Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་དབང་དང་རྒྱལ་ཁབ་བསྐྱར་གསོ།

Posted on 2015-09-222015-09-23 By ཁ་བརྡ 21 Comments on རང་དབང་དང་རྒྱལ་ཁབ་བསྐྱར་གསོ།

ཡོན་ཧོང་པེན། (ལྷ་སྡེ་གནམ་ལོ་ཡག་གིས་བསྒྱུར།)

 

བོད་མིའི་སྤྱི་ཚོགས་ཀྱི་འོས་བསྡུ་ལ་བསྐྱར་དུ་དོ་སྣང་བྱུང་བ།

བཤད་ཚུལ་ལྟར་ན། བོད་ཀྱི་བསྟན་པ་ཕྱི་དར་ནི་ཨ་མདོ་དང་མངའ་རིས་གཉིས་ནས་དར་འགོ་ཚུགས་སྐད། ཕྱི་ལོ་༢༠༡༦ ལོའི་བཙན་བྱོལ་བོད་མིའི་བཀའ་ཁྲིའམ་སྲིད་སྐྱོང་འོས་བསྡུ་དེ་བཞིན་ཡར་ཐོན་ཡོད་པའི་ཆབ་སྲིད་ཤོག་ཁག་འགྲན་རྩོད་དུ་གྱུར་འདུག འདི་ནི་བཙན་བྱོལ་བོད་ཀྱི་དམངས་གཙོ་ཕྱི་དར་སླེབས་ཀྱིན་པར་གོ་ཆོག་པར་ངེས།

unnamed

བཙན་བྱོལ་དམངས་གཙོའི་འོས་བསྡུ་ཆབ་སྲིད་ཤོག་ཁག་འགྲན་རྩོད་ཀྱི་ལམ་ནང་འཇུག་མཁན་གྱི་མི་སྣ་གཙོ་བོ་ནི་བོད་ཀྱི་ཆབ་སྲིད་དཔྱད་བརྗོད་པ་དང་སྐད་གྲགས་ཅན་གྱི་སྲིད་དོན་ལས་འགུལ་པ་ཨ་ཚོགས་ཀླུ་མཁར་བྱམས་ལགས་རེད་ལ། ཁོང་གི་ཕ་ཡུལ་ཨ་མདོ་ཡིན་ཞིང་ཆབ་སྲིད་བཙོན་པ་ཟུར་བ་ཞིག་དང་། ༼བོད་རྒྱལ་ཁབ་བསྐྱར་གསོ༽ནི་སྲིད་སྐྱོང་འོས་མིར་ལངས་པའི་བརྗོད་གཞི་རེད།དེ་མིན་སྲིད་སྐྱོང་འོས་མིར་ལངས་ཀྱིན་པའི་མི་སྣ་གཞན་དག་བཞི་ཡི་ལངས་ཕྱོགས་༼དབུ་མའི་ལམ༽རེད་ལ། དེའི་ཁྲོད་ཀྱི་འོས་མི་གཅིག་གི་ཕ་ཡུལ་མངའ་རིས་དང་གཞན་གསུམ་གྱི་ཕ་མ་ཁམས་དང་ཨ་མདོ་ནས་རེད། གཅིག་ཏུ་དྲིལ་ནས་བཤད་ན། ཐེངས་འདིའི་འོས་བསྡུ་ནི་༼རྒྱལ་ཁབ་བསྐྱར་གསོ་ཤོག་ཁག༽དང་ ༼དབུ་མའི་ལམ་ཤོག་ཁག༽གཉིས་ནས་སྲིད་སྐྱོང་གི་གོ་ཐོབ་འགྲན་རྩོད་བྱེད་ཀྱིན་པས། དངོས་ཡོད་ཀྱི་དོན་སྙིང་ལྡན་པ་དང་ཤུགས་རྐྱེན་ཡུན་རིང་དུ་གནས་ངེས་རེད།

བདག་གིས་ལོ་ཉེར་ལྔའི་ཡར་སྔོན་ནས་བོད་ཀྱི་༼སེམས་ནང་གི་སྡུག་བསྔལ༽ལ་དོ་སྣང་བྱས་ཡོད་ལ། དེང་གི་བར་བོད་བརྗོད་གཞིར་བཟུང་བའི་དཔེ་དེབ་བཞི་བརྩམས་ཡོད་པའི་ཁར། ཐེ་ཝན་དང་རྒྱལ་སྤྱིའི་ཚོགས་འདུ་ཆེ་མ་ཆུང་གསུམ་སྟེང་གི་གཏམ་བཤད་ཁྲོད་བོད་ཀྱི་སེམས་ནང་གི་སྡུག་བསྔལ་དང་དེང་སྐབས་ཀྱི་གོད་ཆག་གླེང་བཞིན་ཡོད། བདག་དང་ཨ་ཚོགས་ཀླུ་མཁར་བྱམས་ལགས་ཐེ་ཝན་དང་རྒྱ་གར་ནང་ཐེངས་མང་གླེང་སྟེགས་གཅིག་གི་གཏམ་བཤད་སྒང་འཛོམས་མྱོང་ཞིང་། ཕན་ཚུན་བར་དུ་བསམ་བློ་བརྗེ་རེས་གཏིང་ཟབ་བྱེད་མྱོང་ཡོད། བདག་གིས་ནམ་རྒྱུན་ཁོང་གི་ཁ་སེམས་མཐུན་པའི་གཤིས་སྤྱོད་དང་རྒྱ་དམར་སྲིད་གཞུང་གི་འགྲོ་བ་མིའི་རིགས་ལ་རྒོལ་བའི་ནག་ཉེས་བསགས་ཡོད་པར་ངོས་འཛིན་ཟབ་མོ་ལྡན་ཡོད་པར་ཡི་རང་བྱེད་ཀྱིན་ཡོད།

ཧ་ལམ་འདི་ལྟར་བཤད་ཆོག་པ་འདྲ་སྟེ། ཨ་ཚོགས་ཀླུ་མཁར་བྱམས་ལགས་ནི་སྔར་སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་བོད་ནང་སྤེལ་བའི་༼བོད་ཀྱི་ཤེས་རིག་བསྐྱར་དར༽དང་༼བོད་བརྒྱུད་ནང་བསྟན་འདུ་བའི་ཆོས་ལུགས་ཡང་དར༽གྱི་ལས་འགུལ་ཁྲོད་འཚར་ལོངས་བྱུང་བའི་འཐུས་ཚབ་རང་བཞིན་ལྡན་པའི་མི་སྣ་ཞིག་ཆགས་ཡོད། དོན་ལ་སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་ཕྱི་ལོ་༡༩༦༤ ལོར་སྐད་གསེང་མཐོན་པོས་༼བོད་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན། ཏཱ་ལའི་བླ་མ་ནི་བོད་ཀྱི་རྒྱལ་པོ་ཡིན༽དང་། ཕྱི་ལོ་༡༩༨༨ ལོར་ཉི་ཧོང་གི་རྒྱལ་ས་ཁྲོ་ཁའེ་ཡོ་ནས་༼སི་ཊ་སི་སྦག་གི་གྲོས་གཞི་ནི་བོད་ཀྱི་གནད་དོན་གྱི་མཐའ་མའི་འབབ་ས་གནང་རོགས༽ ཞེས་ཏཱ་ལའི་བླ་མའི་སྐུ་ཚབ་དོན་གཅོད་བརྒྱུད་ནས་ནན་བསྐུལ་གནང་ཡོད།

འདི་ལྟར་ལྟ་སྐབས། ཨ་ཚོགས་ཀླུ་མཁར་བྱམས་ནི་སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་བོད་ཀྱི་རང་དབང་ཐུགས་ཀྱིས་མ་དོར་བར་བརྩེ་བས་རྗེས་སུ་བཟུང་བའི་བརྒྱུད་འཛིན་པ་ཆགས་ཡོད། དྲང་མོར་བཤད་ན། བདག་ལའང་སྔར་༼སི་ཊ་སི་སྦག་གི་གྲོས་གཞི༽བརྗོད་བྱར་བཟུང་བའི་ཏཱ་ལའི་བླ་མ་མཆོག་གི་༼དབུ་མའི་ལམ་༽ལ་རྒྱབ་བསྐྱོར་ཡོད། ཡིན་ནའང་། ཕྱི་ལོ༢༠༠༨ལོ་ནས་བཟུང་། སྲིད་དོན་ཚོང་པ་ཁག་ཅིག་གིས་༼དབུ་མའི་ལམ་༽ཁ་ལ་ཁུར་ནས་མགོ་རྙོག་འཁྲབ་པས། བོད་ཀྱི་རང་དབང་ལས་འགུལ་ལ་གཏོར་སྐྱོན་ཚབས་ཆེན་བཏང་སོང་།

ཐོག་མར་ཟམ་གདོང་རིན་པོ་ཆེ་ནས་བོད་མིའི་ངོ་རྒོལ་ལས་འགུལ་ལ་སྐྱུག་བྲོ་བའི་ཚད་བཀག་ཅིག་བཟོས་ཡོད། དེ་ནི་༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་ཏུ་མིང་དོན་མཚུངས་པའི་རང་སྐྱོང་རྩོད་ལེན༽ཟེར་བ་དེ་རེད། འདས་པའི་དུས་རབས་ཕྱེད་ཀའི་ནང་། བོད་མི་ཁྲི་སྟོང་མང་པོ་སྤྲིན་གྱི་ཕང་བ་ལ་འཕགས་པའི་ཧི་མ་ལ་ཡ་བརྒལ་ནས་བཙན་བྱོལ་གནང་ཡོད་པར་མ་ཟད།བོད་མི་ས་ཡ་གཅིག་ལྷག་གིས་རྒྱ་དམར་གཞུང་གིས་བོད་ལ་སྤེལ་བའི་ཤེས་རིག་ངོས་ཐད་ནས་རྨེག་མེད་གཏོང་བའི་སྲིད་ཇུས་ལ་ངོ་རྒོལ་གྱིས་ཟུངས་ཁྲག་གི་མཆོད་པ་ཕུལ་ཡོད།
ལྷག་པར་དུ་ཕྱི་ལོ་༢༠༠༩ ལོ་ནས་མེ་ཏོག་ལྟར་ཡིད་དུ་འོང་བའི་བོད་མི་གཞོན་ནུ་ཕོ་མོའི་དཔུང་ཁག་གིས་གྲུབ་པའི་སྐྱ་སེར་མི་གྲངས་༡༤༢ ལྷག་གིས་རང་དབང་སླད་རྒྱ་དམར་དྲག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེ་ལ་བསྒྲོན་ཡོད། འདི་དག་གི་རྩ་བའི་ཐུག་ས་ནི་༼རྩ་ཁྲིམས༽ཟེར་བ་ལྟེ་བར་བཟུང་བའི་རྒྱ་དམར་སྲིད་གཞུང་གི་ཁྲིམས་གཞི་ངན་པ་དེ་དག་གི་འོག་ཏུ་གཡོག་བསྒྱུར་ལས་རང་དབང་མེད་པ་མཚོན་ཡོད།

ཟམ་གདོང་རིན་པོ་ཆེ་ཡི་ཆབ་སྲིད་ཤུལ་བཞག་གཉིས་པ་ནི་ཁོ་རང་བཀའ་ཁྲིའི་བཞུགས་སྟེགས་ལས་གྱེས་ཁར་༼བཙན་བྱོལ་བོད་གཞུང་༽གི་མཚན་གནས་༼དབུས་བོད་མིའི་སྒྲིག་འཛུགས་༽ཟེར་བར་འགྱུར་བ་བཏང་བ་དེ་རེད། མཚན་གནས་བརྗེ་བསྒྱུར་ནི་སྲིད་དོན་ལ་ལྡོག་ཕྱོགས་ནས་འགྱུར་བ་ཆེན་པོ་ཞིག་སོང་ཡོད་པ་མཚོན་ཡོད་ཅིང་། བཙན་བྱོལ་བོད་གཞུང་ནི་བོད་མི་ཡོངས་ལ་དབུ་ཁྲིད་ནས་མི་རིགས་ཀྱི་རང་དབང་རྩོད་ལེན་བྱེད་པའི་ཆབ་སྲིད་ཀྱི་རྩ་འཛུགས་ཤིག་ནས་བཙན་བྱོལ་བོད་མིའི་འཛིན་སྐྱོང་ལ་དོ་དམ་བྱེད་པའི་སྒྲིག་འཛུགས་ཤིག་ལ་འགྱུར་བ་དེས་ཆེས་ཡག་ནའང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཞིག་གི་གནས་རིམ་མ་གཏོགས་ཟིན་ཐུབ་མེད།

དེ་ལྟ་ནའང་། བོད་མི་ཚོ་གནམ་གྱིས་སྐྱོབ་འདུག བཙན་བྱོལ་བོད་མིའི་དོ་མཉམ་མ་ཡིན་པའི་སྲིད་དོན་གྱི་འགྲན་རྩོད་ཁྲོད་ནས་༼རྒྱལ་ཁབ་བསྐྱར་གསོ་ཤོག་ཁག་༽མདུན་ལ་ཐོན་པ་འདིས་དེང་སྐབས་རྒྱ་དམར་དྲག་གཞུང་ལ་འཐབ་ཀྱིན་པའི་ཉམས་རྒུད་ཁྲོད་ནས་བོད་མི་རྣམས་སླར་ཡང་ལངས་ཐུབ་ངེས་ལ། གཙོ་བོ་ནི་བོད་མི་ཚོས་རྒྱ་ནག་དམར་ཤོག་ལ་རྒོལ་བའི་ཚོགས་སྡེ་གཞན་དག་ལ་མཉམ་འབྲེལ་གྱིས་༼དེང་གི་རྒྱ་ནག་རྒྱལ་ཁབ༽ལ་འགྱུར་བ་གཏོང་དགོས། དེ་ལྟར་མཉམ་འབྲེལ་གཉིས་རྒྱལ་གྱི་མཇུག་འབྲས་བསྐྲུན་ཐུབ།

ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་ཀྱང་གསུང་དོན། གལ་སྲིད་སྲིད་སྐྱོང་གི་འོས་ཐོབ་ཚེ་ཕྱག་ལས་དང་པོ་ནི་༼བཙན་བྱོལ་བོད་གཞུང་གི་མཚན་གནས་སླར་གསོའི་གྲོས་གཞི༽དེ་བཞིན་སྤྱི་འཐུས་ལྷན་ཚོགས་སུ་ཕུལ་རྒྱུ་ཡིན། འདི་ནི་གལ་ཆེན་ནང་གི་དོན་ཆེན་ཞིག་སྟེ། བཙན་བྱོལ་བོད་མིས་ཡབ་མེས་ཀྱི་ཤུལ་བཞག་ལས་འགན་ཕྲག་སྟེང་དུ་ལེན་ཐུབ་ཉིན། བོད་རྒྱལ་ཁབ་བསྐྱར་གསོ་ནི་རྒྱང་རིང་གི་རྨི་ལམ་ཞིག་གཏན་ནས་མིན།

གལ་ཏེ་མུ་མཐུད་ནས་རྒྱ་དམར་རྩ་ཁྲིམས་འོག་ཏུ་འགྲོ་བའི་སྲིད་ཇུས་རྒྱུན་མཐུད་ཚེ་མ་འོངས་པར་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ཐག་གཅོད་ཀྱི་དབང་ཆའང་ལག་པ་ནས་འཆོར་ཉེན་ཡོད། རྒྱུ་མཚན་ནི་རྒྱ་དམར་དྲག་གཞུང་ལ་མི་དམངས་ཀྱི་ངོ་རྒོལ་མེད་ན། རང་དབང་རེག་ཐབས་མེད་པ་དང་། རང་དབང་ནི་ག་དུས་ཀྱང་དྲག་གཞུང་གིས་གཤམ་ལ་སྩོལ་བའི་གསོལ་རས་སུ་འགྱུར་མི་སྲིད།

རེད་དེ། དེང་གི་རྒྱ་ནག་རྒྱལ་ཁབ་ལ་འགྱུར་བ་བྱུང་རྗེས། བོད་མི་ཚོས་རྒྱ་ནག་ལ་ཁ་མི་འབྲལ་བའི་གདམ་ག་བྱེད་ནའང་ཆོག་ལ། དགའ་བསུའང་ཆེན་པོ་ཡོད། ཡིན་ནའང་། རྒྱ་དམར་དྲག་གཞུང་མུ་མཐུད་དུ་གནས་ཚེ་ཨེ་ཤ་ཡ་ཤར་མའི་སྐམ་ས་ཆེན་པོའི་སྟེང་གི་མི་རིགས་ཡོངས་ལ་སྡུག་སྦྱོང་དང་མནར་གཅོད་ཕོག་གིན་པ་མཚམས་ཆད་མི་སྲིད།

ཨེ་ཤ་ཡ་ཤར་མའི་སྐམ་ས་ཆེན་པོའི་སྟེང་གི་མི་རིགས་རེ་རེར་མཚོན་ན། རྒྱ་དམར་དྲག་གཞུང་རྩ་བ་ནས་མགོ་རྟིང་སློག་རྒྱུ་ནི་མི་རིགས་ཁག་གི་རྩ་བའི་ཁེ་ཕན་སྲུང་ཐབས་ཉག་གཅིག་ཡིན། རྒྱ་དམར་དྲག་གཞུང་ལ་མགོ་རྟིང་སློག་རྗེས། ད་གཟོད་ཨེ་ཤ་ཡ་ཤར་མའི་སྐམ་སའི་སྟེང་གི་མི་རིགས་ཁག་གཡོག་བསྒྱུར་ལས་དབང་ལས་ཐར་ཏེ། རང་དབང་གི་མི་ཡི་ངོ་བོའི་སྟེང་ནས་ལོ་རྒྱུས་ཀྱི་དུས་རབས་གསར་བའི་ནང་བསྐྱོད་ཐུབ།

བསྒྱུར་མཆན།
༡༽ མཁས་དབང་ཡོན་ཧོང་པེན་ནི་ནང་སོག་ནས་འཁྲུངས་ཤིང་། པེ་ཅིན་སློབ་ཆེན་གྱི་ཁྲིམས་ལུགས་སྡེ་ཁག་ནས་སློབ་མཐར་ཕྱིན་པ་དང་། དེ་གར་དགེ་རྒན་ཆེན་མོའི་ཕྱག་ལས་གནང་། དྲུག་བཞིའི་དོན་རྐྱེན་ལ་འབྲེལ་ནས་ཀོའུ་ཀྲུའུ་ཞིང་ཆེན་ནང་རྒྱང་འཕུད་ལ་བཏང་སྟེ། ལས་ཡོད་ལྟ་རྟོག་འོག་ཚུད། ཕྱི་ལོ་༢༠༠༤ ལོར་ཨོ་སི་ཁྲི་ལི་ཡར་སྲིད་དོན་སྐྱབས་བཅོལ་དུ་འབྱོར། ཁོང་གིས་སྔ་རྗེས་སུ་བོད་འབྲེལ་དཔེ་དེབ་བཞི་དང་། ཐེ་ཝན་དང་འབྲེལ་བའི་དཔེ་དེབ་དགུ། ནང་སོག་དང་འབྲེལ་བའི་དཔེ་དེབ་གཅིག རྒྱ་ནག་དང་འབྲེལ་བའི་དཔེ་དེབ་གཅིག ཁྲིམས་ལུགས་དང་མཚན་ཉིད་རིག་པའི་ཐད་ཀྱི་དཔེ་དེབ་དགུ་བཅས་དེང་གི་བར་ཁྱོན་བསྡོམས་དཔེ་དེབ་ཉི་ཤུ་རྩ་བཞི་ལྷག་བརྩམས་ཡོད། དཔེ་དེབ་ཁག་ཅིག་ཡིག་རིགས་གཞན་པའི་ནང་བསྒྱུར་ནས་དཔེ་བསྐྲུན་བྱས་ཡོད།

འགྱུར་རྩོམ།

Post navigation

Previous Post: སྲིད་སྐྱོང་གི་འོས་མིར་ལང་མཁན་ཚོས་བཅའ་ཁྲིམས་ལ་འགན་འཁུར་དགོས།
Next Post: བསམ་གཞིག་མཛོད།

Comments (21) on “རང་དབང་དང་རྒྱལ་ཁབ་བསྐྱར་གསོ།”

  1. ལྷ་སྡེ་གནམ་ལོ་ཡག says:
    2015-09-22 at 11:29 pm

    རྩོམ་ཡིག་འདི་བོད་ཀྱི་བང་ཆེན་ལས་དྲངས་པ་ཡིན། ཚང་མས་དཔྱད་བསྡུར་གནང་རོགས།

  2. ལོ་ཡག says:
    2015-09-23 at 2:12 am

    འདི་འདྲ་འདི་བསྒྱུར་རྒྱུ་གལ་ཆེན་དོན་ཆེན་རེད། སྒྱུར་པ་པོ་ལ་ཐུགས་རྗེ་ཆེ་ཞུ།

  3. ཨ། says:
    2015-09-23 at 3:07 am

    སྒྱུར་བ་པོས་ཇི་བཞིན་བསྒྱུར་ཡོད་ཤག་སྟེང་ནས་བཤད་ན། རྩོམ་ཐུང་འདིའི་ངོས་ནས་(ཡོན་ཧོང་པེན་)དེ་མཁས་པ་ཞིག་དང་། ལྷག་ཏུ་བོད་དོན་ཉམས་ཞིབ་པ་ཞིག་གི་ཚུགས་ཀ་རྩ་ནས་མཐོང་ཐུབ་ཀྱི་མི་འདུག་ཟེར་འདོད། ཇི་ལྟར་ཞེས་ན། དགོས་པ་མཐོང་ཚེ་སྐབས་སུ་བཤད་ཆོག

  4. ཅོ་རི་ཉི་མ། says:
    2015-09-23 at 3:46 am

    རྒྱ་དམར་གུན་ཁྲན་ཏང་ལ་རྒྱུས་མངའ་ཡོད་པའི་སྐད་ཆ་རང་རེད། རྩོམ་པ་པོའི་གསུངས་པ་ལྟར་ངས་ཀྱང་དེ་ག་རང་བསམས་ཀྱི་ཡོད། རྒྱ་དམར་གུན་ཁྲན་སྲིད་གཞུང་མགོ་གཏིང་སློག་མ་ཐུབ་ན་རང་བཙན་དང་དབུ་མའི་ལམ་གང་བཤད་ཀྱང་གྲུབ་འབྲས་ཡོང་མི་སྲིད། དང་པོར་དམར་པོའི་སྲིད་གཞུང་དམངས་གཙོ་ལ་སྒྱུབ་ཐབས་བྱེད་དགོས་པ་ནི་བོད་དོན་འཐབ་རྩོད་ཀྱི་ལེའུ་དང་པོ་རེད་འདོད་དོ།

  5. བསྟན་འཛིན་བྱམས་ཆེན། says:
    2015-09-23 at 4:03 am

    ད་ལྟའི་བོད་ཀྱི་འཐབ་རྩོད་ཀྱི་དར་ཆ་དེ་བོད་ནང་གི་མི་མང་གིས་བཟུང་ཡོད་པ་ལས་ཕྱི་སྡོད་བོད་མིས་བཟུང་མེད། དེ་བས་ཕྱི་སྡོད་བོད་མི་དག་ལ་བོད་ཀྱི་ཆབ་སྲིད་འཐབ་རྩོད་ཀྱི་ཁ་ཕྱོགས་གླེང་བའི་འོས་བབ་མེད་ས་ཞིག་ལ། རྒྱ་རྒན་ཞིག་གིས་དེ་བས་ཅིག་བཤད་ཡོང་ན་སྣང་བ་མི་འགྲོ་བ་རང་རེད།

  6. བསོད་ནམས་སྒྲོལ་དཀར། says:
    2015-09-23 at 4:58 am

    རྒན་ལྷ་སྡེ་གནམ་ལོ་ཡག་ལགས་སུ་ཐུགས་རྗེ་ཆེ་ཞུ།

    ང་ཚོས་ཨ་ཚོགས་ཀླུ་མཁར་བྱམས་ལ་བོད་མི་མ་ཡིན་པས། བོད་དོན་རྒྱབ་སྐྱོར་བ་དག་གི་ལྟ་སྟངས་ཡང་ཡག་པོ་ཤེས་དགོས་སོ།
    ང་རང་ཉིད་ནས་ནམ་རྒྱུན་བསལ་བློ་འདི་འདྲ་ཞིག་བཏང་གིན་ཡོད།
    ད་ལྟའི་བར་རང་ལུས་མེ་རུ་བསྲེགས་མཁན་གྱི་རྒྱལ་སྤྱིའི་དཔའ་པོ་དཔའ་མོ་དེ་དག་གི་མངོན་འདོད་དེ།
    ཕལ་ཆེར་བོད་རང་བཙན་གྱི་ཆེད་དུ་ཡིན་པ་ལས། རྒྱ་མི་རིགས་ཀྱི་འོག་ནས་སྡད་འདོད་ཡོད་རྒྱུ་མ་རེད་བསམ།
    གང་ལྟར་ང་ཚོས་རྒྱལ་སྤྱིའི་དཔའ་བོ་དཔའ་མོ་དག་དོན་དངོས་ཀྱི་མངོན་འདོད་ལ་བསྐྱར་ཞིབ་ཞིག་བྱེད་དགོས། དེ་ནས་དབུ་མའི་ལམ་སྟེང་འགྲོ་དགོས་མིན་ལྟ་དགོས།
    ཡང་གཅིག་བཤད་ན། དབུ་མ་འོས་འདེམས་བྱེད་དུས་ཀྱི་ལོ་ཚིགས་དེ་ནི་ལོ་ངོ་གང་མང་ཞིག་གི་སྔོན་ཡིན་པས། ད་ལྟ་དུས་རབས་ཀྱི་འགྱུར་འགྲོས་དང་ལྷན་དུ་མིའི་བསམ་བློ་དང་ལྟ་བ་ཡང་འགྱུར་ཐེབས་གིན་ཡོད་པས། ཡང་བསྐྱར་བསམ་ཤོག་ཞིག་དང་། འོས་ཤོག་ཞིག་འཕེན་རྒྱུ་གལ་ཆེའོ།

  7. བློ་གྲོས་རབ་བརྟན་ says:
    2015-09-23 at 11:01 am

    རྒྱ་ཡིག་གི་རྩོམ་དེ་ག་བར་བཀོད་པ་ཡོད་པ་རེད། འབྲེལ་ཐག་འདིར་འཇོག་རོགས། གནམ་ལོ་ཡག་ཟེར་བར་འབོད་ཀྱིན་ཡོད།

  8. བསམ་འཕེལ། says:
    2015-09-23 at 11:18 am

    རྒན་རྒྱ་རྒན་ལ་བཀྲིས་བདེ་ལེགས་ཞུ།
    རང་ཁ་གྲག་མི་ཤེས་ན་རྒྱ་སྐད་ནས་བསྒྱུར་བ་ལེགས། ཤེས་ཡོན་མེད་ན་ཧམ་སྐད་བསྒྲགས་པས་མི་ཕན། ཚིག་ཁ་ཤས་ཤིག་ཏ་སུས་ཀྱང་བཤད་ཤེས་ཀྱི་རེད། དེ་ལྟ་བུ་ལ་མགོ་ཁོར་མཁན་ཡོད་ས་མ་རེད་དོ།།

  9. ༼ནས་རྩམ་དཀར་མོ།༽ says:
    2015-09-23 at 10:27 pm

    དགའ་ལྡན་དགོན་པའི་གསལ་བསྒྲགས་མཐོང་རྗེས།

    ཤར་རྒྱལ་བ་ཙོང་ཁ་བ་ཆེན་པོའི་གདན་ས་ཆེན་མོ་འབྲོག་རི་བོ་དགའ་ལྡན་དགོན་པ་ནི། གསེར་ཡིག་གི་ལོ་རྒྱུས་འབྲི་འོས་ཤིང་ཕྱིར་དྲན་གྱི་རྡོ་རིང་བཞེངས་འོས་པ་ཞིག་ཡིན་མོད། དེང་སྐབས་མག་མོག་དང་ནག་ནོག་གིས་སྒྲིབ་པའི་ཕྱག་ལས་གནང་སྟངས་འགའ་ཞིག་ནི་སྐྱུག་བྲོ་ཞིང་ཡི་མུག་པ་ཤ་སྟག་རེད།

    ལྷག་ཏུ་དེ་རིང་སྤེལ་བའི་གསལ་བསྒྲགས་དེའི་ངོ་གདོང་ནས་མཐོང་འོང་བ་ནི། དག་སྡེབ་ཀྱི་ཆ་ནས་གླེང་ན་འཛིན་གྲྭ་དྲུག་པའི་བྱིས་པ་ཞིག་གི་ལག་བྲིས་ལས་སྐྱོ་ཞིང་། གསལ་བསྒྲགས་ཞེས་པའི་མིང་བྱང་གི་ཐ་མར་ཚེག་དང་ཤད་གཉིས་ནོར་བ་དང་། ཐ་ནའང་གོམས་གཤིས་ལ་གོམ་གཤིས་བྲིས་པ་སོགས་མཐོང་སྐབས། བླ་སྤྱི་ཁང་དུ་ཅིའང་མི་ཤེས་པའི་ཟོག་རྒན་འགའ་ཞིག་བསྡད་ཡོད་པ་ཏག་ཏག་དཔོག་ཐུབ།

    བརྗོད་དོན་གྱི་ཆ་ནས་བསམ་ན། རྒྱལ་གཅེས་དཔའ་བོ་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་གཏམ་བཤད་བཀག་འགོག་བྱས་ཡོད་ཚུལ་བཤད་ཡོད་པ་ནི། ཡིག་ཕྱེད་གོ་བས་འདོན་རྒྱུ་ལས། ཅི་ཞིག་བཤད་ཀྱིན་ཡོད་པ་དང་གང་ཞིག་གླེང་གིན་ཡོད་པ་སུས་ཀྱང་ཤེས་དཀའ་བའི་གསལ་བསྒྲགས་ཐབས་རྡུགས་དེས། དེ་བས་ཀྱང་དགའ་ལྡན་དགོན་པའི་དབུ་རྣ་ཆུ་རུ་གཡུགས་འདུག

    ད་དུང་“བོད་རིགས་མི་མང་གི་ཆོས་དད་དང་ཡ་རབས་བཟང་སྤྱོད་„སོགས་བླ་བརྡོལ་གྱི་མུ་ཅོར་འགའ་ཤིག་སྐྱུག་འོང་བ་ནི། ཅི་འདྲའི་དགོད་བྲོ་བ་ཞིག་རེད་ཨང་།

    རེ་བ་ཆེ་ཤོས་ནི། ལམ་དབུ་མ་དང་རྒྱལ་བ་རིན་པོ་ཆེ་ཁ་ལ་འཁྱེར་མཁན་ཚོས། རང་བཙན་ཤོག་ཁག་དང་། རྒྱལ་བ་རིན་པོ་ཆེའི་ཤོག་ཁག་གཉིས་ཞེས་ལོགས་སུ་མི་འབྱེད་རྒྱུ་དེ་ཡིན། གལ་ཏེ་དེ་ལྟར་དབྱེ་རྒྱུ་མང་དྲགས་ན། ད་ལྟ་རྒྱལ་བ་རིན་པོ་ཆེར་ངོ་སྲུང་དང་ཚུལ་འཆོས་ལྟ་བུའི་རྒྱབ་སྐྱོར་མང་མང་ཙམ་མཆིས་ནའང་། ཉིན་ཞིག་རྟས་མི་ཟིན་པའི་འགྱོད་པ་དེ་འདྲའང་ཡོང་མི་སྲིད་པ་མ་རེད།

    འདི་ལྟར་འཐབ་མོ་སྦྲན་ཞིང་གཡུལ་ཁ་བཀྱེ་བསྡད་ན། དགྲ་བོ་རྒྱ་མི་སོགས་གང་ལྟར་དགོས་མཁན་ལ་གོ་སྐབས་ལག་ཏུ་བསྟད་པ་རེད་ལ། བཙན་བྱོལ་གཞུང་ཡིན་ནའང་འཐོར་ཞིག་མི་འགྲོ་བའི་ངེས་པ་རྩ་ནས་ཡོད་མ་རེད། རྒྱལ་གཅེས་དཔའ་བོ་ཨ་ཚོགས་ཀླུ་མཁར་བྱམས་ཀྱང་ཐང་ཤིང་སྐྱེས་པ་ནང་བཞིན་གྲོགས་མེད་ཁེར་རྐྱང་དེ་འདྲ་གང་ཡང་མ་རེད་ལ་ད་དུང་ཁོང་གངས་ཅན་པའི་དཔའ་རྒོད་ཞིག་རེད་ལ་བོད་རྒྱའི་དབྱེ་མཚམས་ཅང་ཤེས་རྟ་ཕོ་ངོ་མ་དེ་རེད།

  10. ཁ་བའི་འདབ་མ། says:
    2015-09-24 at 1:33 am

    དེང་སང་རྒྱ་གར་བའི་སྲང་ལམ་ན་འགྱིག་གི་མི་མང་པོས་ཆོ་ངེ་འདོན་བཞིན་དུ་ཕྱོགས་མཚམས་ཀུན་ཏུ་རྒྱུག་གི་འདའ།

  11. ཅོ་རི་ཉི་མ། says:
    2015-09-24 at 4:18 am

    དགའ་ལྡན་དགོན་པའི་གསལ་བསྒྲགས་ཡོངས་རྫོགས་འདིར་བཀོད་རོགས་ཞུ་རྒྱུ་ཡིན། ཡིག་ནོར་དང་བཅས་པ་ཇི་མ་ཇི་བཞིན་བཀོད་རོགས།

  12. ལོ་ཡག says:
    2015-09-24 at 4:49 am

    ༅། ། ཕྱི་སྡོད་བོད་པ་ཚོའི་ནང་ན། མཐོང་རྒྱ་ཐོས་རྒྱའི་ཚད་ལོངས་པ་དང་། ཆགས་སྡང་གི་དབང་དུ་མ་སོང་བའི་དཔྱད་བརྗོད་རྩོམ་པ་པོ་ཤིན་ཏུ་མཐོང་དཀོན་པའི་གནས་རེད། དེ་བས་བསྒྱུར་རྩོམ་ཞིག་མཐོང་ན་གཡོལ་མ་མྱོངས་ཏེ། འདོད་འདོད་རྔམ་རྔམ་ངང་ཀློག་གིན་ཡོད།

    སྒྱུར་བ་པོ་རྣམས་སྐུ་ཚེ་རིང་། གང་མང་མང་བསྒྱུར་གནང་ཡོང་བའི་སྐྱབས་འཇུག་ཞུ། །

  13. ཁྱུང་སེ། says:
    2015-09-24 at 5:14 am

    གསལ་བསྒྲགས།
    དགའ་སྤྲོ་དང་བཅས་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་བླ་སྤྱི་ནས་གསལ་བསྒྲགས་སྤེལ་རྒྱུར། གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་བླ་སྤྱི་ནས་གདན་ས་ཆེན་པོ་དགའ་ལྡན་དུ་ཀླུ་མཁར་བྱམས་ཀྱི་འདུས་མང་ལ་གཏམ་བཤད་ཀྱི་མཛད་རིམ་བཀག་འགོག་བྱས་པ་ཡིན། བོད་རིགས་མི་མང་གི་ཆོས་དད་དང་ཡ་རབས་བཟང་སྤྱོད་ཀྱི་གོམ་གཤིས་བཅས་དང་འབྲེལ་བའི་དགོངས་ཚོར་ཟབ་མོ་རྒྱ་ཁྱབ་ཏུ་ཡོད་པ་ལ་བསམ་ཞིབ་ཀྱིས་ཁ་སང་སྤྱི་ལོ་༢༠༡༥ཟླ་༩ ཚེས་༢༢ ཉིན་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་བླ་སྤྱིའི་ལྷན་རྒྱས་ཆེདའཚོགས་ཀྱིས་སྤྱི་མོས་གྲོད་ཆོད་གལ་ཆེན་བཞག་ནས་ལས་རིམ་དེ་བཀག་འགོག་བྱས་པ་དེས་འཛམ་གླིང་རྒྱལ་ཁབ་གང་སར་ཁྱབ་པའི་བོད་རིགས་ཀུན་ལ་བརྡ་འཕྲིན་གསལ་པོ་བཏང་ཡོད།

  14. ཅོ་རི་ཉི་མ། says:
    2015-09-24 at 6:05 am

    སྙིང་ཉེ་གྲོགས་ཁྱུང་སེང་ཕེབས་པར་ལེགས། ཉིན་ཤས་རིང་ཁྱོད་རང་མཐོང་ཡུལ་དུ་མེད་དུས་སེམས་པ་སྟོང་སང་ངེ་འདྲ་ཞིག་འདུག དེ་རིང་འདི་ཕེབས་པར་དགའ་པོ་བྱུང་།

    ད་་་ཕྱོགས་བཞི་མཚམས་བརྒྱད་ནས་རྒྱལ་གཅེས་པ་ཀླུ་མཁར་བྱམས་ལ་གཏམ་བཤད་བྱེད་སའི་ཁོར་ཡུག་བཀག་འགོད་བྱེད་འོང་གྱི་ཡོད་པ་འདི་ནི་དམངས་གཙོ་ལ་རྡོག་རོལ་དང་། དྲང་བདེན་དང་འདྲ་མཉམ་མེད་པའི་གནས་སྟངས་ཤིག་རེད། བོད་རང་བཙན་ལ་དགག་པ་ཡང་རེད།

    བོད་ནང་དུ་རྒྱ་གཞུང་གིས་བོད་མིའི་སྨྲ་བརྗོད་རང་དབང་ལ་བཀག་འགོག གཏམ་བཤད་རང་དབང་ལ་བཀག་འགོག རྩོམ་བྲིས་རང་དབང་ལ་བཀག་འགོག་བྱས་དང་བྱེད་བཞིན་པ་རེད། བཙན་བྱོལ་ནང་དུ་རྒྱལ་གཅེས་པ་ཀླུ་མཁར་བྱམས་ཀྱི་གཏམ་བཤད་ལ་བཀག་འགོག་བྱས་པ་འདིས་བཙན་བྱོལ་སྤྱི་ཚོགས་འདིའི་ནང་དུ་འདྲ་མཉམ་མེད་པ་དང་། དྲང་བདེན་མེད་པར་གསལ་བསྟན་བྱས་པ་རེད།

    སྨྲ་བརྗོད་རང་དབང་དང་གཏམ་བཤད་རང་དབང་ལ་བཀག་འགོག་བྱེད་མཁན་ནི་སྒེར་གཅོད་པ་དང་སྒེར་གཅོད་པའི་ཚོགས་སྡེ་ཁོ་ནའི་ནང་དུ་ཡོང་གི་ཡོད། སྒེར་གཅོད་པ་དག་གིས་ཁོ་རང་ཚོའི་འདོད་ཚུལ་དང་མི་མཐུན་པ་ལ་ངོས་ལེན་དང་བསམ་གཞིག་བྱེད་སྲོལ་མེད། རང་གི་འདོད་ཚུལ་དང་མི་མཐུན་པའི་རིགས་བྱུང་ན་མ་ཉེས་ཁ་གཡོག་གི་ཞྭ་མོ་གོན་པ་དང་། མཐོང་ཆུང་དང་ཁྱད་གསོད་སོགས་ཁ་གཡར་ས་འདྲ་མིན་སྣ་ཚོགས་འཚོལ་ནས་བཀག་འགོག་བྱེད་ཀྱི་རེད།།

    བོད་རང་བཙན་འཐབ་རྩོད་པའི་རྒྱལ་གཅེས་བློ་མཐུན་རྣམས་པའི་ངོས་ནས་བྱས་ན་སེམས་ཤུགས་ཆག་དགོས་པའི་གནས་ཚུལ་མིན། བོད་རང་བཙན་ལ་རྒོལ་མཁན་ཚོས་ངོས་ནས་དང་པོ་གཡོལ་ཐབས་བྱེད་བཞིན་ཡོད་རེད། ཀླུ་མཁར་བྱམས་ཀྱི་གཏམ་བཤད་ལས་གཡོལ་ཐབས་བྱེད་བཞིན་ཡོད་རེད། ཡིན་ཀྱང་གཡོལ་ནས་འགྲོ་ས་རག་གི་མ་རེད།

    གཡོལ་ཐབས་བྱེད་ཀྱི་ཡོད་པ་འདིས་ག་རེ་བསྟན་པ་རེད་ཞེ་ན། རྒྱལ་གཅེས་པ་ཀླུ་མཁར་བྱམས་ཀྱི་གཏམ་བཤད་ཀྱི་ནུས་པ་ཆེན་པོ་ཡིན་པར་སྒེར་གཅོད་པ་ཚོས་ངོས་འཛིན་བྱས་པ་རེད། སྐྲག་གི་ཡོད་རེད། རྒྱལ་གཅེས་པ་ཁོང་གི་གཏམ་བཤད་ནུས་མེད་ཤིག་ཡིན་ན་བཀག་འགོག་བྱེད་ཀིན་མ་རེད།

  15. ཨ། says:
    2015-09-24 at 7:01 am

    ཁ་སང་དྲ་ཐོག་ཏུ་སྐུ་ཞབས་ཀླུ་བྱམས་ལ། ཡང་དགའ་ལྡན་ནས་སྲིད་སྐྱོང་འོས་མིའི་གཏམ་བཤད་བཀག་ཚུལ་མཐོང་བའི་མོད། སེམས་སུ་མི་བདེ་བ་ཞིག་བྱུང་ལ། འཕྲལ་དུ་གྲོགས་པོ་ཞིག་དང་ལྷན་དུ་གནས་ཚུལ་དེའི་སྐོར་ཁ་བརྡ་བྱས་རྗེས། ངར་ཐོབ་པ་ནི། དགའ་ལྡན་པའི་གཙོ་འཛིན་ཚོས་གྲོས་ཐག་བཅད་པའི་གནས་ཚུལ་དེ། ཆབ་སྲིད་ཐད་ཀྱི་དོན་དག་གུ་དོག་ཅིག་གིས་རྐྱེན་བྱས་པ་མིན་པར། སྤྱི་བཏང་གི་ཚད་མཐོའི་ཀུན་སྤྱོད་ཅིག་ལ་དཔང་བཅོལ་བ་རེད་ཅེས་པ་འདི་ལས། གཞན་ཅང་རག་མ་བྱུང་། དེས་ན། ཆོས་སྡེ་ཁག་དེ་ཚོ་ནས་སྔར་བྱུང་མ་མྱོང་(ངའི་མཐོང་ཐོས་གཞིར་བཞག་)བའི་གནས་ཚུལ་དེར། རང་གའི་རྒྱུས་མེད་དང་འབྲེལ་མེད་མ་ཡིན་པའི་དགོངས་ཚུལ་གང་མང་ཞིག་ཅིས་ཀྱང་འོང་གལ་མཐོང་།

  16. ཅོ་རི་ཉི་མ། says:
    2015-09-24 at 7:26 am

    དགའ་ལྡན་དགོན་པ་རྩ་གཏོར་དང་གྱང་རོ་མ་གཏོགས་མ་ལྷག་པ་བཟོ་མཁན་གུན་ཁྲན་ཏང་གི་རྗེས་སུ་འཇུག་མཁན་དང་དམར་པོའི་རྩ་ཁྲིམས་འོག་ཏུ་འགྲོ་མཁན་གྱི་སྲིད་སྐྱོོང་འོས་མི་ཞིག་མིན་ན་བཙན་བྱོལ་དགའ་ལྡན་དགོན་པས་གཏམ་བཤད་བྱེད་བཅུག་གི་མེད་པར་འདྲ།

    ཡིན་ཀྱང་དགའ་ལྡན་དགོན་པའི་གྲྭ་དམངས་གྱིས་བཀག་འགོག་བྱས་པ་མིན་པར་ལས་སྣེ་སྒེར་གཅོད་པ་ཁ་ཅིག་གིས་བཀག་འགོག་བྱས་པ་འདིའི་རྒྱབ་ལྗོངས་དང་ས་འོག་གི་དར་ཐག་གི་སྣེ་མོ་གང་དུ་ཐུག་ཡོད་མེད་ཡང་གསལ་པོ་ཆགས་འོང་གི་རེད་པྭ། དམངས་གཙོ་དང་དམངས་གཙོ་ཟེར་ནས་བཤད་བསྡད་པ་ལས་མདོག་རྒྱབ་ངོ་མ་འདི་རེད་པྭ། སྒེར་གཅོད་པའི་གོམས་གཤིས་ངན་དེར་དོར་ན་དགའ་གི་རེད་ད།

  17. ལུང་རྟོགས། says:
    2015-09-24 at 12:06 pm

    རྒྱལ་བ་རིན་པོ་ཆེ་རྒྱལ་བཙོང་བ་རེད་ཟེར་མཁན་ཞིག་དགའ་ལྡན་དགོན་པའི་འདུ་ཁང་སྦུག་ནས་ཁ་མར་འཁོར་ཏེ་འདུག་རྒྱུའི་ཐོབ་ཐང་གཏན་ནས་མེད། དགའ་ལྡན་དགོན་པའི་གནང་སྟངས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད། དམངས་གཙོ་ཁ་ལ་ཁྱེར་ནས་མཐོ་དམན་ཚང་མ་ལ་གཅིག་བཤད་ཆོག་པ་འདི་སུའི་བཀའ་དྲིན་རེད།

  18. ཀརྨ་བློ་གསལ་ says:
    2015-09-24 at 9:43 pm

    ལུང་རྟོགས་ཟེར་བའི་ཚིག་རྩུབ་བཤད་མཁས་འདི་ག་བ་ནས་ཡིན། སྐུ་ངོ་སྤེན་ཚེར་རྒྱབ་བསྐྱོར་རྒྱག་སྟངས་འདི་འདྲ་རེད་པས། ནོར་ཝེ་རླ྄ུང་འཕྲིན་ལ་ཡང་བསྐྱར་ཉན་རོགས། ཆོས་སྲིད་གཉིས་སུ་དབྱེ་ནས་བཤད་འདུག་ག ཆོས་ཕྱོགས་ནས་བླ་མ་བརྩི་དགོས་ཀྱང་སྲིད་ཕྱོགས་ནས་མང་གཙོའི་སྤྱི་ཚོགས་ནང་དུ་དོགས་འདྲི་བྱེད་ཆོག་པ་ནི་གསལ་པོ་རེད། དེའི་སྟབས་ཀྱིས་སྐད་ཆ་ཕྱི་མ་མ་གཏོགས་མི་བཀོད་དོན་མི་འདུག་ག
    འགོད་ན་ཆ་ཚང་འགོད་རོགས།

  19. ལུང་རྟོགས། says:
    2015-09-25 at 1:34 am

    ཀར་བློ་ཟེར་བ་འདིའི་འགྲེལ་བཤད་ཕྱིན་ཅི་ལོག་ཁོ་ན་ལས་རྒྱག་མི་ཤེས་པ་འདི་ཅི་མ་ཉན་པ་ཡིན་ནམ། གང་ལྟར་ཆོས་ཕྱོགས་སྲིད་ཕྱོགས་གང་ནས་བཤད་ཀྱང་རྒྱལ་བ་རིན་པོ་ཆེ་རྒྱལ་འཚོང་བ་རེད་ཟེར་ན་གཟུ་བོར་གནས་པའི་མི་སུ་གཅིག་གི་རྣ་ལ་འགྲོ་མི་སྲིད། ད་བར་མི་ལོ་ལྔ་བཅུ་ང་གྲངས་རིང་རྒྱ་གཞུང་ལ་ཁ་གཏད་བཅག་ནས་བོད་མིའི་བདེན་དོན་རྩོད་མཁན་གྱི་དབུ་ཁྲིད་སུ་རེད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་སློབ་གྲྭ་ཁག་འཛུག་མཁན་སུ་རེད། ཁོང་འདྲ་ཞག་རྒྱལ་འཚོང་བ་ཡིན་ན་རྒྱལ་ཁབ་མི་བཙོང་མཁན་སུ་ཡོད་པ་རེད།

  20. མྱི་རྐྱང says:
    2015-10-01 at 1:18 am

    དེང་སང་་་བཀུར་འོས་པའི་ལྷ་ལྡེ་གནམ་ལོ་ཡག་གི་ཁོག་ལ་གདོན་ཞུགས་ཡོད་ས་རེད། གདོན་དེ་ཡང་རྒྱ་གདོན་ཞིག་མིན་པར་སྨོན། རང་གི་བསམ་ཚུལ་རང་གི་མིང་ཐོག་ལ་མི་འགོད་པར་བསྒྱུར་རྩོམ་གྱི་མིང་བྱང་འོག་ཡིབ་ནས་སྤྱི་ཚོགས་སྟེང་སྙན་གྲགས་ཅུང་འགྲོ་བཞིན་པའི་ཡོན་ཧོང་པེན་གྱི་མཚན་བེད་སྤྱོད་གཏོང་དོན་ཅི་་་་

  21. མྱི་རྐྱང་སྡོམ་པོ says:
    2015-10-01 at 1:21 am

    དེང་སང་་་བཀུར་འོས་པའི་ལྷ་ལྡེ་གནམ་ལོ་ཡག་གི་ཁོག་ལ་གདོན་ཞུགས་ཡོད་ས་རེད། གདོན་དེ་ཡང་རྒྱ་གདོན་ཞིག་མིན་པར་སྨོན། རང་གི་བསམ་ཚུལ་རང་གི་མིང་ཐོག་ལ་མི་འགོད་པར་བསྒྱུར་རྩོམ་གྱི་མིང་བྱང་འོག་ཡིབ་ནས་སྤྱི་ཚོགས་སྟེང་སྙན་གྲགས་ཅུང་འགྲོ་བཞིན་པའི་ཡོན་ཧོང་པེན་གྱི་མཚན་བེད་སྤྱོད་གཏོང་དོན་ཅི་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme