Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་གི་བུའི་དགེ་རྒན་ལ་སྤྲིངས་པ།

Posted on 2018-11-282018-11-28 By ཁ་བརྡ No Comments on རང་གི་བུའི་དགེ་རྒན་ལ་སྤྲིངས་པ།

དུང་། ༼ཨ་མདོ་རྨ་ཆུ།༽

གུས་ཤིང་བསྔགས་པར་འོས་པའི་དགེ་རྒན་ལགས།

ཁྱེད་ཀྱི་སྐུ་ཁམས་བཟང་། དེ་རིང་ནས་བཟུང་སྟེ། ངའི་གཅེས་ཕྲུག་གིས་ལྗིད་གོག་ཚ་པོའི་དཔེ་ཁུག་ཁུར་ནས་སློབ་གྲྭའི་ཕྱོགས་སུ་མི་ཚེའི་གོམ་པ་སྤོ་མགོ་བརྩམས་སོང་། དེ་བས་གུས་པོར་རང་གི་ནང་སེམས་ཁོལ་དུ་ཕྱུང་བའི་མངོན་བསྒྲགས་ཀྱི་འཕྲིན་པ་ཞིག་འབྲི་དོན་ཡང་། དྭངས་གཙང་ཡང་གཙང་གི་བྱིས་པ་འདི་ངའི་བུ་ཡིན་པའི་རྒྱུ་མཚན་ཁོ་ན་མ་ཡིན་པར། ས་གཞི་རིལ་མོའི་སྒང་དུ་རིག་པའི་དཔལ་ཡོན་གྱི་བཀྲག་མདངས་རྣམ་པར་མཆེད་པའི་དུས་རབས་ཉེར་གཅིག་པའི་མིའི་རིགས་ཀྱི་བྱིས་པ་ཡིན་ཚད་ལ་འཇིགས་དངངས་དང་བྲལ་བའི་སྒོ་ནས་ཚུལ་མཐུན་མི་ཆོས་ཀྱི་ཟུངས་བཅུད་ཀྱིས་ཡོངས་སུ་བཏམས་པའི་སློབ་གསོ་མྱོང་བའི་ཕྱི་ནང་གི་མཐུན་རྐྱེན་ཇི་སྙེད་ཅིག་འཛོམས་དགོས་པར་བདེན་ཁ་སྟེར་རོགས་གནང་ཞེས་གུས་འདུད་དང་བཅས་ཏེ་ཞུ་འདོད་པ་འགའ་ཡོད།

ད་ལོ་ངའི་གཅེས་ཕྲུག་འདི་བོད་རྩིས་ཀྱི་ལོ་དགུ་ཡིན། མི་ལོ་དགུའི་རིང་དུ་ངས་ཐེངས་མ་གཅིག་ལ་མ་གཏོགས་ལག་པ་འགུལ་ནས་གཅར་རྡུང་བྱ་མ་མྱོང་། ཐེངས་གཅིག་པོ་དེའང་འཕོང་ཚོས་ལ་ཐལ་ལྕག་གིས་གཞུས་པ་ཡིན། དེའང་ཡེ་ནས་གཏུམ་སྤྱོད་བཀོལ་བ་མ་ཡིན་པར་གཅར་རྡུང་ནི་སློབ་གསོ་གཏོང་སྟངས་ཤིག་མིན་པའི་རྣམ་འགྱུར་གསལ་བོར་བསྟན་པ་ཡིན། དེ་ལས་གཞན་པའི་སློབ་གསོ་བརྒྱ་ཆའི་དགུ་བཅུ་གོ་དགུ་དག་སྐད་ཆ་བཤད་ནས་ལག་ལེན་དུ་བསྟར་ཡོང་བ་ཤ་སྟག་ཡིན། སྐད་ཆའང་ངང་རྒྱུད་རིང་པོ་བྱས་ཏེ་ངག་ཚིག་འཇམ་པོའི་སྒོ་ནས་བཤད་པ་ཡིན། སྐབས་བབ་ཀྱི་ཤེས་བྱའི་གནད་འགག་གང་ཡང་ཐེངས་གཉིས་ལས་མང་བ་གསལ་བཤད་བྱ་མི་དགོས་པར་རང་བཞིན་གྱིས་ཧ་གོ་འགྲོ་ནའང་། ངས་ཐེངས་གཅིག་ལའང་ཚད་ལས་བརྒལ་བའི་འུར་བསྟོད་བྱས་པ་མེད།

ད་དུང་ངའི་གཅེས་ཕྲུག་འདི་དྲི་བ་འདྲ་མིན་སྣ་ཚོགས་འདྲི་རྒྱུར་ཧ་ཅང་དགའ་ཞིང་ཀུ་རེ་རྩེད་མོ་སློང་བར་ཡང་ཤིན་ཏུ་མོས་པ་ཞིག་ཡིན། དེ་བས་ངས་ཐོག་མ་ཉིད་ནས་སྤྲོ་སྣང་རིང་ལུགས་ཀྱི་བྱིས་པ་འདི་སྐྱོ་སྣང་རིང་ལུགས་ཀྱི་སློབ་མ་ཞིག་ཏུ་མི་འགྱུར་བའི་གསོལ་བ་སྨོན་ལམ་སྙིང་ནས་འདེབས་བཞིན་ཡོད། སྐབས་འདིར་ངའི་གཅེས་ཕྲུག་གིས་བོད་རང་གི་སྐད་ཡིག་འབྲི་ཀློག་ཙམ་ཤེས་ནའང་། ད་དུང་མི་འདང་བའི་ཆ་གང་མང་ཞིག་ཡོད་པ་དེ་དག་དང་ཁྱིམ་ནས་མི་འབྱོར་བའི་ཤེས་བྱ་ཇི་སྙེད་ཅིག་སྦྱོང་བའི་ཕྱིར་དུ་སློབ་གྲྭར་མངགས་པ་ཡིན་མོད།འོན་ཀྱང་། སློབ་སྦྱོང་ནི་ལོ་དྲུག་དང་། ལོ་དགུ། ཡང་ན་ལོ་བཅུ་གཉིས་ཀྱི་དུས་ཡུན་ནང་དུ་ངང་ཐུང་གི་འབད་པས་འགྲུབ་འགྲོ་བ་ཞིག་མ་ཡིན་པར་མི་ཚེ་གང་གི་བྱ་བ་ཞིག་ཡིན་པའི་མིག་རྒྱང་རིང་དུ་སྐྱེད་པའི་རམ་འདེགས་གནང་རོགས་ཞུ།

མི་སུ་ཞིག་ཡིན་རུང་། འཇིག་རྟེན་འདིར“གསོན་པ་ནི་བདེན་ལུགས་འཚོལ་ཞིབ་དང་དེ་དོན་གཉེར་བྱེད་པའི་ཕྱིར་ཡིན་ཞིང་། རང་དབང་གི་ཁྲོད་ནས་ད་གཟོད་དེ་སྒྲུབ་ནུས་པ་ཞིག་ཡིན། སློབ་གསོའི་དམིགས་དོན་ནི་ང་ཚོའི་འཚོ་བ་ལ་རང་དབང་ལྡན་ཞིང་ཞེད་སྣང་དང་བྲལ་བའི་སྒོ་ནས་འཚོ་བར་སྡོངས་གྲོགས་བགྱི་བ་དེ་མ་ཡིན་ནམ།” དེའི་ཕྱིར། དགེ་རྒན་ཁྱེད་ཀྱིས་ངའི་གཅེས་ཕྲུག་ལ་གནས་སྐབས་དང་མཐར་ཐུག་གང་དུ་ཇི་ལྟར་རང་དབང་ལྡན་པའི་མི་ཞིག་བྱ་དགོས་པའི་བློ་གྲོས་དང་ཤེས་རབ་ལེགས་པར་སློབ་སྟོན་གནང་མ་ཐུབ་ནའང་། ཚ་རྐོང་གཅིག་ནས་དཔར་ཡོང་བའི་ཚ་ཚ་རུ་འགྱུར་མི་རུང་བར་དྲན་ཤེས་བརྟན་པོའི་ཡ་རབས་ཀྱི་ཁྱད་གཤིས་ཤིག་རྒྱུད་ལ་འཇགས་ཡོད་པའི“རང་གཤིས”དེར་སྲུང་སྐྱོབ་གནང་འོང་བའི་ཡིད་ཆེས་ཡོད།

གལ་བོ་ཆེ་ལ་ནན་ཏན་དུ་ཞུ་འདོད་པ་ནི། སློབ་ར་ཆུང་ཆུང་དེ་ཉིད་འཇིག་རྟེན་ཧྲིལ་བོ་ཡིན་པར་རློམ་དུ་མི་འཇུག་པ་དང་། གནས་སྐབས་ཀྱི་འགྲན་རྩོད་ཁྲོད་མགོ་འཁོར་ནས་དགོས་མེད་ཀྱི་ངལ་དུབ་མྱོང་དུའང་མི་འཇུག་རོགས་གནང་། ནང་སྒོས་སུ་ངའི་གཅེས་ཕྲུག་ནི་ཡིག་རྒྱུགས་ལེན་སྤྱད་ཀྱི་འཕྲུལ་ཆས་ཤིག་ཏུ་བཏང་མི་འཇོག་པའི་རེ་བ་སེམས་ཁོང་རུས་པའི་གཏིང་ནས་ཞུ་བཞིན་ཡོད། རྒྱུགས་འབྲས་མི་བཟང་བ་ཙམ་རྒྱུ་མཚན་དུ་བྱས་ནས“རྗེས་ལུས”ཀྱི་ཞྭ་མོ་བཀབས་ཏེ“སྔོན་ཐོན”གྱི་དཔེ་མང་པོས་ངའི་གཅེས་ཕྲུག་གི་ན་ཚོད་ལས་བརྒལ་བའི་གནོན་ཤུགས་མི་སྤྲོད་རྒྱུ་དེ་དོན་གྱི་གནད་ཀ་ཡིན་པར་མ་ཟད། སྤྱི་ཚོགས་རུལ་སུངས་ཀྱི་དུག་རླངས་ཕོག་པའི་སྨྱོ་ལ་ཁད་དུ་གཏོང་བའི་སློབ་གསོ་དེ་དང་ལེན་བྱེད་པར་ནམ་ཡང་བཙན་ཤེད་མི་བཀོལ་བར་མཁྱེན་ནོ།།

ས་བོན་མ་བཏབ་པར་མྱུ་གུ་འབུས་པར་རེ་བའི་ཀུན་སྤྱོད་སློབ་གསོ་ཟེར་ན་ཅི་ཞིག་ཡིན་ནམ། བདག་གིས་མི་ལོ་ཧྲིལ་བོ་བཅུ་གསུམ་གྱི་རིང་ལ་སློབ་ཁྲིད་བྱས་པའི་གོ་རིམ་ཁྲོད་ནས་ཀྱང་གསལ་བོ་ཞིག་ཧ་གོ་མ་སོང་། དོན་དམ་དུ། “སློབ་གསོ་ནི་ཅི་ཞིག་ཡིན་པར་མི་ག་ཚོད་ཅིག་གིས་རང་ཉིད་ལ་དྲིས་མྱོང་ཡོད་མེད་ངས་མི་ཤེས། ང་ཚོ་ཅིའི་ཕྱིར་སློབ་གྲྭར་འགྲིམས་ཏེ།སློབ་ཚན་འདྲ་མིན་ལ་སྦྱངས་བརྩོན་བྱེད་ཀྱིན་ཡོད་དམ། ཅིའི་ཕྱིར་རྒྱུགས་སྤྲོད་ལ་ཞུགས་ཏེ། ཕན་ཚུན་ལ་སྐར་གྲངས་ཀྱི་མཐོ་དམའ་མཚུངས་བསྡུར་བྱེད་ཀྱིན་ཡོད་དམ། སློབ་གསོ་ལ་དོན་གྱི་སྙིང་བོ་ཅི་ཞིག་ལྡན་ནམ། དེ་ནི་དོན་གྱི་ཅི་འདྲ་ཡིན་ནམ། འདི་ནི་ཆེས་གནད་འགག་ཆེ་བའི་དྲི་རྟགས་ཤིག་སྟེ། དེ་ཡང་སློབ་གཉེར་བ་དང་དགེ་རྒན། ཕ་མ་ཁོ་ན་ཙམ་མ་ཡིན་པར།ད་དུང་འཛམ་བུ་གླིང་འདིར་དུངས་ཁ་ཟབ་པའི་མི་ཡོད་དོ་ཅོག་ལ་དེ་ལྟར་ལེགས་སོ།།” གལ་ཏེ། ངའི་གཅེས་ཕྲུག་ལ་གདམ་ག་ཞིག་ཡོད་པའི་དབང་དུ་བཏང་བ་ཡིན་ན། དེ་ནི་རང་གཤིས་ཀྱིས་ཕྱུག་པའི་བདེ་ཐང་གི་རང་ཉིད་རྙེད་སོང་ན་དེ་ཡིན། ངའི་གཅེས་ཕྲུག་གིས་བསླབ་ཚན་རེ་རེར་སྐར་མ་བརྒྱ་ཏག་ཏག་ལེན་མ་ཐུབ་ནའང་མི་ཞིག་ཡིན་པའི་རྩིས་ཐང་ལ་རྡོག་རོལ་མི་གཏོང་རོགས་གནང་། མ་མཐའ་ཡང་ཁོ་དང་བཅས་པའི་བྱིས་པ་ཚང་མར་འགྲོ་བ་མི་ཞིག་ཡིན་པའི་རྩ་བའི་རིན་ཐང་ལ་དམའ་འབེབས་མི་གནང་བར་ཆེད་དུ་དྲན་སྐུལ་ཞུས་པ་ཡིན།

གཞན་ཡང་། “སློབ་གསོའི་དམིགས་དོན་ནི་ཕྱི་ནང་ཀུན་ནས་མིའི་བསམ་བློ་དང་འབྲེལ་འདྲིས། བརྩེ་བ་བཅས་རྩ་སློག་བྱེད་མཁན་གྱི་གཏེ་བོ་སྟེ། ཞེད་སྣང་རྩ་གཏོར་གཏོང་རྒྱུ་དེ་རེད།” འདི་ནི་མིའི་རིགས་ཐུན་མོང་གི་སྤྱི་དོན་ཞིག་ཡིན་ཡང་། མིག་སྔའི་འུ་ཚོའི་སློབ་གསོ་ནི་དགེ་རྒན་གྱི་ལེགས་ཉེས་དང་སློབ་མའི་མདུན་ལམ་གང་ཡང་རྒྱུགས་འབྲས་ཀྱི་སྐར་མའི་མཐོ་དམན་ཁོ་ནས་ཐག་བཅད་དེ། བྱིས་པ་ཆུང་ཆུང་དག་ཧ་ཅང་གུ་དོག་པའི་བསླབ་དེབ་གཅིག་པུའི་རྒྱ་རུ་བཙུད་དེ་ལུས་ངག་ཡིད་གསུམ་གྱི་རྩོལ་བ་ཡོད་ཚད་ཆུད་ཟོས་སུ་གཏང་བ་ལས། རང་དབང་གི་རྩེད་མོ་རྩེ་བའི་གོ་སྐབས་མང་ཙམ་བྱིན་ཏེ། སློབ་གྲྭ་ནི་ཡིད་འོང་གི་རྩེད་ར་ཞིག་ཡིན་པའི་བག་ཡངས་ཀྱི་གོ་སྐབས་གནང་རོགས་མཛོད་དང་། རྩེད་མོའི་ཁྲོད་ནས་ཀྱང་མི་ཚེར་དགོས་ངེས་ཀྱི་ཤེས་བྱ་གང་འཚམ་སྦྱོང་ཐུབ་པ་དང་། རང་བྱུང་གི་ཆོས་ཉིད་དང་འབྲེལ་བའི་གནས་ལུགས་ཀྱང་གང་འཚམ་རྟོགས་ངེས་པ་ཡིན།

གཅེས་ཕྲུག་གི་མདུན་ལམ་ཐག་གཅོད་བྱེད་པའི་དབང་ཆ་ང་ལ་མེད་ནའང་། གཅེས་ཕྲུག་ལ་མ་འོངས་པའི་ཁ་ཕྱོགས་སྟོན་པའི་འགན་འཁྲི་ཆ་ཚང་ང་ལ་ཡོད། ཡིན་ནའང་། སློབ་གྲྭར་ཞུགས་པའི་བྱིས་པ་ཚང་མའི་སེམས་ཁོང་དུ་དགེ་རྒན་ནི་བསླུ་བ་མེད་པའི་སྐྱབས་གནས་དམ་པ་རུ་སྒོམ་གྱི་ཡོད། སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་གྱི་རྒྱལ་བ་རང་ལ་ངོས་འཛིན་པའི་དམ་ཚིག་གཙང་མའི་དད་འདུན་རྣམ་དག་ཅིག་བཅངས་ཡོད་པས། དགེ་རྒན་གྱི་ངོས་ནས་གང་ཞིག་ལ་དགག་པ་རྒྱག་པ་དང་། ཅི་ཞིག་ནི་དང་ལེན་བྱེད་དགོས་པའི་ལེགས་ཉེས་བླང་དོར་འབྱེད་པའི་བློ་མིག་ལ་འཁྲུལ་བ་ཡོད་མེད་ཀྱི་གདེང་མེད་པར་རང་སྣང་གང་དྲན་གྱིས“མ་མི་མིན་མེད”ཀྱི་དགག་སྒྲ་བེད་སྤྱོད་མི་གནང་བར་ཞུ། རྒྱུ་མཚན་ནི་ངའི་ཚ་བོ་ལོ་རིམ་དང་པོ་ཡིན་དུས་ཤིག་ལ། ཁ་རྩིས་རྩིས་རྒྱག་གི་ཐོབ་གྲངས་འགྲིག་ཡོད་པ་ཞིག་ལ་དགེ་རྒན་གྱིས་ནོར་རྟགས་བརྒྱབ་འདུག ངས“ཐོབ་གྲངས་དེ་འགྲིག་འདུག་ཀྱང་དགེ་རྒན་གྱིས་ནོར་རྟགས་བརྒྱབ་འདུག”ཅེས་བཤད་པར། “ཨ་ཞང་ཁྱོད་རང་གིས་མ་ཤེས་པ་རེད་མ་གཏོགས་ང་ཚོའི་དགེ་རྒན་ལ་ནོར་རྒྱུ་མེད”ཟེར་ནས་ངུ་ཞོར་དུ་རྒོལ་ལན་སློག་པའི་སྣང་བརྙན་དེ་ལོ་ངོ་བཅུ་ཕྲག་ལྷག་འདས་ཟིན་པའི་དེ་རིང་ཡང་ད་དུང་མ་བརྗེད་པར་ངའི་སེམས་ངོགས་སུ་གསོན་པོ་དྲོན་པོར་དྲན་གྱིན་འདུག གནས་ཚུལ་འདི་སྐབས་ཐོག་དེ་རང་ལ་ངས་ཚ་བོའི་དགེ་རྒན་ལགས་ལའང་ཞུས་མྱོང་། དཔེ་འདི་འདྲ་བ་དག་ནི་བགྲང་གིས་མ་ལང་། གཅེས་སུ་འོས་པའི་བྱིས་པ་ཚོའི་སེམས་ཁོང་ན། དགེ་རྒན་ནི་བླ་མ་དཀོན་ཅོག་དངོས་ཤིག་ཡིན་པ་དེ་རེད།

དེ་ཡང་། ཇི་ལྟར་དངོས་པོའི་གཤིས་དང་ཉེ་གྱུར་པ།། དེ་ལྟར་མཁས་པའི་ཚིག་ནི་ལྐུགས་འགྱུར་བས།། རང་བཞིན་ཉིད་ཀྱིས་ཕྲ་བའི་ཆོས་རྣམས་ཀུན།། སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པར་བཤད།། ཅེས་གསུངས་པ་བཞིན། ངོ་མ་མིག་སྔའི་སློབ་གསོའི་གནད་དོན་མང་པོ་ཞིག་གི་ཐད་ནས་ང་རང་ལྐུགས་འོང་གི་འདུག འཚོ་བའི་དགའ་ཕྱོགས་མི་འདྲ་བ་དང་།ཤེས་བྱའི་དམིགས་ཚད་མི་འདྲ་བ། མི་ཚེའི་རིན་ཐང་གི་ལྟ་བར་ངོས་འཛིན་བྱེད་སྟངས་མི་འདྲ་བའི་སྟབས་ཀྱིས། ཡ་རབས་ཚུལ་མཐུན་གྱི་དྲང་བདེན་དང་དངོས་ཐོག་བདེན་འཚོལ་གྱི་གནས་ལུགས་ལ་གོང་བཀུར་བྱེད་སྟངས་ཀྱང་རྩ་བ་ཉིད་ནས་མཚུངས་ཀྱི་མི་འདུག སྐབས་འདིར་སུ་ཞིག་གིས་དྲང་བདེན་དང་གནས་ལུགས་བཤད་ན། དེ་ནི་བསམ་གཟས་ནས་མི་གཞན་པ་ཞིག་ལ་ཕོག་ཐུག་བཟོ་བཞིན་ཡོད་པ་དང་ཡང་མཚུངས་ལ། ནང་སྒོས་སུ“ཇ་ནེའི་ཁ་ཡི་སློབ་གསོ”འདི་དང་འབྲེལ་བ་ཡོད་པའི་གནད་དོན་ཞིག་བཤད་དགོས་དུས། ཆེད་ལས་ཀྱི་ཤེས་བྱ་ཤིན་ཏུ་སྲབ་པའི་དགའ་ཉེ་སྤུན་མཆེད་དང་གྲོགས་པོ་གྲོགས་མོ་མང་པོ་ཞིག་ལའང་ངང་ངམ་ཤུགས་ཀྱིས་ཕོག་ཐུག་བཏང་འགྲོ་བཞིན་འདུག དེའི་རྐྱེན་གྱིས། ངས་འཕྲིན་ཡིག་འདི་འབྲི་བར་སྟ་གོན་བྱེད་དུས་ཀྱང་སེམས་ཁུར་ཆེན་པོ་ཞིག་སྐྱེས་ཡོང་གི་འདུག་ཀྱང་། “ཁ་གསལ་ན་གོ་བདེ། ནམ་ལངས་ན་འགྲོ་བདེ།”ཞེས་པའི་དཔེ་ལྟར་ཡིད་ལ་གང་དྲན་ཁ་རུ་ཁ་ཐུག་གིས་ཞུས་པ་ཡིན།

འཇིག་རྟེན་གྱི་གནས་ཚུལ་མང་པོ་ཞིག་མིག་ཐོག་ལ་མ་ཤར་བར་དུ་མི་ཚང་མས་ཁས་ལེན་མི་བྱེད་པ་འདྲ་འདྲ་ཡིན་ནའང་། ངས་གཅེས་ཕྲུག་གི་ཚབ་ཏུ་བྲིས་པའི་ལྷག་བསམ་རྣམ་དག་གི་སེམས་འཕྲིན་འདི་ལ་ང་རང་དང་ལས་དབང་གཅིག་པའི་ཁྱིམ་བདག་མང་པོས་རང་སེམས་ཀྱི་སྒྲ་དབྱངས་དྲོན་མོས་རམ་བཀྲོལ་གནང་འོང་བའི་འདུན་པ་བླ་ལྷག་ཏུ་ཆེ། དེའི་མཚུངས་སུ། ལས་རྒྱུ་འབྲས་ཀྱི་སྐད་ཆ་ཞིག་བཤད་ན། དགེ་རྒན་གྱི་ཕྱག་ལས་ནི་ཇི་འདྲའི་རླབས་ཆེན་ཞིག་ཡིན་པར་རྗེས་སུ་ཡི་རང་བྱ་དགོས་པ་དང་། ཇི་འདྲའི་དཀའ་ཚེགས་ལྡན་པ་ཞིག་ཡིན་པར་བསམ་ཤེས་ཀྱང་བྱ་དགོས་པ་ཡིན། ནམ་ཞིག་ཁྱིམ་བདག་རེ་རེའི་ངོས་ནས་རང་གི་བསམ་ཚུལ་ངོ་མ་དེ་ཇི་མ་ཇི་བཞིན་དུ་སྦ་གསང་མེད་པར་རང་གི་གཅེས་ཕྲུག་ཚོའི་དགེ་རྒན་གྱི་སྙན་ལམ་དུ་ཕུལ་ནས་དགེ་རྒན་དང་ཁྱིམ་བདག་གི་བསམ་འདུན་འོ་ཆུ་གཅིག་ཏུ་འདྲེས་པ་ལྟ་བུའི་གནས་སྟངས་ཤིག་བྱུང་བ་ཡིན་ན། རང་རེའི་མི་རིགས་ཀྱི་སློབ་གསོ་འདི་ཡང་དར་བའི་རྩེར་མོར་སོན་པའི་སྐལ་བཟང་གི་ཉི་གཞོན་ཞིག་འཆར་ངེས་པར་སོམ་ཉི་བྲལ།

མདོར་བསྡུས་ནས་བཤད་ན། ངའི་གཅེས་ཕྲུག་གི་མཆིལ་ཞགས་ཐང་ལ་གཡུག་པའང་རང་གི་ཕ་སྐད་ཡིན་པའི་དུས་ཤིག་མངོན་འགྱུར་འོང་བའི་ཆེད་དུ་ཁོ་རང་བོད་རྩིས་ཀྱི་ལོ་ན་དགུ་ལ་མ་སོན་གྱི་བར་དུ་རོང་འབྲོག་ཁྱིམ་ཚང་གི་སློབ་གསོས་བསྐྱངས་ཡོང་བ་ཡིན། འཇིགས་དངངས་དང་གནོན་ཤུགས་ཀྱིས་བཙིར་བའི་བྱིས་གཉོར་ཁང་གི་སྦྲགས་སྐད་སློབ་གསོ་མ་མྱངས་པའི་ཁོ་ལ་མཚོན་ན། ཡ་གེ་ཡོག་གེ་དང་ཁྲ་ལེ་ཁྲུལ་ལེའི་འཁྲབ་སྟོན་གྱི་ཉམས་འགྱུར་གང་ཡང་བསླབ་མེད། ངོ་དགའ་སྤྲེལ་ལད་དང་ཟོལ་སྦྱོར་ཚུལ་འཆོས་ཀྱི་རྣམ་འགྱུར་ཅི་ཡང་བསླབ་མེད། ཡིན་ན་ཡང་། དེ་དག་གི་ཚབ་ཏུ། ཞི་དུལ་བག་ཡོད་ཀྱི་བསླབ་ཁྲིམས་སྲུང་བའི་གོམས་གཤིས་ཤིག་འཇགས་སུ་བཅུག་ཡོད། ཡ་རབས་སྤྱོད་བཟང་གི་བདེན་ལུགས་སྐྱོང་བའི་དཔའ་གདེང་ཞིག་ཐོབ་ཏུ་བཅུག་ཡོད། རིག་པ་གནད་ལ་མི་ཁེལ་དུས་བསམ་གཞིག་བྱེད་པར་སྒོམ་རྒྱག་པའི་ངལ་གསོ་སྟངས་ཤིག་ཀྱང་རང་སྦྱོང་བྱེད་དུ་བཅུག་ཡོད།

མཇུག་མཐར་གུས་པོའི་སེམས་འཕྲིན་འདིར་འཁྲུལ་བ་དང་གནོང་པ་ཅི་མཆིས་འདོར་གནང་མཛད་དེ་ཕན་པ་དང་དགེ་བ་ཡོད་ན་དགོངས་སུ་གསོལ་ཞེས་རིགས་ཞེན་གྱི་ལྷག་བསམ་དཀར་པོས་མཚམས་སྦྱར་ཏེ་རེ་ཞིག་གྲུབ་པར་བྱས་པ་འདིས་ཀྱང་ཡུལ་དང་དུས་ཀུན་ཏུ་བཀྲ་ཤིས་པར་གྱུར་ཅིག་གུ།

༢༠༡༨/༨/༢༧ཉིན་རང་ཁྱིམ་ནས་བྲིས་སོ།།

སྣ་ཚོགས།

Post navigation

Previous Post: བོད་ཐང་མགོན་པོ།
Next Post: བརྩེ་དུང་གིས་མནར་བའི་མོ་རང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme