Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་ཉིད་ལ་མཛུབ་མོ་བཙུགས་ནས་སྐད་ཆ་ཞིག་ཤོད་དང།

Posted on 2010-11-132010-11-13 By ཁ་བརྡ་ 11 Comments on རང་ཉིད་ལ་མཛུབ་མོ་བཙུགས་ནས་སྐད་ཆ་ཞིག་ཤོད་དང།

འབྲོང་བུ་ཟླ་བ་ཚེ་རིང་ནས།

ཁྱེད་ཀྱིས་བོད་ཡིག་ཤེས་སམ། ཁྱེད་ཀྱིས་བོད་སྐད་ཤེས་སམ། ཁྱེད་ཀྱིས་རང་སྐྱོན་རང་གིས་ངོས་ལེན་བྱེད་ཐུབ་བམ། ཁྱེད་ཀྱིས་རང་ཉིད་ནས་འགོ་བཙུགས་ཏེ་འབྱུང་བར་འགྱུར་བའི་ཉི་མ་རེ་རེའི་ནང་དུ་རང་ཉིད་ཀྱི་མི་ཚེ་ལ་བོད་པའི་གཤིས་ལུགས་དང་མཐུན་པའི་དོན་སྙིང་ཞིག་སྣོན་ཐུབ་བམ། རང་ཉིད་ལ་མཛུབ་མོ་བཙུགས་ནས་སྐད་ཆ་ཞིག་ཤོད་དང། བརྩེ་ལྡན་གྱི་གདོང་དམར་བོད་པ་ཚོ།

ངས་ཐོག་མར་གླེང་བར་འདོད་པ་ནི་བོད་པའི་གཤིས་ལུགས་ལ་ཡོང་དཀོན་པའི་སུན་འབྱིན་གྱི་རང་གཤིས་དང་རང་མཚང་ངོས་ལེན་གྱི་རང་གཤིས་འདི་གཉིས་ཡིན། ཚུལ་ལྡན་གྱི་སུན་འབྱིན་དང་དེ་བསྟུན་གྱིས་རང་མཚང་ངོས་ལེན་བྱེད་པ་ནི་ཡར་རྒྱས་ལ་ཕྱོགས་པའི་ཆེས་ཐོག་མའི་སྒོ་མོ་དེ་རེད། གཞན་སྐྱོན་སུན་འབྱིན་པའི་སྐབས་སུ་ཡང་ཀུན་སློང་ཡག་པོ་ཞིག་གིས་སྐུལ་དགོས་པ་སྨོས་མེད་ཡིན་མོད་། ཡིག་ཐོག་ཏུ་འབྲི་པའི་སྐབས་སུ་གཞན་ལ་ཕན་པར་བསམ་པའི་རེ་བ་ཉག་གཅིག་ཡིན་ན་དེ་བསྟུན་གྱིས་འབྲི་ཚུལ་ཞིག་སྤྱོད་དགོས་པ་རེད། ༼འདི་ནི་དེང་དུས་དྲ་ཐོག་ན་དོན་མེད་རྩོད་གླེང་བྱེད་བཞིན་ཡོད་པའི་གནད་དེའི་མི་འདང་བའི་ཀུན་སྤྱོད་དང་འབྲི་ཐབས་ཀྱི་ཆ་དེ་རེད།༽ ང་ཚོས་ཤེས་དགོས་པ་ནི་སུན་འབྱིན་པ་འདིས་ང་ཚོ་མདུན་དུ་བསྐྱོད་སའི་སྒོ་མོ་ཆེ་རུ་ཕྱེས་བཞིན་ཡོད་པ་འདི་རེད། གནད་འགག་གཞན་དེ་ནི་ནོར་འཁྲུལ་བཟོ་མཁན་དེའི་རང་སྐྱོན་ངོས་ལེན་བྱེད་པའི་བསམ་རྒྱ་ལ་རེག་ལས་ཞིག་རེད། ནོར་འཁྲུལ་བཟོ་མཁན་ནམ་འཐུས་ཤོར་དུ་གཏོང་མཁན་དེར་གུ་ཡངས་པའི་བསམ་བློ་ཞིག་དགོས་པ་རེད་ལ། ཡག་ཕྱོགས་ལ་བལྟ་བའི་བློ་མིག་ཅིག་ཀྱང་དགོས་པ་རེད། འདི་ནི་དཀྱེལ་ཡངས་ཀྱི་བསམ་བློའི་འཁོར་རྒྱ་དེ་རེད། དཀྱེལ་ཡངས་ཀྱི་བསམ་བློའི་འཁོར་རྒྱ་འདི་ནི་ཡང་དག་པའི་འདུ་ཤེས་ཤིག་དང་རྒྱུ་མཚན་ལ་ཕྱོགས་པའི་བློ་མིག་ལ་བརྟེན་ནས་འབྱུང་གི་ཡོད། གནད་དོན་འདི་གཉིས་གཞི་ལ་བཞག་པའི་ཐོག་ནས་ངས་བཙན་བྱོལ་སྤྱི་ཚོགས་ཀྱི་བོད་པའི་སྐད་ཡིག་གི་གནས་བབ་ལ་མིག་བལྟ་ཞིག་བྱེད་རྒྱུ་ཡིན།

སྐད་ཡིག་རང་དབང་དང་སྐད་ཡིག་བདག་དབང་གི་ང་རོ་མདོ་ཁམས་སྨད་ནས་མཆེད་ཡོང་དུས། བཙན་བྱོལ་བ་ང་ཚོས་ཀྱང་འུར་འུར་ཚ་ཚ་ཡི་སྒོ་ནས་སྐད་ཡིག་གི་རིན་ཐང་དང་གལ་གནད། བེད་སྤྱོད་དང་གཅེས་འཛིན་བཅས་ཀྱི་ཐད་ལ་སྐད་ཆ་སྣ་མིན་བཤད་ཅིང། མཐའ་མའི་འབབ་ས་ནི་ལོ་ངོ་ལྔ་བཅུའི་རིང་ལ་བཙན་བྱོལ་སྤྱི་ཚོགས་སུ་བོད་ཡིག་གི་ཐད་ནས་འཐུས་ཤོར་ལ་བཏང་བའི་རྒྱུ་རྐྱེན་འཚོལ་བ་དང་། འཐུས་ཤོར་གྱི་ལམ་ནས་བུད་དེ་ཡར་རྒྱས་ལ་ཕྱོགས་པའི་ལམ་བུ་འཚོལ་བའིི་འགུལ་སྐྱོད་འདི་རེད། འཐུས་ཤོར་ལ་ཕྱིན་པའི་རྒྱུ་རྐྱེན་གལ་ཆེན་ཁག་ཅིག་ནི་དགེ་རྒན་དང་ཀློག་དེབ། ཕ་མ་དང་སློབ་ཕྲུག བེད་སྤྱོད་ཀྱི་ཁོར་ཡུག་བཅས་ཡིན་པར་ཕལ་ཆེ་བས་བརྗོད། འདི་ནི་དངོས་ཡོད་རེད་ལ། རྒྱུ་རྐྱེན་འདི་དག་ལ་བརྟེན་ནས་འཛིན་རིམ་བཅུ་གཉིས་ཐོན་མཁན་གྱི་གྲས་སུ་ཡང་སྙན་ཞུ་ཆ་ཚང་ཞིག་འབྲི་མི་ཐུབ་པའི་སློབ་ཕྲུག་བརྒྱ་ཕྲག་སྟོང་ཕྲག་ལྷག་ད་ལྟའི་དབར་དུ་བྱུང་མྱོང་ཡོད་པ་རེད་ལ། ད་དུང་རང་སྐྱོན་རང་གིས་ངོས་ལེན་མ་བྱས་པར་འདི་ལྟར་མདུན་དུ་སོང་ན་འདི་ལྟ་བའི་སློབ་ཕྲུག་མུ་མཐུད་དུ་ཐོན་ངེས་རེད། ང་ཚོས་ཤེས་དགོས་པ་ནི་རྒྱལ་ཁབ་དང་སྤྱི་ཚོགས། སློབ་གྲྭ་དང་ཁྱིམ་ཚང་གང་ལ་བལྟས་ནས་བཤད་དགོས་ན་ཡང་མཐའ་མར་འབབ་ས་དེ་མི་སྒེར་གྱི་སྟེང་ནས་གླེང་ཡོང་གི་ཡོད་དུས། མི་སྒེར་གྱི་འདུ་ཤེས་ཀྱི་སྟེང་ནས་སྐད་ཆ་ཞིག་བཤད་ལ་མི་སྒེར་གྱི་སྟེང་ནས་ཞིབ་འཇུག་ཅིག་བྱེད།

ང་ཚོས་དགེ་རྒན་ཚོ་འཐུས་ཤོར་གྱི་རྒྱུ་རྐྱེན་གཙོ་བོར་བགྲང་དུས་དགེ་རྒན་ཚང་མ་ཡག་པོ་མེད་པར་བརྗོད་ཀྱིན་མེད། འོན་ཀྱང་བོད་ཡིག་གི་དགེ་རྒན་ཕལ་ཆེ་བའི་བོད་ཡིག་གི་ཆུ་ཚད་ཡག་པོ་མེད་པ་མངོན་སུམ་རེད་ལ་དགེ་རྒན་དེ་དག་གིས་མི་རིགས་ཀྱི་འདུ་ཤེས་ཤིག་ཡོད་པའི་ཐོག་ནས་སློབ་ཕྲུག་བསྐྱེད་བསྲིངས་བྱེད་བཞིན་མེད་པ་ཡང་མངོན་སུམ་རེད། གལ་ཏེ་དགེ་རྒན་དེ་དག་གིས་མི་རིགས་ཀྱི་འདུ་ཤེས་ཤིག་དང་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་སློབ་ཁྲིད་བྱེད་བཞིན་ཡོད་ན་ལོ་ངོ་བཅུ་གཉིས་ཀྱི་རིང་ལ་སློབ་གྲྭར་འགྲིམས་ཤིང་བདུན་ཕྲག་རེ་རེའི་ནང་དུ་ཆུ་ཚོད་ལྔ་ནས་དྲུག་ལ་བོད་ཡིག་སྦྱངས་པའི་སློབ་ཕྲུག་ཅིག་གིས་སྙན་ཞུ་ཞིག་འབྲི་མི་ཐུབ་པ་འདི་ཅི་ཞིག་གི་རྐྱེན་གྱིས་རེད་དམ། འདི་ནི་དགེ་རྒན་ཕལ་ཆེ་བར་ཆུ་ཚད་ཞན་ཐོག་སློབ་ཁྲིད་ཀྱི་འཆར་གཞི་ཡག་པོ་མེད་པས་རེད། དཔེ་མཚོན་ཞིག་ཞུ་ན། ང་རང་སུ་ཇ་སློབ་གྲྭའི་གོ་སྐབས་འཛིན་གྲྭ་གཉིས་པར་ཡོད་པའི་སྐབས་སུ་བོད་ཡིག་གི་དགེ་རྒན་ཞིག་གིས་རྣམ་དབྱེ་གཉིས་བཞི་གཉིས་ཀྱི་དོགས་འདྲི་ལ་ལན་འདེབས་མ་ཐུབ་པར། མཐའ་མ་ངུ་དངངས་ཀྱིས་འཛིན་ཁང་གི་ཕྱི་རུ་རྒྱུགས་ཤིང་དེའི་རྗེས་སུ་དགེ་རྒན་གཞན་ཞིག་གིས་ལོ་མཇུག་དབར་དུ་སློབ་ཁྲིད་བྱས་པ་དེ་རེད། ད་དུང་སློབ་ཚན་ཞིག་ཀློག་ཐུབ་ཙམ་གྱིས་ཀློག་ཅིང་འགྲེལ་བཤད་རྒྱག་ཐུབ་ཙམ་གྱིས་འགྲེལ་བཤད་རྒྱག་མཁན་གྱི་དགེ་རྒན་ཡང་ཡོད། རྡ་སྟེང་བོད་ཁྱིམ་དུ་ཡོད་སྐབས་སུ་དགེ་རྒན་གྱིས་གོ་བ་མ་ལོན་པར་ང་ལ་དུམ་མཚམས་དེས་ནང་དོན་ཅི་ཞིག་བརྗོད་བཞིན་འདུག་ཅེས་ཐེངས་འགར་དྲིས་མྱོང། འདི་དག་ནི་དགེ་རྒན་གྱི་ཆུ་ཚད་ཞན་པའི་རྐྱེན་གྱིས་རེད། ཚང་མས་མཁྱེན་དགོས་པ་ནི་ངས་དགེ་རྒན་ཚང་མར་ལབ་རྡུང་བྱེད་བཞིན་མེད་དེ། རང་ཉིད་སློབ་སྦྱོང་གི་འཚོ་བའི་ཁྲོད་ནས་མཚན་ལྡན་གྱི་དགེ་རྒན་བཀའ་དྲིན་ཅན་མང་པོ་དང་འཕྲད་མྱོང། དགེ་རྒན་གྱི་ཡོན་ཚད་ཞན་པོ་ཡོད་པ་དང་སློབ་ཁྲིད་ཀྱི་སྤུས་ཀ་ཞན་པའི་ཐད་གཙོ་བོར་བཟུང་ནས་རང་ཉིད་སུ་ཇ་སློབ་གྲྭ་ནས་འཛིན་རིམ་བཅུ་པ་ཐོན་སྐབས་སློབ་སྤྱི་མཆོག་ལ་དགེ་རྒན་མཆོག་དམན་གྱི་དབྱེ་མཚམས་ཡོད་པའི་སྲིད་བྱུས་ཞིག་དགོས་པའི་སྙན་ཞུ་དོན་ཚན་བདུན་ཡོད་པ་ཞིག་ཕུལ། སྙན་ཞུ་དེའི་ནང་དུ་ཉི་མ་འཁྱོལ་ཐབས་བྱེད་ཅིང་ཡོན་ཚད་དམན་པའི་དགེ་རྒན་དག་གི་མིང་དངོས་སུ་བཏོན་ནས་ཁོང་ཚོར་འཛིན་སྐྱོང་ནས་སྟངས་འཛིན་དགོས་པའི་རེ་བ་དང། ཡོན་ཚད་མཐོ་ཞིང་ལྷག་བསམ་གྱིས་ཕྱུག་པའི་དགེ་རྒན་དག་ལ་ཆེ་བསྟོད་དང་མིག་དཔེ་བལྟ་དགོས་པའི་རེ་སྐུལ་ཡང་ཞུས་ཡོད།

རྡ་སྟེང་བོད་ཁྱིམ་དུ་ཡོད་སྐབས་སུ། རྡ་སྟེང་བོད་ཁྱིམ་སློབ་གྲྭའི་འཛིན་སྐྱོང་མི་སྣ་དང་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་གི་འཛིན་སྐྱོང་མི་སྣ་དང་ལྷན་དུ་བོད་ཡིག་དགེ་རྒན་གྱི་ཆུ་ཚད་ཞན་པོ་ཡོད་པའི་ཐད་དང། འབྱུང་འགྱུར་ལ་མིག་གིས་བལྟས་ནས་ལོ་ངོ་བཞིའམ་ལྔ་ཡི་ནང་ཚུད་དུ་བོད་ཡིག་གི་དགེ་རྒན་སྤུས་དག་ཡོང་བའི་ཆེད་དུ་བོད་ཀྱི་མཐོ་རིམ་སློབ་གྲྭ་ཁག་ལ་དེ་དུས་ནས་འབྲེལ་བ་བཟོ་དགོས་པ་དང་། སློབ་ཕྲུག་ཡག་པོ་བསྐྱེད་བསྲིངས་བྱེད་ཆེད་ལོ་ན་མཐོ་ཞིང་ཆུ་ཚད་ཞན་པའི་དགེ་རྒན་དག་རྒན་ཡོལ་དུ་གཏོང་བའམ་ཁོང་ཚོར་ལས་ཀ་གཞན་ཞིག་སྤྲོད་དགོས་པའི་རེ་བ་ཡང་བཏོན་ཡོད། ༼འདི་ནི་བཀའ་དྲིན་བསམ་ཤེས་ཀྱི་འདུ་ཤེས་དེ་བེད་སྤྱོད་ལོག་པར་གཏོང་བའི་གཤིས་སྤྱོད་ལ་རྒོལ་བའི་ཆེད་དུ་ཡིན། དེ་ཡང་འཛིན་སྐྱོང་མི་སྣས་རྒན་རབས་པ་དག་གིས་ཉག་ཕྲ་བའི་དུས་ནས་སློབ་གྲྭའི་འཛུགས་བསྐྲུན་ལ་བྱས་རྗེས་བཞག་ཡོད་པས་བཀའ་དྲིན་བསམ་ཤེས་བྱེད་དགོས་ཞེས་སྙམ་བཞིན་ཡོད་པས་ཡིན། འོན་ཀྱང་བཀའ་དྲིན་བསམ་ཤེས་བྱེད་སྟངས་འདིས་འཐུས་ཤོར་ལ་གཏོང་བཞིན་ཡོད།༽ འདི་དག་ནི་དངོས་ཀྱི་གནས་ཚུལ་རེད། ངའི་དགེ་བའི་བཤེས་གཉེན་རྣམ་པ། གངས་ཅན་བོད་ཀྱི་བོད་ཡིག་གི་དགེ་རྒན་རྣམ་པ། མ་འོངས་བོད་ཀྱི་སོན་རྩ་བསྐྱེད་བསྲིངས་བྱེད་མཁན་གྱི་མུན་སེལ་གྱི་སྒྲོན་མེ་རྣམ་པ། བྱེས་འབྱོར་སློབ་ཕྲུག་ཚོའི་ཕ་མ་གཉིས་པ་རྣམ་པ། ཁྱེད་ཅག་གིས་རང་ཉིད་ལ་མཛུབ་མོ་བཙུགས་ནས་སྐད་ཆ་ཞིག་ཤོད་དང། རང་ཉིད་སོ་སོའི་ངོས་ནས་ཚད་ལྡན་གྱི་སློབ་བུ་ག་ཚོད་ཅིག་བསྐྱེད་བསྲིངས་བྱས་འདུག་གམ། རང་ཉིད་སོ་སོས་མིག་བཙུམ་དུས་སྤྲོ་བ་སྒོམ་ཆོག་པའི་བྱ་གཞག་གང་ཞིག་བྱས་འདུག་གམ། འབྱུང་འགྱུར་གྱི་འབྱུང་འགྱུར་ལ་འཇུག་པར་གྲ་སྒྲིག་ཅི་ཞིག་ཡོད་དམ། དངོས་ཡོད་ཀྱི་གྲུབ་འབྲས་རྒྱ་མར་བཅགས་ནས་སྐད་ཆ་རེ་ཤོད་དང། དཀྱེལ་ཡངས་ཀྱི་འདུ་ཤེས་ཤིག་ལ་བརྟེན་ནས་ནོར་འཁྲུལ་དེ་དག་གི་རྒྱུ་རྐྱེན་རེ་འཚོལ་དང།

ཀུན་གྱིས་བརྗོད་བཞིན་པའི་འཐུས་ཤོར་གྱི་རྒྱུ་རྐྱེན་གཉིས་པ་ནི་ཀློག་དེབ་ཀྱི་སྐོར་རེད། ཀློག་དེབ་ཀྱི་ནང་དོན་དག་མིའི་འཚར་ལོངས་ལ་བསྟུན་ནས་གོ་སྒྲིག་བྱས་མེད་ལ་བསམ་བློའི་འཁོར་ཕྱོགས་ལ་བསྟུན་ནས་དེ་བས་ཀྱང་བཀོད་སྒྲིག་བྱས་མེད། ང་རང་བོད་ནས་འཛིན་རིམ་བརྒྱད་པའི་བར་དུ་སློབ་གྲྭར་བསྐྱོད་སྐབས། སུམ་རྟགས་ཞེས་བ་གོ་མྱོང་བ་མ་གཏོགས་རིག་མྱོང་མེད། སློབ་སྐབས་གཅིག་གི་སློབ་ཚན་གྱི་ནང་དུ་ཕྲད་ཁ་ཤས་ལས་སྦྱངས་རྒྱུ་བཀོད་མི་འདུག དེ་བས་སྦྱངས་བདེ་ཞིང་ངེས་སླ་བ་ཞིག་ཀྱང་རེད། འོན་ཀྱང་བཙན་བྱོལ་དུ་སླེབས་རྗེས། གོ་སྐབས་འཛིན་གྲྭ་དང་པོ་དང་གཉིས་པའི་སྐབས་སུ་༼འཛིན་རིམ་དང་པོ་ནས་ལྔ་བའི་ཚད་དང་མཉམ་པ་ཡིན།༽སུམ་རྟགས་ཐེངས་གཅིག་རེར་སྦྱངས་ཤིང། དེ་ནས་འཛིན་རིམ་བཅུ་པའི་བར་དུ་སུམ་རྟགས་གཉིས་ཡང་བསྐྱར་ཐེངས་རེ་རེར་སྦྱངས། དེ་ནས་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་སྐབས་སུ་ཡང་སུམ་རྟགས་གཉིས་ཡང་བསྐྱར་ཐེངས་གཅིག་རེར་སྦྱངས། ཀློག་དེབ་གཞན་ཕལ་ཆེ་བ་ཆོས་འབྱུང་དང་ནང་ཆོས། སྙན་ངག ས་སྐྱ་ལེགས་བཤད། ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང། ལེགས་བཤད་བློ་གསར་མིག་འབྱེད། རྒྱལ་རབས་ལོ་རྒྱུས་སོགས་རེད། དེ་ཡང་དུམ་བུ་དུམ་བུ་བྱས་ནས་གློག་དེབ་གཅིག་ཏུ་ཚད་ལྡན་གྱི་བཀོད་ཡོད་ན་འགྲིག་པ་རེད། དེ་མིན་པར་སློབ་ཚན་འདི་དག་རྩ་ཆེ་མདོག་གིས་ལྗིད་ཏིག་གེར་བཀོད་སྒྲིག་བྱས་འདུག་པ་མ་གཏོགས། སློབ་ཕྲུག་ལ་བག་ཆགས་ཡག་པོ་ཞིག་འཇོག་ཐུབ་ཀྱི་མེད། ཀློག་དེབ་བཀོད་སྒྲིག་བྱེད་སྟངས་འདིས་སློབ་ཕྲུག་གི་སེམས་པར་བོད་ཡིག་ནི་སྦྱངས་ཁག་པོ་ཞིག་ཡིན་པའི་བབ་ཆགས་ངན་པ་ཞིག་བཞག་ཡོད་པས། སློབ་ཕྲུག་གི་བསམ་བློའི་སྨིན་ཚད་ལ་བལྟས་ན་ཀློག་དེབ་འདི་དག་ལྗིད་ཁོག་ཆེ་དྲགས་པ་རེད། སློབ་ཕྲུག་གིས་བློ་ཡིས་འཇུ་ཐུབ་ཀྱི་མེད་ལ་དགེ་རྒན་དག་གིས་ཀྱང་ཡག་པོ་ཞིག་ཁྲིད་ཐུབ་ཀྱི་མེད། འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་སྐབས་སུ། སུམ་རྟགས་གཉིས་དང། ཁ་ཆེ་ཕ་ལུའི་བསླབ་བྱ། སིངྒ་ལ་ཡི་ལོ་རྒྱུས། ས་སྐྱ་ལེགས་བཤད་ལས་རབ་བྱེད་དང་པོ་གཉིས་པ་གཉིས། གཏམ་པདྨའི་ཚལ་གྱི་ཟློས་གར། སྙན་ངག་ལས་དཔེ་རྒྱན་དང་གཟུགས་རྒྱན་གཉིས་སོགས་ཀློག་དེབ་གྲངས་ཀར་བརྩིས་ཆོག་པ་ཞིག་ཡོད་མོད། སློབ་ཕྲུག་ལ་བོད་ཡིག་གི་བག་ཆགས་་ཡག་པོ་ཞིག་འཇོག་མ་ཐུབ་པར་བསམ་པ་ཙམ་གྱིས་སྦྱངས་བར་དཀའ་བའི་འདུ་ཤེས་ཤིག་སྦྱིན་ཡོད་པ་རེད། དེའི་སྟབས་ཀྱིས་དགེ་རྒན་གྱིས་ཁྲིད་ཐབས་ཙམ་བྱེད་ལ། སློབ་ཕྲུག་གིས་ཀྱང་ཡིག་རྒྱུགས་ཀྱི་ཆེད་དུ་སྦྱངས་བ་ཙམ་ལས་ཡག་པོ་ཞིག་མི་སྦྱངས། འདི་ལྟར་འཛིན་རིམ་བཅུ་གཉིས་མཐར་ཕྱིན་རྗེས་སློབ་ཕྲུག་ཕལ་ཆེ་བ་བོད་ཡིག་སྦྱངས་བའི་དྲ་རྙི་ལས་ཐར་ཚར་བ་རེད། ང་ཚོས་བོད་ཡིག་གི་སློབ་ཚན་དག་དྲ་རྙི་ལྟ་བུ་ཞིག་ལ་བཀོད་སྒྲིག་བྱས་ན་འགྲིག་གི་མེད་དེ། སློབ་ཕྲུག་གི་འཚར་ལོངས་དང་མཐུན་ཞིང་སྦྱངས་འདོད་ཀྱི་འདུན་པ་སློང་ཐུབ་པའི་སློབ་ཚན་གྱི་ཁྲིད་གཞི་ཞིག་འབྲི་ཀློག་བཤད་ཉན་བཞིའི་རྩ་དོན་གཞི་ལ་བཞག་པའི་ཐོག་ནས་བཀོད་སྒྲིག་བྱེད་དགོས་པ་རེད། དེའི་སྟབས་ཀྱིས་ཀློག་དེབ་ཚད་ལྡན་ཞིག་བཀོད་སྒྲིག་བྱེད་པར་ཤེས་ཡོན་ཅན་གྱི་མཁས་པ་དག་གིས་མགོ་ཁྲིད་དགོས་པ་ཞིག་རེད་ལ། དེ་ཡང་ཚོད་ལྟའི་ཁྲོད་ནས་འཐུས་ཇེ་ཚང་ལ་གཏོང་དགོས་པ་ཞིག་ཀྱང་རེད། འདི་ནི་འཛིན་སྐྱོང་གི་ལས་དོན་ཞིག་ཡིན་ཕྱིར། ལོ་ངོ་ལྔ་བཅུའི་འགྱུར་འགྲོས་ལ་ཕྱིར་མིག་ཅིག་བལྟས་ནས་ཀློག་དེབ་འདི་དག་སྟབས་ཇེ་བདེ་དང་འཐུས་ཇེ་ཚང་དུ་གཏོང་དགོས་པར་འདུག ད་ལྟའི་ཀློག་དེབ་འདི་དག་བཀོད་སྒྲིག་བྱེད་མཁན་གྱི་མཁས་པ་རྣམ་པ། འཛིན་སྐྱོང་གི་ལས་སྣེ་པ་རྣམ་པ། ཀློག་དེབ་རེ་རེའི་ནང་དོན་གྱི་ཐད་ལ་མཛུབ་མོ་རེ་བཙུགས་ནས་དྲི་བ་རེ་དྲིས་དང། ཀློག་དེབ་འདི་དག་སྦྱངས་ནས་ཡོང་མཁན་གྱི་སློབ་ཕྲུག་དག་གི་ལྗིད་ཁོག་རེ་འཁྱོགས་དང། འགྲིག་འདུག་གམ། དོན་དངོས་སུ་བཤད་ན། བྱེས་འབྱོར་བ་ང་ཚོས་བོད་ནང་གི་བོད་ཡིག་ཀློག་དེབ་ཁག་མ་རྩར་བཞག་ནས་འཕྲི་སྣོན་ཅུང་ཙམ་རེ་བྱས་ཏེ་སློབ་ཁྲིད་བྱེད་ཐུབ་ན་ང་ཚོའི་ལ་རྒྱ་ཤོར་འགྲོ་རྒྱུ་མ་རེད།

འཐུས་ཤོར་གྱི་རྒྱུ་རྐྱེན་གསུམ་པ་ནི་ཕ་མ་རེད། ཕྲུ་གུས་སྐད་ཆ་ཅུང་ཙམ་རེ་བཤད་ཐུབ་དུས་ནས་༼Hello༽དང་༼ Bye bye༽ བསླབ། འདི་ད་དུང་གཟི་བརྗིད་ཅིག་ཏུ་བརྩིས། འཕྲུལ་ཆས་ཀྱི་དུས་རབས་ཤིག་ཏུ་འཚོ་བཞིན་ཡོད་པས་ཡོ་བྱེད་དག་ལ་བོད་མིང་ཡོད་མེད་ལ་མི་བལྟ་བར་དབྱིན་སྐད་དང་ཧིན་སྐད་ཀྱི་ལམ་ནས་མིང་འདོག འདི་ནི་བསམ་མེད་ཚོར་མེད་དུ་འཐུས་ཤོར་དུ་བཏང་བ་ཞིག་རེད། ད་དུང་ཁ་ཤས་ཀྱིས་བོད་སྐད་དང་བོད་ཡིག་སྦྱངས་ན་བྱབ་ཆུང་ཡིན་པ་དང་འབྱུང་འགྱུར་ལ་ལས་ཀ་མི་རེག་པར་བཤད། ཕྲུ་གུའི་སྐབས་ཅིག་མའི་འཚར་ལོངས་ཀྱི་ཁྲོད་དུ་བག་ཆགས་ཟབ་མོ་ཞིག་འཇོག་དགོས་པའི་ལས་དོན་འདི་ལ་ཕ་མ་དག་གིས་འཐུས་ཤོར་ལ་བཏང་ཡོད་པ་རེད། དྲིན་ཆེན་གྱི་ཕ་མ་དག་གིས་རང་ཉིད་ལ་མཛུབ་མོ་ཞིག་བཙུགས་ནས་དྲི་བ་རེ་དྲིས་དང། ཁྱེད་རང་བོད་པ་ཡིན་ནམ། ཁྱེད་ཀྱིས་བོད་སྐད་བཤད་ཀྱི་ཡོད་དམ། ཁྱེད་ཀྱི་བུ་ཕྲུག་གིས་བོད་སྐད་བཤད་ཐུབ་ཅིང་བོད་ཡིག་འབྲི་ཐུབ་ཀྱི་འདུག་གམ། གལ་ཏེ་ཁྱེད་རང་བུ་ཕྲུག་གི་ཕ་མ་དང་དགེ་རྒན་དང་པོ་དེ་ཡིན་པར་བསམ་བཞིན་ཡོད་ན། བོད་སྐད་བོད་ཡིག་གི་ལམ་ནས་རང་ཉིད་ཀྱི་བུ་ཕྲུག་ལ་བོད་པ་ཡིན་པའི་འདུ་ཤེས་རྣལ་མ་ཞིག་རྙེད་དུ་འཇུག་རོགས།

འཐུས་ཤོར་གྱི་རྒྱུ་རྐྱེན་བཞི་པ་དེ་སློབ་ཕྲུག་རང་ཉིད་རེད། སློབ་ཕྲུག་རང་ཉིད་ལ་འགན་འཁྲིའི་འདུ་ཤེས་ངེས་པར་དུ་དགོས། རང་ཉིད་ཅི་ཞིག་གི་ཆེད་དུ་སློབ་གྲྭར་བསྐྱོད་བཞིན་ཡོད་པ་དང་རང་ཉིད་ཅི་ཞིག་གི་ཆེད་དུ་འཚོ་བཞིན་ཡོད་པ། རང་ཉིད་མི་རིགས་གང་ཞིག་ཡིན་པ། རང་ཉིད་ལ་མི་རིགས་དེའི་མཚན་ཉིད་ཚང་འདུག་མིན་གྱི་དྲི་བ་འདི་དག་ཡང་ནས་ཡང་དུ་འདྲི་རྒྱུ་གལ་ཆེན་པོ་རེད། བཙན་བྱོལ་སྤྱི་ཚོགས་སུ་ཡོད་པའི་སློབ་ཕྲུག་ཕལ་ཆེ་བས་རང་འགན་རང་གིས་འཁུར་མི་ཐུབ་ལ། རང་དོན་རང་གིས་ཀྱང་སྒྲུབ་མི་ཐུབ། ད་དུང་རང་སྐྱོན་རང་གིས་ངོས་ལེན་བྱེད་ཤིན་ཏུ་དཀའ། དེ་ཡང་རྡ་སྟེང་བོད་ཁྱིམ་དུ་རྒན་བདག་གི་ལས་འགན་འཁུར་དུས། ཉེས་པ་བཟོ་མཁན་དེར་གཤེ་གཤེ་གཏོང་དུས་ཉེས་པ་དེ་མི་གཞན་ཞིག་གི་སྟེང་དུ་གཡོག་གང་ཐུབ་བྱེད་ལ། སྐད་ཆའི་གདངས་དབྱངས་ཀྱི་ཁྲོད་ན་ནོར་འཁྲུལ་བཟོ་བ་ནི་གཟི་བརྗིད་དུ་བརྩི་བ་ལྟ་བའི་ཚོར་སྣང་ཡང་ཡོད། རང་སྐྱོན་རང་གིས་ངོས་ལེན་མ་བྱས་ན་ཡར་རྒྱས་ལ་འགྲོ་ཐབས་གཏན་ནས་ཡོད་པ་མ་རེད། ད་དུང་རང་དོན་རང་གིས་མི་སྒྲུབ་པའི་གནས་ཚུལ་ཡང་ཡོད་དེ། རྡ་སྟེང་བོད་ཁྱིམ་དུ་ཡོད་སྐབས་སུ། ང་ཚོས་བདུན་ཕྲག་རེ་རེའི་ནང་དུ་བོད་ཡིག་གི་རྩོམ་ཡིག་གཉིས་རེ་བྲིས་ཏེ་དགེ་རྒན་ལ་སྟོན་དགོས་མོད། སློབ་ཕྲུག་ཕལ་ཆེ་བས་དུས་དེབ་འདྲ་མིན་ནས་རྐུ་འབྲི་བྱེད་ལ་ཁ་ཤས་ཀྱིས་གྲོགས་པོ་ལའང་འབྲི་རུ་འཇུག རང་དོན་རང་གཅེས་ཀྱིས་འབྲི་མཁན་རེ་ཟུང་ཙམ་ལས་མེད། སྐད་ཆ་ར་མ་ལུག་བཤད་པར་དགའ་ཞིང། བོད་ཡིག་གི་དགེ་རྒན་དག་ནི་ལྟ་བ་མཁྲེགས་འཛིན་བྱེད་མཁན་ཡིན་པར་བསམ། གང་ལྟར་རང་འགན་རང་གིས་འཁུར་གྱིན་མེད་པས་ལོ་ངོ་བཅུ་གཉིས་ཀྱི་རིང་ལ་བོད་ཡིག་སྦྱངས་ན་ཡང་དེ་ལ་དེ་བསྟུན་གྱིས་གྲུབ་འབྲས་ཤིག་ཐོབ་ཐུབ་ཀྱི་མེད། ད་ནི་སློབ་ཕྲུག་སོ་སོས་རང་ཉིད་ལ་མཛུབ་མོ་བཙུགས་ནས་དྲི་བ་འདྲི་དགོས་པའི་དུས་ལ་སླེབས་འདུག མ་འོངས་བོད་གསར་འཛུགས་བསྐྲུན་བྱེད་མཁན་རྣམ་པ། མ་འོངས་བོད་ཀྱི་སོན་རྩ་རྣམ་པ། གངས་ཅན་པའི་མི་རབས་གསར་པ་རྣམ་པ། ཁྱེད་ཅག་གིས་ཤོད་དང། ཁྱེད་ཀྱིས་བོད་སྐད་བཤད་ཤེས་སམ། ཁྱེད་ཀྱིས་བོད་ཡིག་འབྲི་ཤེས་སམ། ཁྱེད་ལ་མ་འོངས་བོད་གསར་འཛུགས་བསྐྲུན་གྱི་གདེང་ཚོད་ཡོད་དམ། བཙན་བྱོལ་ན་ཁྱེད་ཅག་གིས་སྐད་ཡིག་རང་དབང་ཐད་ཀྱི་སྐད་འབོད་ཅིག་འཛམ་གླིང་ལ་བསྒྲགས་བཞིན་པ་དང་མཉམ་དུ་ཁྱེད་ཀྱིས་རང་ས་ན་སྐད་ཡིག་གི་རང་དབང་འདི་བེད་སྤྱོད་གཏོང་བཞིན་ཡོད་དམ། ཁྱེད་ཀྱིས་བོད་ཡིག་རང་ཉིད་ཀྱི་སྲོག་ལས་གཅེས་པར་བཟུང་སྟེ་སྦྱངས་བརྩོན་བྱེད་པ་དང་བེད་སྤྱོད་གཏོང་རྒྱུའི་དམ་བཅའ་བཞག་ཡོད་དམ།

གངས་ཅན་པའི་མིང་འཛིན་པ་ཐམས་ཅད་ཀྱིས་རང་ཉིད་ལ་མཛུབ་མོ་བཙུགས་ཏེ་སྐད་ཆ་རེ་ཤོད་དང། རང་ཉིད་ནས་མགོ་བརྩམས་ཏེ་བོད་ཀྱི་སྐད་ཡིག་བེད་སྤྱོད་ཀྱི་ཐད་དུ་བྱས་རྗེས་ཅི་ཙམ་ཞིག་བཞག་འདུག་གམ། ད་ལྟ་ཅི་ཞིག་བྱེད་རྒྱུ་ཡིན་ནམ། འབྱུང་འགྱུར་ལ་བོད་ཀྱི་སྐད་ཡིག་བེད་སྤྱོད་ཅི་ལྟར་གཏོང་རྒྱུ་ཡིན་ནམ། མཐའ་མར་དཀྱེལ་ཡངས་ཀྱི་བསམ་བློའི་འདུ་ཤེས་ཤིག་ལ་བརྟེན་ནས་འཐུས་ཤོར་འདིའི་ཐད་ཀྱི་མཚང་དག་རེ་རེ་བཞིན་འབྱིན་དགོས་ལ། དེ་བསྟུན་གྱིས་ནོར་འཁྲུལ་རེ་རེ་ཡོ་བསྲང་བྱེད་དགོས་པ་དང་སྦྲགས་མདུན་ནས་མདུན་དུ་བསྐྱོད་དགོས་པ་ཡིན།

རྩོམ་རིག

Post navigation

Previous Post: བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་མི་གསལ་བསྒྲཊ།
Next Post: འབར་མའི་དབུ་འཁྲིད་ཨང་སན་སུ་སྐྱིད་གློད་འདུག

Comments (11) on “རང་ཉིད་ལ་མཛུབ་མོ་བཙུགས་ནས་སྐད་ཆ་ཞིག་ཤོད་དང།”

  1. མེ་ཏོག་དཀར་པོ། says:
    2010-11-13 at 8:20 am

    འབྲོང་བུའི་ཆེད་རྩོམ་ལ་དགའ་བསུ་ཡོད།

  2. བློ་བཟང་བསྟན་འཛིན། says:
    2010-11-13 at 8:41 am

    ཁ་བྱང་ལ་རང་ཉིད་རང་ལ་མཛུབ་མོ་འཛུགས་དགོས་པ་འདྲ་ཞིག་བྲིས་འདུག་ཀྱང་། ནང་ལོག་གི་བརྗོད་བྱ་ནི་གཞན་སྐྱོན་ཤས་ཆེ་བ་ཞིག་མཐོང་སོང། བཙན་བྱོལ་པའི་སློབ་ཕྲུག་ལ་ལོ་བཅུ་གཉིས་རིང་བསླབ་པ་ནི། ལོ་བཅུ་གཉིས་མ་ཟད། ལོ་བཅོ་ལྔ་སོང་རྗེས་ཀྱང་རོབ་ཙམ་འབྲི་ཐུབ་ཀྱི་རེད་བསམ་ཀྱི་འདུག ལོ་བཅུ་གཉིས་རིང་གོམ་པ་རིམ་བགྲོས་ཀྱིས་མ་བསླབས་པའི། རྒྱུན་མཁོའི་གཏོང་ཡིག་དང་། སྙན་ཞུ་འབྲི་སྟངས། རྩོམ་འབྲི་སྟངས་སོགས་ནི། སློབ་དུས་རེ་གཉིས་ལ་ཐ་རེ་ཐོ་རེ་ཞིག་བསླབ་ནས། ལོ་བཅུ་གཉིས་རྗེས་སྤུས་ཀ་ཡག་པ་དང་། འབྲི་རྩལ་ཡག་པོ་ཞིག་དགོས་པ་ནི། དགེ་རྒན་དང་སློབ་ཕྲུག་ལ་མ་ཉེས་ཁ་གཡོག་རང་རེད། ཧམ་པ་ཚ་པོ་འདུག བོད་ཡིག་འབྲི་ཀློག་གཉིས་ལ་ཤུགས་བརྒྱབ་པ་དེ་ག་རང་གིས་བོད་པའི་ཕྲུ་གུའི་བོད་ཡིག་ཤེས་ཚད་འཕྲོ་བརླག་བཏང་པ་ཞིག་རེད།

  3. འབྲོང་བུ་ཟླ་བ་ཚེ་རིང། says:
    2010-11-13 at 2:13 pm

    མེ་ཏོག་དཀར་པོ་ལགས། བཀྲ་ཤིས་བདེ་ལེགས།

    བློ་བཟང་བསྟན་འཛིན་ལགས། ངས་རང་སྐྱོན་རང་གིས་བརྗོད་ཀྱིན་པར་བསམ་བཞིན་ཡོད། དེ་ཡང་རང་ཉིད་ཀྱི་ཉམས་མྱོང་དངོས་བརྒྱུད་ནས་བརྗོད་ཀྱིན་ཡོད། ངས་འདི་རུ་བརྗོད་ཀྱིན་པའི་རང་ཉིད་ནི་མི་སྒེར་གྱི་རང་ཉིད་དང། འུ་གཉིས་ཀྱི་རང་ཉིད། ང་ཚོའི་རང་ཉིད། མདོར་བསྡུས་ན་བཙན་བྱོལ་སྤྱི་ཚོགས་སུ་ཡོད་པའི་བོད་པ་རང་ཉིད་ཀྱི་སྤྱི་ཚོགས་འདི་ལ་བརྗོད་ཀྱིན་ཡོད། ང་ཡང་འཐུས་ཤོར་གྱི་རྒྱུ་རྐྱེན་སྣ་ཚོགས་ལས་ཐར་ས་ཡོད་པ་མ་རེད།
    འུ་གཉིས་ཀྱི་བཤད་ཀྱིན་པ་འདི་དག་མཐར་གཏུགས་ན་འབབ་ས་གཅིག་ལ་འབབ་ཀྱིན་འདུག སྐྱོན་མང་པོ་ཞིག་མཉམ་དུ་སྤུངས་བ་ལ་བ་བརྟེན་ནས་འཐུས་ཤོར་ཆེན་པོ་འདི་བྱུང་བ་རེད། འཐུས་ཤོར་གྱི་རྒྱུ་རྐྱེན་ཁག་གསལ་བོར་བཀོད་ཡོད་པས་བསྐྱར་ཞུ་མི་བྱེད།

    ད་ཁྱེད་ལ་འདྲི་རྒྱུ་ཁ་ཤས་ཤིག་ཡོད།
    ཁྱེད་ཀྱིས་བྲིས་པའི་༼བཙན་བྱོལ་པའི་སློབ་ཕྲུག་ལ་ལོ་བཅུ་གཉིས་རིང་བསླབ་པ་ནི། ལོ་བཅུ་གཉིས་མ་ཟད། ལོ་བཅོ་ལྔ་སོང་རྗེས་ཀྱང་རོབ་ཙམ་འབྲི་ཐུབ་ཀྱི་རེད་བསམ་ཀྱི་འདུག ༽ དང་༼བོད་ཡིག་འབྲི་ཀློག་གཉིས་ལ་ཤུགས་བརྒྱབ་པ་དེ་ག་རང་གིས་བོད་པའི་ཕྲུ་གུའི་བོད་ཡིག་ཤེས་ཚད་འཕྲོ་བརླག་བཏང་པ་ཞིག་རེད།༽འདི་གཉིས་ལ་འགྲེལ་བ་དང་གསལ་བཤད་ཅིག་གནང་རོགས།

  4. བོན says:
    2010-11-13 at 6:27 pm

    ཡག་པོ་འདུག བསྟན་འཛིན་ནོར་བུའི་སྐད་ཆ་དང་འདྲ་བོ་འདུག བློ་གསོ་ཞིག་རེད་ལགས། །

  5. མི་ཕམ་རྡོ་རྗེ་ says:
    2010-11-14 at 1:25 am

    དངོས་གནས་བསམ་བློ་ཡག་པོ་ཡག་པོ་ཞིག་བཏང་ནས་བྲིས་འདུག ངས་ཡང་བསྐྱར་ཅིག་ཀློག་ནས་མཆན་རྒྱག་གི་ཡིན།

  6. རང་བཙན་ལྡེའུ་ says:
    2010-11-14 at 4:11 am

    འབྲོང་བུ་ལགས་ བརྩོམ་དཔུས་པ་ཞིག་བྲིས་བདའ་ ནང་དོན་ངོ་མ་བདེན་པ་རེད་ བརྒྱ་ཆ་བརྒྱ་མོས་མཐུན་ཡོད་ བཙན་བྱོལ་སྤྱི་ཚོགས་ནང་ཕ་མ་དོ་སྣང་ཆུང་བ་་དང་ དགེ་རྒན་ཤེས་ཚད་ཞན་པ་ འཛིན་སྐྱོངས་འགན་འཁུར་དམན་པ་ ཤེས་ལྷན་སློབ་འཆར་སྐྱོ་བ་ རྣམ་ཤེས་བར་སྣང་ལྡིང་པའི་བལྟ་སྤྱོད་ཅན་གྱི་སློབ་ཕྲུག་ འཁོར་ཡུག་དེ་ལས་མེད་དུས་ཤེས་ཡོན་ཡར་རྒྱས་གང་ཡོང་། བོད་ཕྲུག་ཚོ་བོད་ཡིག་གཅིག་པོའི་གནས་ཚད་སྐྱོ་བ་ཙམ་རེད་མི་བདའ་ རྒྱ་གར་མཐོ་སློབ་ཆེ་བ་ཞིག་ནས་ (M.A English)ཐོན་ཟིན་པའི་གཉེན་ཚན་ཞིག་བོད་སློབ་ནང་འཛིན་རིམ་་བཅུ་པར་དབྱིན་ཇི་སློབ་བཞིན་ཡོད་ ཁོ་མོ་སློབ་གྲའི་ནང་དུས་རྒྱུན་ཨང་རིམ་མཐོ་གྲས་ཀྱི་སློབ་ཕྲུག་ཞིད་ཀྱང་རེད་ དུས་རྒྱུན་དབྱིན་ཡིག་ནང་འཕྲིན་གཏོང་བྱེད་སྐབས་ ཚིག་གྲུབ་གསར་པ་འགོ་བཙུགས་སྐབས་དབྱིན་ཡིག་ཆེ་བ་ (Capital Letter) བྲི་དགོས་པ་དེ་ཡང་ཤེས་ཞི་མི་བདའ་ལ་ ཚིག་མཚམས་ཡང་ཡག་པོ་གཅོད་ཤེས་ཞི་མི་བདའ་ མི་དགོས་པའི་ཚིག་དང་ ཚིག་གྲུབ་མང་པོ་ཞིག་(Slang) ཟེར་བ་དབྱིན་ཇིའི་སྤྲང་སྐད་ཆག་པོ་དེ་བྲི་ལེ་མ་གཏོག་ཁུངས་ཁྱོལ་བའི་དབྱིན་ཡིག་ཞིག་བྲི་ཤེས་ཞི་མི་བདའ་ དེ་ནི་དཔེ་མཚོན་གཅིག་ཡིན་ལ་ དེ་འདྲ་བའི་ ཕ་རིའི་ལྕི་བའང་མེད་ ཚུ་རིའི་གླས་པོའང་མེད་ གླས་པོའི་གླས་ཐག་ཆད་བསྡལ་ལེ་གི་བོད་རིགས་སློབ་མ་མང་པོ་ཡོད་ དེ་ལ་ མཐོ་ཤེས་རིག་ལྷན་ཁང་ནས་ སློབ་གྲ་ཁག་གི་འཛིན་སྐྱོངས་བ་དང་ དགེ་རྒན་ ཕ་མ་ སློབ་ཕྲུག་རང་ངོས་བཅས་མཉམ་རུབ་ཀྱིས་བཙལ་བྱོལ་བོད་ཀྱི་སློབ་གྲ་ཁག་གི་ཤེས་ཡོན་གནས་ཚད་མྱུར་མགྱོགས་ངང་ཡར་རྒྱས་གཏོང་ཐབས་བྱེད་དགོས་ལེ་ཤིན་དུ་ནས་གལ་ཆེ་པོ་བདའ་།

  7. གཅན་བཟོད་རྒྱམ། says:
    2010-11-14 at 4:27 am

    རང་བཙན་ལྡེའུ་ཡི་བོད་ཡིག་འདི་ཡག་པོ་ཞིག་འདོད་ཤེས་ན། ནང་དོན་ཡག་པོ་འདྲ་བྲིས་ཡོད་ས་རེད།

  8. བོད། ལྷ་ཀླུ་གཉན་གསུམ། says:
    2010-11-14 at 4:05 pm

    དངོས་ནས་བཟང་གི ཨ་མའི་སྐད་ཆ་འདི་འདྲ་ཤོད། སྙིང་ནས་མཆེད་པ་སྙིང་ནས་གོ་ནི་རེད།

  9. གཡུ་མཚོ། says:
    2010-11-15 at 2:51 am

    གྲོགས་པོ་ལགས།
    རྣམ་དབྱེ་གཉིས་བཞི་གཉིས་ཤོད་མཁན་ད་དུང་གངས་ཅན་ལ་ཡོད་པ་མ་རེད།
    ཁྱོད་ཀྱིས་ག་བ་ག་བ།
    ཡིག་ནོར་ལ་གཟིགས་དང་།

  10. རྡོ་རྗེ། says:
    2010-11-15 at 8:24 am

    ཁ་ནས་བོད་ཡིག་དགོས་པའི།།
    ཁ་དབྱངས་གང་མང་བསྒྲགས་ཀྱང་།།
    ཁོག་དུ་དབྱིན་རྒྱ་འཛིན་ན།།
    ཁ་ཡོད་ལག་ཡོད་ཅན་གྱི།།
    ཕན་པ་འབྱུང་བར་སྲིད་དམ།།

  11. འབྲོང་བུ་ཟླ་བ་ཚེ་རིང། says:
    2010-11-15 at 1:12 pm

    གཡུ་མཚོ་ལགས། ཁྱེད་ཀྱིས་༼རྣམ་དབྱེ་གཉིས་བཞི་གཉིས་ཤོད་མཁན་ད་དུང་གངས་ཅན་ལ་ཡོད་པ་མ་རེད།
    ༽ ཅེས་བཤད་དགོས་པའི་དགོས་པ་ངས་ཤེས་མ་སོང། གསལ་བཤད་ཅིག་གནང་རོགས། ད་དུང་ཡིག་ནོར་ལ་གཟིགས་དང་ཟེར། ཁ་ཐུག་ལ་བཤད་ན་འགྲིག་གི་རེད། ངས་དུས་གཏན་དུ་དགའ་བསུ་ཞུ་ལ་རྗེས་སུ་ཡི་རངས་འབུལ། ངས་གོང་དུ་དཔེ་མཚོན་བཀོད་པ་འདི་དགེ་རྒན་གྱི་ཆུ་ཚད་སྟོན་པའི་ཆེད་དུ་ཡིན།

    རྡོ་རྗེ་ལགས། བཤད་པ་དྲང་བདེན་རེད། མི་སྲིད་པའི་རང་བཞིན་དེ་ལ་བརྟེན་ནས་བོད་མི་མི་རེ་ངོ་རེ་ནས་རང་ཉིད་ཀྱི་གདོང་ལ་མཛུབ་མོ་རེ་བཙུགས་ཏེ་སྐད་ཆ་རེ་བཤད་རྒྱུ་ནི་ངས་རྩོམ་ཡིག་འདི་འབྲི་དགོས་པའི་དགོས་པ་དང་། རྩོམ་ཡིག་འདིའི་རྟེན་དུ་སྦས་བའི་མཐར་ཐུག་གི་འབོད་སྐུལ་ཡང་ཡིན། གང་ལྟར་ང་ཚོ་འདི་ལྟར་མདུན་དུ་སོང་བ་ཡིན་ན། ང་ཚོ་སླེབས་ས་ཞིག་ལ་སླེབས་ཁག་པོ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme