Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་སྲོག་བཅད་པའི་གསང་བ།

Posted on 2010-09-282010-09-28 By སྤོབས་པ་མཐའ་ཡས། 17 Comments on རང་སྲོག་བཅད་པའི་གསང་བ།

༼རང་སྲོག་བཅད་པའི་བུད་མེད་ཅིག་ཞག་གསུམ་བསྟུད་མར་རྨི་ལམ་དུ་རྨིས་རྗེས་ཀྱི་ཟིན་ཐོ།༽
སྤོབས་པ་མཐའ་ཡས།
༡
ལོ་བཅུ་ལ་ཉེ་བའི་ཡར་སྔོན་ཞིག་ལ་གཟུགས་བྱད་མཛེས་པར་སྐད་གྲགས་ཡོད་པའི་བུད་མེད་ན་གཞོན་ཞིག་གིས་དྷི་ལིའི་འགྲུལ་ཁང་ཞིག་ཏུ་རང་སྲོག་བཅད། མོ་རང་གི་བཟའ་ཟླ་རུ་གཏན་ཁེལ་ཟིན་པའི་སྐྱེས་པ་དེ་དོན་བྱ་ཞིག་གི་ཆེད་དུ་ཕྱི་ལོགས་སུ་སོང་ནས་ཕྱིར་འགྲུལ་ཁང་དུ་འབྱོར་སྐབས་མོ་གྲོངས་ཟིན་འདུག གྲོངས་སྟངས་དེ་ནི་ཁང་མིག་གི་གནམ་ཡོལ་ངོས་སུ་འཔྱངས་བའི་རླུང་འཁོར་ལ་ཐག་པ་ཕྲ་མོ་ཞིག་བཏགས། ཐག་པའི་སྣེ་གཅིག་མོ་རང་གི་སྐེར་དཀྲིས་ནས་ནས་རླུང་འཁོར་གྱི་གློག་སྒོ་ཕྱེ་སྐབས་རླུང་འཁོར་འཁོར་བ་དང་བསྟུན་ཐག་པ་གཅུས་སྒྲིམ་གྱིས་སྐེ་བསྡམས་ཏེ་དབུགས་བསྒགས་ནས་འཆིར་བཅུག་འདུག དེ་ནི་བུད་མེད་དེ་གྲོངས་སྟངས་རེད།

མི་ཞིག་གིས་རང་གིས་རང་གསོད་ཅེས་པ་དེ་ལས་སླ་པོ་ཞིག་མིན་སྟབས་དེར་རྒྱུ་མཚན་ཞིག་ངེས་པར་ཡོད་ངེས། ཡིན་ན་ཡང་བློ་ཡུལ་ལས་འདས་པ་ཞིག་ལ་མོ་རང་གི་བཟའ་ཟླར་གཏན་ཁེལ་བའི་སྐྱེས་པ་དེ་དང་། ཕ་མ་དང་ནང་མི། གྲོགས་པོ་དང་གྲོགས་མོ། གཞུང་འབྲེལ་རྩད་ཞིབ་པ་སོགས་སུ་གཅིག་གིས་ཀྱང་དེའི་རྒྱུ་མཚན་མ་རྙེད། ལོ་ནས་ལོ་མཐུད་དེ་རྩད་འཚོལ་བྱས་ཀྱང་དོག་གཞིའི་ཁུངས་སྣེ་ཙམ་ཡང་མ་རྙེད།
ང་དང་ངའི་ཉེ་སར་གནས་པའི་མི་མང་པོ་ཞིག་གིས་ཀྱང་སྐབས་དེ་ནས་བཟུང་སྟེ་མོ་དང་མོས་རང་སྲོག་བཅད་སྐོར་གླེང་བ་ལ་གྲངས་དང་ཚད་ཅིག་མེད། ང་ཚོས་གང་ཞིག་གླེང་བ་དེ་ནི་གཙོ་ཆེར་མོའི་གཟུགས་བྱད་ག་ཚོད་མཛེས་ཚུལ། གྱོན་ཆས་དཔེ་གསར་གང་དང་གང་ཞིག་གྱོན་ཚུལ། ཕྲག་དོག་དང་གཏམ་འཆལ་རྣ་བའི་རྒྱབ་དུ་བསྐྱུར་ནས་རང་དབང་གི་བདེ་སྐྱིད་ལ་ག་ཚོདརོལ་ཚུལ། མི་སྣ་སུ་དང་སུ་ཞིག་ལ་འབྲེལ་བ་ཡོད་ཚུལ། མོས་རང་སྲོག་བཅད་པའི་སྔ་གཞུག་གི་བྱུང་བ་སོགས་གླེང་དུས་ངེད་ཚོ་ཚང་མ་མོའི་མི་ཚེའི་ལོ་རྒྱུས་ཆེད་ལས་པ་རྐྱང་རྐྱང་ལོས་ཡིན་སྙམ་པའི་སྣང་བ་ཞིག་སྟེར། སྐབས་དེ་དུས་ང་ཚོས་མོའི་འཆི་རྐྱེན་སྐོར་གླེང་སྟངས་དེ་ནི་དབྱིན་ཇིའི་ལྷ་ལྕམ་སྒྲ་ཡ་ན་གྲོངས་དུས་གསར་འགྱུར་བརྒྱུད་ལམ་གྱི་འུར་ཟིང་དང་ལས་ཀྱང་མང་ངེས། ཡིན་ན་ཡང་རྒྱུ་མཚན་གང་ཞིག་གིས་མོས་རང་སྲོག་བཅད་པ་ཡིན་ནམ་ཞེས་པའི་དྲི་བ་དེས་ནམ་ཡིན་ཡང་ངེད་ཚོའི་གླེང་མོལ་དེ་མཚམས་ཆད་འགྲོ་བ་རྒྱུན་ལྡན་ཡིན།
གནད་དོན་དེ་ནི་ང་དང་ངའི་ཉེ་འཁོར་གྱི་མི་ཁག་གཅིག་ལྷན་འཛོམ་སྐབས་ཀྱི་དུས་ཚོད་སྐྱེལ་བའི་ལབ་གླེང་ཙམ་མ་རེད། ང་རང་ཉིད་གཅིག་པོས་མགོ་བོ་ལག་པས་བསྐྱོར་དེ་རྒྱུ་མཚན་གང་ཞིག་གིས་མོས་རང་སྲོག་བཅད་པ་ཡིན་ནམ་ཞེས་པའི་དྲི་བ་དེར་ལན་ཞིག་རྙེད་ཐབས་བྱས་པར་གྲངས་དང་ཚད་ཅིག་མེད། འཚོ་སྡོད་ལ་འབད་འཐབ་བྱེད་པ་ནི་སྐྱེ་སྟོབས་ཀྱི་ནུས་པ་ལྡན་པའི་དངོས་པོ་ཚང་མའི་ཐུན་མོང་གི་འདོད་འདུན་ཡིན་ན་རྒྱུ་མཚན་གང་ཞིག་ལ་བརྟེན་ནས་མོ་འཇིག་རྟེན་སྤྱི་ལུགས་དེའི་ལྡོག་ཕྱོགས་སུ་ཕྱིན་པ་ཡིན་ནམ། གསང་བ་དེ་ངས་མི་ལོ་བརྒྱད་ཀྱི་རིང་ལ་རྩད་འཚོལ་བྱས། འདི་ལ་རང་གིས་རང་ལ་ལན་ཞིག་འདེབས་མ་ཐུབ་ན་ཕྱི་ལོགས་ན་ལན་འདེབས་མཁན་ཞིག་མེད་པར་ཡང་ངེས་ཤེས་རྙེད།
མོས་རང་སྲོག་བཅད་པའི་རྒྱུ་མཚན་འཚོལ་བ་དེ་ནི་ང་ལ་མཚོན་ན་མི་ཚེ་འདིའི་ནང་གི་ཆེས་རྟོགས་དཀའ་ཞིང་གལ་གནད་ཆེ་བའི་དོག་གཞི་ཞིག་ཏུ་གྱུར། དོག་གཞི་དེ་ནི་མིའི་རིགས་ཀྱི་འབྱུང་ཁུངས་འཚོལ་བ་དང་། སྐྱེ་བ་སྔ་ཕྱི་ཡོད་མེད། སྲིད་པ་ཁམས་གཞན་ན་སྲོག་ཆགས་ཡོད་མེད་ཀྱི་དོག་གཞི་ལས་ཀྱང་གལ་གནད་ཆེ་བ་ཞིག་རེད། དེ་ནི་མི་ཚེའི་རིན་ཐང་དང་འཚོ་སྡོད་ཀྱི་ལས་འགན་སོགས་ང་རང་ཉིད་ཀྱི་མི་ཚེ་དང་ཕྱོགས་གང་ས་ནས་འབྲེལ་བ་ཡོད་པའི་དོག་འདྲི་ཆེན་པོ་ཞིག་ཏུ་ཚོར། ལོ་རེ་རེ་ནས་རེ་རེ་འདས་ཀྱིན་དོག་འདྲི་དེ་ནི་ང་ལ་གལ་གནད་ཆེ་རུ་འགྲོ་བཞིན་འདུག དོག་འདྲི་འདི་ལ་ལན་ཞིག་རྙེད་ཐབས་བྱ་རྒྱུ་དེ་ནི་ངའི་མི་ཚེའི་ནང་དུ་སུས་ཀྱང་མ་བསྐུར་བའི་ལས་འགན་ཆེན་པོ་ཞིག་ཏུ་གྱུར་འདུག  
༢
༢༠༡༠ ལོའི་ཟླ་༨ པའི་ཚེས་༢༣ གྱི་དགོང་མོ་དེར་ངས་རྨི་ལམ་ཁྱད་མཚར་ཞིག་རྨིས། རྨི་ལམ་དེ་ནི་རྨི་ལམ་དཀྱུས་མ་དག་དང་མི་མཚུངས་པར་ཧ་ཅང་གསལ་སྣང་བརྟན་པོ་དང་། གསོན་ཉམས་ཀྱི་གོ་རིམ་ཡོད་པ། སད་པའི་རྗེས་སུ་ཡང་དེ་མ་ཐག་ཏུ་དངོས་སུ་བྱུང་བའི་དོན་དངོས་ཅི་བཞིན་ཡིད་ངོར་བཀྲ་ལམ་མེར་འཇགས་ཤིང་གསལ་ལམ་མེར་དྲན་ནུས་པ་ཞིག་རེད།
གང་ལྟར་རྨི་ལམ་ནང་དུ་ང་མོ་དང་འཕྲད་བྱུང་། དེ་ཡང་ང་མི་ཚོགས་ཀྱི་འཚངས་ཁ་དང་ཟུར་ཟིང་ཆེ་ས་ཞིག་ན་འཚངས་ཁའི་ཁྲོད་དུ་ཡར་གོམ་བགྲོད་བྱེད་ཀྱིན་མཆིས། མཚམས་ཞིག་ལ་བུད་མེད་ཕར་འཁོར་ནས་ལངས་ཡོད་པ་ཞིག་གིས་ངའི་ལམ་བསྒགས་འདུག
ངས། “དགོངས་དག ང་ཡར་གཏོང་རོགས།” ཞེས་ལབ།
བུད་མེད་དེ་ག་ལེར་ཁ་ཚུར་འཁོར་བྱུང་། དེ་ནི་གཞན་སུ་ཡང་མ་ཡིན་པར་རང་སྲོག་བཅད་ཟིན་པའི་བུད་མེད་དེ་རེད། མོའི་མཛེས་ཉམས་དང་། གཞོན་ཉམས། འཕྱོར་ཉམས་བཅས་སྔར་ལས་ཀྱང་ལྷག་ཙམ་དུ་མཆིས། ངའི་སེམས་ལ་འདི་འདྲ་ཡིན་སྲིད་དམ་སྙམ་ནས་མོའི་གདོང་ལ་ཅེར། སྐབས་དེར་ང་ལ་འཇིགས་སྐྲག་དང་རྣམ་རྟོག་ངན་པའི་ཚོར་སྣང་གང་ཡང་མི་འདུག གང་ལྟར་ང་ཧ་ལས་ནས་སྐད་ཆ་བཤད་མ་ཤེས་པར་ཡུད་ཙམ་ལུས་སོང་།
མོས་ཀྱང་ངའི་ཚོར་སྣང་ཤེས་སོང་བར་ངེས། མོས་འཛུམ་ཞིག་བསྟན་ནས་ངའི་སེམས་བདེ་ལ་འབབ་ཐབས་བྱེད། དེ་མ་ཐག་ཏུ་ངས།
“ཁྱེད་གྲོངས་ཚར་བ་མ་རེད་དམ།”
ཞེས་ཁ་ནས་དབང་མེད་དུ་ཤོར། མོས་ཡིན་པའི་བརྡ་ལ་མགོ་བོ་མདུན་དུ་ལྡེམ་ལྡེམ་བྱས་བྱུང་།
དེར་ངས་མོའི་མིང་ནས་བོས་དེ། “རྒྱུ་མཚན་གང་ཞིག་ལ་བརྟེན་ནས་ཁྱེད་ཀྱིས་རང་སྲོག་བཅད་པ་ཡིན།”
ཞེས་དུས་ཚོད་འཕྲོ་བརླག་ཏུ་མ་བཏང་བར་སྐད་ཆ་ཁ་གསལ་བོས་དྲིས།  
མོས་གད་མོ་ཆུང་ཆུང་ཞིག་བགད་ནས། “མཚམས་འཚམས་སུ་འཇིག་རྟེན་འདི་ང་ལ་འཚམས་ཀྱིན་མི་འདུག མཚམས་མཚམས་སུ་ང་འཇིག་རྟེན་འདི་ལ་འཚམས་ཀྱིན་མི་འདུག བྱས་ཙང་ང་དང་འཇིག་རྟེན་གཉིས་སོ་སོར་གྱེས་པ་ཡིན།”
མོས་སྐད་ཆ་དེ་ཀུ་རེའི་ཉམས་ཀྱིས་ཤོད་ཀྱིན་འདུག ཡིན་ན་ཡང་ཀུ་རེ་དེ་དོན་དུ་མཚན་ཉིད་ཀྱི་རྒྱབ་ལྗོངས་འཐུག་པའི་ལན་ཞིག་རེད། ངས་བསམ་བློ་ཡུད་ཙམ་ཞིག་བཏང་། ཡིན་ན་ཡང་ངའི་འདོད་པ་ཚིམ་མ་སོང་། ངས་དེ་ལས་ཁ་གསལ་ཙམ་ཡོང་བའི་རེ་བས།
“ཁྱེད་གཟུགས་བྱད་མཛེས་པོ་རེད། གཤིས་སྤྱོད་ཡག་པོ་རེད། མི་ཚང་མ་ཁྱེད་ལ་དགའ་གི་ཡོད། ཡང་སྙིང་ཁྱེད་ཀྱིས་གང་ཞིག་ངོས་ལེན་བྱེད་མ་ཐུབ་པ་རེད།” ཞེས་དྲིས།
མོས་འཇུམ་མདངས་བསྡུས་ནས་མིག་གིས་ཐད་ཀར་ངའི་མིག་ལ་བལྟས་ནས་གཟབ་ནན་གྱི་ཉམས་ཀྱིས། “ངའི་རང་དབང་དང་མཛེས་སྡུག་དེ་ཡུན་རིང་པོ་ཞིག་ང་ལ་མི་དབང་བ་ངས་ཤེས་ཀྱིན་ཡོད་སྟབས་ངས་རང་གི་མི་ཚེ་སྐྱེལ་བ་དེ་མཚམས་འཇོག་བྱས་པ་ཡིན།” དེ་མོའི་ལན་ཐ་མ་དེ་རེད།
མཚམས་དེ་འདྲ་ཞིག་ལ་ང་གཉིད་ལས་སད། བྱ་དང་བྱིའུ་ཚོས་ཞོགས་གླུ་ལེན་མགོ་ཚར་འདུག་པས་ནམ་ལངས་བ་ཤེས། ཁོག་སྟོད་ཡར་བཀྱག་ནས་སྒེའུ་ཡོལ་འཐུག་པོ་དེའི་ཟུར་ཞིག་བཀྱག་ནས་ཕྱིར་ལྟ་སྐབས་ཐོད་ཀྱི་ཤིང་སྡོང་ཆེན་པོ་དེའི་རྩེ་རུ་ཉི་མའི་འོད་ལམ་ལུམ་ཞིག་ཀྱང་ཕོག་ཟིན་འདུག རྨིས་མ་ཐག་གི་རྨི་ལམ་དེ་ད་དུང་ཡང་ངའི་ཡིད་ངོར་གློག་བརྙན་བཞིན་ཤར་གྱིན་འདུག
༣
ཚེས་༢༤ དགོང་མོ་ཡང་སྔར་དགོང་དང་མཚུངས་པའི་མི་ཚོགས་ཆེན་པོ་ཞིག་གི་དཀྱིལ་དུ་མོ་དང་འཕྲད་དེ་གླེང་མོལ་བྱེད་བཞིན་པའི་རྨི་ལམ་ལམ་ལོང་ཞིག་ཕལ་ཆེར་མཚན་གང་བོར་རྨིས་བསྡད་པ་འདྲ་ཡང་དེ་ཙམ་གསལ་པོ་ཞིག་མི་འདུག གང་ལྟར་དམིགས་བསལ་བ་ཡིད་ངོར་ཤར་ཡོང་བ་ཞིག་མི་འདུག ཚེས་༢༥ དགོང་མོར་ཡང་སྔར་དགོང་དང་མཚུངས་པར་ཡང་བསྐྱར་རྨི་ལམ་ནང་དུ་མོ་དང་འཕྲད། ངས་རྨི་ལམ་དུ་མོ་དང་འཕྲད་ཐེངས་ཐ་མ་དེ་ཐོག་མའི་རྨི་ལམ་དེ་དང་མཚུངས་པར་ཁ་གསལ་པོ་ཞིག་བྱུང་། དེ་ནི་ངེད་གཉིས་ཀྱིས་དྲི་བ་དྲི་ལན་ལྟ་བུའི་གླེང་མོལ་མང་པོ་ཞིག་བྱས་རྗེས་སུ་མོས་ངའི་མིག་ནང་དུ་ཐད་ཀར་བལྟས་ནས།
“ད་ཁྱེད་རང་གིས་ངས་རང་སྲོག་གཅོད་དགོས་དོན་ག་རེ་ཡིན་པ་ཤེས་སོང་ངམ།” ཅེས་ཅུང་ཟད་སུན་པའི་རྣམ་འགྱུར་འདྲ་ཞིག་བསྟན་ནས་དྲིས་བྱུང་།
ངས། “ཤེས་སོང་།” ཞེས་ཐག་ཆོད་པོས་ལན་བཏབ།
དེ་མ་ཐག་ཏུ་མོ་རང་ཁ་ཕྱིར་སློག་སོང་། དེ་ནི་ཐོག་མར་ངའི་རྨི་ལམ་དུ་མི་ཚོགས་ཆེན་པོའི་འཚངས་ཁ་དང་འུར་སྒྲའི་ཁྲོད་དུ་མོས་ངའི་མདུན་བཀག་ནས་བསྡད་ཡོད་པ་མཐོང་དུས་དང་གཅིག་མཚུངས་རེད། ངས་མོའི་མིང་ནས་བཟུང་སྟེ་ཐེངས་ཁ་ཤས་ལ་བོས་ཀྱང་གཏན་ནས་ཁ་ཚུར་སློག་གིན་མི་འདུག དེ་མ་ཐག་ཏུ་ངའི་སེམས་ལ་མོས་རང་སྲོག་བཅད་ཟིན་པ་རེད་སྙམ་པའི་འཇིགས་སྣང་ལྟ་བུ་ཞིག་སླེབས། ཡར་ལྟ་མར་ལྟ་ཞིག་བྱས་ཀྱང་གནས་འདི་ན་མི་གཞན་སུ་ཡང་མི་འདུག ཤིང་སྡོང་དང་བྱེའུ་ཡང་མི་འདུག གནམ་ས་གཉིས་ཀྱི་བར་ན་བུད་མེད་དེ་གཅིག་པོ་འགྲེངས་ནས་བསྡད་འདུག ཁོར་ཡུག་ཚང་མ་ཁུ་སིམ་སིམ་དང་སྟོང་སང་སང་རེད། དངངས་སྐྲག་ལྟ་བུའི་ཁྲོད་དུ་ང་གཉིད་ལས་སད། ནམ་ལངས་གྲབས་ཡོད་དམ་སྙམ་ནས་སྒེའུ་ཡོལ་འཐུག་པོ་དེའི་ཟུར་ཡར་བཀྱག་ནས་ཕྱིར་བལྟས། ནམ་མཁའ་ཡོངས་རྫོགས་སྤྲིན་པ་ལང་ལོང་ཞིག་གིས་བསྒྲིབས་འདུག སྤྲིན་གྱི་ཡོལ་བ་དེའི་རྒྱབ་དུ་ཡིབ་པའི་ཟླ་བའི་འོད་སྣང་ལང་ལོང་ཞིག་གི་འཇིག་རྟེན་འདི་ཡོངས་རྫོགས་བཀབ་འདུག ཡོད་ཚད་ཚང་མ་ཁུ་སིམ་སིམ་རེད། ནམ་གསལ་ལ་ཉེ་བའི་རྟགས་མཚན་གང་ཡང་མི་འདུག ངའི་ཁང་པའི་རྒྱབ་ངོས་ཀྱི་ཐོད་དུ་ཡོད་པའི་ཤིང་སྡོང་ཆེན་པོ་དེ་ནག་རིབ་བེར་གནམ་ས་གཉིས་ཀྱི་བར་འགྲེངས་ཡོད་པ་དེས་ངའི་རྨི་ལམ་དུ་རྨིས་མ་ཐག་པའི་བུད་མེད་དེ་ཁ་ཕར་སློག་པའི་རྒྱབ་གཟུགས་ལ་ཡང་དྲན་སྐུལ་ཞིག་བྱས་བྱུང་།
༤
དེར་ངས་གཉིད་ཁུགས་འདོད་ག་ཚོད་བྱས་ཀྱང་གཉིད་ཁུགས་ཀྱིན་མི་འདུག མལ་སའི་ནང་འགྲེ་ལྡོག་བརྒྱ་ཚར་སྟོང་ཚར་ཞིག་བྱས་རྗེས་གཉིད་ཀྱི་རེ་བ་མེད་པར་ཁོ་ཐག་ཆོད་སོང་། ཉལ་གཟན་དེ་དྲུད་ནས་ག་ལེར་འོག་ཁང་དུ་ཡོང་། སྐབས་དེར་ཞོགས་པའི་ཆུ་ཚོད་གསུམ་པ་ཟིན་འདུག
“ད་གང་ཞིག་བྱ་དགོས་སམ”། ངས་རང་གིས་རང་ལ་དེ་ལྟར་དྲིས། ཡིན་ན་ཡང་བྱ་རྒྱུ་གཞན་གང་ཡང་མི་འདུག ངས་ཞག་གསུམ་ལ་བསྟུད་མར་རྨིས་པའི་རྨི་ལམ་དེས་སྦྱིན་པའི་ཚོར་སྣང་ཁྱད་པར་བ་ཞིག་ད་དུང་ཡང་ངའི་སེམས་ངོར་ཡལ་གྱིན་མི་འདུག དེར་ངས་ཉལ་གཟན་ལུས་ལ་དཀྲིས་ནས་འབོལ་སྟེགས་སྟེང་དུ་བསྙེས། འབྲི་དེབ་པང་དུ་བླངས་ནས་བསམ་བློ་གཅིག་ཏུ་བསྒྲིམས་ཤིང་རྨི་ལམ་གྱི་ཟིན་ཐོ་འདི་ཕབ།
རང་དབང་དང་མཛེས་སྡུག་གི་ཆེད་དུ་ཁྱེད་ཀྱིས་རང་སྲོག་བཅད་པ་ཞེས་པའི་མིང་ཚིག་འཇིགས་པོ་ཞིག་ཁྱེར་ནས་བཞུད་སོང་། འགྲུལ་ཁང་གི་ཁང་མིག་ཆུང་ཆུང་དེ་རུ་དབུགས་ཐག་བསྟུང་བ་ཞེས་པའི་གནད་གཅོད་ཀྱི་ཚོར་སྣང་ཐུང་ཐུང་ཞིག་ཁྱེར་ནས་བཞུད་སོང་། ཡིན་ན་ཡང་ཁྱེད་ནི་དུས་རྟག་ཏུ་ངེད་ཚོའི་སྙིང་གི་གཏིང་རུམ་ཆེས་ཟབ་ས་དེ་རུ་གཟུགས་བྱད་མཛེས་ཤིང་། གཞོན་ཉམས་ལྡན་པ། རང་དབང་ལ་དུང་ཞིང་སྤྲོ་སྣང་གིས་ཁེངས་བའི་སྣང་བརྙན་ཞིག་ཏུ་ཇི་སྲིད་བར་དུ་གནས་ངེས་ཡིན། 

སྣ་ཚོགས།

Post navigation

Previous Post: མདོ་སྨད་གཅན་ཚའི་མདའ་སྟོན་རིག་གནས་དུས་ཆེན་གྱི་བགྲོ་གླེང་ཚོགས་འདུའི་སྟེང་གི་གཏམ་བཤད།
Next Post: ཨ་རིའི་མཐོ་སློབ་བསྟི་གནས་ཁང་དུ་ཞལ་འདེབས་གནང་བ་དིས་ཁ་ཡོད་ལག་ཡོད་ཀྱི་ཁེ་ཕན་ཞིག་ཡོང་སྲིད་དམ།

Comments (17) on “རང་སྲོག་བཅད་པའི་གསང་བ།”

  1. མེ་ཏོག་དཀར་པོ། says:
    2010-09-28 at 2:14 am

    ཨོ་ཨོ། གཅིག་བྱས་ན་མོའི་རྣམ་ཤེས་དེས་རང་སྲོག་བཅད་པའི་གསང་བ་ཁྱོད་ལ་ཤོད་སྙིང་འདོད་ནས་རྨི་ལམ་དུ་སླེབས་པ་ཡིན།
    ཡང་ན་ཁྱེད་ཀྱིས་མི་ལོ་མང་པོའི་རིང་དེའི་སྐོར་བསམ་བློ་བཏང་བས་དེས་རྐྱེན་པས་རྨི་ལམ་དེ་འདྲ་ཞིག་བཏང་བ་རེད།

    ད་དུང་བསམ་བློ་མུ་མཐུད་གཏོང་ན་དངོས་སུའང་མཐོང་ན་ཐང་།
    གཟབ་འཚལ།

  2. རྡོ་རྗེ་ངང་དཀར། says:
    2010-09-28 at 2:40 am

    ད་རྨི་ལམ་འདྲ་ཤོད་ནས་ཉི་མ་སྐྱེལ་ཐབས་བྱེད་པ་ལས། ཁ་ཡོད་ལག་ཡོད་ཀྱིས་མང་གཙོའི་བདག་དབང་ལོངས་སུ་སྤྱོད་དེ་འོས་ཤོག་ཚད་ལྡན་ཞིག་བླུགས་ཐུབ་ཐབས་ལ་བོད་མི་མི་རེ་ངོས་རེ་ནས་ཤུགས་བརྒྱབ་རན་གྱི་འདུག་ད།

    ཉེ་ཆར་ང་བོད་མའི་རྒན་པོ་ཞིག་དང་བཀའ་ཁྲིའི་སྐོར་ཁ་བརྡ་བྱས་པས། ཁོང་གིས་གསུངས་དོན་ནི།
    བློ་བཟང་སེང་གེ་སྤྱིར་མདོ་སྟོད་ཡིན་པ་འདྲ་ཡང་ཕལ་ཆེར་ཆུ་སྒང་གསར་པ་ཡིན་ས་རེད་ཅེས་འོས་བླུགས་འདོད་མེད་པའི་རྣམ་པ་ཞིག་སྟོན་གྱི་འདུག
    དེ་ལས་གཞན་མཁས་དབང་བློ་བཟང་སེང་གེ་ལ་ཤེས་ཡོན་དང་། ལྷག་བསམ་སེམས་ཤུགས་དེ་བཞིན་དེ་སྔོན་ཕྱག་ལས་གང་གནང་། མ་འོངས་པར་ཁོང་ལ་དམིགས་ཡུལ་གང་ཡོད་སོགས་ལ་དཔྱད་ར་ཙམ་ཡང་མི་འདུག

    དེ་བཞིན་དུ་བླ་རྒན་ཞིག་དང་དེའི་སྐོར་ཁ་བརྡ་བྱེད་སྐབས། ཁོང་གི་གསུངས་དོན་ལ། ཁོང་དང་ལུང་ཚན་གཅིག་པའི་བཀའ་ཁྲི་ལང་མཁན་གྱི་མི་ཞིག་འདུག་པ་དེ་རང་ལ་བླུགས་ཀྱི་ཡིན་ཟེར་གྱི་འདུག
    ངས་ཁོང་ལ་དེ་བླུགས་ན་ཕན་ཐོག་མེད་རབ་དང་དེ་འཐོབ་མི་སྲིད་ཚུལ་མང་དག་ཞིག་བཤད་ཀྱང་ཁོང་གིས་མི་འཐོབ་པ་ཤེས་ཀྱི་ཡོད་ཀྱང་ང་རང་གི་དེ་རང་ལ་བླུགས་ཀྱི་ཡིན་ཟེར་གྱིན་འདུག

    དེ་དག་གིས་གང་མཚོན་གྱི་ཡོད་རེད་ཅེ་ན། ད་དུང་ཡང་ཆོས་ལུགས་དང་ཆོལ་ཁ་དེ་བཞིན་དུ་ལུང་ཚན་སོགས་ཀྱི་སྒོ་ནས་ང་ཚོའི་སྐབས་གསུམ་པའི་བཀའ་ཁྲི་གདམས་ཉེན་ཆེའི་པའི་དཔང་རྟགས་ཀྱི་ཟུར་ཞིག་རེད།

    མདོར་ན་ང་ཚོས་སྐབས་གསུམ་པའི་བཀའ་ཁྲི་དེ་ཤེས་ཡོན་དང་འཇོན་ཐང་དེ་བཞིན་ལྷག་བསམ་དང་མ་འོངས་པའི་བོད་ཀྱི་རྩ་དོན་དང་མཐུན་པའི་དམིགས་ཡུལ་དང་ལས་འཆར་སོགས་ལ་དཔྱད་ར་མེད་པར་ལུང་ཚན་དང་ཤོག་ཁག་ཆེ་ཆུང་བསྡུར་ནས་འོས་ཤོག་གི་རྒྱལ་ཕམ་ཡོངས་སུ་འཇུག་རྫོགས་རྒྱུ་ཡིན་པ་འདྲ།

  3. རྒྱ་དགའ་ནས། says:
    2010-09-28 at 4:07 am

    ཨོ་མ་ཉལ་བའི་སྨི་ལམ་ཡག་པོ་ཞིག་བཏང་འདུག་ག

  4. ཤ་ཀླན་བུ says:
    2010-09-28 at 5:00 am

    དེ་སྤྱིར་བཏང་གི་རྨི་ལམ་ཞིག་མ་རེད།
    འདི་ལས་བུད་མེད་མཛེས་མ་ཞིག་གི་འུ་ཐུག་པའི་བྱ་བྱེད་ཅིག་བསྟན་འདུག
    བུད་མེད་རང་གི་རྒས་ཉམས་རང་དང་གཞན་ལ་མཐོང་དུ་འཇུག་མ་འདོད་ནས་རང་སྲོག་བཅད་པར་མངོན།
    སྤོབས་པ་མཐའ་ཡས་ལགས།
    དེ་ལྟར་སེམས་མཁན་ཡང་གང་མང་ཞིག་ཡོད་ངེས་ཡིན་པར་འདོད་ལ།
    འདི་ནི་མི་རྟག་ལ་ངེས་ཤེས་དང་དེ་དང་ལེན་བྱེད་འདོད་མེད་པས་ལན་པར་འདོད།
    མ་རེད་དམ།

  5. མེགརྒན says:
    2010-09-28 at 5:37 am

    ངོ་མ་བུད་མེད་དེས་བཤད་ནོ་བདེན་གི་ཡ། ཡོངས་གྲོགས་ཤོད་སྲོལ་གྱི་སྐྱེ་རྒ་ན་འཆི་ཞེས་པ་འཇིག་རྟེན་སྤྱི་ལ་ཡོད་པའི་སྡུག་བསྔལ་ཆེ་ཤོས་ལ་རྩི་འུ་རེད། བུད་མེད་འདིས་རྒས་པའི་སྡུག་བསྔལ་མེད་པ་བྱས་ནི་རེད། འདི་ཐབས་ལམ་ཤིག་རེད།

  6. ྲྫརྫ་ཚེ་རིང་བཀྲ་ཤིས། says:
    2010-09-28 at 8:33 am

    ངོ་མ་སྤོབས་པ་མཐའ་ཡས་ནི་སྤོབས་པ་མཐའ་ཡས་རང་རེད། སྐུ་ཉིད་ཀྱི་རྩོམ་དེ་ཤིན་ཏུ་ལེགས་པ་ལ་ཚད་མི་འདུག གོ་རིམ་ལྡན་ཞིང་ནང་དོན་ཟབ་པ། མདོར་ན་ཡིད་སེམས་ཡོངས་སུ་སྒུལ་བར་བྱེད་པ་ཞིག་རེད། ཐུགས་རྗེ་ཆེ། ཡང་སྙིང་དེ་རྨི་ལམ་ཡིན་ནམ་རྟོག་སྒྲུང་ཡིན་སྙམ་པའི་དོགས་པ་ཞིག་ཤར་སོང་། སྐུ་ཉིད་ནས་ཞལ་གསལ་གྱི་བཀའ་ལན་ཞིག་གནང་རོགས། ང་ནི་མིང་མེད་ཀྱི་མི་ཞིག་ཡིན་ཀྱང་དེའི་སྐོར་ང་ལ་འབྲེལ་བ་གནང་ཁོམ་མཆིས་ཚེ་སྐུ་ཉིད་སུ་ཡིན་སོགས་ང་སྒེར་གྱི་གློག་འཕྲིན་དུ་ཡི་གེ་ཞིག་གཏོང་རོགས། ང་ལ་སྐུ་ཉིད་ངོ་ཤེས་འདོད་འདུག ངའི་མིང་ནི་དེ་ག་རང་ཡིན། ttashi07@yahoo.co.in

  7. གཙང་ཁའི་བུ says:
    2010-09-28 at 12:03 pm

    སྤོབས་པ་མཐའ་ཡས་ལགས། མཛེས་མ་དེས་ཆེས་གལ་ཆེའི་གསང་བ་དེ་སྐུ་ཉིད་ལ་གསུངས་དགོས་པའི་རྒྱུ་མཚན་དེ་གསང་བ་རེད་དམ། གནས་ཚུལ་ཞིག་ཡོད་པ་མ་རེད་དམ། དེ་མིན་ན་སྐུ་ཉིད་ཐུགས་འཚབ་ལང་དྲགས་པས་ཡིན་རྒྱུ་རེད། གལ་སྲིད་དེ་འདྲ་ཡིན་ན་སྨྱོ་མི་ཡོང་བ་ཞིག་ཐུགས་བསམ་བཞེས་རོགས།

  8. ཀླུ་སྨྱོན། says:
    2010-09-28 at 2:35 pm

    མདང་དགོང་ང་ལ་ཡང་དོན་དག་དེ་དང་འདྲ་སེ་བ་ཞིག་བྱུང་། ད་ཅིག་འགྲིག་གི་མེད་ཁུ་པ།

  9. dechensemkyi says:
    2010-09-28 at 5:33 pm

    གྲོགས་པོ་ཚོ། འདི་རྟོག་བཟོའི་སྒྲུང་ལྟ་བུ་གང་ཡང་མིན། ངས་སྒྲོ་བཏགས་བྱས་པ་གང་ཡང་མེད། བུ་མོ་འདི་སྦིར་གཞིས་ཆགས་ཡས་མས་སུ་སྡོད་མཁན་ཚང་མས་ངོ་ཤེས་ཀྱི་ཡོད་རེད། སྦིར་གཞིས་ཆགས་ཡས་མས་སུ་སྡོད་མཁན་འདྲ་ངོ་ཤེས་ན་ཁྱོད་ཚོས་དྲིས་དང་ཏག་ཏག་བཤད་རྒྱུ་ཡོད་རེད།

  10. ཀླུ་སྨྱོན། says:
    2010-09-28 at 5:43 pm

    ཡ་ཡ། ངའི་ཤག་རོགས་སྦི་རི་ནས་རེད།

  11. ཨ་ཕོ་ཧོར། says:
    2010-09-28 at 5:58 pm

    བོད་ཀྱི་དུས་བབ་དྲ་ཚིགས་བཟོས་བ་ནས་སྤོབས་པ་མཐའ་ཡས་ཞེས་བའི་ཟིན་བྲིས་བ་འདི་ཐེངས་མང་ལ་མཐོང་ཡང་དེ་འདྲའི་དོ་སྣང་གསར་བ་ཞིག་མ་བྱུང་། འོན་ཀྱང་ཟླ་འགའི་སྔོན་ལ་ཁོང་གི་རྩོམ་ཡིག་འགའ་དུས་བབ་དྲ་རྒྱའི་མདུན་ངོས་སུ་བསྟུད་མར་བཀོད་པ་ཀློག་རྒྱུ་བྱུང་བ་ནས་ང་མི་འདིའི་རྩོམ་རྩལ་དང་ཚིག་སྦྱོར་སོགས་ལ་དུང་བ་སྐྱེས།
    མཆན་འགོད་པ་འགས་ཁྱོད་ཀྱིས་བཀའ་ཁྲི་དང་དམངས་གཙོ་སོགས་འདི་དང་འདིའི་སྐོར་ལ་རྩོམ་ཡིག་ཕྲིས་ཞེས་ཕར་བཀའ་གཏོང་གིན་འདུག འོན་ཀྱང་ངའི་རེ་འདོད་ལ་བརྗོད་བྱ་ཅི་ཞིག་ཡིན་ཀྱང་གདམ་གསེས་མེད། ཁྱོད་ཀྱིས་ལྷོལ་གྱིས་བཞུར་བའི་རྩོམ་རྩལ་འདི་བཀོལ་ནས་མུ་མཐུད་དུ་ཟིན་བྲིས་སྤེལ་རྒྱུ་ནི་རེ་བ་ཉག་གཅིག་ཡིན།

  12. dechensemkyi says:
    2010-09-28 at 8:11 pm

    སྦིར་གྱི་བུ་མོ་དེས་རང་སྲོག་བཅད་ནས་ལོ་ཤས་རྗེས་སུ་གསོག་སྒར་སློབ་གྲྭ་རུ་སློབ་སྦྱོང་ཡག་གྲས་ཡིན་པའི་རྨེ་བའི་བུ་མོ་ན་གཞོན་ཞིག་གིས་རང་སྲོག་བཅད་པ་རེད། བུ་མོ་དེ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་རུ་མཐར་ཕྱིན་རྗེས་རྒྱ་གར་དུ་དབྱིན་ཡིག་སྦྱོང་དུ་ཡོང་། དེར་བུ་ཞིག་འབྲེལ་བ་བྱུང་གྲབས་དང་དེ་ཡང་ཡག་པོ་འདྲ་ཞིག་མ་བྱུང་ནས་དེ་ལྟར་བྱས་འདུག གསོག་སྒར་སློབ་གྲྭའི་ཐོད་ཀྱི་ནགས་གསེབ་ཅིག་ཏུ་ཤིང་ལ་དཔྱངས་འདུག་ཟེར། མ་ཤི་གོང་ལ་རང་གི་རྐང་པའི་མཛུབ་ལ་རྨ་བཟོས་ནས་ཁྲག་གི་ཡི་གེ་བྲིས་ནས་བཞག་འདུག་ཟེར། དེའི་རྒྱུ་མཚན་དེ་ཁ་གསལ་པོ་རེད། དགའ་རོགས་ཀྱི་ཆེད་དུ་ཡིན་ཚུལ་རང་གི་ཁྲག་གིས་ཡི་གེ་བྲིས་ནས་ཤུལ་དུ་བཞག་ཡོད་པ་རེད། འདི་འདྲ་ག་ས་གང་ན་མང་པོ་རེད། ཡིན་ན་ཡང་སྦིར་གྱི་བུ་མོ་དེ་ལ་རྒྱུ་མཚན་དེ་འདྲ་གང་ཡང་མེད་པ་འདྲ། སྤྱིར་ན་རང་གིས་རང་གསོད་ཅེས་པ་འདི་བསམ་བློ་གཏོང་དགོས་པ་ཞིག་རེད། རང་རེ་མི་མ་ཡིན་པའི་སྲོག་ཆགས་གཞན་གྱིས་རང་སྲོག་གཅོད་ཟེར་བ་ཡོད་སྲིད་དམ།

  13. རྩམ་དགའ། says:
    2010-09-29 at 2:23 am

    དེང་སྐབས་བརྩེ་དུང་གི་ཆེད་དུ་རང་སྲོག་གཅོད་མཁན་མི་ཉུང་བ་ཞིག་ཡོང་བཞིན་པ་འདིས། རང་རིགས་གནའ་བོའི་གཉེན་སྒྲིག་བྱེད་སྟངས་ལ་འགྱུར་བ་གཏོང་དགོས་པའི་འབོད་སྒྲ་སྒྲོགས་པ་མ་ཡིན་ནམ། སྔ་ལོའི་ལོ་གསར་སྐབས་ངའི་ཕ་ཡུལ་གྱི་གྲོང་གསེབ་ཆུང་ཆུང་འདིའི་ནང་གི་བུ་མོ་ལོ་ན་བཅུ་བཞི་བཅོ་ལྔ་ཅན་ཞིག ཕ་མས་བསྒྲིགས་པའི་གཉེན་སྒྲིག་བྱེད་མ་འདོད་པར་རང་སྲོག་རང་གིས་བཅད་འདུག འདི་དང་འདི་འདྲ་བའི་གནས་ཚུལ་ཕྱི་ནང་གང་ས་ནས་ཡོང་བཞིན་པར་ཐུགས་འདང་རེ་གནང་སྟེ་གནའ་བོའི་སྲོག་ངན་འདི་ཚོགས་བཅོས་དགོས་པའི་དུས་ལ་སླེབས་འདུག་སྙམ།

  14. ཀླུ་སྨྱོན། says:
    2010-09-30 at 12:24 am

    སྦི་རིའི་ཞི་མོ་དེས་རང་སྲོག་གཅོད་དོན་གཅིག་ནི་ཁོའི་དགའ་རོགས་དེ་ལྡི་ལི་རུ་སློབ་གྲྭར་འགྲོ་སྐབས་མོ་རང་ཁང་པའི་ནང་དུ་བཅུག་ནས་འཇོག་ཡུན་རིང་བས་སེམས་པ་སྐྱོ་ནས་རང་སྲོག་བཅད་པ་རེད་ཟེར། བདེན་མིན་གསལ་བོ་ཞིག་མ་ཤེས།

  15. རྡོ་རྗེ་ཚེ་རིང། says:
    2010-09-30 at 6:38 am

    ཁྱེད་ནས་འདས་པོ་དེར་དོ་སྣང་གང་ཙམ་གནང་ཡོད་ཚོད་འདུག་པས་ངས་ཁྱེད་ལ་དྲི་བ་ཁག་ཅིག་ངང་གིས་དྲི་འདོད་བྱུང་། ཡང་སྙིང་ཁྱེད་དང་ཁོ་མོའི་འབྲེལ་བ་གང་འདྲ་ཞིག་ཡིན། ཁྱེད་ནས་ཁོ་མོར་མཐོང་ཚུལ་གང་འདྲ་ཡོད། ཁྱེད་ཁོ་མོར་སེམས་ཤོར་མྱོང་ཡོད་དམ།
    རྒྱ་མའི་ཁ་དཔེར། ཉིན་མོར་གནོ་བསམ་ཡོད་ཚེ། ཚན་མོར་རྨི་ལམ་ཡོད། ཟེར་བའི་དཔེ་ལྟར་ཁྱེད་ཉིད་ནས་ང་དང་འདྲ་བར་ཁོ་མོ་དྲན་རྒྱུ་མང་དྲག་པ་རེད། ངས་ཉིན་ལྟར་དྲན་བཞིན་པའི་བུད་མེད་དེ་ཁྱེད་ཀྱིས་དྲན་པའི་བུད་མེད་དེ་དང་མི་འདྲ་བའི་ཆ་ནི་ཁོ་མོ་ད་ལྟ་སྲོན་པོར་ཕྱི་རྒྱལ་ལ་ཡོད། ནམ་ཞིག་ཐུག་སྲིད་པ་ཞིག་རེད། ཡིན་་ན་ཡང་ང་དང་ཁོ་མོའི་བར་ལ་ཕན་ཚུན་གྱི་བརྩེ་དུང་ཞིག་མ་ཡིན་པར་ངས་ཕར་གཅང་པའི་བརྩེ་དུང་ལ་ཁོ་མོས་རྩེད་མོ་བྱེད་པས་ལས་དེ་མཐུན་གྱི་བརྩེ་དུང་ཞིག་ཚུར་སྤྲད་མྱོང་མེད། ཡིན་ན་ཡང་ངས་ཁོ་མོར་དུས་དང་རྣམ་པ་ཀུན་ཏུ་ཡག་པོ་བྱེད་རྒྱུ་དང་ཁོ་མོའི་ཆེད་དུ་བསམ་བློ་གཏང་རྒྱུ་བཅས་ངའི་མི་ཚེའི་ནང་དུ་སུས་ཀྱང་མ་བསྐུར་བའི་ལས་འགན་ཆེན་པོ་ཞིག་ཏུ་གྱུར་འདུག དེ་ཕལ་ཆེར་ཆོས་ཕྱོགས་ནས་བཤད་པའི་ལན་ཆག་གི་བུན་ལོན་ཞེས་པ་དེ་ཡིན་ས་རེད། ངས་བུན་ལོན་དེ་སྤྲོད་ངེས་ཡིན། དེའི་ཐད་ཁྱེད་གསལ་པོ་ཞིག་ཤེས་པའི་ཐོག་ནས་ཁོ་མོའི་མི་ཚེའི་ལོས་རྒྱུས་རྩམས་ཆོས་ཞིག་ཏུ་བྲི་ཐུབ་ན་དངོས་གནས་ཕུལ་བྱུང་གི་བརྩམས་ཆོས་ཞིག་ཏུ་འགྱུར་རྒྱུ་རེད་སྙམས། གུས་པར་དེའི་ཐད་ཤེས་འཇོན་མེད་པའི་དབང་གིས་ཁྱེད་དང་འབྲེལ་བ་བྱེད་འདོད་བྱུང་ ངའི་གློག་འཕྲིན་ཁ་བྱང་ tsephel_lama@yahoo.com ཡིན།

  16. dorzin says:
    2010-09-30 at 8:45 am

    ཁྱེད་ཀྱི་ཁོ་མོ་རྒྱུན་དུ་དྲན་དྲག་པའི་དབང་གིས་དེ་རིང་གི་རྨི་ལམ་དེ་བྱུང་བ་རེད་ལ་ཡིད་དབང་འགུག་ཐུབ་པའི་རྩམས་སྒྲུང་དེ་ཡང་བྱུང་བ་རེད། ཧ་ཅང་ཡག་པོ་བྲིས་འདུག་ཁྱེད་དང་འདྲ་བར་ང་ལ་ཡང་དེ་ལྟ་བུའི་སྒྲུང་ཞིག་བཤད་རྒྱུ་ཡོད་ཀྱང་ངའི་སྒྲུང་ནང་གི་མིསྣ་དེ་ད་ལྟ་སྲོན་པོར་ཕྱི་རྒྱལ་ལ་ཡོད་ཁྱེད་ཀྱིས་གསུང་པ་བཞིན་ངས་ཁོ་མོར་བརྩེ་བ་བཅང་པ་དང་ཁོ་མོའི་ཆེད་དུ་སེམས་ཁྲལ་བྱ་རྒྱུ་དེ་ནི་ངའི་མི་ཚེའི་ནང་དུ་སུས་ཀྱང་མ་བསྐུར་བའི་ལས་འགན་ཆེན་པོ་ཞིག་ཏུ་གྱུར་འདུག ངས་ཀྱང་སྐབས་འགར་ཁོ་མོ་རྨི་ལམ་ནང་ནས་ཐུགས་ཀྱི་འདུག་ལ་ཉིད་དེ་གསད་སྐབས་ངའི་སེམས་ལ་དངོས་གནས་འཚོ་བའི་ཁྲོད་ཁོ་མོས་རྨི་ལམ་ནང་གི་ཁོ་མོ་ཇི་བཞིན་ངར་བརྩེ་བ་སྤྲད་ན་ཅི་མ་རུང་སྙམས་པ་ཡང་ཡོང་གི་འདུག་ གང་ལྟར་ཡང་ད་ལྟའི་ཆར་ངས་ཁྱེད་ཇི་བཞིན་རྩོམས་ཀྱི་ལམ་ནས་ཁོ་མོར་ལྟ་སྟང་བཤད་མ་ཐུབ་ཀྱང་གང་འགྱོག་ངས་རྩོམས་རིགས་ཀྱི་ཐད་འབད་བརྩོན་ལྷོད་མེད་བྱས་ནས་འགྱོག་མྱུར་ཁོ་མོ་དང་ངའི་རྨི་ལམ་ཞེས་པའི་གློག་བརྙན་ནམ་རྩོམ་དེབ་ཞིག་རྒྱ་ཆེའི་ཀློག་པ་པོ་རྣམས་པར་བསྟན་ངེས་ཡིན། དེ་སྐབས་ཁྱེད་ཀྱིས་བཀའ་སློབ་ཡོད་པ་ཞུ། དེ་མིན་ཀློག་པ་པོ་རྣམས་ཀྱིས་དེ་འདྲ་བའི་གནས་ཚུལ་ལ་ལྟ་སྟང་དང་ཡང་ན་རྩམས་སྒྲུང་འདྲ་ཡོད་ཚེ་ངའི་དྲ་རྒྱའི་ཁ་སྦྱང་ཐོག་འབྲེལ་བ་གནང་རོག tsephel@ovi.com

  17. ཨ་ནུ་ཐང་བསོད་ནམས། says:
    2010-09-30 at 8:49 am

    དབུ་མེད་ནི་བརྩེ་བ་དུངས་བས་བརྩེ་བའི་ཆེད་དུ་རང་སྲོག་གཅད་རྒྱུ་ནི་འཛམ་གླིང་གི་སྐྱེས་མེད་མང་པོའི་གོམས་སྲོལ་ཡིན། གང་ཉིད་རང་ལ་མོས་ན་དེ་ཡིས་མཐའ་མེད་ཀྱི་བདེ་བ་དང་འགོག་མེད་ཀྱི་སྡུག་ངལ་སྤྲད་པ་ཆོས་ཉིད་རེད། ལམ་ལྷོང་བྱུང་ན་བདེ་བ་དང་ལམ་ལྷོང་མེད་ན་སྡུག་ངལ་རེད། དེ་བརྟེན་ཆགས་ཞེན་གྱི་འདུ་ཤེས་ག་ཚོད་ཀྱིས་ཉུང་དུ་བཏང་ཐུབ་ན་དེ་ཚོད་ཀྱིས་བདེ་སྡུག་གི་མྱོང་བ་ཉུང་ཞིང་རང་སྲོག་གཅོད་མཁན་ཉུང་དུ་འགྲོ་བ་མཐོང་།
    རྩམ་ཡིག་འདི་དངོས་ཡོད་ལ་གཞི་ལ་བཞག་ནས་རྟོགས་བཏགས་ཀྱིས་རྒྱན་པས་དངོས་ཡོད་བཅོས་སྒྲུང་ཞིག་ཏུ་སེམས།
    དྲ་གྲོགས་རྣམས་ཀྱིས་གནས་ཚུལ་འགྲེལ་བཤད་གནང་བ་ཐུགས་རྗེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme