Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡོལ་མོའི་སྟག་ཕུག་སེངྒེ་རྫོང་། 


Posted on 2019-03-052019-03-05 By ཁ་བརྡ 5 Comments on ཡོལ་མོའི་སྟག་ཕུག་སེངྒེ་རྫོང་། 


སྐྱོ་བྲག་དགའ་དབང་།
 
རྗེ་བཙུན་མི་ལ་རས་པ་ལ་བླ་མ་མར་པ་ལོ་ཙཱ་བས། བལ་ཡུལ་གྱི་ཡོལ་མོ་གངས་ར་མདོ་ཕལ་པོ་ཆེ་ནས་ལུང་བསྟན་པའི་གནས་ཡིན་པས་དེ་ལ་སྒོམས། ཞེས་བཀའ་བསྩལ་པ་བཞིན། རྗེ་བཙུན་མི་ལ་རས་པའང་བླ་མའི་བཀའ་བསྒྲུབ་ཕྱིར་ཡོལ་མོ་གངས་ར་ལ་བྱོན་པའི་ཚུལ་ནི། རྒྱལ་ཐང་པ་བདེ་ཆེན་རྡོ་རྗེའི་མི་ལའི་རྣམ་ཐར་ལས། རྗེ་བཙུན་གྱི་རྒྱལ་པོ་མིད་ལ་རས་པ་ཅེས་པ་དེ་ཉིད་ཀྱིས། མོན་གྱི་གནས་སེངྒེ་གླིང་གི་ནགས་ལ་སྒོམ་དུ་བྱོན་ནོ། །དེ་ལྟ་བུའི་གནས་དེ་ཤིང་རྩི་ནགས་ཚལ་ཤིན་དུ་སྟུག་པ། མེ་ཏོག་མང་པོ་སྐྱེས་པ། སྤྲ་དང་སྤྲེའུ་མང་པོ་གནས་པ། མི་དང་སྐྱེ་བོའི་ཚོགས་ཀྱིས་དབེན་པ། གཞི་བདག་དང་ལྷ་འདྲེའི་ཚོགས་ཀུན། ཤིན་དུ་གཉན་པའི་གནས་དེར་གདན་ཕེབས། དེེའི་ཤིང་སྡོང་ཆེན་པོ་གཅིག་གི་རྩ་ན།བུག་པ་མི་གཉིས་ཙམ་ཤོང་བ་གཅིག་འདུག་པའི་ནང་དུ་བཞུགས་ཏེ། ཉིན་མཚན་མེད་པར་ས་དེ་ནས་སྐད་ཅིག་ཀྱང་མ་གཡོས་པར་མཉམ་པར་གཞག་སྟེ་སྒོམས་སོ། །དེ་ལྟར་བཞུགས་པའི་དུས་ན་ཡང་། ཁམ་གྱི་ཟས་ཤིང་ཏོག་རེ་ཙམ་མིན་པ་གསོལ་རྒྱུ་མེད་དང་། ཏིང་ངེ་འཛིན་ཁོ་ན་ཟས་སུ་གསོལ་བས། ཡོན་ཏན་གྱི་མངོན་རྟགས་དེར་ཡང་ཆེར་འཁྲུངས་སོ། །ཞེས་གསུངས་པ་དག་ཡིན་ཅིང་།

ཡོལ་མོའི་ཡུལ་བཀོད་རྒྱས་པ་མི་ལ་རས་པའི་མགུར་འབུམ་དུ།མོན་ཡུལ་ཤིང་རི་བདེ་བའི་ཁར། །སྤང་རི་མེ་ཏོག་བཀྲ་བའི་ཡུལ། །ལྗོན་ཤིང་གར་སྟབས་བྱེད་པའི་གསེབ། །སྤྲ་སྤྲེའུས་རྩེད་མོ་རྩེ་བའི་ས། །བྱ་སྐད་སྣ་ཚོགས་སྒྲོག་པའི་གནས། །བུང་བ་ལང་ལིང་འཕུར་བའི་ས། །ཉིན་མཚན་མེད་པའི་འཇའ་རིས་འཁྱུག །དབྱར་དགུན་མེད་པར་སྦྲང་ཆར་འབབ། །སྟོན་དཔྱིད་མེད་པར་ན་བུན་འཁྲིགས། །ཞེས་དང་། ཡོལ་མོ་སྟག་ཕུག་སེང་གེ་རྫོང་། །སྟག་མོའི་ངར་སྐད་སྐྱི་ཤ་ཚ། །དེས་དབང་མེད་སྐུ་མཚམས་དམ་དུ་བཅུག །སྟག་ཕྲུག་གི་རྩེད་འཕྱོ་སྙིང་རྗེ་སྐྱེ། །དེས་དབང་མེད་དུ་བྱང་སེམས་བསྒོམ་དུ་བཅུག །སྤྲེའུའི་ཙི་སྒྲ་ཞེ་ལ་བཅགས། །དེས་དབང་མེད་དུ་སྐྱོ་ཤས་སྐྱེ་རུ་བཅུག །སྤྲེལ་ཕྲུག་གི་ཀི་སྒྲ་དགོད་སྙིང་འདོད། །དེས་དབང་མེད་དུ་སེམས་བསྐྱེད་བསྒོམ་དུ་བཅུག །ཁུ་བྱུག་གི་ངག་སྙན་ཡིད་རྩ་སྐྱོ། །དེས་དབང་མེད་དུ་མཆི་མ་འཆོར་དུ་བཅུག །ཅོ་གའི་འགྱུར་སྐད་རྣ་བར་སྙན། །དེས་དབང་མེད་དུ་སྣང་བ་སྐྱིད་དུ་བཅུག །བྱ་རོག་གི་སྒྲ་སྐད་སྣ་ཚོགས་པ། །རྣལ་འབྱོར་འདུག་གྲོགས་སེམས་ལ་ཕན། །གནས་འདི་འདྲར་བསྡད་ན་ངང་གིས་སྐྱིད། །གྲོགས་གཅིག་ཀྱང་མེད་ན་དེ་བས་སྐྱིད། །ཅེས་གསལ་བ་དག་ནི་མི་ལའི་སྒྲུབ་གནས་སྟག་ཕུག་སེང་གེ་རྫོང་།ཞྭ་དམར་ཆོས་ཀྱི་དབང་ཕྱུག་གི་བལ་ཡུལ་ལམ་ཡིག་ནོར་བུའི་འཕྲེང་བ་ལས། དེའི་ཕྱི་ཉིན་སྔ་དྲོའི་ཁ་ཟས་སྤྱད་ནས་རིམ་གྱིས་འོངས་ཏེ། རྗེ་བཙུན་མི་ལ་རས་ཆེན་ལ་མངའ་བདག་མར་པས་ལུང་བསྟན་པའི་གནས་སྟག་ཕུག་སེངྒེ་རྫོང་ཞེས་གྲགས་པ། སྔར་སྟག་གི་ཚང་ཡིན་པས་དེ་སྐད་དུ་བརྗོད་པ་ཉེ་སྐོར་ན་རྗེ་མི་ལ་ལ་སྟག་གིས་བསྐོར་བ་བྱས་པའི་སར་མི་ལའི་ཞབས་རྗེས་དང་།སྟག་གི་རྗེས་ཡོད་པའི་སྒྲུབ་གནས་དེར་སླེབས་ཏེ་རྨི་ལམ་ཀ་བཞི་མའི་མགུར་དང་ཕྱག་མཆོད་སྨོན་ལམ་བགྱིས་ཤིང་དེ་ནུབ་དེར་གནས་སོ། །སང་ཉིན་དེ་ནས་རིམ་གྱིས་སོང་སྟེ།ཕ་བོང་གི་སྟེང་དུ་རྗེ་མི་ལའི་ཞབས་རྗེས་དང་སྟག་གི་རྗེས་སོགས་ཡོད་པའི་ཚན་གཉིས་མཇལ་ཏེ་ནགས་ཐང་ཞེས་བྱ་བ་ཞིག་ཏུ་གནས་སོ། །ཞེས་སྔགས་འཆང་ཤཀྱཱ་བཟང་པོའི་གདན་ས་ཙུ་ཊི་དགོན་ནས་མར་ཡོང་བའི་ས་ལ་ཡོད་པར་གསལ་བ་བཞིན།ཇོ་མོ་གཡང་རིའི་ནུབ་ཀྱི་རི་འདབས་གཙང་འགྲམ་ན་ཡོད་པས་ཡིན་གྱི་ཡོལ་མོའི་རི་སྟོད་རྣམས་ནི་དགུན་དུས་ཁ་བ་ཆགས་པའི་གྲང་མོ་རེད།

མི་ལ་རས་པ་ཡོལ་མོ་ལ་བཞུགས་པའི་རིང་། མོན་ཡུལ་གྱི་བནྡེ་གཞོན་ནུ་མ་ལྔ་ཙམ་ཆོས་ཞུར་བྱུང་བ་རྣམས་ལ། དབང་དང་གདམས་ངག་གནང་ནས་སྒོམ་དུ་བཅུག་པས་ཉམས་རྟོགས་བཟང་པོ་སྐྱེས་པ་ལ་རྗེ་བཙུན་ཐུགས་མཉེས་པར་མགུར་འབུམ་དུ་གསལ་བ་དང་།རྒྱལ་ཐང་པའི་མི་ལའི་རྣམ་ཐར་དུ་སྙ་ནམ་པའི་ཡོན་བདག་ཕོ་མོ་རྣམས་ཀྱིས་གྲོས་བྱས་ཏེ། མི་གཉིས་རྗེ་བཙུན་གདན་འདྲེན་དུ་བཏང་། ཡུན་རིང་པོའི་བར་དུ་མ་རྙེད། རྗེས་སུ་རྗེ་བཙུན་ཉིད་ཤིང་སྡོང་ཅིག་གི་འགྲམ་ན་བཞུགས་པ་དང་མཇལ། ཕྱག་འཚལ་སྙུན་ཞུས་ནས། བུ་སློབ་རྣམས་ཀྱིས་བདག་ཅག་གཉིས་སྤྱན་འདྲེན་དུ་བཏང་པ་ལགས་པས་ཅིས་ཀྱང་གཤེགས་པར་ཞུ་ཅེས་ཞུས་ན་ཡང་།རྗེ་བཙུན་གྱི་ཞལ་ནས། ང་ཁྱེད་ཀྱི་ཕྱིར་ནས་མི་འགྲོ་གསུང་ནས་མ་བྱོན།ཁོ་པ་གཉིས་ལོག་ཡོངས་པས། ཡུལ་པའི་ཡོན་བདག་ཕོ་མོ་ཐམས་ཅད་ངུད་མོ་འདོན་ཅིང་འདུག་པར་གསལ་བ་དག་གིས་རྗེ་བཙུན་ཡོལ་མོ་ལ་ལོ་ཤས་རིང་བཞུགས་ཡོད་པ་ནི་ཤེས་ཐུབ་པ་ཡིན།

ཕྱིས་ནི་ཡོལ་མོ་ལ་མི་ཚོགས་མང་དུ་སོང་བས་རྣམ་ཐར་རྣམས་སུ་གསལ་བའི་སྤྲ་དང་སྤྲེའུ་ནི་མཚམས་ལན་རེ་ཙམ་ཡོང་གི་ཡོད་ལ། སྟག་ནི་ཡོད་སྲིད་པ་རེད་ཟེར་བ་ཙམ་དུ་གྱུར་གདའ། རྒྱལ་ཐང་པའི་མི་ལའི་རྣམ་ཐར་དུ་གསལ་བའི་ཤིང་སྡོང་ཆེན་པོ་ལ་ནི་ཕོ་འདོམ་གསུམ་གྱིས་ཆིངས་པ་ཞིག་ཡོད་ཅིང་། དེ་ནི་ལོ་འགའི་ཡར་སྔོན་དུ་བསྐམས་ཟིན་པ་ཡུལ་པས་བཅད་པའི་རྩ་བ་སྐམ་པོ་དང་བྲག་རྡོའི་འོག་གི་ལམ་ཟུར་ན་སྡོང་དུམ་གཉིས་ཙམ་མཐོང་དུ་གདའ་ལ། བུག་པ་མི་གཉིས་ཙམ་ཤོང་བ་ཡང་བཟོ་བཅོས་ཀྱིས་ཅུང་ཟད་ཆེ་རུ་བཏང་ཤག །

སྒྲུབ་ཕུག་གི་ནང་དུ་མི་ལ་རས་པའི་རྡོ་སྐུ་ལག་ཁྲུ་གང་པ་ཞིག་འདུག་པ་ནི། ཐོག་མར་ལུག་རྫི་ཞིག་གིས་རྩྭ་གསེང་ནས་རྙེད་པ་སྒྲུབ་ཕུག་ཏུ་ཉར།བར་ལམ་ཞིག་ཏུ་སྒྲུབ་གནས་ཉེ་སྐོར་གྱི་ཡུལ་ཚོ་རྣམས་ལ་ཆོས་ཁྲིམས་པ་བཞི་ཡོད་པའི་ཡ་གྱལ་གྱ་པ་ཞེས་པའི་ཁྱིམ་རྒྱུད་སྒྲུབ་ཕུག་གི་ཐོག་འབུར་དིལ་གྲོང་ཚོར་ཡོད་པ་དེས་སྒེར་ཉར་བྱས་པ་ན། ན་ཚ་རྐྱེན་ཆག་ཀྱང་བྱུང་ཞིང་། ཡུལ་པས་ཀྱང་རྙོག་སྒྲ་བཤད་པས་སླར་སྒྲུབ་ཕུག་ཏུ་བཞག་པ། དབང་ཐང་ཞེས་པའི་གྲོང་མི་ཞིག་གིས་ཕྱི་འདྲེ་ནང་བཙོང་བྱས་ཏེ། ཡོལ་མོའི་ཕར་ཚུར་གྱི་མྱི་འགའ་མཉམ་རུབ་ཀྱིས་བརྐུས་པ་དཀའ་ཚེགས་ཆེན་པོས་བལ་པོའི་རྒྱལ་ས་ཡམ་བུ་ལ་ཁུར་ཐུབ་ཙམ་བྱུང་སྟེ་དབྱངས་ཅན་ཟེར་བའི་བུད་མེད་ཅིག་གི་ནང་དུ་སྦས། བུད་མེད་དེ་གཤིན་ཆོག་ཅིག་ཏུ་འགྲོ་བ་ན་ཆང་གིས་ར་བཟི་སྟེ་རྡོ་སྐུ་ཁང་པ་ལ་ཡོད་པ་ཁ་ནས་ཤོར། བལ་ཡུལ་གཞུང་གི་ཉེན་རྟོག་པས་བླངས་པ་རིམ་སྤྲོད་ཀྱིས་ཐ་མ་སྒྲུབ་ཕུག་ཏུ་སླེབ་པའི་བར་ཟླ་བ་དྲུག་འགོར་བའི་རིང་།ཡོལ་མོར་ཆར་པ་འབབ་རོགས་མ་བྱས་པ་དང་། རྡོ་སྐུ་སླེབ་མ་ཐག་ཆར་ཆེན་བབས་པ་དང་། རྐུ་མ་འབྲེལ་ཡོད་དང་བཅས་པ་ཕལ་མོ་ཆེ་སྔ་རྗེས་སུ་ན་ཤི་བྱུང་བ་སོགས་ཀྱི་ངོ་མཚར་བཤད་ཅིང་། ཡུལ་མི་ཚོས་རང་བྱུང་རྡོ་སྐུ་རིན་བྲལ་གྱི་ནོར་བུར་བརྩིས་ཏེ་སྐུ་སྨད་ཨར་འདམ་གྱི་ནང་དུ་སྦྱར་ནས་ཉར་གདའ།

སྒྲུབ་ཕུག་གི་མདུན་ཕྱོགས་ལ་ཡུལ་པའི་ལྷ་ཁང་རྡོ་བརྩེགས་ཤིག་ཡོད་པ་ནི། བླ་མ་རྡོ་རྗེ་དང་། ཞང་པ་གྲགས་པ་རྡོ་རྗེས་གཙོ་བོར་བྱས་པའི་ཡུལ་པ་དག་གིས་སྒྲུབ་གནས་གཟར་བོའི་འོག་ངོས་སུ་རྡོ་བརྩེགས་ཤིང་སྟེང་ངོས་ནས་ས་ཕབ་སྟེ་བཞེངས་པ་མྱི་ལོ་སུམ་ཅུ་རྩ་གྲངས་འགྲོ་བ་ན་ས་ཡོམ་གྱིས་བཤིག་པ་སླར་ཡང་བཞེང་གིན་གདའ་ལ། སྒྲུབ་ཕུག་གི་རྒྱབ་ལོགས་སུ་བཀའ་བརྒྱུད་པའི་སྒྲུབ་ཁང་སྟག་ཕུག་མཉམ་ཉིད་གླིང་ཞེས་པ་ཞིག་ཡོད་པ་ནི། མཁན་པོ་ཚུལ་ཁྲིམས་རྒྱ་མཚོའི་བཙུན་དགོན་བལ་པོའི་རྒྱ་ས་ཡམ་བུར་ཡོད་པ་ཐེག་མཆོག་གླིང་གིས་བཞེངས་ཏེ་མྱི་ལོ་ཉེར་ལྔ་ཙམ་འགྲོ་བ་ན་ས་ཡོམ་གྱིས་བཤིག་པ་སླར་ཡང་བཞེང་གིན་གདའ།

ཁོ་བོ་ཡོལ་མོའི་སྟག་ཕུག་སེང་གེ་རྫོང་གི་མཇལ་སྐོར་ལ་ཐོག་མར་སླེབ་པ་ནི། བོད་རབ་བྱུང་བཅུ་བདུན་པའི་ས་བྱི་ལོའི་དཔྱིད་ཀ་ལ་རེད།སྐབས་དེར་ནི་མཁན་པོ་དཔའ་བརྟན་དང་། རྩིས་ཆེ་ལེགས་མཐོང་།ཀ་པུ་ལི་སྟེ་ངེད་བཞི་ཡོད། ཞག་མ་གཉིས་གསུམ་ཞིག་སྒྲུབ་ཕུག་ནང་དུ་ཉལ་སྐལ་བྱུང་ཞིང་། ལྷ་ཁང་དང་སྒྲུབ་ཁང་དག་ཁྲ་ཕུང་ངེ་མཇལ་དུ་གདའ། བར་པར་སླེབ་པ་ནི་མེ་བྱ་ལོའི་སྟོན་ཀ་ལ་རེད། སྐབས་དེར་ཡང་མཁན་པོ་དཔའ་བརྟན་དང་།བསོད་ནམས་ཆོས་དབྱིངས། འཇམ་དབྱངས་དོན་གྲུབ། ཀོ་ཀོ་ཏཱ་ར་སྟེ་ངེད་ལྔ་ཞག་མ་བཞི་ལྔ་ཞིག་ལ་བསྡད་པ་ཡིན། ལྷ་ཁང་དང་སྒྲུབ་ཁང་ཚང་མ་ས་ཡོམ་གྱིས་བཤིག་པས་དྲི་ཟའི་གྲོང་ཁྱེར་དུ་སླེབ་པ་འདྲ་བོར་ཡོད་ནའང་སྒྲུབ་ཕུག་ལ་ནི་སྐྱོན་ཆག་ཅི་གང་བྱུང་མི་གདའ། འཇིག་བྱེད་ས་ཡོམ་ནི་ཤིང་ལུག་ལོའི་དཔྱིད་ཀ་བལ་ཡུལ་ཕྱོགས་ལ་ཤུགས་ཚད་ཆེས་ཆེ་བ་ཞིག་བྱུང་བ་དེ་ཀ་ལགས་ཤིང། ཐ་མར་སླེབ་པ་ནི་ས་ཁྱི་ལོའི་དགུན་ཁ་ལ་རེད། འདི་སྐབས་ནི་ང་རང་གཅིག་པུ་ཡིན། སྒྲུབ་ཕུག་ནང་དུ་ཉིན་གྲངས་སོ་བརྒྱད་རིང་སྒོམ་ཐུན་ལ་ཞུགས་པའི་གོ་སྐབས་ཐོབ་ཅིང་།ལྷ་ཁང་དང་སྒྲུབ་ཁང་བསྐྱར་བཞེང་གི་ལས་ཀ་ནི་གྲོག་མའི་ཚང་སྒོ་ལ་སླེབ་པ་འདྲ་བོ་རེད། སྔ་རྗེས་གང་གི་སྐབས་ཡིན་ནའང་གཙོ་བོ་བཀའ་བརྒྱུད་གོང་མ་རྣམས་ཀྱི་རྣམ་ཐར་བཞིན་སེམས་ངོ་སྐྱོང་བ་ལ་འབད་པའི་ཁུལ་བྱས་པ་སྟེ་ལུས་སེམས་ཞི་བར་གནས་པ་འབའ་ཞིག་ཏུ་བྱུང་ངོ་།།

སྒྲུབ་གནས་འདི་ཉིད་བཀའ་ཤིན་ཏུ་གཉན་པས་བཀའ་བརྒྱུད་དང་རྙིང་མའི་ཆོས་བརྒྱུད་འཛིན་པ་དག་ལས་གཞན་པའི་ཆོས་ལུགས་གྲུབ་མཐའ་སུའི་བླ་གྲྭ་མཚམས་སྒྲུབ་བྱེད་དུ་ཡོང་ན་ཡང་། ཆེ་སྟེ་ཤི་བ་དང་། འབྲིང་སྟེ་སྨྱོ་བ་དང་། ཆུང་སྟེ་ཆོ་འཕྲུལ་བྱུང་བས་འདུག་མ་བཅུག་པའི་ལོ་རྒྱུས་ནི་རབས་དང་རིམ་པ་མང་པོ་ཞིག་ཡུལ་མི་དག་ལ་བཤད་དུ་གདའ་འོ། །

ངོ་སྤྲོད།

Post navigation

Previous Post: ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་། ( 15 )
Next Post: ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་། ( 16 )

Comments (5) on “ཡོལ་མོའི་སྟག་ཕུག་སེངྒེ་རྫོང་། 
”

  1. ཀརྡོ་རབ་འབྱམས་པ་ says:
    2019-03-15 at 2:56 am

    ་་་་་་་་་་་་་ ཞི་བདག་དང་ལྷ་འདྲེའི་ཚོགས་ཀུན། ཤིན་དུ་གཉན་པའི་གནས་དེར་གདན་ཕེབས། ་་་་་་་་་་
    ཞེས་དང་།
    ་་་་་་་་་ སྔར་སྟག་གི་ཚང་ཡིན་པས་དེ་སྐད་དུ་བརྗོད་པ་ཉེ་སྐོར་ན་རྗེ་མི་ལ་ལ་སྟག་གིས་བསྐོར་བ་བྱས་པའི་སར་མི་ལའི་ཞབས་རྗེས་དང་།སྟག་གི་རྗེས་ཡོད་པའི་སྒྲུབ་གནས་དེར་སླེབས་ཏེ་རྨི་ལམ་ཀ་བཞི་མའི་མགུར་དང་ཕྱག་མཆོད་སྨོན་ལམ་བགྱིས་ཤིང་དེ་ནུབ་དེར་གནས་སོ། ་་་་་་་་་་་
    ཞེས་དང་།
    ་་་་་་་་་་་ སྒྲུབ་གནས་འདི་ཉིད་བཀའ་ཤིན་ཏུ་གཉན་པས་བཀའ་བརྒྱུད་དང་རྙིང་མའི་ཆོས་བརྒྱུད་འཛིན་པ་དག་ལས་གཞན་པའི་ཆོས་ལུགས་གྲུབ་མཐའ་སུའི་བླ་གྲྭ་མཚམས་སྒྲུབ་བྱེད་དུ་ཡོང་ན་ཡང་། ཆེ་སྟེ་ཤི་བ་དང་། འབྲིང་སྟེ་སྨྱོ་བ་དང་། ཆུང་སྟེ་ཆོ་འཕྲུལ་བྱུང་བས་འདུག་མ་བཅུག་པའི་ལོ་རྒྱུས་ནི་རབས་དང་རིམ་པ་མང་པོ་ཞིག་ཡུལ་མི་དག་ལ་བཤད་དུ་གདའ་འོ། ། ་་་་་་་་་་
    ་
    འདི་གསུམ་ག་ཡིད་ཆེས་པའི་གནས་སུ་ཅང་མི་མཐོང་ངོ་།།

  2. དྲི་མེད་ལྷག་བསམ། says:
    2019-03-19 at 10:27 am

    དཔྱད་པ་ཕལ་ཆེ་བ་ལེགས། རྗེས་སུ་ཡི་རང་ངོ་། འོན་ཀྱང་། འོན་ཀྱང་། སྟག་ཕུག་སེངྒེ་རྫོང་གི་བདག་པོ་སུ་ཡིན་རྩོད་པ་ཀུན་ཕན་གྱི་ལམ་དུ་འཇུག་པའི་སྐུལ་མ་གནང་རོགས། ཨ་མ་གཡང་རིའི་རྩེར་ལྷ་ཁང་བཞེངས་དགོས་པ་གུ་རུ་པདྨའི་ལུང་བསྟན། རྩོད་མེད་གྱི་གཏེར་ཆེན་རིག་འཛིན་རྒོད་ལྡེམ་པའི་ལུང་བསྟན་ཡོད། བལ་བོད་ཀྱི་ཕན་བདེ་དང་མཐོང་ཚད་ཀྱི་སྐྱེ་ཐར་བའི་ལམ་དུ་འཇུག་པའི་དགོས་པ་ཡོད་པར་གསུངས། བར་ཆད་ཡོད་པ་ནི་ཀུན་ལ་གྲགས། རི་བོའི་རྩེར་ལྷ་ཁང་ཐེངས་གསུམ་བཞེངས། ཐེངས་གསུམ་འཇིག། དང་པོ་གྲུབ་ཆེན་སུརྱཱ་སེངྷ་དང་། བར་བ་ཡོལ་མོའི་ཡུལ་གྱི་སྐྱབས་མགོན་གཅིག་པུ་བཀའ་རྙིང་བསྟན་པའི་ཤིང་རྟ་༧རྗེ་མགོན་ནང་པ་ཆེན་པོ་ཀརྨ་འཕྲིན་ལས་བདུད་འཇོམས་རེད། ཕྱི་མ་མཁན་པོ་ཞིག་གིས་བཞེངས། ལུང་བསྟན་ལས། དུས་ལན་གཅིག་ལྔ་བརྒྱའི་ཐ་མ་ལ༔སེམས་ཅན་ཚེ་ཐུང་བསྒྲུབ་པའི་ལོང་མེད༔བཤད་གྲྭ་དང་བསྒྲུབ་པའི་དམ་ཆོས་ནུབ་པའི་དུས་སུ༔ལྷ་ཁང་དེ་ཉིད་བརྩིག་པར་འགྱུར་རོ༔ལྷ་ཁང་དེ་དང་པོ་སྲ་ཞིང་བརྟན་པ་བརྩིག༔ཞིག་རལ་དུ་མ་སོང༔མཆོད་པ་མ་ཆག་པ་བྱས༔སྦས་ཡུལ་དེར་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་འབྱུང་ངོ༔ ཞེས་བཀོད་པ་འདི་ལའང་རྗེས་སུ་ཡི་རང་ཞུ།

  3. ཀརྡོ་རབ་འབྱམས་པ་ says:
    2019-03-19 at 11:51 am

    བཀའ་སྙིང་པའི་ལྷ་ཀླུས། ས་དགེར་བསྟན་པ་དང་། བསྟན་འཛིན་ལ་གནོད་ན། ལྷ་དེའི་ཞབས་འདྲེན་ཡིན་པ་ལས་བསྟོད་བསྔགས་སུ་མི་འགྲོའོ།།

  4. བན་དེ་བ། says:
    2019-03-19 at 9:57 pm

    ཧི་མ་ལའི་བྲག་ཕུག་དང་གད་ཕུག་དང་ས་ཕུག་ཐམས་ཅད་གྷུ་རུ་དང་མི་ལའི་སྒྲུབ་ཕུག་དང། གངས་རི་དཀར་པོ་ཐམས་ཅད་ཨུ་རྒྱན་གྱི་པད་ཞྭ། ཆུ་རྡོལ་ཐམས་ཅད་རྡོ་རྗེ་ཕག་མོའི་བ་གའི་ཆུ། མདོར་ན་ཧི་མ་ལའི་གཡའ་རི་གངས་རི་བྲག་རི་མཚོ་དང་བཅས་པ་ཐམས་ཅད་ཁོང་གཉིས་ཀྱི་གནས་རིར་བལྟ་ཚུལ་འདི་ལ་བསམ་འཆར་ཡོད་དམ།

  5. ཀརྡོ་རབ་འབྱམས་པ་ says:
    2019-03-20 at 12:45 am

    གཞུང་ཕྱི་མོའི་དབུ་མ་པ་སློབ་དཔོན་ཀླུ་སྒྲུབ་ཀྱི་དངོས་སློབ་། སློབ་དཔོན་འཕགས་པ་ལྷ་དང་། གུ་རུ་པདྨ་འབྱུང་གནས་གཉིས་ནི། རྫུས་སྐྱེས་སུ་འདོད་པའི་ལུགས་གཅིག་དང་། ཡང་སློབ་དཔོན་ནི་དགུང་གྲངས་སྟོང་ཕྲག་བཞུགས་པའི་ལུགས་སུ་གང་ཡ་མི་སྲིད་པ་མེད་ཀྱང་། སྐོབ་དཔོན་མངལ་སྐྱེས་སུ་འདོད་ན་ཅི་ཆ་མེད་དོ། །

    བལ་ཡུལ་དུ་རྡོ་རྗེ་ཕ་མོའི་བྷ་གའི་ཆུ་ཞིག་ང་རང་གིས་མིག་གསོན་པོ་འདི་ཡིས་མཇལ་ཐུབ་པ་ཅིག་འདུག གཞན་ཡང་གར་ཞར་མཁའ་འགྲོའི་གླིང་ལ་རྒྱལ་བ་རྒོད་ཚང་པས་བཞག་པའི་པུས་མོ་གཉིས་ཀྱི་རྗེས་དང་། ཁོང་རང་གི་ལིངྒའི་རྗེས་ནི་མཇལ་རྒྱུ་འདུག་གདའ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme