Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་ཚུགས་མ་ཤོར།

Posted on 2013-07-312013-07-31 By ཁ་བརྡ་ 12 Comments on རང་ཚུགས་མ་ཤོར།

སྐྱིད་སྲས།

སྟོང་ཕྲག་བཅོ་བརྒྱད་ཡར་ལ་དེད་པའི་ཏི་སེ་གཙུག་གི་གུར་ཁྱིམ་ན།།
ཆིག་ཁྲི་བརྒྱད་སྟོང་སྔོན་དུ་བགྲང་བའི་མ་པང་གཡུ་མཚོའི་འགྲམ་རྒྱུད་ན།།
སྲིད་པའི་ལྷ་དང་གཤེན་རབ་མྱི་བོས་ཐབས་ཤེས་སྦྲེལ་བའི་བསྣོལ་མཚམས་ན།།
ཞང་བོད་ཤེས་རིག་ཚིལ་དང་ཞག་གིས་ས་ཆེན་ནེམ་པའི་དཀྱུས་ལ་གཟིཊ།།

ལོ་ངོ་སྟོང་ཕྲག་གཉིས་ཀྱི་སྔོན་ལ་བོད་ས་ཆུ་ཡིས་བཀང་ཡང་ཆོག།
ཡབ་མྱེས་དག་ནི་མུན་པའི་གླིང་དུ་ལྐུགས་པ་ཁ་མེད་བསྒྲུབ་ཀྱང་ཆོག།
མིག་མཐོང་ལག་ཟིན་བདེན་པའི་རྡོ་རིང་དཔྲལ་བའི་མཚམས་སུ་འགྲེང་བ་ན།།
མཁས་པ་མིན་ཀྱང་མིག་ཅན་ཡིན་ཕྱིན་གཟུགས་ཅན་ལྟད་མོ་འདི་ན་སྣང་།།

རིག་གནས་འགོ་ཁུངས་ཕྱི་ལ་གཏུགས་པའི་རང་ཚུགས་ཤོར་བའི་བོད་མི་བྱེད།།
མྱི་ལུས་རིན་ཆེན་གསོན་དུར་བཅུགས་པའི་ཐུབ་བསྟན་འགལ་བའི་ལུགས་མི་བསྒྲུབ།།
སྤྲུལ་སྐུའི་ཐ་སྙད་གདགས་པ་ཙམ་གྱིས་སྒལ་ཚིགས་གཞུ་བཞིན་ངས་མི་འགུག།
གང་ལ་འདྲེན་པའི་ལྕགས་ཀྱུ་ཡོད་ན་ང་ནི་དད་པའི་ཨ་ལོང་གྲུབ།།

ནང་རྟེན་བརྔན་རྫོངས་ཀླ་ཀློའི་ཤན་པ་རིཊ་གཅིག་བཀུམས་པར་གླ་མ་མྱོང་།།
དབང་ཤུཊ་སྤྱད་ནས་ལྷ་ཁང་ནང་དུ་མི་ཆོས་འགལ་བའི་ལུགས་མ་བསྒྲུབ།།
ན་བཟའ་གོས་དྲུག་སྐུ་ལ་བཀླུབས་ནས་སེང་གེའི་དཀར་མོའི་དབུ་མ་བཅག།།
སྟོང་ཕྲག་དུ་མར་རང་གི་རིཊ་གཞུང་སྲོག་ཡོན་བཏངས་ནས་བསྲུང་བ་ཡིན།།

རང་ལ་ཡོད་པའི་རིག་གནས་དེ་ནི་རྒྱ་གར་ཡུལ་ནས་དྲངས་རབས་བཤད།།
རང་གིས་གྱོན་པའི་གོས་སློག་དེ་ཡང་རྒྱ་ནག་ཡུལ་ནས་དྲུད་རབས་བཤད།།
རང་གི་ལག་གི་ཟ་ཕོར་དེ་ཡང་གཞན་ནས་ཚུར་ལ་བརྒྱུད་རབས་བཤད།།
ཐམས་ཅད་གཞན་ལ་གཏུགས་པའི་ཤུལ་ན་ཤེས་མཛངས་བུ་ཡིས་ཕྱག་རྗེས་གང་།།

རྐང་གཉིས་སྟེང་ནས་དྲང་པོར་བགྲོད་པ་རྩམ་པའི་བུ་ལ་དཀའ་སྣང་ཞིག།
རྐང་པ་གྱེན་བསྒྲེང་ལག་སྟེང་བགྲོད་པར་སྤྲེའུ་བུ་ལ་ལྡེམ་མྱུར་ཅིག།
ཆོས་ལུགས་ཕུ་དཀྲུགས་མདའ་དཀྲུགས་བྱེད་པར་མགོ་གཉིས་བུ་ལ་འཇོན་ཐང་ཞིག།
རྒྱལ་བློན་དབར་ལ་འཕྲ་མ་གསོལ་བར་བོང་ཀིའི་བུ་ལ་སྐད་སྙན་ཞིག།

གཡས་ཞར་དེ་ནི་གཡས་ལ་ལྷུང་ནས་གཡས་ཀྱི་རིན་ཆེན་ནོར་མ་ལོན།།
གཡོན་ཞར་དེ་ནི་གཡོན་ལ་ལྷུང་བས་གཡོན་གྱི་བདེན་པའི་དོན་མ་མཐོང་།།
མིག་གི་དབང་པོ་དྭངས་ཆ་ཆེ་ཡང་རྣ་བའི་རྗེས་སུ་རྟག་འབྲེང་བ།།
དཔྲལ་བའི་སྨིན་མ་རྒོད་གཤོག་འོག་གི་གཟི་མིག་དེ་ཡི་རིན་ཐང་ཅི།།

གཟན་ཆས་མེད་པའི་ཀྱོ་བ་དེ་ནི་རྒྱ་མཚོའི་ཀློང་དུ་འཕངས་ཀྱང་རུང་།།
ལོ་ངོ་སྟོང་ལ་ཧར་མིག་བསྒྲད་ཀྱང་དོན་གྱི་ཙ་མོ་ཅི་ལྟར་ཟིན།།
རི་དྭགས་རྨིག་པ་རྫ་ཡིས་རྨས་པ་རྨིག་པས་ཚོད་ཀྱི་རིན་ཐང་ཞིག།
མཚོ་ཡི་ཉ་མོ་སྐམ་སར་མཆོང་བ་ཤི་ལམ་སྙེགས་པའི་སྔ་ལྟོས་ཡིན།།

གནག་པོའི་དོ་ཀེར་རྒྱན་དུ་འཆིང་བའི་ཁྱི་རྒན་དེ་ནི་རྟག་ཏུ་ཟུག།
རུ་ཐུར་བྲལ་བའི་ཡུ་བོ་དེ་ནི་རྫ་གོག་མཐའ་ན་རྟག་ཏུ་ངུར།།
དབང་རྩ་འཁྲུགས་པའི་བྱ་ཕོ་དེ་ནི་དུས་ཚོད་ངེས་མེད་ཁྲོམ་ན་གྲགས།།
ངོ་སོ་ཁ་ཕོར་ཐ་གུས་བསྡམས་པས་གཟུ་མིག་ལྡན་པ་གཟུ་ཁ་ཡོར།།

བོད་ཀྱི་རིག་གཞུང་སྲུང་བའི་སླད་དུ་ལུས་སྲོག་གཏའ་མར་འབུལ་རབས་བཤད།།
ས་སྐྱེས་རྡོ་སྐྱེས་རིག་གཞུང་གཤའ་མར་ཡིད་ཀྱིས་བརྣག་དང་ལག་གིས་བཤིག།
བོད་ནས་བྱུང་བའི་བོད་ཀྱི་རིག་གཞུང་འཛིན་སྤེལ་ལེན་གཅིག་མི་ཐུབ་ཀྱང་།།
རང་ལས་གཞན་བཅོལ་སྲེག་བཅོམ་སྐྱུར་གསུམ་ཉེས་མེད་ཁ་བརྡུང་མ་གཏོང་ཅིག།

རྣམ་དཔྱོད་བདེན་པས་བརྡར་ཤ་བཅད་པ་ནང་ལ་བསླངས་པའི་འཐབ་རྩོད་ཟེར།།
ཚུགས་ཐུབ་དོན་ལ་སྡོམ་ཚིག་བཀོད་པར་མཁས་འདོད་དོན་དུ་གཉེར་རབས་བཤད།།
བདེན་དོན་གསོང་བོར་ཅུང་ཙམ་སྨྲས་པ་ཆོལ་གསུམ་དཀྲུག་པའི་གཞི་ཡིན་ན།།
བསྐལ་བ་སྟོང་ལ་དཀྲུག་དགོས་བྱུང་ཀྱང་འགྱོད་པ་སུ་ལ་ཡོད་པ་ཡིན།།

སྙན་ངག

Post navigation

Previous Post: ཕྱིར་བསྐྱོད་བརྒྱུད་རིམ།
Next Post: ཁྲུང་ཁྲུང་འཕུར་སོང་།

Comments (12) on “རང་ཚུགས་མ་ཤོར།”

  1. ཟེ་བ་སྟག་རྩེ says:
    2013-07-31 at 1:53 pm

    སྐྱིད་སྲས་ལགས་ཀྱིས་སྙན་རྩོམ་སྙན་བྲིས་འདུག བཀྲིན་ཆེ

  2. འོད་གསལ says:
    2013-07-31 at 1:59 pm

    དྲྭ་གྲོགས་ཡོངས་ལ་ཕུལ་བ།

    ཁ་བརྡའི་གླེང་སྟེགས་འདི་ནི་མི་དགེ་བའི་ལས་གསོག་ས་དང་། བོད་མི་རིགས་ཀྱི་ནང་ཁུལ་གྱི་མཐུན་སྒྲིལ་ལ་གཏོར་བརླག་བྱེད་པའི་ཡོ་བྱད་ཆེན་པོ་ཞིག་ཏུ་ཆགས་འགྲོ་བཞིན་འདུག །འདི་གར་སླེབས་མཁན་མང་བོ་ཞིག་ནི་ཆོས་པ་དང་གྲྭ་བཙུན་ཡིན་བཞིན་དུ། རབ་ན་གསང་བ་སྔགས་དང་ཐེག་པ་ཆེན་པོའི་ལྟ་སྒོམ་དང་། ཐ་ན་དགེ་སྦྱོང་གི་ཆོས་བཞི་ཙམ་ཞིག་ཉམས་ལེན་དགོས་པས། མི་གཞན་པར་སྐྱག་པ་དང་། བླུན་པོ་སོགས་དེང་སང་མི་སྐྱ་ཤེས་ཡོན་ཅན་ཚོའི་ཁ་ནས་ཀྱང་མི་འོང་བའི་ཚིག་ངན་གི་འཁོར་ལོ་ཉིན་མཚན་ཀུན་ཏུ་བསྐོར་བ་འདི་བོད་ཀྱི་བསྟན་པ་དང་ཆབ་སྲིད་ཉམས་པའི་སྔ་ལྟས་རེད།

    རང་གི་བསྟན་པ་ལ་ཤ་ཚ་དེ་འདྲའི་ཆེན་པོ་ཡོད་ན། ཉིན་མཚན་ཀུན་ཏུ་མི་གཞན་ལ་ཁ་བཏང་ནས་དུས་མི་འདའ་བར། དུས་ཚོད་དམ་འཛིན་གནང་ནས་ཐོས་བསམ་སྒོམ་གསུམ་ལ་འབད་རྩོལ་གནོང་དང་། རང་གི་བརྒྱུད་པའི་བླ་མ་མཉེས་པའི་མཆོད་པའི་མཆོག་དང་། བསྟན་པའི་ཞབས་ཕྱིར་འགྲོ །

    ཁ་ཙམ་མ་ཡིན་པར་བོད་མི་རིགས་ཀྱི་ལ་རྒྱ་གཙང་མ་ཞིག་ཡོད་ན། བོད་རིགས་སྤུན་ཟླ་རྣམས་ལ་མིང་ངན་མཚང་འདོགས་སྨ་འབེབས་དང་དབྱེན་དཀྲུག་གནང་བ་ལས། རིག་གནས་དང་ཤེས་ཡོན་སློབ་སྦྱོང་མཛད་ནས། རང་གི་མི་རིགས་ཀྱི་མདུན་ལམ་ལེགས་པོ་བསྐྲུན་པར་མཁོ་བའི་བྱས་རྗེས་ཞིག་འཇོག་རོགས། 

    ཡིད་ཤིན་ཏུ་སྐྱོ་བ་ཞིག་ལ། ཁ་བརྡར་ཕེབས་པའི་མི་རྣམས་ཀྱི་ཁྲོད་ནས་སློབ་གྲྭར་སོང་བའི་མི་སྐྱ་རེད་སྙམ་པ་ཚོས་སྒེར་གྱི་ལྟ་ཚུལ་ག་རེ་ཡིན་ཀྱང་། གླེང་མོལ་བྱེད་སྐབས་སུ་བསམ་མནོ་ཞིབ་ཏུ་བཏང་ཞིང་། གུས་ཞབས་ལྡན་པའི་སྒོ་ནས་སྐད་ཆ་ལབ་ཀྱི་ཡོད། དེ་ལས་ལྡོག་ཏེ་གྲྭ་བ་དང་གྲྭ་ལོག་ཡིན་པ་འདྲ་བོ་མང་བོས་ཁ་ཡར་བཀྱག་ཚེ་རང་བསྟོད་གཞན་སྨོད་རྐྱང་རྐྱང་གི་གཏམ་འཆལ་དང་ཆགས་སྡང་གི་ཚིག་རྩུབ་ཆུ་བཞུར་བཞུར་འོང་གི་ཡོད་རེད། ང་མིན་ང་འདྲ་ཞིག་གིས་བཤིག །ཅེས་གསུངས་པ་ཅི་མ་བདེན། 

    རྒྱ་ནག་སྲིད་གཞུང་ནི་འཛམ་གླིང་སྟེང་དུ་དྲྭ་འཕྲུལ་ངན་སྤྱོད་བྱེད་མཁན་གཙོ་བོ་ཞིག་ཡིན་སྟབས། ང་ཚོས་གཟབ་གཟབ་གནང་དགོས། རྣམ་པ་ཚང་མས་མཁྱེན་གསལ་ལྟར། ཉེ་ཆར་རྡ་ས་ནས་བོད་མི ཡིན་པའི་རྒྱ་མིའི་སོ་པ་ཞིག་འཛིན་བཟུང་བྱས་ཡོད། གལ་ཏེ་རྒྱ་མིའི་སོ་པ་ཞིག་ཡོད་ན། མི་དེའི་ཁ་ནས་གོང་ས་རྒྱལ་བ་རིན་པོ་ཆེ་ལ་དད་མདོག་དང་། བོད་དོན་ལ་དགའ་མདོག་བྱས་ནས། དོན་དུ་གཡོ་ཐབས་སྒོ་ནས་བོད་ཀྱི་སྤྱི་ཚོགས་ལ་དངོས་ཤུགས་སྒོ་ནས་གནོད་སྐྱོན་གཏོང་ཅི་ནུས་བྱེད་ཀྱི་རེད། དེས་ན་ཆོས་ལུགས་དང་ཆོལ་ཁའི་བར་དང་། མི་ཕན་ཚུན་བར་ལ་ནང་འགལ་བཟོ་བའི་གཏམ་སྒྲོག་མཁན་ཚོ་ལ་དོ་སྣང་གནང་དགོས།

    ཁ་བརྡ་ལ་དགེ་མཚན་མང་བོ་ཡོད་པ་སྨོས་ཅི་དགོས། འདི་གར་མི་ཆེ་ཆུང་སུ་སླེབས་ཀྱང་འདྲ་མཉམ་ཡིན་པ་མ་ཟད། ཁྲིམས་མཐུན་གྱི་སྨྲ་བརྗོད་རང་དབང་གླེང་སྟེགས་ཡིན་པས། རྒྱལ་སྤྱིའི་ཁྲིམས་དང་མ་འགལ་ཚེ་རང་གི་ལྟ་མོས་ཆ་ཚང་བཏོན་ཆོག་གི་རེད། གལ་ཏེ་ཁྲིམས་དང་འགལ་ཚེ། གློག་ཡིག་གཏོང་མཁན་གྱི་མི་དེའི་སུ་ཡིན་དང་སྡོད་གནས་གསལ་བོ་རྩད་གཅོད་བྱས་ཚེ་ཧ་གོ་གི་ཡོད་སྟབས། ད་ནས་དྲན་ཤེས་ལེགས་པོ་མ་བརྟེན་ན་མ་འོང་པར་རང་མགོར་རྙོག་དྲྭ་ལྷུང་ངེས། 

    བདེ་བོར་བཞུགས།

  3. BONPO says:
    2013-08-02 at 10:44 pm

    སྐྱིད་སྲས་ལགས་ཀྱི་སྙན་ཚིག་འདི་ཚོ་ངོ་མ་བཟང་གི་ཡ་ཨ་རོགས། ཕ་བཟང་གི་བུ། ཁྱོད་ཁ་བྲོ། ད་བདེ་མོ་བྱེད། །

  4. མེ་ཏོག་དཀར་པོ says:
    2013-08-02 at 10:58 pm

    རང་ལ་ཡོད་པའི་རིག་གཞུང་ཚང་མ་ཞང་ཞང་ཡུལ་ནས་ཡིན་རབས་བཤད། །ཟེར་བ་ཆད་སོང་འདུག

  5. BONPO says:
    2013-08-02 at 11:13 pm

    མོན་པ་རྣམས་ཀྱིས་མོན་ལུགས་གཙོ་བོར་འཛིན། སྟོད་པ་རྣམས་ཀྱིས་སྟོད་ལུགས་གཙོ་བོར་འཛིན། ཁམས་པ་རྣམས་ཀྱིས་ཁམས་ལུགས་གཙོ་བོར་འཛིན། ཨ་མདོ་རྣམས་ཀྱིས་སྨད་ལུགས་གཙོ་བོར་འཛིན། དབུས་པ་རྣམས་ཀྱིས་དབུས་ལུགས་གཙོ་བོར་འཛིན། གཙང་པ་རྣམས་ཀྱིས་གཙང་ལུགས་གཙོ་བོར་འཛིན། ལ་དྭགས་རྣམས་ཀྱིས་མར་ལུགས་གཙོ་བོར་འཛིན། ད་བོད་ལུགས་གཙོ་བོར་འཛིན་མཁན་ནི། བོན་པོ་མ་གཏོགས་གཞན་སུ་དང་གང་ཡང་མི་འདུག་གོ། །

  6. མེ་ཏོག་དཀར་པོ says:
    2013-08-02 at 11:33 pm

    བོན་པོས་ཞང་ཞུང་དང་སྨར་ཡིག་གཙོ་བོར་འཛིན།

  7. སྐྱིད་སྲས། says:
    2013-08-03 at 12:55 pm

    བོན་པོས་རྩམ་པའི་རིག་གཞུང་གཙོ་བོ་འཛིན།།
    བན་དེས་རྡ་ལིའི་གཞུང་ལུགས་གཙུག་ཏུ་འཁུར།།
    རང་མགོ་མི་ཐོན་གཞན་མགོ་སྐྱོར་བ་འདི།།
    ཨ་གསར་ཚང་གི་གཟི་བརྗིད་ཡིན་པར་ངེས།།

  8. མེ་ཏོག་དཀར་པོ says:
    2013-08-03 at 1:17 pm

    བོན་ཞེས་བྱ་བ་འཛམ་གླིང་ཆོས་ལུགས་ཀྱི།།
    གྲལ་དུ་མེད་ཀྱང་ནང་པའི་གྲིབ་ནག་འོག །
    ཅི་དགར་འཚོ་བའི་བཀའ་དྲིན་དྲན་བྱོས་ལ།།
    མོ་བཤམ་སྲས་པོ་སྒོམ་ཏེ་ཁ་རོག་འདུག །

  9. འདྲེ་རྐང་ཐོ། says:
    2013-08-03 at 2:36 pm

    མི་ལོ་སྟོང་ཕྲག་འགའ་ཡི་སྔ་རོལ་ནས།།
    ཁ་བའི་འདབས་སུ་ཉི་བཞིན་ཁྱབ་པ་ཡི།།
    བོན་ཆོས་རིན་ཆེན་འདི་ཡི་འོད་སྣང་ལ།།
    འཁུ་བའི་སྲིན་བྱའི་ཁྱུ་ཚོར་བག་ཡོད་བྱོས།།

  10. འོད་གསལ says:
    2013-08-03 at 3:26 pm

    དྲ་གྲོགས་རྣམ་པ།

    བདེ་མོར་གནས་པའི་འཚམས་འདྲི་བཅས། གོང་དུ་སྐུ་ཞབས་ཆོས་ཉིད་བློ་གྲོས་ཀྱིས་གསུངས་པར་བརྒྱ་ཆ་བརྒྱ་ཐམ་པས་རྒྱབ་སྐྱོར་ཡོད། འདི་གར་ང་ཚོས་གྲུབ་མཐའ་འཐེན་འཁྱེར་དང་མི་རིགས་དབྱེན་དཀྲུག་གི་ལས་ཀ་མ་མཛད་ན་ཡག་པོ་འདུག །དེང་སང་ཆོས་ལུགས་དད་མོས་རང་དབང་རྒྱ་ནག་ལྟ་བུ་འགའ་རེ་མ་གཏོགས་འཛམ་གླིང་གི་རྒྱལ་ཁབ་ཕལ་མོ་ཆེའི་འགྲོ་སྟངས་རེད། རང་རང་སོ་སོར་ཆོས་ལུགས་དང་གྲུབ་མཐའ་རེ་ཡོད་སྟབས། དེ་ཉམས་སུ་བླངས་ནས་བསྡད་ན་གཞན་གྱི་གྲུབ་མཐར་སྨ་འབེབ་བྱེད་དགོས་དོན་གང་ཡང་མེད། རང་གི་གྲུབ་མཐར་དེ་འདྲའི་ཤ་ཚ་བོ་ཡོད་ན། རང་གི་རྩ་བ་དང་བརྒྱུད་པའི་བླ་མ་རྣམ་པའི་ཞལ་གདམས་ཉམས་སུ་ལོངས་དང་། ཐོས་རྟགས་ཞི་ཞུང་དུལ་བ་དང་། སྒོམ་རྟགས་ཉོན་མོངས་ཆུང་བ་ཞིག་འོང་ཚེ་ད་གཟོད་རང་གི་བསྟན་པར་ཞབས་ཕྱི་ཞུས་པ་རེད། 

    བོད་ཀྱི་ལོ་རྒྱུས་སྒང་ལ་བན་བོན་ཙམ་མ་ཡིན་པར། ས་དགེ་བཀའ་རྙིང་ཕན་ཚུན་བར་ལ་སྔོན་ཆད་དམག་འཐབ་དང་རྙོག་དྲ་མང་བོ་བྱུང་། རྙིང་མ་བ་ཁ་ཤས་ཀྱིས་རྗེ་རིན་པོ་ཆེ་ལེགས་སྐར་གྱི་རྣམ་སྤྲུལ་ཡིན་ཞེས་ཆོས་དང་འགལ་བའི་ངན་སྨྲས་སྤེལ་བ་དང་། དགེ་ལུགས་པ་ཁ་ཤས་ཀྱིས་རྫོགས་པ་ཆེན་པོ་མ་དག་པའི་ལྟ་བ་རེད་ཅེས་སྐད་ངན་བསྒྲགས་པ་དང་། མང་བོ་ཞིག་གིས་ཇོ་ནང་བའི་བསྟན་པ་རྩ་མེད་གཏོང་ཨེ་ཐུབ་བྱས་པ་མ་ཟད། གོ་ཐོས་ཤིག་ལ། འབྲུག་ཡུལ་གཅིག་པོར་མཚོན་ན། འབྲུག་པ་བཀའ་བརྒྱུད་ཀྱིས་མངའ་དབང་བསྒྱུར་བའི་སྲིད་གཞུང་གིས་ཉེ་བའི་ལོ་རབས་དུ་མར་དགེ་ལུགས་པའི་ཆོས་སྒོ་བརྒྱབ་པ་རེད། བདེན་པ་ཡིན་སྲིད། དོན་དག་འདི་ཚོ་ཚང་མ་འདས་པའི་དོན་རྐྱེན་རེད་ལ་ཆོས་སྤོང་གི་ལས་ཀྱང་རེད། གོང་གི་དོན་རྐྱེན་རྣམས་བྱུང་སྐབས་སུ། སྤྱི་ཚོགས་ལ་བརྡབ་གསིག་དང་མི་མང་བོས་སྡུག་བསྔལ་མྱོང་ཡོད། དེ་ཚོ་ཚང་མ་ནོར་འཁྲུལ་ཚབས་ཆེན་རེད། ང་ཚོ་ཚང་མས་འདས་པའི་ལོ་རྒྱུས་ཀྱི་སྙིགས་འདོར་ནས་ལེགས་ཆ་ལེན་རྒྱུ་གལ་ཆེ།

    རང་རེ་ཅག་ནི་ཐོག་མ་མེད་པ་ནས་ཉོན་མོངས་པའི་དབང་གིས་འཁོར་བར་འཁྱམས་ཡོད་པའི་སེམས་ཅན་འབའ་ཞིག་ཡིན་སྟབས། སྐྱེ་བ་སྔོན་མའི་ལས་འབྲེལ་ཡོད་པའམ།  རང་གི་རིགས་པ་ཚད་མས་བརྟགས་ནས། བླ་མ་དང་གྲུབ་མཐའ་གང་ཡང་རུང་བ་ཞིག་འདེམས་པ་ཡ་རབས་ཀྱི་སྤྱོད་པ་ཡིན་གྱི། གཞན་ཆོས་ལུགས་འདི་བཟང་བོ་དང་ངན་པ་རེད་ཅེས་བརྗོད་ག་ལ་ཐུབ། ཐ་ན་གྲངས་ཅན་པ་སོགས་མུ་སྟེགས་པར་སྨད་མི་འོས་པས།རྣམ་སྣང་རྩ་ལྟུང་གི་རྒྱུད་ལས། མུ་སྟེགས་ཅན་ལ་སྨད་མི་བྱ། མུ་སྟེགས་ཅན་ལ་སྨད་བྱས་ན། རྣམ་པར་སྣང་མཛད་རིང་བའི་རྒྱུ། །ཞེས་གསུངས། ལྷག་ཏུ་དེང་སང་གྲུབ་མཐའ་གཞན་ལ་སྨ་འབེབ་བྱེད་པ་དེ་མི་ཐ་ཤལ་གྱི་སྤྱོད་པར་བརྩི། འཛམ་གླིང་ཞི་བདེ་འོང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་ཆོས་ལུགས་ཕན་ཚུན་བར་ལ་མཐུན་སྒྲིལ་བྱེད་པར་རག་ལས་ཡོད། གལ་ཏེ་སྐྱབས་མགོན་རིན་པོ་ཆེར་ཁ་ཙམ་མ་ཡིན་ལར་སྙིང་ནས་དད་པ་ཡོད་ན། ཁོང་གིས་ག་དུས་ཡིན་ན་ཆོས་ལུགས་མཐུན་སྒྲིལ་དགོས་གསུང་གི་ཡོད། 

    དེང་སང་མི་མང་བོ་ཞིག་གིས་ནང་བ་སངས་རྒྱས་པའི་ཆོས་ལུགས་ལ་བརྩི་མཐོང་ཆེན་པོ་གནང་གིན་ཡོད། དེ་ནི་ནང་ཆོས་འདི་འཚེ་བ་མེད་པ། བཟོད་པ། གུས་ཞབས། གཞན་ཕན། སྙིང་རྗེ། བྱམས་བརྩེ། ཡ་རབས། རྒྱུ་མཚན་ལྡན་པའི་ཆོས་ལུགས་ཤིག་ཏུ་ངོས་འཛིན་གྱིན་ཡོད་པས་རེད། དེ་ལས་ལྡོག་ཏེ། མི་ཁ་ཤས་ཀྱིས་ཆོས་ལུགས་ཆ་ཚང་གི་མིང་ངན་པ་བཟོ་ཐུབ་ཀྱི་ཡོད། མི་བདེན་སྙམ་ན། གྲུབ་མཐའི་ཆགས་སྡང་གི་ཀུན་ནས་བསླངས་པའི་ཁ་ཆེ་བ་ཉུང་ངུ་ཤིག་གིས་འཛམ་གླིང་ཆ་ཚང་བདེ་བོ་མེད་པར་བཟོས་ནས། འཇིགས་སྣང་སྐུལ་མཁན་ཞེས་པའི་མིང་ཐོབ་སོང་།

    ཐུགས་རྗེ་ཆེ།

    ༼རྩོམ་བསྐྱར་བཤུས་བྱས་པ༽

  11. སྐྱིད་སྲས། says:
    2013-08-04 at 1:01 am

    བོན་གྱི་བླ་མེད་ལྟ་བ་རྫོགས་ཆེན་དང་།།
    བོན་གྱི་ཤེར་ཕྱིན་ཁམས་ཆེན་སྟོང་ཕྲག་བརྒྱ།།
    བོན་གྱི་གསོ་རིག་འབུམ་བཞི་ལ་སོགས་པ།།
    བོན་གྱི་འདུལ་བའི་གོས་སློག་སྟོད་འགག་ཡན།།
    ཇི་བཞིན་གཡར་ནས་བོན་གྱི་གྲིབ་བསིལ་འོག།
    འཚོ་བའི་ངང་ཚུལ་རང་གིས་མ་མཐོང་ངམ།།
    གཡག་མགོ་རྐུབ་བཀྱགས་སུ་ལ་མཛུབ་མོ་ཀེར།།

  12. སྐྱིད་སྲས། says:
    2013-08-04 at 1:22 am

    དྲ་གྲོགས་འོད་གསལ་གྱིས་བཀོད་པའི་མཆན་དེ་དངོས་གནས་བདེན་པ་འདུག ཡིན་ནའང་བོད་ལ་ཞེན་ཁོག་ཆེ་རབས་བཤད་ཀྱང་དོན་ལ་བོད་ལ་ཞེན་མི་ཤེས་མཁན་དག་གིས། ནམ་རྒྱུན་བོན་གྱི་རིག་གཞུང་གི་སྐོར་ཅུང་ཙམ་གླེང་ན་ཁོག་ནས་མེ་འབར། མིག་ནས་གློག་འཁྱུག སྣ་ནས་དུ་བ་འདོན་ཀྱིན། ལྕགས་ཀྱིས་བཟོས་པ་ནང་བཞིན་ཐང་ཆད་ཡ་འདྲ་མི་འདུག སྤྱིར་ཡིན་ན་བོད་རང་ཡུལ་ནས་དར་བའི་བོད་ཀྱི་རིག་གཞུང་སུས་བཙའ་རྫི་བྱས་ན། བོད་པ་ཞིག་ཡིན་ཕྱིན་ཐུགས་རྗེ་ཞུ་དགོས་པའི་བཟོ་འདྲ་ཡོད་རེད། ཡིན་ནའང་བོན་གྱི་རིག་གཞུང་གི་དེབ་ཀྱི་མདུན་ཤོག་ཙམ་ཀྱང་མིག་གིས་མ་མཐོང་ནས། བོན་གྱི་སྟོན་པ་དང་བོན་གྱི་རིག་གཞུང་ལ་དམའ་འབེབས་བྱེད་པ་མཐོང་ཚེ། རྫི་བོའི་འཛིང་རེས་འདྲ་མི་བྱེད་རང་བྱེད་འདྲ་ཆགས་སོང་། དགོངས་དག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme