Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་དཔེ་བུ་སྟོན་གྱི་སློབ་གསོ།

Posted on 2020-12-03 By ཁ་བརྡ No Comments on རང་དཔེ་བུ་སྟོན་གྱི་སློབ་གསོ།

གཡག་རྒོད་རྩོམ་སྒྲིག་ཚོགས་ཆུང་གིས།
 
སྐད་འཕྲིན་ལ་སོགས་པའི་བརྡ་འཕྲིན་དར་བ་ནས་བཟུང་བོད་ཕྱི་ནང་གི་ཕ་མ་ཚོའི་བར་ལ་བྱིས་པ་སྐྱོང་སྟངས་ཀྱི་སྐོར་ལ་གོ་རྟོགས་སྤེལ་རེས་ཀྱི་གོ་སྐབས་ཧ་ཅང་ཡག་པོ་བྱུང་བ་དང་། ཁོར་ཡུག་དང་སྡོད་གནས། ལས་རིགས་སོགས་མི་འདྲ་བའི་ཕ་མ་མང་པོས་སོ་སོའི་ཉམས་མྱོང་རྣམས་བརྡ་འཕྲིན་བརྒྱུད་དེ་ཕན་ཚུན་བར་བསམ་ཚུལ་བརྗེ་རེས་ཀྱིས་ལེགས་པའི་ཆ་རྣམས་ལག་ལེན་དུ་བསྟར་ཅི་ཐུབ་བྱེད་བཞིན་ཡོད། ཁྱད་པར་དུ་རོང་འབྲོག་གི་ཕ་མ་ཚོའི་ཁྲོད་དུ་བྱིས་སྐྱོར་སློབ་གསོའི་སྐོར་ལ་དོ་སྣང་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། ཡིན་ནའང་སྤྱི་ཚོགས་ཁྲོད་ཀྱི་མི་སྣ་དབང་ཆེན་དང་རྒྱུ་ཆེན་ཚོས་མང་ཚོགས་ཀྱི་མདུན་ནས་གསུང་བཤད་རྫིག་པོ་རེ་གནང་བ་ཙམ་ལས་མི་རིགས་ཐུན་མོང་གི་ཚེ་སྲོག་ཏུ་གྱུར་བའི་སྐད་ཡིག་རིག་གནས་གཙོས་པའི་མི་རིགས་ཀྱི་མཚོན་རྟགས་རྣམས་རང་དཔེ་གཞན་སྟོན་གྱི་ལམ་ནས་འཚོ་བའི་ཁྲོད་དུ་ལག་བལྟར་བྱས་ཏེ་དཔེ་སྟོན་ཐུབ་ཀྱི་མེད། རེ་ཟུང་གིས་ཡོད་མདོག་དང་འཇོན་མདོག་བསྟན་ཏེ་བུ་ཕྲུག་དག་བོད་སྐད་བོད་ཡིག་གི་སྒྲ་མི་གྲགས་པའི་སློབ་གྲྭའི་ནང་དུ་བཏང་དང་གཏོང་བཞིན་ཡོད། དེ་ལ་རྒྱ་གར་གྱི་བདག་ཉིད་ཆེན་པོ་གན་རྡི་མཆོག་གིས་ལག་ལེན་མེད་ན། གང་ལའང་སླེབས་མི་ཐུབ་ཅེས་སྡོམ་ཚིག་བཀོད་ཡོད། དེ་ན་བོད་པའི་སྤྱི་ཚོགས་ཀྱི་གནས་རིམ་སོ་སོ་ན་ཡོད་པའི་བོད་མི་ཚང་མས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱི་ལམ་ནས་རང་དཔེ་གཞན་སྟོན་བྱས་ཏེ་བུ་ཕྲུག་གསོ་སྐྱོང་ཡག་པོ་ཞིག་བྱེད་རྒྱུ་གལ་ཆེ་བར་སྣང་ངོ།།

རྗེ་ཙོང་ཁ་བ་ཆེན་པོས་བྱང་ཆུབ་ལམ་རིམ་ཆེན་མོ་ནང་དུ། རང་མ་དུལ་བས་གཞན་འདུལ་བ་གནས་མེད་པ་གསུངས་པས་གཞན་འདུལ་བའི་བླ་མ་དེ་ཐོག་མར་རང་གི་རྒྱུད་བཏུལ་བ་ཞིག་དགོས་སོ་ཞེས་གསུངས་པ་ལྟར། ཕ་མས་བུ་ཕྲུག་ལ་རང་དཔེ་བུ་སྟོན་གྱི་ལམ་ནས་ལམ་སྟོན་བྱེད་དགོས་པ་འདི་ནས་ཀྱང་གསལ་བོ་བསྟན་ཡོད། དེ་ན་བོད་པའི་ཕ་མ་ཚོས་དྲན་པ་ནང་དུ་བཞག་སྟེ་རང་ཉིད་ཀྱི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ལ་བརྟག་དཔྱད་བྱས་ནས་བསྒྱུར་བཅོས་གཏོང་དགོས་ཤིང་། བུ་ཕྲུག་གི་མིག་ལྟོས་བྱེད་ཡུལ་ཡག་པོ་ཞིག་ཏུ་འགྱུར་དགོས་པ་ཡིན། འཇར་མན་དུ་བཞུགས་པའི་བྱིས་སྐྱོང་སློབ་གསོ་བ་དང་། བྱིས་སྒྲུང་གླིང་གི་སློབ་གསོའི་རྐང་འཛིན་པ་རྒྱ་རོང་བརྩོན་འགྲུས་ལགས་ཀྱིས་བྲིས་པའི་བྱིས་པའི་སློབ་གསོ་གླེང་བའི་གཏམ་ཞེས་པའི་དེབ་དེའི་ནང་དུ་ཕ་མ་ནི་བྱིས་པའི་མིག་ནང་གི་མེ་ལོང་ངོ་མ་དེ་ཡིན་པ་ངོས་མ་ཟིན་པས། བྱིས་པའི་མདུན་ནས་རང་གི་ཀུན་སྤྱོད་ལ་དོ་སྣང་གཏན་ནས་བྱེད་ཀྱིན་མི་འདུག་ཅེས་གསུངས་པ་དང་། ཡང་ཁོང་གིས་རང་གིས་བུ་མོ་གཉིས་ཁྲིད་ནས་ཕ་ཡུལ་ལ་ལོག་ཐེངས་རེ་རེར། ཕ་མ་དེ་དག་གིས་བྱིས་པ་སྐྱོང་སྟངས་དག་མཐོང་དུས། ཨ་ཤུ་རེ་ཁོ། དེ་འདྲ་ཞིག་མ་རེད་སྙམ་པའི་བསམ་བློ་མང་པོ་འཁོར་བ་མ་ཟད། རང་གི་གཉེན་ཉེ་རིང་དང་གྲོགས་པོ་གང་མང་ལ་རང་གིས་བུ་མོ་གཉིས་སྐྱོང་སྟངས་ལྷུག་པོར་བརྗོད་པ་ཡིན་ཞེས་གསུང་ཡོད། དེ་ན་ང་ཚོས་ནམ་རྒྱུན་ཁ་ནས་བཤད་བསྡད་པའི་སྐད་ཆ་ཆེན་པོ་དེ་ཚོ་ལག་ལེན་དུ་བཏབ་ཏེ་རང་སྟེང་ནས་བུ་ཕྲུག་ལ་བག་ཆགས་ཡག་པོ་ཞིག་འཇོག་དགོས་པ་གལ་ཆེ། དེ་བཞིན་དུ་སྐུ་ཞབས་ཉི་གཞོན་ལགས་ཀྱིས་བསྒྱུར་བའི་ཡ་ཧུ་དཱ་པའི་སློབ་གསོའི་མན་ངག་ཅེས་པའི་དཔེ་ཆ་དེའི་ནང་དུ། རང་ཉིད་མཐོང་བར་བྱ། རང་ངོ་ཟིན་པར་བྱ་ཞེས་པའི་སློབ་གསོའི་གཏམ་རྒྱུད་ཅིག་ཡོད་པ་ལྟར། ང་ཚོ་བོད་པའི་ཕ་མ་ཚོས་དྲན་ཤེས་བསྟེན་ཏེ་རང་ཉིད་སུ་ཞིག་ཡིན་པ་དང་། རང་ཉིད་ཀྱི་འོས་འགན་ག་རེ་ཡིན་པ། རང་སྟེང་ལ་བུ་ཕྲུག་གསོ་སྐྱོང་བྱེད་པའི་ཆ་རྐྱེན་ཅི་དང་གང་ཡོད་པ་སོགས་ལ་བསམ་གཞིགས་ཞིབ་མོ་བཏང་སྟེ། རང་ངོས་ནས་བུ་ཕྲུག་ལ་བག་ཆགས་ངན་པ་མི་འཇོག་པའི་འགན་ཁུར་དགོས་པ་ཡིན། རང་ཉིད་ཀྱི་སྐོར་ལ་གསལ་ཆ་དང་རྒྱུས་ལོན་ག་ཚོད་ཡོད་ན། དེ་ཚོད་ཀྱིས་བུ་ཕྲུག་གི་སེམས་ཁམས་སུ་བག་ཆགས་ཇི་ལྟར་འཇོག་པའི་སྐོར་ཤེས་ཐུབ་ལ། རང་ཉིད་ཀྱི་ཀུན་སྤྱོད་མི་ལེགས་པ་རྣམས་ལ་སྟངས་འཛིན་དང་ལེགས་བཅོས་བྱེད་སླ་བ་ཡིན། དེ་ལྟར་ན་རྒྱུ་འབྲས་བློ་མིག་ལྡན་པའི་བུ་ཕྲུག་ཚུལ་ལྡན་ཞིག་གསོ་སྐྱོང་བྱེད་འདོད་པའི་ཕ་མ་ཚོས་རང་དཔེ་བུ་སྟོན་གྱི་ལམ་ནས་མཆོད་རྟེན་དང་འགྲོགས་ན་དཀར་པོ་ཞེས་པའི་དཔེ་རུ་འགྱུར་ཐུབ་པའི་ཕྱོགས་ལ་ནམ་ཡང་འབད་དགོས་པར་སེམས་སོ།།

བོད་ཀྱི་ན་གཞོན་རྩོམ་པ་པོ་དང་བྱིས་སྐྱོང་སློབ་གསོ་བ་གསོན་པོ་ལགས་ཀྱིས་བརྩམས་པའི་སློབ་གསོའི་ལྡེ་མིག་ཅེས་པའི་དཔེ་ཆ་དེའི་ནང་དུ།ཕ་མས་བྱིས་པར་བག་ཆགས་བཟང་པོའི་ས་བོན་བཏབ་ན། ད་གཟོད་གོམས་གཤིས་ལེགས་པོ་ལོབ་ཐུབ་ཅེས་གསུངས་འདུག་པ་ལྟར། ཕ་མ་ཚོས་ནམ་ཡང་དྲན་དགོས་པའི་གནད་དོན་ཞིག་ནི་རང་ཉིད་བུ་ཕྲུག་གི་དགེ་རྒན་ཡིན་པ་དང་། བུ་ཕྲུག་ལ་མིག་དཔེ་ཡག་པོ་ཞིག་བསྟན་ཏེ་བུ་ཕྲུག་གི་སེམས་ཁམས་སུ་བག་ཆགས་བཟང་པོའི་ས་བོན་འཇོག་དགོས་པ་ངེས་པར་དུ་ཤེས་དགོས། སྐུ་ཞབས་ཞོགས་དུང་ལགས་ཀྱིས་བོད་བསྒྱུར་གནང་བའི་འཇར་མན་གྱི་སློབ་གསོ་བ་ཁའར་ཝེ་ཐིས་མཛད་པའི་དཔེ་དེབ། ཁ་བྱང་ལ་སྦྱངས་ཐོབ་སློབ་གསོའི་མན་ངག་ཅེས་པ་དེའི་ནང་དུ། བྱིས་པའི་གཤིས་ཀ་ཆགས་བྱེད་ཀྱི་རྨང་གཞི་ནི་གཞོན་དུས་ཀྱི་འཚོ་བ་ཡིན། ཁྱིམ་ཚང་གི་ཁོར་ཡུག་དང་ཕ་མའི་སྤྱོད་ལམ་ལས་བྱིས་པའི་ཐོག་མའི་དུས་ཀྱི་གཤིས་ཀ་ཆགས་ཞེས་གསུངས་ཡོད། དཔེར་ན་ཕྲུ་གུ་ཕ་དང་འགྲོག་ན་ཕྲུ་གུའི་གཤིས་ཀ་ཕ་དང་འདྲ། ཕྲུ་གུ་མ་དང་འགྲོག་ན་ཕྲུ་གུའི་གཤིས་ཀ་མ་དང་འདྲ་ཟེར་བ་ལྟར། བུ་ཕྲུག་ཨ་ཕ་དང་མཉམ་དུ་འགྲོག་པའི་དུས་སྐབས་སུ་ཨ་ཕས་ཨ་མའི་བཀའ་དྲིན་དང་བློས་གཏོང་གི་སྐོར་གླེང་སྟེ་བུ་ཕྲུག་ལ་བག་ཆགས་འཇོག་དགོས་ཤིང་། བུ་ཕྲུག་ཨ་མ་དང་མཉམ་དུ་འགྲོག་པའི་སྐབས་སུ་ཨ་མས་ཨ་ཕའི་བཀའ་དྲིན་དང་བྱམས་བརྩེའི་སྐོར་གླེང་སྟེ་བུ་ཕྲུག་ལ་བག་ཆགས་འཇོག་དགོས་པ་ཡིན། དེ་བཞིན་དུ་བུ་ཕྲུག་གི་མཐའ་སྐོར་ནས་ཕ་མས་དུས་རྒྱུན་དུ་ཡུལ་མི་ཁྱིམ་མཚེས་ཚོའི་ཡོན་ཏན་དང་བཟང་བོའི་སྤྱོད་པའི་སྐོར་གླེང་རྒྱུ་གལ་ཆེ་བ་ཡིན། དེ་ལྟར་བྱས་ན་ཕ་མ་གཉིས་ཀྱི་བར་ནས་ཡ་རབས་སྤྱོད་བཟང་གི་ཕྱོགས་སུ་ཁ་མིག་ཡར་ལྟ་བྱེད་ཐུབ་པའི་བུ་ཕྲུག་ཅིག་གསོ་སྐྱོང་བྱེད་ཐུབ། བྱིས་པ་ནི་ཆེས་ཡིད་ཆེས་སླ་བའི་སེམས་ཁམས་དྲང་མོ་ཅན་ཞིག་ཡིན་པ་ལྟར་།ཕ་མས་བུ་ཕྲུག་གི་ཁོར་ཡུག་ནས་ཀུ་རེ་དང་རྩེད་མོའི་ཚུལ་དུའང་བུ་ཕྲུག་གི་སེམས་ཁམས་སུ་ཕོག་ཐུག་གཏོང་བའི་ངག་འཆལ་གྱི་རིགས་བཤད་མི་ཉན། དཔེར་ན་བྱིས་སྒྲུང་གླིང་གི་སློབ་གསོའི་རྐང་འཛིན་པ་ཁྲོ་ཆུའི་དོན་འགྲུབ་ལགས་ཀྱིས་ཉིན་ཞིག་བུ་ཕྲུག་གཉིས་ཀྱི་ཁོར་ཡུག་ནས་ཕ་ཡུལ་གྱི་གྲྭ་བ་ཞིག་ལ་ཁ་པར་ནང་དུ་ཀུ་རེ་རྩེས་ཏེ་ངས་གྲྭ་བ་བྱེད་ཀྱི་ཡིན་ཞེས་བཤད་པར། དེ་མ་ཐག་ལོ་དྲུག་ཅན་གྱི་བསམ་གཏན་རྡོ་རྗེའི་ངོ་མདོག་འགྱུར་ཏེ་དོན་འགྲུབ་ལ། ཨ་ཕ། ཁྱེད་ཀྱིས་གྲྭ་བ་བྱེད་མི་ཉན། ཁྱེད་ངའི་ཨ་ཕ་རེད། གལ་སྲིད་ཁྱེད་ཀྱིས་གྲྭ་བ་བྱས་པ་ཡིན་ན་ང་དང་མེ་ཏོག་གཉིས་ལ་སུ་ཞིག་གིས་བདག་སྐྱོང་དགོས་རེད་ཅེས་ནན་ཏན་གྱིས་བཤད་སོང་ཟེར། གནས་ཚུལ་འདིས་བྱིས་པ་ནི་ཡིད་ཆེས་སླ་བའི་སེམས་ཁམས་དྲང་མོ་ཅན་ཞིག་ཡིན་པ་གསལ་བཤད་བྱེད་ཐུབ་པར་སྙམ། སྐུ་ཞབས་གསོན་པོ་ལགས་ཀྱིས་བརྩམས་པའི་སློབ་གསོའི་ལྡེ་མིག་གི་དཔེ་ཆའི་ནང་དུ ། བྱིས་པ་ནི་འཇིག་རྟེན་ཁམས་འདིར་གསར་ཡོང་གི་མགྲོན་པོ་ཞིག་རེད་ཅེས་གསུངས་པ་ལྟར། བྱིས་པ་འཇིག་རྟེན་དུ་ཐོན་དུས་འཇིག་རྟེན་གྱི་བྱ་དངོས་ཐམས་ཅད་གསར་བ་ཡིན་པ་དང་། འཇིག་རྟེན་ཁམས་ལ་ཆ་རྒྱུས་མེད་པའི་མགྲོན་པོ་གསར་བ་ཞིག་ཡིན་པ་རེད། དེ་ན་འཇིག་རྟེན་ཁམས་འདིར་འཚོ་བ་སྐྱེལ་ཐབས་ལ་ཕན་པའི་ཀུན་སྤྱོད་དང་འཇོན་ནུས་ལ་སོགས་པའི་མཐུན་རྐྱེན་ཆ་ཚང་བ་ཞིག་བསྐྲུན་དགོས་པ་ནི་ཕ་མའི་འོས་འགན་ཡིན། བོད་པའི་གཏམ་དཔེ་ལ་ཕ་མ་བཟང་པོའི་བུ་ཕྲུག དགེ་རྒན་བཟང་པོའི་དགེ་ཕྲུག་ཅེས་བཤད་སྲོལ་ཡོད། ཕ་མས་བྱིས་པའི་རྒྱུད་ལ་མི་གཞི་ཡག་པོ་དང་མི་གཤིས་བཟང་པོ་ཞིག་བསྐྲུན་ཐབས་ཡག་ཤོས་དེ་ནི་ཕ་མའི་ཉི་མ་རེ་རེའི་ལུས་ངག་གི་ཀུན་སྤྱོད་ལ་ཐུག་ཡོད། དེ་ལྟར་ན་རང་ཉིད་ཀྱི་ཀུན་སྤྱོད་ལ་དག་ཐེར་བྱས་ཏེ་སྙིགས་དོར་བཅུད་ལེན་བྱེད་པ་དང་བུ་ཕྲུག་འཚར་ལོངས་བྱེད་སའི་ཁོར་ཡུག་ནས་དུས་རྒྱུན་དུ་ཞི་འཇམ་བག་ཡོད་ཀྱི་འཚོ་ལ་རོལ་དགོས་སོ།།

བོད་ཀྱི་བུད་མེད་རྩོམ་པ་པོ་འོད་ཟེར་མཚོ་ལགས་ཀྱིས་བསྒྱུར་ཞིང་ཐེ་ཝན་གྱི་དགེ་རྒན་ཆེན་པོ་ཧུང་ལན་གྱིས་མཛད་པའི་དཔེ་དེབ། ཁ་བྱང་ལ་བྱིས་པ་བཟང་བོ་སྐྱོང་བ་ལ། སྐྱེས་ཐོབ་མི་གཙོ་སྦྱོང་ཐོབ་གཙོ་ཞེས་པ་དེའི་ནང་དུ་གོས་ཡག་པོ་ཞིག་བཙེམ་པར་འཚེམ་བཟོ་བ་ཡག་པོ་ཞིག་དགོས་ཞེས་གསུངས་འདུག དེ་ལྟར་ན་བུ་ཕྲུག་ཡག་པོ་ཞིག་གསོ་སྐྱོང་བྱེད་པར་ཕ་མ་ཡག་པོ་ཞིག་ངེས་པར་དུ་དགོས་པ་ཡིན། རྒྱ་གར་གྱི་བདག་ཉིད་ཆེན་པོ་གན་རྡི་མཆོག་གིས་རང་ཉིད་ཀྱིས་མཐོང་འདོད་ཡོད་པའི་སྤྱི་ཚོགས་ཀྱི་འགྱུར་བ་དེ་རང་སྟེང་ནས་འགོ་འཛུགས་བྱེད་དགོས་ཞེས་གསུངས་ཡོད། ཆོས་ལ་དད་ཀྱང་ལས་འབྲས་བརྩི་བའི་བུ་ཕྲུག་ཅིག་སྐྱེད་སྲིང་བྱེད་འདོད་ན། ཕ་མ་རང་ཉིད་ཀྱིས་དད་མོས་ལ་གཙིགས་ཆེན་དང་ལས་འབྲས་བརྩི་དགོས་པ་ཡིན། ཕ་མ་ལ་ཆོས་སྒྲུབ་པའི་གོམས་གཤིས་ཡག་པོ་ཡོད་ན་ཆེད་དུ་འབད་བརྩོན་བྱེད་མི་དགོས་པར་ངང་ངམ་ཤུགས་ཀྱིས་བུ་ཕྲུག་གི་རྒྱུད་ལ་གོམས་གཤིས་དེ་འཇགས་ཐུབ། དེ་བཞིན་དུ་མི་གཞན་ལ་བརྩི་བཀུར་དང་མཐོང་ཆེན། དྲང་བདེན་དང་འདྲ་མཉམ། བསམ་ཤེས་དང་བཟོད་སྒོམ་ལ་སོགས་པའི་གོམས་གཤིས་བཟང་པོ་རྒྱུད་ལ་འཇགས་པའི་ཕ་མ་ཞིག་ཡིན་ན། བུ་ཕྲུག་ལ་དེ་ལུགས་ཀྱི་སློབ་གསོ་ཐེབས་ཏེ་གཞན་ལ་མཐོང་ཆུང་དང་དམའ་འབེབས། འཕྱ་དམོད་དང་ཟུར་ཟ་ལ་སོགས་པའི་གཤིས་ཀ་ངན་པ་ཡོད་མི་སྲིད། ནུབ་ཕྱོགས་པ་ཚོས་ཕན་པའི་བྱ་བ་དེ་རང་ཁྱིམ་ནས་འགོ་འཛུགས་དགོས་ཞེས་བཤད་ཀྱི་ཡོད་པ་མ་ཟད། བཟའ་ཚང་ཕན་ཚུན་གྱི་ནུས་པ་གོང་སྤེལ་དུ་གཏོང་རེས་བྱེད་ཀྱི་ཡོད། དེ་ནས་ཁྱིམ་ཚང་མཉམ་སྐྱོང་གི་གོམས་སྲོལ་ཁྲོད་དུ་བུ་ཕྲུག་དཀྱིལ་སྙིང་དུ་འཇོག་

སྲོལ་ཡོད། དེས་ན་ང་ཚོ་བོད་པའི་ཕ་མ་ཚོས་ཀྱང་ཁོང་ཚོར་མིག་ལྟོས་བྱས་ཏེ་ཁྱིམ་དོན་མཉམ་ལས་དང་བུ་ཕྲུག་གསོ་སྐྱོང་གི་བྱ་བ་དཀྱིལ་སྙིང་དུ་འཛིན་ཐུབ་ན་དགེ་མཚན་ཡོད་པར་སྙམ། དེ་བཞིན་དུ་ཉམས་མྱོང་གིས་ཕྱུག་པའི་ཕ་མ་ཚོས་དང་པོར་རང་གི་ཁྱིམ་ཚང་གི་འཚོ་བརྟེན་ཆེད་ལས་དཔལ་འབྱོར་གྱི་ཐོན་ཁུངས་བརྟན་པོ་བཟོ་དགོས་ཚུལ་དང་། ཁྱིམ་ཚང་གི་འཚོ་གནས་བརྟན་པོ་གྱུར་བའི་སྐབས་སུ་གཞན་དོན་གྱི་བྱ་བ་སོགས་ལ་འཇུག་སླ་བའི་རྒྱུ་མཚན་བཤད་ཀྱི་ཡོད། དེ་བཞིན་དུ་ལས་ལ་བརྩོན་པར་དགའ་ཞིང་ཤེས་རབ་ཅན་གྱི་བུ་ཕྲུག་ཞིག་གསོ་སྐྱོང་བྱེད་འདོད་པའི་ཕ་མ་ཚོས་སྨྲ་བ་ཉུང་ཞིང་དཔེ་སྟོན་མང་བའི་སློབ་གསོའི་བྱེད་ཐབས་ལག་བསྟར་བྱས་ཏེ་བྱིས་པ་སྐྱོང་དགོས་པ་ཡིན། ཨ་རིའི་སྨྲ་ལྕེའི་བཅོས་ཐབས་པ་ཁེམ་རྦིར་ལིེས་(Kimberly Scanlon) ཞུ་བ་ཁོང་གིས་སྤྲོ་སེམས་ཀྱིས་ཁེངས་པའི་ཕ་མ་ཞིག་གིས་སྤྲོ་སྣང་ཅན་གྱི་བྱིས་པ་ཞིག་གསོ་སྐྱོང་བྱེད་ཐུབ་པ་ཡིན་པས། ཕ་མ་ལ་བཟང་གཤིས་དགོས་ཞེས་གསུངས་ཡོད། དེ་ན་བུ་ཕྲུག་གསོ་སྐྱོང་གི་བརྒྱུད་རིམ་ཁྲོད་དུ་བུ་ཕྲུག་གི་རང་གཤིས་ལ་བརྩི་བཀུར་དང་དགའ་ཕྱོགས་ལ་མཐུན་རྐྱེན་བསྐྲུན་དགོས་པ་ཡིན། དེ་ལྟར་བྱེད་ཐུབ་པ་ཡིན་ན་བུ་ཕྲུག་གི་སེམས་ཁམས་ལ་སྤྲོ་སྣང་སྐྱེ་ཞིང་། སྤྲོ་སྣང་གིས་མཚར་སྣང་འདྲེན། མཚར་སྣང་གི་འཆར་སྣང་འདྲེན། འཆར་སྣང་གི་ཁྲོད་དུ་གསར་གཏོད་ཀྱི་བསམ་བློ་སྣ་ཚོགས་སྐྱེ་ཞིང་མདུན་སྐྱོད་བྱེད་ཐུབ་པ་ཡིན། ལྷག་པར་དུ་བུ་ཕྲུག་ཡ་རབས་ཚུལ་ལྡན་ཞིག་བསྐྱེད་སྲིང་བྱེད་བསམ་པའི་ཕ་མ་ཞིག་ཡིན་ན།རང་ཉིད་ཀྱི་ཀུན་སྤྱོད་ལ་ཚོད་འཛིན་བྱས་ཏེ་རང་གི་མི་གཤིས་ཇེ་ལེགས་དུ་གཏོང་ཐབས་ལ་འབད་དགོས་པ་ཡིན། ཨ་རིའི་བྱིས་སྐྱོང་སློབ་གསོ་བ་དང་རྩོམ་པ་པོ་རི་བྷིར་ཀྲི་ཧྥོལ་གྷམ་(Robert Fulghum) མཆོག་གིས་བྱིས་པས་ཁྱེད་ཀྱི་ཁ་ལ་མི་ཉན་པར་སེམས་ཁྲལ་མ་བྱེད།བྱིས་པས་ཁྱེད་ལ་རྟག་ཏུ་བལྟས་བསྡད་ཡོད་པས་དེ་ལ་ཡིད་གཟབ་བྱེད་དགོས་ཞེས་གསུངས་ཡོད།

གཞན་ལ་ལྟ་བའི་མིག་ཡོད་ན། རང་ཉིད་མཐོང་བའི་མེ་ལོང་དགོས་ཞེས་པ་ལྟར་ཕ་མ་ཚོས་དང་པོ་རང་ཉིད་ལ་རྒྱུས་ལོན་ཡག་པོ་ཞིག་བྱས་ཏེ་རང་ཉིད་ལ་ཕ་མ་ཚད་ལྡན་ཞིག་གི་མཚན་ཉིད་ཚང་མིན་ལྟ་དགོས། རང་ཉིད་ལ་ཕ་མ་ཚད་ལྡན་ཞིག་གི་མཚན་ཉིད་ཚང་བ་ཡིན་ན། བུ་ཕྲུག་ཚད་ལྡན་ཞིག་གསོ་སྐྱོང་བྱེད་པར་དཀའ་ཁག་མེད། གལ་སྲིད་རང་ཉིད་ལ་ཕ་མ་ཚད་ལྡན་ཞིག་གི་མཚན་ཉིད་མི་ལྡན་ན། ཕ་མ་ཚད་ལྡན་ཞིག་བྱེད་འདུན་གྱིི་སྙིང་སྟོབས་ཡོད་མིན་ལ་བསམ་གཞིགས་བྱེད་དགོས། རང་ཉིད་ལ་ཕ་མ་ཚད་ལྡན་ཞིག་བྱེད་འདོད་ཡོད་ཀྱང་རང་གི་ཞན་ཆ་བསྒྱུར་བཅོས་གཏོང་བའི་སྙིང་སྟོབས་མེད་པ་ཡིན་ན། བུ་ཕྲུག་ཚད་ལྡན་ཞིག་གསོ་སྐྱོང་བྱེད་རྒྱུ་ཧ་ཅང་དཀའ། ནུབ་ཕྱོགས་པ་ཚོས་བྱིས་པ་སྐྱོང་ཐབས་ཡག་ཤོས་དེ་ཕ་མས་རང་ཉིད་ལ་ཚོད་འཛིན་བྱེད་པ་ནས་འགོ་བཙུགས་ཏེ་བུ་ཕྲུག་ལ་ཚོད་འཛིན་བྱེད་མཚམས་འཇོག་རྒྱུ་དེ་རེད་ཅེས་བཤད་སྲོལ་ཡོད། དེ་ལྟར་ན་ང་ཚོ་བོད་ཀྱི་ཕ་མ་ཚོས་བུ་ཕྲུག་ཚད་ལྡན་རེ་གསོ་སྐྱོང་བྱེད་འདོད་ན། རང་དབང་དང་འདྲ་མཉམ་ཡོད་པའི་ཁྱིམ་ཚང་སྐྱིད་པོ་ཞིག་གསར་བསྐྲུན་བྱེད་དགོས་ཤིང་། རྩེད་མོ་དང་དགོད་སྒྲའི་ཁྲོད་དུ་སྐྱིད་སྡུག་མཉམ་མྱོང་གི་འཚོ་བ་བག་ལྷོད་པོ་ཞིག་བསྐྱལ་ཏེ་བུ་ཕྲུག་ལ་རང་དཔེ་བུ་སྟོན་བྱེད་དགོས། ཁ་བཤད་ཆུ་ཡི་ཝུ་བ། ལག་ལེན་གསེར་གྱི་ཐིགས་པ་ཞེས་པ་ལྟར། ཕ་མས་བུ་ཕྲུག་ལ་དཔེ་སྟོན་མང་བའི་སློབ་གསོ་སྤྲོད་དགོས་པ་གལ་ཆེ། དཔེར་ན་ཡུལ་སྲོལ་གོམས་གཤིས་དང་སྐད་ཡིག་རིག་གནས་ལ་སོགས་པའི་མི་རིགས་ཀྱི་ཁྱད་ཆོས་རྣམས་རྒྱུན་འཛིན་བྱེད་པའི་ལས་དོན་གལ་ཆེན་དུ་འཛིན་པའི་ཕ་མ་ཞིག་ཡིན་ན། ལག་ལེན་དངོས་ཀྱི་ཁྲོད་ནས་རང་དཔེ་བུ་སྟོན་བྱེད་དགོས་པ་ཡིན། ལྷག་པར་དུ་ཕ་མ་ཚོས་ཤེས་དགོས་པའི་གནད་དོན་ཞིག་ནི། བྱིས་པ་ཚོར་སློབ་གསོ་སྤྲོད་སྟངས་དང་ལམ་སྟོན་བྱེད་སྟངས་ཀྱི་ཐད་ལ་ཁྱད་པར་ཤོར་བ་ཡིན་ན། བྱིས་པ་ཚོའི་མ་འོངས་པའི་འཚོ་བའི་ཁྲོད་དུ་ལས་དབང་བཟང་ངན་གྱི་ཁྱད་པར་ཤོར་འགྲོ་བ་ཡིན་པས། རང་དཔེ་བུ་སྟོན་གྱི་གོམས་གཤིས་ཁྲོད་དུ་བུ་ཕྲུག་སྐྱེད་སྲིང་ཡག་པོ་བྱེད་དགོས་སོ།།

མདོར་ན་ཉམས་མྱོང་ནི་ཤེས་ཡོན་གྱི་འབྱུང་ཁུངས་ཡིན། ཤེས་ཡོན་ནི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན་ཞེས་མཁས་པ་ཚོས་སྡོམ་ཚིག་བརྒྱབ་པ་ལ་ཕ་མ་ཚོས་བསམ་གཞིགས་བྱས་ཏེ། བརྡ་འཕྲིན་གྱི་ཆ་རྐྱེན་ཡག་པོ་དེ་རང་གི་ཁྱིམ་ཚང་དང་སྤྱི་ཚོགས་ཡར་རྒྱས་གཏོང་ཐབས་ཀྱི་སྐོར་ལ་བགྲོ་གླེང་བྱེད་ས་རུ་ངོས་བཟུང་སྟེ་བཀོད་སྤྱོད་བྱེད་ཐུབ་ན་ཕན་ཐོགས་ཆེན་པོ་ཡོད་པར་སེམས། ཁྱད་པར་དུ་མང་ཚོགས་ཀྱིས་མིག་ལྟོས་བྱེད་སའི་མི་སྣ་ཚོས་རང་ཉིད་ཀྱི་བུ་རབས་ཚ་རྒྱུད་ཀྱི་མཚན་མཐོང་དང་ལ་རྒྱའི་ཆེད་དུ་རང་དཔེ་གཞན་སྟོན་གྱི་ལམ་ནས་བུ་ཕྲུག་གི་སེམས་ཁམས་སུ་བོད་ཡིག་བོད་སྐད་ལ་སོགས་པའི་རྨང་གཞི་བརྟན་པོ་ཞིག་འཇོག་པའི་ལམ་དུ་སྐྱོད་དགོས། ཚན་རིག་པ་གྲགས་ཆེན་ཨལ་བྷུར་ཊི་ཨ་ཡེན་སུ་ཐན་(Albert Einstein) མཆོག་གིས་འཇིག་རྟེན་ནི་ཉེན་ཁ་ཅན་གྱི་འཚོ་གནས་བྱེད་ས་ཞིག་རེད། དེ་ནི་མི་རྣམས་གདུག་པ་ཅན་ཡིན་པས་མ་ཡིན་པར། མི་རྣམས་ཀྱིས་ཉེན་ཁ་དེར་ཅི་མི་སྙམ་པར་སྡོད་པའི་རྒྱུ་མཚན་ཀྱིས་རེད་ཅེས་གསུངས་ཡོད། དེས་ན་ང་ཚོ་བོད་པའི་ཕ་མ་ཚོས་མི་རིགས་གཞན་འགྱུར་གྱི་གནད་དོན་དེར་་ཅི་མི་སྙམ་པར་མི་སྡོད་པར། རང་དཔེ་བུ་སྟོན་གྱི་ལམ་ནས་བོད་མི་རིགས་ཀྱི་ཁྱད་ཆོས་རྣམས་བུ་ཕྲུག་གི་རྒྱུད་ལ་རྡོ་ལ་རི་མོ་བྲིས་པ་ལྟར་བཞག་སྟེ་མི་རིགས་འཚོ་གནས་ཀྱི་ལས་དོན་ལ་འགན་འཁུར་དགོས་པར་སེམས་སོ།།

སྣ་ཚོགས།

Post navigation

Previous Post: ཇ་ལོ་དམར་པོ།
Next Post: བཀྲ་ཤིས་གཏམ་བཟང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme