕགས་རྒྱ་འགྲམ་ནག says:
    2015-08-09 at 12:21 pm

    ཨ་རིའི་རླུང་འཕྲིན་ཁང་གི་ “ཀླུ་རོལ” དང་འབྲེལ་བའི་གསར་འགྱུར།
    “ཀླུ་རོལ་འདི་དར་ཚུལ་གྱི་ཐད་བོན་ལུགས་ཀྱི་དམར་མཆོད་བྱེད་པའི་ལུགས་སྲོལ་ཡོད་པ་དེ་ཀླུ་རོལ་གྱི་ཆེས་ཐོག་མའི་རྣམ་པ་རེད་ཅེས་བཤད་སྲོལ་ཡོད”ཟེར།

    མདོ་སྨད་རེབ་གོང་དུ་དྲུག་པའི་ཀླུ་རོལ་འགོ་ཚུགས་པ།
    http://www.voatibetan.com/content/article/2896966.html

    བོད་མདོ་སྨད་རེབ་གོང་ས་ཁུལ་དུ་དྲུག་པའི་ཀླུ་རོལ་ཞེས་པའི་དུས་སྟོན་ཁྱད་པར་ཅན་དེ་འགོ་ཚུགས་ཡོད་པ་དང་། དྲུག་པའི་ཀླུ་རོལ་ལ་ས་གནས་མང་ཚོགས་རྒན་གཞོན་དར་གསུམ་གྱིས་བརྩི་མཐོང་ཆེན་པོ་བྱས་ཏེ། ཁ་དཔེ་ལའང་དྲུག་པའི་ཀླུ་རོལ་མ་གཏོགས་གོས་མི་གྱོན། རྒྱ་ལོའི་ཚེས་གཅིག་མ་གཏོགས་ཟས་མི་ཟ་ཞེས་བཤད་སྲོལ་ཆགས་ཡོད།།

    རེབ་གོང་ཀླུ་རོལ་ནི་རྒྱ་ནག་གཞུང་གིས་ས་ཁོངས་བཅད་པ་ལྟར་ན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་ཐུན་རིན་རྫོང་གི་ཁོངས་སུ་ཡོད་པའི་ས་དཀྱིལ་སྡེ་བ་དང་། སོག་རུ། ཐེ་བུ། གཉན་ཞོག སྒོ་དམར། རྐ་གསར། སེངྒེ་གཤོང་། རྒྱ་ཚང་མ། ཧོར་རྒྱ་སྡེ་བ་བཅས་ཀྱི་ནང་དུ་སྲུང་བརྩི་བྱེད་པ་དང་། ཧོར་ཟླ་དྲུག་པའི་ཚེས་༡༥་ནས་༢༥་བར་ལྷ་ཀླུར་མཆོད་པའི་རྩེད་སྟོན་ཆོ་ག་རྒྱ་ཆེར་སྤེལ་བ་རེད།།

    ཀླུ་རོལ་གྱི་ཆོ་ག་དང་རྩེད་མོའི་ངོ་བོ་རྣམ་པ་བཅས་ཀྱི་ཆ་ནས་ལྷ་རྩེད་དང་། ཀླུ་རྩེད། དམག་རྩེད་གསུམ་དུ་དབྱེ་བ་དང་། དེ་དག་སོ་སོར་རྩེད་མོའི་སྟབས་སྟངས་དང་གོན་པ། ཆ་བྱད་སོགས་ཀྱི་ཐད་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད།།

    ཀླུ་རོལ་འདི་དར་ཚུལ་གྱི་ཐད་བོན་ལུགས་ཀྱི་དམར་མཆོད་བྱེད་པའི་ལུགས་སྲོལ་ཡོད་པ་དེ་ཀླུ་རོལ་གྱི་ཆེས་ཐོག་མའི་རྣམ་པ་རེད་ཅེས་བཤད་སྲོལ་ཡོད་ལ། ཀླུ་རོལ་རྩེ་སྐབས་རྩེད་མཁན་གྱི་ཁ་དང་རྒྱབ་སོགས་ལ་ལྕགས་ཁབ་མང་པོ་འཛེར་བ་དང་། མགོ་ལ་གྲིས་གཏར་ནས་དམར་པོ་ཁྲག་གི་མཆོད་པ་འབུལ་བ། སྐྱེས་ཕོ་མོ་རྣམས་ཀྱིས་ཇ་ཆང་གི་མཚོ་མོ་བསྐྱིལ་ཏེ་བསང་མཆོད་རྒྱ་ཆེན་པོ་གཏོང་བའི་ཁྲོད་ར་ལུག་གསོན་པོར་བསྲེག་པའི་དམར་མཆོད་ཀྱི་སྲོལ་རྒྱུན་ཡོད། ད་ལྟ་དམར་མཆོད་ཀྱི་སྲོལ་རྒྱུན་དེ་མཚམས་བཅད་ནས་རྩམ་པས་ར་ལུག་གི་ཟོལ་བཟོས་ཏེ་ལྷ་བསང་རྒྱ་ཆེན་པོ་བཏང་སྟེ་ཀླུ་རོལ་རྩེ་བ་རེད།།

    ཀླུ་རོལ་གྱི་དར་ཚུལ་དང་བཤད་སྲོལ་གཞན་ཞིག་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བོན་ཆོས་བསྣུབས་ནས་སངས་རྒྱས་ཀྱི་བསྟན་པ་དར་སྤེལ་བཏང་སྐབས། བོད་ཀྱི་ས་ཆ་ཁ་ཤས་ལ་ནད་ཡམས་དང་རང་བྱུང་གནོད་འཚེ་མང་པོ་བྱུང་བར་བརྟེན་མང་ཚོགས་ཀྱིས་དེ་ནི་ལྷ་ཀླུ་གཉན་གསུམ་འཁྲུགས་པའི་ཡིད་ཆེས་བྱས་ནས། ལྷ་ཀླུ་གཉན་གསུམ་དགའ་བར་བྱེད་ཆེད་སྟོན་མོ་རྒྱ་ཆེན་གྱི་མཛད་སྒོ་བསྡུས་ཤིང་། གླུ་གར་གྱི་རྩེད་རིགས་སྣ་ཚོགས་འཁྲབ་པ་དེ་ནས་འགོ་ཚུགས་པ་རེད་ཅེས་ཀྱང་བཤད།། ཀླུ་རོལ་གྱི་རྩེད་སྟངས་རྣམ་པ་མང་པོ་ཞིག་ནི་དམག་ཆས་མདའ་གྲི་མདུང་གསུམ་དང་འབྲལ་མེད་ཡིན་པས། ཨ་མདོ་བ་རྣམས་ནི་དེ་སྔོན་བཙན་པོའི་སྐབས་སུ་ས་མཚམས་སུ་མངགས་གཏོང་བྱས་པའི་དམག་མིའི་རྒྱུད་ལས་མཆེད་པ་དེ་མཚོན་བྱེད་ཅིག་རེད་ཅེས་མི་མང་པོ་ཞིག་གིས་ཡིད་ཆེས་བྱེད།།

  21. སྤོབས་པ་མཐའ་ཡས། says:
    2015-08-09 at 11:32 pm

    འདི་ལ་ཁྱོད་ཚོ་བན་དེ་བོན་པོ་ཚོས་ཇུས་གཏོགས་ཧ་ཅང་མ་གནང་ན་ཡག བན་ཆོས་བོན་ལུགས་དང་མ་མཐུན་རུང་འདི་ས་གནས་རང་གི་གདོད་མའི་དུས་ནས་བསྲུང་བརྩི་བསཡ་ནས་ཡོང་བའི་ལུགས་སྲོལ་ཐུན་མོང་མ་ཡིན་པ་ཞིག་རེད། འདི་ལ་ཡུལ་ཁྲིམས་དང་འགལ་བའམ། མི་རྒྱུ་ལ་གོད་ཆག་ཚབ་ཆེན་སོགས་ཀྱི་སྐྱོན་མེད་ན་སྲོལ་རྒྱུན་དེ་སྲོལ་རྒྱུན་རང་གི་ཐོག་ཏུ་བཞག་ན་ཡག དེང་སང་ཆོས་མེད་སྨྲ་བ་དང་། ཆོས་དད་འཁྲེགས་འཛིན་པ་གཉིས་ཀའི་རྒོལ་རྡུང་འོག་ཏུ་སྔར་སྲོལ་མང་པོ་ཞིག་ཉམས་འགྲོ་གིན་འདུག་པ་དེ་ཕངས་པོ་འདུག རང་རང་གི་ཆོས་ལུགས་དང་མ་མཐུན་པ་ཙམ་གྱི་ཀླ་ཀློའི་ལུགས་སྲོལ་ཟེར་ནས་བསྣུབ་ཨེ་ཐུབ་ལྟ་བ་འདི་ཁ་ཆེ་འཁྲེག་འཛིན་དྲག་སྤྱོད་པའི་བྱེད་སྟངས་རེད། ང་རྗེས་མ་ས་གནས་དེའི་ཐུན་མིན་སྲོལ་རྒྱུན་དུས་ཆེན་ཁྱད་པར་ཅན་འདི་ལ་མཉམ་ཞིགས་བྱས་ནས་ལྟ་མོ་དང་ཉམས་མྱོང་བསག་འདོད་ཆེན་པོ་ཡོད། ངས་གཙན་ཚ་བ་ཚོས་ད་དུང་ཡང་སྔར་སྲོལ་བསྲུང་བརྩི་བྱེད་བཞིན་པའི་དུས་ཆེན་དེར་སྤོབས་པ་དང་ཡིད་སྨོན་བྱེད་ཀྱིན་ཡོད།

  22. BONPO says:
    2015-08-10 at 8:47 am

    མདོ་སྨད་རེབ་གོང་དུ་དྲུག་པའི་ཀླུ་རོལ་འགོ་ཚུགས་པ། ཟེར་བའི་བཤད་ཡམ་གྱིས་ལེགས་པར་སྤུད་པ་འདི་འབྲི་བ་པོ་དང་འགོད་པ་པོ་སུ་ཡིན་ཁ་གསལ་པོར་མི་བཀོད་པའི་རྒྱུ་མཚན་ཡོད་ཀྱི་རེད། གནས་ཚུལ་གྱི་ཁུངས་ལུང་གང་ཡིན་བརྟག་ཅིང་དཔྱད་ལོངས་མེད་པར་གོ་ལོ་དང་ཐོས་ལོ་ཙམ་གྱིས་རྒྱ་ཆེའི་མང་ཚོགས་ལ་དཀྲོག་གཏམ་བཟོ་བ་ནི་དཀྲུགས་ཤིང་གི་གཏེ་བོ་དེ་ཡིན་པའི་རྟགས་རེད། དཀྲུགས་རྒན་འདི་སུ་ཡིན་ནམ། བོད་ཀྱི་གདོད་མའི་བོན་ལུགས་རྩ་མེད་གཏོང་མ་ཐུབ་ནས། ཨ་རི་རླུང་འཕྲིན་ཁང་བེད་སྤྱོད་ལོག་པར་བཏང་སྟེ་བདེན་དོན་གྱི་དབེན་པའི་གཏམ་འཆལ་བཤད་ཚད་དང་གོ་ཚད་འཛམ་གླིང་གང་སར་ཁྱབ་བསྒྲགས་བྱེད་པ་ནི་ཧ་ཅང་ཚབས་ཆེའི་བྱ་སྤྱོད་ཅིག་མིན་ན་ཅི་ཡིན། །

    གནས་ཚུལ་བདེན་རྫུན་གང་ཡིན་དབྱེ་ཞིབ་བྱེད་ལོངས་མེད་པར་གོ་ལོ་ཐོས་ལོ་ཚང་མ་གསར་འགྱུར་ནང་སྤྱི་བསྒྲགས་བྱེད་པ་ནི་ཁྲིགས་འགལ་གྱི་བྱ་སྤྱོད་ཅིག་ཀྱང་རེད། སུ་དང་གང་ལའང་ཉམ་ང་དང་བརྩི་འཇོག་མི་དགོས་པར་རང་སྣང་ཤར་གྱི་གཏམ་འཆལ་བཤད་ཡམ་རྫུན་བསྒྲིགས་བྱས་པ་འདི་ལྟ་བུ་གསར་འགྱུར་ནང་ཆེད་དུ་སྤེལ་བ་པོ་ཨ་རི་བོད་སྐད་རླུང་འཕྲིན་ཁང་ལ་དམིགས་ཡུལ་ཞིག་ངེས་པར་དུ་ཡོད་ངེས་པས་དེ་ལ་གོ་བརྡ་ཞིག་ངེས་པར་དུ་སྤྲོད་དགོས་པ་རེད། །

    དོན་ཚན་གཉིས་པོ་འདི་ལ་ཨ་རི་བོད་སྐད་རླུང་འཕྲིན་ཁང་གིས་རེབ་གོང་ཀླུ་རོལ་གྱི་ཀླུ་རོལ་རྩེ་སྐབས་རྩེད་མཁན་གྱི་ཁ་དང་རྒྱབ་སོགས་ལ་ལྕགས་ཁབ་མང་པོ་འཛེར་བ་དང་། མགོ་ལ་གྲིས་གཏར་ནས་དམར་པོ་ཁྲག་གི་མཆོད་པ་འབུལ་བའི་ཁུངས་དེ། བོད་ཀྱི་བོན་ལུགས་ལ་ཇི་ལྟར་ཐུག་ཡོད་པའི་ཁུངས་སྐྱེལ་ངེས་པར་དུ་བྱེད་དགོས། །

    སྐད་ཆ་དོན་ཚན་གཉིས་པ་དེའི་མགོ་རྔ་མཚུངས་ཀྱི་མི་འདུག་པས་རྫུན་གཏམ་འབའ་ཞིག་ཏུ་ཟད། དང་པོ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བོན་ཆོས་བསྣུབས་རབས། ཁོས་སངས་རྒྱས་ཀྱི་བསྟན་པ་དར་སྤེལ་བཏང་རབས། ཡང་བོད་ཀྱི་ས་ཆ་ཁ་ཤས་ལ་ནད་ཡམས་དང་རང་བྱུང་གནོད་འཚེ་མང་པོ་བྱུང་བར་བརྟེན་མང་ཚོགས་ཀྱིས་དེ་ནི་ལྷ་ཀླུ་གཉན་གསུམ་འཁྲུགས་པའི་ཡིད་ཆེས་བྱས་ནས། ལྷ་ཀླུ་གཉན་གསུམ་དགའ་བར་བྱེད་ཆེད་སྟོན་མོ་རྒྱ་ཆེན་གྱི་མཛད་སྒོ་བསྡུས་རབས། ཕལ་ཆེར་བོན་ཆོས་བསྣུབས་པའི་དགའ་སྟོན་ལ་གླུ་གར་གྱི་རྩེད་རིགས་སྣ་ཚོགས་འཁྲབ་པ་དེ་ནས་འགོ་ཚུགས་པ་ཡིན་རབས་གླེང་བའི་ཁ་ཕོ་ཤོད་མཁན་འདི་དག་ནི་བོན་གྱི་བསྟན་པའི་གྱི་གྲན་དངོས་དེ་མིན་སུ་ཡིན། །

    ཨ་རི་བོད་སྐད་རླུང་འཕྲིན་ཁང་གིས་ཆེད་དུ་གཉེར་ནས་བཟོས་པའི་དོན་ཚན་གཉིས། །

    ༼ཀླུ་རོལ་འདི་དར་ཚུལ་གྱི་ཐད་་་་བོན་ལུགས་ཀྱི་དམར་མཆོད་བྱེད་པའི་ལུགས་སྲོལ་ཡོད་པ་དེ་་་ཀླུ་རོལ་གྱི་ཆེས་ཐོག་མའི་རྣམ་པ་རེད་ཅེས་བཤད་སྲོལ་ཡོད་ལ། ཀླུ་རོལ་རྩེ་སྐབས་རྩེད་མཁན་གྱི་ཁ་དང་རྒྱབ་སོགས་ལ་ལྕགས་ཁབ་མང་པོ་འཛེར་བ་དང་། མགོ་ལ་གྲིས་གཏར་ནས་དམར་པོ་ཁྲག་གི་མཆོད་པ་འབུལ་བ། སྐྱེས་ཕོ་མོ་རྣམས་ཀྱིས་ཇ་ཆང་གི་མཚོ་མོ་བསྐྱིལ་ཏེ་བསང་མཆོད་རྒྱ་ཆེན་པོ་གཏོང་བའི་ཁྲོད་ར་ལུག་གསོན་པོར་བསྲེག་པའི་དམར་མཆོད་ཀྱི་སྲོལ་རྒྱུན་ཡོད། ད་ལྟ་དམར་མཆོད་ཀྱི་སྲོལ་རྒྱུན་དེ་མཚམས་བཅད་ནས་རྩམ་པས་ར་ལུག་གི་ཟོལ་བཟོས་ཏེ་ལྷ་བསང་རྒྱ་ཆེན་པོ་བཏང་སྟེ་ཀླུ་རོལ་རྩེ་བ་རེད།།༽

    ༼ཀླུ་རོལ་གྱི་དར་ཚུལ་དང་བཤད་སྲོལ་གཞན་ཞིག་ནི་་་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བོན་ཆོས་བསྣུབས་ནས་་་སངས་རྒྱས་ཀྱི་བསྟན་པ་དར་སྤེལ་བཏང་སྐབས། བོད་ཀྱི་ས་ཆ་ཁ་ཤས་ལ་ནད་ཡམས་དང་རང་བྱུང་གནོད་འཚེ་མང་པོ་བྱུང་བར་བརྟེན་མང་ཚོགས་ཀྱིས་དེ་ནི་ལྷ་ཀླུ་གཉན་གསུམ་འཁྲུགས་པའི་ཡིད་ཆེས་བྱས་ནས། ལྷ་ཀླུ་གཉན་གསུམ་དགའ་བར་བྱེད་ཆེད་སྟོན་མོ་རྒྱ་ཆེན་གྱི་མཛད་སྒོ་བསྡུས་ཤིང་། གླུ་གར་གྱི་རྩེད་རིགས་སྣ་ཚོགས་འཁྲབ་པ་དེ་ནས་འགོ་ཚུགས་པ་རེད་ཅེས་ཀྱང་བཤད།།༽

  23. BONPO says:
    2015-08-10 at 9:02 am

    གདོད་མའི་དུས་ནས་བསྲུང་བརྩི་བྱས་ནས་ཡོང་བའི་ཞིག་ཡིན་ནམ། རྒྱ་མིའི་ཡུལ་ནས་བསྲུང་བརྩི་བྱས་ནས་ཡོང་བའི་ཞིག་ཡིན། ཡང་ན་རྒྱ་གར་གྱི་ཡུལ་ནས་བསྲུང་བརྩི་བྱས་ནས་ཡོང་བའི་ཞིག་ཡིན་ལེགས་པར་བརྟག་དགོས་པའི་གནས་རེད།

    སྤྱིར་སྟངས་བོད་གདོད་མའི་བོན་ལུགས་ལ་ལྷ་གསོལ་ཀླུ་གསོལ་བྱེད་པའི་ལམ་ལུགས་ཡོད་ཀྱང་། ཁ་དང་རྒྱབ་སོགས་ལ་ལྕགས་ཁབ་མང་པོ་འཛེར་བ་དང་། མགོ་ལ་གྲིས་གཏར་ནས་དམར་པོ་ཁྲག་གི་མཆོད་པ་འབུལ་བའི་ལུགས་སྲོལ་འདི་ལྟ་བུ་བོད་ལུགས་ཤིག་ཡིན་པ་གཏན་ནས་མི་སེམས་སོ། །

  24. ལྕགས་རྒྱ་འགྲམ་ནག says:
    2015-08-10 at 1:32 pm

    ཆོ་ག་འདིའི་སྐོར་ལ་བོད་དང་བོད་མིན་པའི་ཞིབ་འཇུག་པ་གང་མང་ཞིག་གིས་དཔྱད་རྩོམ་བྲིས་སོང་། ཁོང་ཚོ་རིགས་གཅིག་གིས་ “མིའི་རིགས་རིག་པ” ཟེར་རམ་རིག་ཚན་དེ་དང་ཡང་ན་ “དམངས་སྲོལ་རིག་པ” ཟེར་བའི་རིག་ཚན་དེ་དག་གཞི་ལ་བཞག་ནས་ཞིབ་འཇུག་བྱས་པ་ཡིན་པར་བསྙད། རང་ལོ་ཉི་ཤུ་བར་དུ་ཆོ་ག་འདི་བསྒྲུབས་པའི་ཉམས་མྱོང་གི་ཐོག་ནས་བལྟས་ན་ཞིབ་འཇུག་པ་དེ་ཚོས་ཆོ་ག་འདིར་འགྲེལ་བཤད་རྒྱག་སྐབས་ཁོང་ཚོས་ “དམར་མཆོད” དང་ “ལྷ་འབེབ” “ལྷ་གསོལ” སོགས་ཆོ་ག་འདིའི་ཆ་ཤས་རེ་ཟུང་ཞིག་དམིགས་སུ་བཀར་ནས་ཆོ་གའི་ངོ་བོ་གཏན་འབེབས་བྱེད་རྩིས་བྱེད་ཀྱི་ཡོད་པ་ཙམ་ཞིག་ཏུ་མཐོང་།  
    གོང་ནས་ Bonpo ལགས་ཀྱིས་མཆན་ཁག་ཅིག་བཏབ་པ་དེ་ཚོ་ཕྲན་ལ་ཕན་ཐོགས་ཆེན་པོ་བྱུང་། ཐུགས་རྗེ་ཆེ་ཞུ། 

  25. སྤོབས་པ་མཐའ་ཡས། says:
    2015-08-10 at 9:59 pm

    དམར་མཆོད་འབུལ་སྲོལ་སྔོན་ནས་བོད་ལ་ཡོད་འདུག བོན་པོས་དམར་མཆོད་བྱེད་ཀྱིན་ཡོད་པ་དུས་རབས་བཅུ་པ་ཙམ་ནས་བྲིས་པའི་ལོ་རྒྱུས་ཡིག་ཆའི་ནང་དུ་གསལ་པོ་གསལ་རྐྱང་རེད། ཡིག་ཆ་ཆ་རྣམས་སྟོན་དགོས་ན་རེ་རེ་བཞིན་དུ་བཤད་ཆོག དེའི་སྔོན་ལ་ཡོད་པ་ལྷ་སའི་རྡོ་རིང་གིས་གསལ་བཤད་བྱས་འདུག་མོད་དུས་རབས་བཅུ་པའི་སྔོན་ལ་དམར་མཆོད་བྱེད་མཁན་དེ་བོན་པོ་ཡིན་མིན་མི་ཤེས་ཏེ་དེའི་སྔོན་ལ་བོན་ཟེར་བ་ཞིག་ཡོད་མེད་ཀྱང་མི་ཤེས། ཏུན་ཧོང་ཡིག་རྙིང་གི་ནང་དུ་བོན་པོས་ལུག་བསད་ནས་དམར་མཆོད་བྱེད་ཚུལ་གསལ་འདུག་མོད་དེ་དུས་རབས་རབས་གང་གི་ཡིག་ཆ་ཡིན་པ་གསལ་པོར་ཤེས་མ་བྱུང་། གཅན་ཚའི་ཀླུ་རོལ་ཟེར་བ་དེ་བོན་ལུགས་ཡིན་མིན་མི་ཤེས། ས་གནས་རང་གི་དེའི་སྲོལ་རྒྱུན་དུས་ཆེན་ཞིག་ཡིན་པ་གསལ་པོ་རེད། གཅན་ཚ་སོགས་ཀྱི་སྡེ་རིས་མང་པོ་ཞིག་བོད་དབུས་ནས་ཆད་པའི་ལོ་རྒྱུས་དང་དཔང་རྟགས་མང་པོ་ཡོད་སྟབས་ཕལ་ཆེར་བོད་རང་སར་སངས་རྒྱས་ཆོས་ལུགས་མ་དར་གོང་ནས་ཡོད་པའི་སྲོལ་རྒྱུན་ཞིག་མིན་ནམ་ཡང་བསམ། སྲོལ་རྒྱུན་དེ་ཡག་བཙོག་དང་བཟང་ངན་གང་ཡང་གླེང་གིན་མེད། དེ་ལ་ཆོས་ལུགས་ཉི་ཚེ་བ་ཚོས་རང་རང་སོ་སོའི་རྐུབ་འགེབས་ཆེད་དུ་འཇིགས་སྐུལ་མ་བྱེད་རོགས་ཟེར་ནས་ཞུ་བ་ཡིན།

  26. སྤོབས་པ་མཐའ་ཡས། says:
    2015-08-10 at 10:28 pm

    འདི་རིགས་ལ་བླུན་སྤྱོད་རེད་ཟེར་ནས་བཤད་དཀའ། དེ་འདྲ་བ་བླུན་སྤྱོད་ཡིན་ན་ཆོས་ལུགས་པའི་བྱེད་སྟངས་ཕལ་མོ་ཆེ་བླུན་སྤྱོད་དུ་འགྱུར། དཔེར་ན། ང་ཚོས་གསུར་གཏོང་བ་དང་གཏོར་མ་བཟོས་ན་རྩམ་པ་འཕྲོ་བརླགས། བསང་ཕུད་ན་རྩི་ཤིང་འཕྲོ་བརླགས། མ་ཎི་རྡོ་ལ་བརྐོས་ན་རྡོ་འཕྲོ་བརླགས་དང་ལག་པ་ན་རོགས། དམར་མཆོད་བྱས་ན་སེམས་ཅན་ལ་འཚེ་བས་མི་རུང་ཟེར་ན་དཀར་གསུམ་དུད་འགྲོ་ལས་བྱུང་བ་དང་བེའུའི་ཟས་སྐལ་འཕྲོག་པ་ཡིན་པའི་ཕྱིར།

  27. BONPO says:
    2015-08-11 at 11:19 am

    དམར་མཆོད་འབུལ་སྲོལ་སྔོན་ནས་བོད་ལ་ཡོད་པ་དེ་བན་དེས་རོང་ཡུལ་ནས་དྲངས་འོངས་བ་ཡིན་ཤས་ཆེ། དམར་མཆོད་གཏོང་མཁན་གྱི་ཕ་ས་རོང་པའི་ཡུལ་ནས་ཆོས་ཟེར་བ་འདྲ་མིན་སྣ་ཚོགས་ཡིན་ལ་མིན་ལ་མང་པོ་དྲངས་འོངས་མཁན་དེ་ཁྱེད་ཚང་རེད་བ། ལུགས་སྲོལ་འདྲ་མིན་སྣ་ཚོགས་དྲངས་འོངས་དུས་ཨ་ཁུ་འབྲོག་པས་བྱ་བ་འདྲ་མིན་སྣ་ཚོགས་ལོས་བྱེད། མི་རོ་ཟ་མཁན། མི་ཐལ་བྱུག་མཁན། མི་ཐོད་ཕོར་པ་བྱེད་མཁན། མི་རྐང་གླིང་བུ་འབུད་མཁན། མི་ཐོད་སྐམ་པོ་ལྷ་རྟེན་དུ་ཉར་མཁན། ངན་སྔགས་བཏང་ནས་མི་གསོད་མཁན་དེ་ཚོའི་ཁྱུ་ཚོགས་དེང་སང་ཡང་རོང་ཡུལ་དུ་ཡོད་པ་རེད། དེ་ཚོ་ལ་་ཨང་གྷོར་སྦཱ་སྦཱ་་་ལབ་ཀྱི་འདུག འདི་ཚོས་ཆོས་ལུགས་ཤིག་བོད་ལ་སླེབས་ཡོད་པ་དེང་སང་གི་བན་དེ་ཟང་ངེ་ཟིང་ངེ་ཚོས་བྱ་སྤྱོད་ལ་བལྟས་ན་ཤེས་བསླ། བལ་ཡུལ་ཡང་ལེ་ཤོད་ལ་ཉིན་ལྟར་སེམས་ཅན་རྒྱ་ཕྲག་མང་པོ་དམར་མཆོད་བྱེད་སའི་ལྷ་མོ་ཀ་ལི་མ་ཏ་ཟེར་བ་དེ་བོད་ལ་དྲངས་འོངས་ཁྱེད་ཚང་མིན་ནམ། དེ་ལ་ལྐོག་ལྐོག་ཡིབ་ཡིབ་ལ་དམར་མཆོད་དང་དམར་བསུར་གཏོང་མཁན་དེ་སུ་རེད་དམ། མུ་སྟེགས་པའི་ཆོས་ལུགས་མདོག་ཉེས་ཡོད་ཚད་དེ་བོད་ལ་དྲངས་འོངས་མཁན་ཁྱེད་ཚོ་རེད། ཁྱེད་ཚོའི་སངས་རྒྱས་ཀྱི་བསྟན་པ་ཟེར་བ་དེ་སྲུང་སྐྱོབས་བྱེད་མཁན་་ཤི་འདྲེ་གསོན་འདྲེ་ཡོད་ཚད་དང་། མི་རོ་གཟའ་རོ་ཡོད་ཚད་དེ་དགོས་ཀྱི་འདུག་བ། དེ་ཚོ་ཡག་རྟགས་ཤིག་རྩ་བ་ཉིད་ནས་མ་རེད་ད། ད་དུང་བོན་པོས་ཅིག་ཅོག་ཉིག་ཉོག་བྱས་རབས། ངོ་ཚ་རྒྱུ་མེད་མཁན་ཚོ། །

  28. ལྕགས་རྒྱ་འགྲམ་ནག says:
    2015-08-11 at 3:17 pm

    ཆོ་ག་འདིའི་རྩ་བ་བརྒྱུད་པ་ཅི་ཡིན་མ་ཤེས་གོང་ནས་དེ་ལ་ “རྒོལ་གཏམ” ཟེར་བ་ཞིག་གཏོང་མཁན་དེ་ཚོའི་རིགས་ལ་སྐད་ཆ་ཚིག་གཅིག་བཤད་རྒྱུར་སེར་སྣ་ཆེ་བའི་ཚད་དུ་སླེབས་སོང་། ཆོ་ག་འདི་ “བླུན་སྤྱོད” ཅི་ཙམ་ཡིན་རུང་། རིག་གནས་གསར་བརྗེ་ཆེན་མོས་བསྣུབས་ཐུབ་མེད་ལ། “རྒོལ་གཏམ” གཏོང་མཁན་ཚོས་དེ་བས་ཀྱང་ཟུར་ཙམ་ཡང་གཞོམ་ཐུབ་གི་མ་རེད།
    ཆོ་ག་འདི་ཅི་ཡིན་ཤེས་འདོད་ན་ཆོ་ག་འདིའི་ཆ་ཤས་སུ་གྱུར་པ་ “དམར་མཆོད” ཀྱི་རིགས་དེ་ཡང་སྙིང་ཅི་ཞིག་ཡིན་མིན་ཤེས་དགོས་པ་ཞིག་འདུག་མོད། ཡིན་རུང་དེ་ནི་བོན་ལ་གཏུགས་རྒྱུ་ཞིག་མིན་པའི་ཡིད་ཆེས་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་འདུག

  29. ཅོ་རི་ཉི་མ། says:
    2015-08-11 at 3:59 pm

    དགེ་ཆོས་ཀྱི་དེབ་ཐེར་དཀར་པོ་ལས།
    བཙན་པོ་རྗེ་བློན་རྣམས་ལོ་ལྟར་མནའ་སྐྱེལ་ཞིང་། དེ་དུས་ལུག་ཁྱི་སྤྲེའུ་གསུམ་དམར་མཆོད་དུ་འབུལ། ལོ་གསུམ་རེ་ན་མནའ་ཆེ་སྐྱེལ་ཞིང་། མཚན་གྱི་དགུང་ལ་རྟ་ཕྱུགས་བོང་བུ་རྣམས་དམར་མཆོད་བྱེད། སྲོག་ཆགས་རྣམས་ཀྱི་རྐང་ལག་བཅད་ཅིང་དོན་སྣོད་མདུན་དུ་སྤུངས་ཏེ། བན་ངྷེ་ཞིག་གིས་ཆོ་ག་གཏོང་། གནམ་ས་རི་དང་ཉི་ཟླ་སྐར་མ་རྣམས་དཔང་དུ་བཙུགས་ཏེ། ཁྱེད་ཅག་སུས་ཀྱང་རང་ཡུལ་མི་སྲུང་ཞིང་། བསམ་ངན་དང་སེམས་མ་དྲང་བ་བྱེད་ན། གནམ་སའི་ལྷ་རྣམས་ཀྱིས་ཁྱེད་ཅག་གི་བསམ་པ་ཐམས་ཅད་མཁྱེན་པས། ད་ལྟ་བསད་པའི་དུད་འགྲོ་འདི་རྣམས་བཞིན་དུ་དུམ་བུར་བྱས་ལ་སོད་ཅིག་ཅེས་མནའ་འདོར།(ལྷ་སའི་རྡོ་རིང་ལ་ཡང་དཔང་པོ་ཉི་ཟླ་གཟའ་སྐར་ལ་སོགས་པའི་དེ་རྣམས་སྨོས་ཤིང་། སྲོག་ཆགས་བསད་དེ་མནའ་ཡང་བོར་སོགས་འབྱུང་།) སྐབས་འགར་རྒྱལ་པོ་དང་མི་ཆེན་རྣམས། མཉམ་འཆི་མཉམ་གསོན་བྱེད་པའི་མནའ་འདོར། དེ་འདྲ་བ་རྣམས་རྒྱལ་པོ་གྲོངས་ཚེ་རང་ཉིད་ཀྱང་ལྕེབས་ཤིང་། དུར་ཁུང་གཅིག་ཏུ་སྦ་བ་ཡིན༑ བཙན་པོའི་རྟ་དང་། གོ་ཁྲབ་གཅེས་ནོར་རྣམས་ཀྱང་དུར་དུ་འཇུག དུར་སྟེང་དུ་རི་དེའུ་འདྲ་བ་ཞིག་བརྩིགས། དེར་ཤིང་སྡོང་འཛུགས་ཤིང་། ལོ་རེ་བཞིན་དུ་མཆོད་པ་ཡིན་ནོ།།་་་་་ཞེས་གསུངས་འདུག

    ལྷའི་རྡོ་རིང་བཙུགས་མཁན་བན་དྷེ་ཆོས་རྒྱལ་ཁྲི་རལ་བ་མཆོག་རེད། དམར་མཆོད་ཕུལ་དུས་བན་དྷེ་ཞིག་གིས་ཆོ་ག་བཏང་གི་ཡོད་པར་དམ་པ་དགེ་ཆོས་ཀྱིས་གསུངས་འདུག ད་་་ཏུང་ཧོང་ཡིག་རྙིང་ནང་དུ་བོན་པོས་དམར་བྱས་ཚུལ་ཡོད་ན་སྟོན་ཤོག་་་་་སྤོབས་མཐའ་ལགས།

  30. ཅོ་རི་ཉི་མ། says:
    2015-08-11 at 4:06 pm

    ལྷ་སའི་རྡོ་རིང་བཙུགས་མཁན་བན་དྷེ་ཆོས་རྒྱལ་ཁྲི་རལ་བ་མཆོག་རེད། དམར་མཆོད་ཕུལ་དུས་བན་དྷེ་ཞིག་གིས་ཆོ་ག་བཏང་གི་ཡོད་པར་དམ་པ་དགེ་ཆོས་ཀྱིས་གསུངས་འདུག ད་་་ཏུང་ཧོང་ཡིག་རྙིང་ནང་དུ་བོན་པོའི་དམར་བྱས་ཚུལ་ཡོད་ན་སྟོན་ཤོག་་་་་སྤོབས་མཐའ་ལགས།

    ངས་བལྟས་ན་ཁུངས་ལུང་ཡོད་པའི་ཡིག་ཆ་ཞིག་ཡོད་ཟོལ་མི་འདུག ངའི་ལག་ཏུ་ཡང་ཏུང་ཧོང་གི་ཡིག་རྙིང་དཔར་མ་ཁག་ཅིག་ཡོད། དེ་དག་གིས་ནང་དུ་བོན་པོའི་དམར་མཆོད་བྱས་པའི་ལོ་རྒྱུས་མཐོང་ཡ་མི་འདུག སྤོབས་མཐའ་ཁྱོད་ལ་ཏུང་ཧོང་ཡིག་རྙིང་ནང་དུ་བོན་པོའི་དམར་མཆོད་བྱས་པའི་ཡིག་ཆ་ཡོད་ན་སྟོན་འོང་རོགས་བྱོས་་་ཨ ་མེད་ན་ཁ་བཙུམ་ནས་སྡོད།

  31. ཅོ་རི་ཉི་མ། says:
    2015-08-11 at 5:07 pm

    དུས་རབས་བཅུ་པའི་སྔོན་དུ་བོད་ཀྱི་ཡུལ་དུ་བོན་ཡོད་མེད་ཤེས་མ་མཁན་སྤོབས་པ་མཐའ་ཡས་ཀྱིས་འདིར་ལ་ལྟོས།

    དེབ་དཀར་ལས།་་་་་གཡུང་དྲུང་བོན་རྣམས་ཀྱི་ལྟར་ན། ཐོག་མར་བོན་གྱི་ཡུལ་ཞེས་གྲགས་པ་ལ་རྗེས་སུ་བོད་ཀྱི་ཡུལ་ཞེས་ཟུར་ཆག་པ་ཡིན་ནོ་ཞེས་ཟེར་རོ། །བོད་དང་བོན་གཉིས་དོན་གཅིག་གོ་བྱ་བ་འདི་ངེས་པར་བཞད་གད་སློང་བའི་གཏམ་དུ་སྣང་མོད་ཀྱི། ཅུང་ཟད་ཅིག་བསམ་དགོས་པ་ཡང་ཡིན་ཏེ། དེ་ཡང་རྗེ་གནམ་རི་སྲོང་བཙན་ཡན་ཆོད་ལ། འདི་ཡུལ་གང་པོ་ན་གཡུང་དྲུང་བོན་གྱི་ཆོས་ལུགས་འབའ་ཞིག་དར་བས། མིང་དེ་སྐད་གྲགས་ཀྱང་ཡ་མཚན་རྒྱུ་ཆེར་མེད་ལ། རྒྱ་ནག་པ་རྣམས་སྔོན་དུས་སུ་བོད་ཡུལ་ལ་ཕོན་གྱི་ཡུལ་ཞེས་འབོད་པ་ཡང་བོན་ཅེས་བྱ་བའི་སྒྲ་དང་ཉེ་བས་སོ།་་ཅེས་གསུངས་འདུག

    བྱས་ཙང་བོན་པོའི་ཆོས་ལུགས་འདི་ལ་ངས་བོད་ཀྱི་ཕ་མེས་ཀྱི་ཆོས་ལུགས་ཅེས་འབོད་ཀྱི་ཡོད། བོད་ཆེན་པོའི་རྒྱལ་ཁབ་ཀྱི་ཕ་མེས་ཆོས་ལུགས་ལ་གུས་བཀུར་མ་བྱས་ནའང་ཉེས་ཞྭ་གོན་གང་ཐུབ་བྱས་དགོས་པའི་རྒྱུ་མཚན་ཅི་ཡིན་ངས་རྩ་བ་ནས་ཤེས་ཀྱི་མེད། ཅིའི་ཕྱིར་དུ་ཡིན་ནམ།

  32. ཀླུ་སྨྱོན། says:
    2015-08-11 at 8:13 pm

    བོན་དང་བོན་ཆོས་ལ་ཁྱད་པར་ཞིག་མི་འདུག་གམ། གནའ་བོའི་བོན་ནི་གདོད་མའི་ས་གནས་ཀྱི་ཆོས་ལུགས་འདྲ་མིན་ལ་གོ་ཆོག གནའ་བོའི་བོན་ནི་ཧི་མ་ལ་ཡའི་རི་རྒྱུད་གཅིག་པོ་མ་ཡིན་པར་འཛམ་གླིང་གི་ས་ཆ་གང་སར་ཡོད། དེ་ལ་ཤ་མིན་ཞེས་འབོད། དེ་ནི་དེང་སང་གི་ལྟ་སྒོམ་སྤྱོད་གསུམ་རྣམ་པར་དག་པའི་བོན་འདི་དང་ཡེ་ནས་མི་འདྲ། དེ་ལ་གཞིགས་ན་གནའ་བོའི་བོན་པོ་ཚོས་དམར་མཆོད་བྱས་པས་དེང་སང་གི་བོན་པོ་འདི་ཚོར་གནོད་རྒྱུ་ཅི་ཡང་མེད། ངས་ནི་གནའ་བོའི་བོན་དང་གདོད་མའི་ཆོས་ལུགས་གཉིས་དོན་གཅིག་པར་གོ་བ་ལེན་བཞིན་ཡོད།

  33. གཞོན་ནུ་ཟླ་མེད། says:
    2015-08-11 at 8:29 pm

    སྤོབས་པས་གོང་དུ་བཤད་པ་བདེན་གི བོད་ལ་གང་ཡོད་ཚང་མ་རྗེས་ལུས་དང་རྨོང་ཞེན། བླུན་རྟགས་རེད་ཟེར་ནས་ལུགས་སྲོལ་ཚང་མ་རྩ་མེད་གཏོང་མཁན་ཆོས་ལུགས་པ་ཡིན་ན་འདྲ། ཆོས་མེད་སྨྲ་བ་ཡིན་ན་འདྲ། ངོ་རྒོལ་ཡོད། ཕ་མེས་ནས་བརྒྱུད་དེ་ཡོང་བ་མང་པོ་ཞིག་ལ་ཆོས་ཕྱོགས་དང་སྲིད་ཕྱོགས་ནས་དགོས་མཁོ་མེད་ན་ཡང་། ཡུལ་མི་ལ་དགོས་མཁོ་ཡོད་པ་རེད། འདི་ལ་བཙན་གནོད་བཙུར་རྡུང་བྱེད་རྒྱུ་མང་མ་དྲག རིག་གསར་གྱི་རྒོལ་གཏོར་བསྲེགས་གསུམ་གྱི་རྗེས་སུ་མིག་བཙུམ་ནས་རྒྱུགས་རྒྱུ་མང་ན་སུ་ཡིན་ན་ཡང་བླུན་རྟགས་ཡིན། ངའི་ཕ་མེས་ཀྱི་རིག་གནས་ཡིད་འཕྲོག་པ་དག་ལ་དམོད་མི་ཆོག་ལ་མེད་པར་བཟོ་པའི་ཇུས་ངན་དེ་བས་བཏང་མི་ཆོག་གོ

  34. གཞོན་ནུ་ཟླ་མེད། says:
    2015-08-11 at 8:33 pm

    ཁ་ཤས་ཀྱིས་བཤད་སྟངས་བྱས་ན་ཞང་ཞུང་ནས་མ་དར་བ་འམ། རྒྱ་གར་ནས་མ་དར་བའི་བོད་ཀྱི་རིག་གཞུང་དང་ལུགས་སྲོལ་ཚང་མ་མེད་པར་བཟོ་འདོད་པ་དག་ནི་སྟོང་བསམ་རིང་ལུགས་པ་ཚོ་ཡིན། ང་ཚོ་བོད་པས་རང་གི་རིག་གཞུང་རྩ་བ་བྱས་ནས། ཞང་ཞུང་ངམ་རྒྱ་དཀར་ནག་གི་རིག་གཞུང་གིས་ཟུར་བརྒྱན་པ་མ་གཏོགས། གཞན་གི་རིག་གནས་ཀྱིས་རྩ་བ་བྱས་ནས། རང་གི་རིག་གནས་རྩ་མེད་བཟོ་བ་ནི་མྱི་ཤུལ་ཁྱི་ལུས་ཅན་པ་དག་ཡིན།

  35. གཞོན་ནུ་ཟླ་མེད། says:
    2015-08-11 at 8:39 pm

    ཨ་བ་ཨ་མ། དེང་སང་ལྷ་འདྲེས་སྨྲ་བ་དང་དམར་སྲུང་དམག་འདི་ཚོ་ཚང་མས་སེམས་པ་རྒྱ་གདོན་གྱིས་བཟུང་ནས། བོད་གངས་ཅན་གྱི་རིན་ཐང་བྲལ་བའི་རིག་གནས་རྣམས་ལ་དམོད་ཅི་ཐུབ་དང་། འཐབ་རྩོད་བྱེད་གང་ཐུབ་བྱེད་གི ཨ་བ་ཨ་མ། རོ་ས་འོག་ལ་བསྡུ་རྒྱུ་ཚོ།

  36. གཞོན་ནུ་ཟླ་མེད། says:
    2015-08-11 at 9:08 pm

    གོང་གི་མ་རྩོམ་འབྲི་མཁན་དེས་འདི་ལྟར་བཤད་འདུག ཨ་ཕུ་རི་ཀའི་ལུང་པ་ནས་གོས་སུ་ཤིང་ལོ་གྱོན་པ་དང་། རྣ་ལ་ལྕགས་བཀོན་པ་ཚང་མ་རྗེས་ལུས་དང་རྨོང་ཞེན་ལ་བགྲང་འདུག འོ་ན་ཨ་རི་དང་ཡོ་རོབ་ན་ལོ་ཆུང་མང་ཆེ་བ་གཅེར་བུར་འགྲོ་བ། ལུས་ལ་རི་མོ་རྐོ་བ༼tatoo༽ དེ་བཞིན་རྣ་ལུང་འདོག་པར་མ་ཟད། ལྕེ་ཕུག་ནས་ལྕགས་ཀྱུ་བཀོན་པ། ཕོ་མཚན་མོ་མཚན་སྟེང་དུ་ལྕགས་བསྐོན་པ། སྣ་ལ་ལྕགས་ཀྱི་སྣ་གཅུ་འདོགས་པ་འདི་ཚོ་རྗེས་ལུས་སུ་མི་བགྲང་བའི་རྒྱུ་མཚན་ཅི། དཔེ་བཞག་ན་ཡིན་གཅིག་མི་གཅིག་ཨ་ཕུ་རི་ཀ་འཇོག་དགོས་པའི་རྒྱུ་མཚན་ཅི། ལྐུག་པ།
    ད་དུང་ཡོད། རང་ཉིད་རེབ་གོང་ནས་མ་རེད། རེབ་གོང་གི་ཡོད་པ་མེད་པར་གཏོང་བ་དང་། སྡིག་དམོད་བྱེད་མི་དགོས། དེ་ལས་མེད་པ་ཡོད་པར་གཏོང་བའི་ཕྱོགས་ལ་འབད་པར་འཚལ། ད་དུང་བླ་བྲང་གི་མི་ཞིག་ལ་དྲིས་ནས་བཤད་ཟེར་ནས་བྲིས་ཡོད་ཀི ས་ཕྱོགས་དང་ཡུལ་ཕྱོགས་པར་ཏུ་དབྱེན་དཀྲུགས་མ་བྱས་ན་བཟང་། རེབ་གོང་གི་ལུགས་སྲོལ་ལ་བླ་བྲང་བར་མེད་པར་བཟོ་བ་དང་སྡིག་དམོད་བྱེད་པའི་དབང་ཚད་དེ་སུས་སྤྲད་པ་རེད། ལྐུགས་པ། xxxx

  37. BONPO says:
    2015-08-11 at 9:20 pm

    གདོད་མའི་བོན་ནི་བོད་གངས་ཅན་པའི་མེས་པོའི་ཆོས་ལུགས་ཀྱི་གཞི་མ་དངོས་གནས་དེ་རེད། རང་ཉིད་བོད་མི་ཞིག་ཡིན་ངོས་ནས་དེ་ལྟའི་གདོད་མའི་བོན་ལ་ལྟ་བ་ཡང་དག་དང་ལམ་ལུགས་ཚད་ལྡན་ཡོད་པར་བསྒྲུབ་དགོས་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད། བོད་གངས་ཅན་པའི་གདོད་མའི་མི་རིགས་ཐོག་མར་གྲུབ་པའི་ཉིན་མོ་དེ་ནས་རང་སེམས་གསལ་སྟོང་དབྱེར་མེད་རང་ལ་ངང་གིས་གྲུབ་བསྡད་ཡོད་པ་ཞིག་རེད། གནས་ལུགས་གདོད་མའི་མགོན་པོ་ལ་བཅོས་བསྒྱུར་གཏོང་ཐུབ་མཁན་སུ་དང་གང་མེད་པས། དེ་ཉིད་གདོད་མ་ནས་གྲུབ་པའི་ཉིན་མོ་དེ་ནས་རང་ལ་ངང་གིས་གྲུབ་བསྡད་པ་ཞིག་ཡིན། གདོད་མའི་མི་རིགས་ཚོས་དེ་ལྟ་བུའི་གནས་ལུགས་ཡང་དག་པའི་དོན་རྩ་བ་ཉིད་ནས་རྟོགས་ཐུབ་ཀྱི་མེད་པར་ང་ཚོས་ཁ་ཚོན་ཇི་ལྟར་གཅོད་ཐུབ་བམ། བྱ་གཅན་རི་དྭགས་ཚོས་ཀྱང་གནས་ལུགས་ཀྱི་དོན་རྟོགས་ཐུབ་ས་ལ། གདོད་མའི་མི་བུ་ཞིག་གིས་གནས་ལུགས་ཀྱི་དོན་རྩ་བ་ཉིད་ནས་རྟོགས་མི་ཐུབ་པའི་རྒྱུ་མཚན་གང་ཤོད་རྒྱུ་ཡོད་དམ། །

  38. གཞོན་ནུ་ཟླ་མེད། says:
    2015-08-11 at 9:23 pm

    དེང་སང་ཡར་རྒྱས་ལུང་བར་བསྙད་པའི་ཨ་རི་དང་ཡོ་རོབ་སོགས་ན། ཕོ་གཞོན་མོ་གཞོན་ཚོས་ལྕེ་ཕུག་ནས་ལྕགས་ཀྱུ་འདོགས་པ། ཕོ་མཚན་མོ་མཚན་ཕུག་ནས་ལྕགས་འདོགས་པ། ལྟེ་བ་ཕུག་ནས་ལྕགས་འདོགས་པ། ད་དུང་ལུས་ལ་བརྩེགས་རིས་བསྐོས་པ་འདི་དག་ལ་མཚོན་གྱིས་བསྣུན་གི་ཡོད་ལ་ཁྲག་ཡང་ཁ་མེད་སྣ་མེད་བཞུར་གི་ཡོད། འདི་དག་དང་དྲུག་པའི་ཀླུ་རོལ་གྱི་ལུས་ལ་ཁབ་གཟེར་འདོགས་པ་འདི་དག་བསྡུར་ནས་ཤོད་དང་། གཅིག་རྗེས་ལུས་དང་རྨོང་པ་ཡིན་ལ། གཅིག་ཡར་རྒྱས་དང་དེང་རབས་དང་འཚམ་པ་ཡིན་པའི་རྒྱུ་མཚན་ཅི་ཡོད། ཁྲག་འདོན་པ་གཅིག་པ་རེད། མཚོན་བསྣུན་པ་གཅིག་པ་རེད། ཁྱད་པར་ཤོད་ཡ།

  39. ཁྱུང་སེ། says:
    2015-08-11 at 9:58 pm

    གཞོན་ནུས་བཤད་པར་རྒྱབ་སྐྱོར་ཡོད། འོན་སྤྲུལ་སྨྱོན་གྱིས་བཤད་པ་ལྟར་ན་གཅིག་བཟང་དང་གཅིག་ངན་ཅེས་བཤད་པར་མོས་མཐུན་མེད། དུས་རྟག་ཏུ་ང་ཚོས་རང་ཉིད་ཁོ་ན་ཡང་དག་དང་གཞན་ཐམས་ཅད་ལྟར་སྣང་དུ་ལྟ་ཚུལ་ནི་ཁྲོན་སྦལ་དང་ཁྱེད་མེད། སྔོན་མ་སྔོན་མ་ལ་བོད་མི་ཚོས་མགོ་སེར་རྣམས་སྤྲ་སྤྲེལ་ལྟར་བྱོལ་སོང་གི་གྲལ་དུ་བརྩི་སྲོལ་ཡོད་དེང་སང་ནི་རིག་འཛིན་ཕོ་མོ་རུ་བརྩིས་ནས་བླ་སྤྲུལ་མིང་ཡོད་ཐམས་ཅད་མགོ་སེར་ལ་ཕྱོགས་པ་ལས་མགོ་ནག་ལ་མིག་ལོག་ལྟ་བའི་དུས་ཚོད་ཤར་ཡོད། བོན་པོ་བསྒྲུབ་ན་བོད་བསྒྲུབ་ཀྱིན་ཡོད་ཞང་ཞུང་ནས་བྱུང་ཀྱང་རུང་རྟག་གཟིགས་ནས་བྱུང་ཀྱང་རུང་བོད་ཀྱི་ཡིན་པ་རེད། ཕོ་མཚན་ལ྄་ལྕགས་ཐག་འདོགས་པ་དང་རྣ་བར་དུང་འདོགས་པ་སོགས་ནི་རྒྱ་གར་འཕགས་པའི་ཡུལ་ན་ཡོད་པར་མངོན་སུམ་དུ་གྲུབ།

  40. ཅོ་རི་ཉི་མ། says:
    2015-08-12 at 5:05 am

    བླུན་སྤོབས་མཐའ་ཡས་ཕེབས་མི་འདུག་ག ཏུང་ཧོང་ཡིག་རྙིང་ཁུར་ནས་བསླེབས་ཚར་ཡོད་ཀྱི་བསམས་བྱུང་། ཀླུ་རོལ་ཟེར་བ་འདི་ཡག་སྡུག་གི་སྐད་ཆ་གང་ཡང་བཤད་བཞིན་མེད། ཀླུ་རོལ་ཟེར་བ་འདིའི་ཁུངས་དམར་མཆོད་ལ་བཅོལ། དམར་མཆོད་ཕུལ་སྲོལ་བོན་ལུགས་སུ་བཅོལ་འོང་བ་འདི་ལ་ཁུངས་དང་ལུང་སྟོན་ཤོག་ཟེར་གྱི་ཡོད།

  41. ཅོ་རི་ཉི་མ། says:
    2015-08-12 at 7:56 am

    གྲོགས་ཁྱུས་སེང་དང་གནམ་ལོ་ཡག་གཉིས་ཀྱིས་ཀླུ་བྱམས་ཀྱི་ཨེན་མེལ་ཁ་བྱང་ཞིག་སྤྲོད་རོགས་བྱོས་དང་། ཀླུ་བྱམས་ལ་དྲི་བ་རེ་གཉིས་ཡོད། སྤྱི་ཚོགས་དྲ་རྒྱའི་ཐོག་ཏུ་དྲི་བ་དྲིས་ན་སྟབས་བདེ་པོ་མི་འདུག་པས་ཡིན།

  42. BONPO says:
    2015-08-12 at 8:12 am

    དུས་ཆེན་ཁག་དང་ལྷ་གསོལ་ཀླུ་གསོལ་བྱེད་དུས། ཤོག་སྦག་་་firecracker་་་ཁ་མེད་མིག་མེད་རྒྱག་པའི་མིག་ལྟོས་དེ་ཡང་གང་ནས་བྱུང་བ་ཞིག་ཡིན་ནམ། གནས་ཚུལ་འདི་ལྟ་བུ་ཁུངས་ལུང་ཟེར་བ་དེ་བཏུག་ནས་བྱུང་བ་ཞིག་མིན་པར། ངས་བསམ་པར་་་མིག་ལྟོས་་་ཟེར་བ་དེ་ལ་བརྟེན་ནས་བྱུང་ཞིག་ཡིན་འགྲོ་དྲན་གྱི་ཡོད། དེང་སང་བོད་པ་ཚོས་ནུབ་ཕྱོགས་པའི་མི་ཚེ་སྐྱེལ་སྟངས་ལ་མིག་ལྟོས་གང་ཡག་ཅི་ཡག་བྱེད་བཞིན་པ་ལྟ་བུ་རེད། དཔེར་ན་སྐྱེས་སྐར་དུས་ཆེན་ལ་ཤོག་ཞྭ་གྱོན་པ་དང་ཁེག་ཟ་བ་དང་ཧཱེ་པི་བཱརྟ་ཊེ་་་ཟེར་བ་གྱེར་ནས་དབྱིངས་གཏོང་བ་དང་གཅིག་མཚུངས་ཡིན་འགྲོ། དེར་མ་ཚད་ལོ་གསར་སོགས་ལ་འཚམས་འདྲི་ཞུ་ཆེད་་་Greeting cards་་་ཕན་ཚུན་གཏོང་རེས་བྱེད་པ་དང་། སྔོན་མ་ཡིན་ན་བོད་མི་ཕན་ཚུན་ཐུག་དུས་དང་གྱེས་དུས་ཐོད་པ་བཏུག་རེས་བྱེད་སྲོལ་ཡོད་པ་རེད། ང་ལའང་ཨ་མས་ཚེ་རིང་བླ་མས་སྐྱོབས་ཟེར་ནས་ཐོད་པ་ཡང་ཡང་བཏུག་མྱངས། དེང་སང་ལག་པ་གཏོང་རེས་བྱས་ནས་འགྲོ་བཞིན་ཡོད་པས་འདི་ཚོས་ཁུངས་ལུང་གང་ལ་བཏུག་རྒྱུ་ཡིན་ནམ། །
    རྩ་བའི་ཆ་ནས་ཞུས་ན། བོད་གངས་ཅན་པའི་ཕ་མེས་ཀྱི་རིག་གནས་ལོ་རྒྱུས་དང་བཅས་པའི་ཁ་ཕྱོགས་ལུང་ཕྱོགས་བཅོས་བསྒྱུར་བྱས་པ་དེ་ཡ་ང་བ་དང་ཚབས་ཆེ་བ་རེད། དེས་རྐྱེན་བྱས་ནས་བོད་གངས་ཅན་པའི་བྱུང་རབས་ལོ་རྒྱུས་ལ་གཞི་རྐང་འཛིན་ས་མེད་པའི་བརྡབ་སིག་ཆེན་པོ་བཏང་བས་མ་ཚད། གངས་ཅན་གཞོན་ནུ་ཕོ་མོ་ཤོད་མི་ཤེས་པའི་མགོ་འཐོམ་དགོས་པ་དང་ཁ་སྐྱེང་དགོས་པ་དུས་དེ་རིང་གི་བར་དུ་བཟོས་ཡོད་པ་འདི་རེད། །

  43. ཅོ་རི་ཉི་མ། says:
    2015-08-12 at 8:30 am

    ད་དུང་དེའི་ག་ལ་ཚོད་མཛུབ་མོ་བཞི་བཅངས་ནས་དཀྱིལ་མཛུབ་གནམ་ལ་བསླངས་ནས་་་Fuck you ཟེར་བའི་བཟང་སྤྱོད་ཤིག་ཀྱང་ནང་འདྲེན་བྱེད་བཞིན་པའི་སྒང་རེད། ནུབ་ཕྱོགས་པའི་བཟང་སྤྱོད་ནང་འདྲེན་བྱེད་མཁན་མང་ཁུ་་་་་་ཨ།

  44. ཁྱུང་སེ། says:
    2015-08-13 at 1:20 am

    གྲོགས་མཆོག་ཅོ་རི་ལགས་དགོངས་དག་ད་ལྟནང་ལ་ཀླུ་མཁར་འབྱམས་ཀྱི་ཨི་མལ་ཁ་བྱང་དེ་མེད་ཐོབ་མིན་བལྟ་ཡོང། ཡིན་ནའང་ད་ནི་ང་ཡི་དགོངས་གསེང་དེ་རྫོགས་སོང་བས་ལས་ཀར་འགྲོ་རན་སོང་ཟླ་བ་ཁ་ཤས་རིང་དྲ་རྒྱར་ཡོང་ཁག་པོ་ཆགས་སོང།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (74)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme