Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡེ་ཤུའི་སྐྱེས་སྐར་གྱི་སྔ་ནུབ་ཏུ་སྤྲིངས་པའི་འཕྲིན་ཡིག

Posted on 2010-12-242010-12-24 By ཡེ་ཤེས་ 16 Comments on ཡེ་ཤུའི་སྐྱེས་སྐར་གྱི་སྔ་ནུབ་ཏུ་སྤྲིངས་པའི་འཕྲིན་ཡིག

ཀླུ་སྨྱོན།
merry-christmas1
ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོས་བོད་རིགས་ཚོར་ཡེ་ཤུའི་སྐྱེས་སྐར་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་པའི་ལན་དུ་སྤྲིངས་པ།
ཚོགས་གཙོ་ལགས་སུ་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་རང་གི་བསམ་ཚུལ་འགའ་ཞུ་འདོད་ བྱུང་། སྤྱི་ལོའི་ལོ་གསར་འདི་ནི་མི་གཞི་ཕྱི་རོལ་བའི་སྟོན་པ་ཡེ་ཤུ་མ་ཤི་ཀའི་སྐྱེས་ སྐར་ནས་བཟུང་སྟེ་རྩི་སྲུང་བྱས་པ་ཞིག་ཡིན་ན་ཡང་། དེང་སྐབས་འཛམ་གླིང་སྤྱིའི་ལོ་གསར་ལྟ་བུར་ངོས་འཛིན་བྱེད་བཞིན་འདུག་པས་ང་ཚོ་ ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་ཚོས་འདིའི་སྐབས་སུ་ཕན་ཚུན་བཀྲ་ཤིས་བདེ་ལེགས་ ཙམ་ཞུས་ན་འགྲིག་གི་ཡོད་འགྲོ ཡིན་ན་ཡང་ཡེ་ཤུའི་འཁྲུངས་སྐར་(Christmas)རང་ལ་ང་ཚོས་གཅིག་གིས་གཅིག་ལ་རྔན་པ་ སྤྲོད་རེས་དང་ཁྱིམ་ཚང་ནང་དུ་ཡེ་ཤུའི་ཤིང་སྡོང་འཛུག་པ་དང་གློག་སྒྲོན་ཁྲ་ཆིལ་ དགུ་ཆིལ་སོགས་སྤར་བ། ཐུགས་སྤྲོ་མགྲོན་འབོད་སོགས་ཕྱི་རྒྱལ་ཡེ་ཤུའི་ཆོས་དད་པ་ནང་བཞིན་བྱེད་དགོས་ དོན་ཨེ་ཡོད། ང་རང་ཚོར་བོད་པའི་ལོ་གསར་ཞིག་གནའ་བོའི་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་དུས་ ནས་ཡོད་པ་དང་། དེ་བཞིན་ཆོས་ཕྱོགས་ནས་སྟོན་པ་བཅོམ་ལྡན་འདས་སྐུ་འཁྲུངས་པའི་དུས་ཆེན་དང་སངས་ རྒྱས་པའི་དུས་ཆེན། ཆོ་འཕྲུལ་བསྟན་པའི་དུས་ཆེན། ལྷ་ལས་བབས་པའི་དུས་ཆེན་དང་མྱ་ངན་ལས་འདས་པའི་དུས་ཆེན་སོགས་རང་གི་མི་རིགས་དང་ ཆོས་ལུགས་ལ་འབྲེལ་བ་ཆེན་པོ་ཡོད་པའི་དུས་ཆེན་གང་མང་ཞིག་ཡོད་པས། དུས་ཆེན་དེ་དག་གི་སྐབས་སྤྱི་དང་ཁྱད་པར་དུ་སྟོན་པ་སངས་རྒྱས་ཀྱི་འཁྲུངས་སྐར་ ལྟ་བུར་གཅིག་གིས་གཅིག་ལ་སྟོན་པའི་འཁྲུངས་སྐར་ཤོག་བྱང་གཏོང་རེས་དང་རྔན་པ་ སྤྲོད་རེས། ཁང་པའི་ཕྱི་ནང་དུ་གློག་སྒྲོན་ཁྲ་ཆིལ་དགུ་ཆིལ་སྤར་བ་དང་ཐུགས་སྤྲོ་མགྲོན་ འབོད་སོགས་བྱེད་ཐུབ་ན། ང་ཚོའི་ཕྲུ་གུ་ཚོའི་རྒྱུད་ལ་བོད་པའི་ཆོས་དང་རིག་གཞུང་གི་བག་ཆགས་བཟང་པོ་རེ་ འཇོག་ཐུབ་པའི་ཡིད་ཆེས་ཡོད། སྤྱི་ལོ་ཉིས་སྟོང་གཅིག་ལོར་གུས་པའི་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་ སེང་བཀའ་ཁྲོལ་དང་གསུང་བཟང་གི་དབུགས་དབྱུངས་བསྩལ་ཏེ་བདག་ཅག་གི་སྟོན་པ་བཀའ་ དྲིན་ཅན་གྱི་འཁྲུངས་སྐར་ཉིན་མོར་བོད་པ་ཚོས་སྟོན་པའི་འཁྲུངས་སྐར་ཤོག་བྱང་ (Buddha’s Birthday Card) གཏོང་བའི་ལུགས་སྲོལ་འདིའི་མགོ་འཛུགས་ཞུས་ཟིན་པ་དང་། འདི་ལ་གོང་ས་མཆོག་གི་སྐུ་སྒེར་ཡིག་ཚང་དང་ཆོས་དོན་ལས་ཁུངས་སོགས་ཀྱིས་བཀའ་ ཁྲོལ་ཐོབ་ཡོད་ལ། གོང་ས་མཆོག་དང་རྒྱལ་བ་ཀརྨ་པ་སོགས་ཆོས་རྒྱུད་ཁག་གི་བླ་ཆེན་རྣམ་པས་ཀྱང་ཐུགས་ ཁུར་ཆེ་བཞེས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་གནང་ཡོད། གང་ལྟར་བོད་རང་ལ་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་བཟང་པོ་ཞིག་ཡོད་པས། རང་ཅག་རྣམས་ཀྱིས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡང་གང་ནུས་ཅི་ཐུབ་ཀྱིས་རང་གི་རིག་ གཞུང་གི་སྲོལ་རྒྱུན་བཟང་པོ་དེ་རང་གི་མི་རབས་རྗེས་མ་ཚོར་ངོ་སྤྲོད་རེ་བྱེད་ ཐུབ་ན་སྙམ་པའི་ཀུན་སློང་བཟང་པོ་ཞིག་གིས་བསླངས་ཏེ་ཕུལ་བ་ལགས།
ད་དུང་ཚིག་སྣོན་པ་འགའ་ཞུས་ན། ཉེ་སྔོན་ངས་བརྙན་འཕྲིན་ལས་རིམ་ཞིག་ལ་བལྟས་པ་ཡིན་ལ་ལས་རིམ་དེས་ང་ལ་སྔོན་མེད་པའི་སེམས་པ་སྐྱོ་བོ་ཞིག་བཟོས་སོང་། དེ་ནི་དེང་སྐབས་འཛམ་གླིང་གི་བཟོ་གྲྭ་སྤྱི་དང་ཁྱད་པར་དུ་རྒྱ་ནག་ཏུ་ཡེ་ཤུའི་ སྐྱེས་སྐར་གྱི་རྔན་པའི་ཆེད་དུ་འགྱིག་གི་ཅ་ལག་བྱིས་པའི་རྩེད་ཆས་ལྟ་བུ་ཕོན་ ཆེན་ཞིག་བཟོ་བཞིན་ཡོད་ཅིང་། བཟོ་གྲྭ་ཆེན་པོ་དེ་དག་ནས་ཐོན་པའི་དུ་བ་བཙོོགས་པོ་དེས་ས་ཡི་གོ་ལའི་མཁའ་ དབུགས་འབག་རྩོག་ཅན་དུ་བསྒྱུར་དང་སྒྱུར་བཞིན་པ་དང་། ཐ་ན་སའི་གོ་ལའི་བྱང་སྣེ་རུ་ཡོད་པའི་ཡེ་ཤུའི་སྤོ་བོ་སྡོད་ས་དེ་རུ་ཡང་ཡེ་ ཤུའི་དུས་ཆེན་ལ་སྤྲོད་རྒྱུའི་རྔན་པ་བཟོ་སའི་བཟོ་གྲྭ་ཆེན་པོ་གང་མང་ཞིག་ བཙུགས་པས། དེ་དག་གི་དུ་ནག་གིས་སའི་གོ་ལའི་ཆེས་གཙང་སར་འབོད་པའི་གླིང་སྣེ་བྱང་མའི་མཁའ་ དབུགས་ཀྱང་འབག་བཙོག་ཏུ་གྱུར་ཏེ། ཐ་ན་ཡེ་ཤུའི་སྤོ་བོ་ལ་ཡང་གློ་ནད་ཚབས་ཆེན་བཟོས་ཏེ་ཁ་ནས་ཁྲག་སྐྱུགས་ཏེ་འཆི་ལ་ ཁད་དུ་གྱུར་ནས་མཐར་སྨན་ཁང་དུ་སྐྱེལ་དགོས་བྱུང་ཞིང་། མཐའ་མར་མི་རྣམས་ཀྱིས་གྲོས་བྱས་ནས་ཡེ་ཤུའི་སྐྱེས་སྐར་དུས་ཆེན་སྐབས་མི་རེ་ རེར་རྔན་པ་གཅིག་རེ་ལས་མི་དགོས་པ་བྱས་པས། བཟོ་གྲྭ་དག་ནས་ཀྱང་ཡེ་ཤུའི་སྐྱེས་སྐར་དུས་ཆེན་ལ་དམིགས་པའི་རྔན་པ་བཟོ་སྐྲུན་ བྱེད་མཚམས་ཉུང་དུ་བཏང་བའི་ཉེར་ལེན་གྱིས་འཛམ་གླིང་ཧྲིལ་བོའི་མཁའ་རླུང་འབག་ རྩོག་ཅན་དེ་ཡང་ཇེ་ཉུང་དུ་སོང་སྟེ་མཐར་ཡེ་ཤུའི་སྤོ་བོ་ཡང་གློ་ནད་སངས་དྲག་ཏུ་ གྱུར་ནས་སྨན་ཁང་ལས་ཕྱིར་བུད་དེ་རང་གི་སྡོད་གནས་གླིང་སྣེ་བྱང་མར་སོང་བའི་ སྒྲུང་ཞིག་རེད། གང་ལྟར་ཡེ་ཤུའི་སྐྱེས་སྐར་དུས་ཆེན་སྐབས་སུ་ཡེ་ཤུ་བ་ཡིན་མིན་ཚང་མས་སྨྱོ་བ་ ལྟར་དུ་རྒྱ་ནག་ནས་བཟོས་པའི་ཅ་ལག་འདྲ་མིན་ཉོ་སྒྲུབ་བྱེད་པ་འདི་ནི་སའི་གོ་ལ་ ཧྲིལ་བོའི་ཆགས་འཇིག་དང་འབྲེལ་བ་ཆེན་པོ་ཡོད་པའི་གནད་དོན་ཚབས་ཆེན་ཞིག་ཡིན་པས། ང་ཚོས་ཀྱང་གོང་ས་ཏྰ་ལའི་བླ་མ་མཆོག་གིས་ཡང་དང་ཡང་དུ་གསུངས་པའི་འཛམ་གླིང་གི་ ཁོར་ཡུག་སྲུང་སྐྱོབ་གལ་ཆེན་ཡིན་པའི་གནས་སྟངས་ལ་ཐུགས་བསམ་རེ་བཞེས་པའི་འབོད་ སྐུལ་ཡང་ཞུས་པ་ལགས།

གསར་འགྱུར། Tags:ཨཨ

Post navigation

Previous Post: གཅིན་པ་གཏོང་སྟངས་དང་སྐྱག་པ་བཙིར་སྟངས།
Next Post: ཚེ་སྲོག (བཞུད་ཟིན་པའི་བགྲེས་སོང་ལགས།)གཉིས་པ།

Comments (16) on “ཡེ་ཤུའི་སྐྱེས་སྐར་གྱི་སྔ་ནུབ་ཏུ་སྤྲིངས་པའི་འཕྲིན་ཡིག”

  1. thubtenchoglang says:
    2010-12-24 at 2:11 am

    ༡༩༥༩ གོང་ལ་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་སངས་རྒྱས་སྐུ་བལྟམས་པའི་དུས་ཆེན་ལ་དགའ་སྤྲོའི་རྣམ་པ་མཚོན་བྱེད་དུ་ལྷ་ས་རྫོང་རྒྱབ་ཀླུ་ཁང་དུ་མི་མང་མང་པོ་མཉམ་འཛོམས་ཀྱིས་ཐུགས་སྤྲོ་གཏོང་བ་མ་ཟད། བོད་གཞུང་བཀའ་ཤག་གིས་གཙོས་པའི་གཞུང་གི་ལས་བྱེད་ཚོ་ལྷ་ས་རྫོང་རྒྱབ་ཀླུ་ཁང་དུ་ཕེབས་ཏེ་རྟེན་མཆོག་སྤྱན་སྔར་མཆོད་འབུལ་དང་། དེ་ནས་ཐུགས་སྤྲོ་བཏང་ནི་བཞུགས་སྲོལ་འདུག་པས་བཟང་སྤྱོད་དེ་རིགས་རྒྱུན་འཛིན་ཐུབ་ཐབས་བྱུང་ན་ཡག་པོ་འདུག། དེ་བཞིན་སངས་རྒྱས་འཁྲུངས་ཚེས་ལ་འཚམས་ཤོག་འབུལ་སྲོལ་གསར་གཏོད་ཐུབ་ན་དངོས་གནས་ཡག་པོ་འདུག། ཡིན་ནའི་གཞུང་ཕྱོགས་ནས་མོས་མཐུན་དང་། འགན་འཁུར་བཞེས་ཏེ་ཡོངས་གྲགས་བཟོས་ན་ལས་ང་ཚོ་དྲ་གྲོགས་རེ་གཉིས་ཀྱི་བསམ་ཚུལ་ནི་ཆུའི་ནང་སྟུག་དྲི་བཏང་པ་དང་གཅིག་པ་རེད་དོ།

  2. ཁ་རུ་ཁ་ཐུག says:
    2010-12-24 at 2:39 am

    མ་གཞི་ང་ཚོ་བོད་པ་འདི་ཨ་གསར་ཚ་པོ་ཞེ་བོ་ཡོད་པ་རེད། ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་པ་ཚོ་ཁག་ཅི་ཡོད། མགོ་སེ་ཚོས་ག་རེ་བྱས་པ་དེ་བྱེད་ཀྱི་རེད་ལ། དེ་ཚོའི་འགྲོ་སྟངས་ཚང་མ་ཡག་པོ་དང་ཡར་ཐོན་ཡིན་པར་བསམ་གྱི་ཡོད་པ་རེད། དེང་སང་བོད་ནང་གི་ལྷ་ས་སོགས་སུ་ཡེ་ཤུའི་འཁྲུངས་སྐར་ཉིན་ཐུགས་སྤྲོ་གཏོང་བ་དང་། མི་བྱེད་དགུ་བྱེད་འགའ་བྱེད་ཀྱི་འདུག་ཟེར་གྱི་འདུག་གཱ
    ནང་པ་ཡིན་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་འཁྲུངས་སྐར་ས་ག་ཟླ་བའི་ཚེས་༡༥ ཉིན་ལག་རྟགས་སྤྲོད་རེས་སོགས་བྱས་ན་འགྲིག་གི་རེད་པཱ། ད་ངོ་མ་བོད་པ་ཚོ་འགྱུར་འགྲོ་ཡི་འདུག བཟང་ཕྱོགས་ནས་འགྱུར་གྱི་མི་འདུག སྡུག་ཕྱོགས་ནས་འགྱུར་གྱི་འདུག ལེགས་ཆ་ལེན་ཤེས་ཀྱི་མི་འདུག མི་དགོས་རྒྱུ་ཚང་མ་ལེན་གྱི་འདུག ད་ངོ་མ་ཅ་ཟིང་པོ་ཞེ་དྲག་རེད་འདུག དཀོན་མཆོག་གསུམ།

  3. ཨོ་རྒྱན་ཕྲིན་ལས་རྡོ་རྗེ says:
    2010-12-24 at 4:07 am

    ཡག་པོ་གསུངས་འདུག འཁོར་ཡུག་བསྲུང་སྐྱོབ་གལ་ཆེན་པོ་རེད།

  4. ཀརྡོ་རབ་འབྱམས་པ་ says:
    2010-12-24 at 5:20 am

    ང་ཕྱི་རྒྱལ་དུ་སླེབས་ནས་ལོ་མང་མ་འགོར་སྐབས་ཤིག་ལ། ཡེ་ཤུའི་ཆོས་ལུགས་པས་དེང་དུས་ཆོས་ལུགས་དུས་ཆེན་ཆེན་སྐབས་ལ། ཁོང་ཚོའི་གཏམ་བརྒྱུད་ལ་ཡོད་པའི་པོ་པོ་གོས་དམར་ཞྭ་དམར་སྣ་དམར་ཅན་འདིས་ཕྲུ་གུ་ཚོར་རྔན་པ་སྤྲོད་སྲོལ་འདི་ཡག་པོ་ཅིག་མཐོང་སོང་ཡང་། དིང་སང་པོ་པོ་ཁོ་རང་འདྲ་སྐུ་བཟའ་རྒྱུ་བཟོས་པ་འདི་དང་། སྔ་ལོ་གཅིག་ལ་ཡི་ཤུ་ཁོ་རང་གི་འདྲ་སྐུ་ཆེ་ཤོས་ཀྱི་ཟས་སྣ་ཞེས་འཛམ་གླིང་ལོ་རྒྱུས་གསར་གཏོད་བྱས་པ་སོགས་ནི། དད་ལྡན་དེ་ཚོའི་དད་པར་མི་གནོད་ཅི་ཡིན་ནམ། ཡང་ན། ཡི་ཤུ་དད་ལྡན་པ་ཚོར་ཡང་བཀག་འགོག་རང་དབང་མེད་པ་ཡིན་ནམ་སྙམ་པ་རང་བློར་མི་བདེ་བ་ཅུང་ཟད་བྱུང་སོང་།
    ནང་ཆོས་རིག་གཞུང་ཚོང་རྫས་ཁེ་ལེན་པས་ཀྱང་དྲན་ཤེས་བག་ཡོད་ཀྱིས་ཚོང་ཟོག་བཟོ་བསྐྲུན་གཟབ་ནན་དགོས་པ་དང་། རང་གི་སྟོན་པ་ཤྰཀྱ་ཐུབ་པའི་འཁྲུངས་སྐར་ཤོག་བྱང་བསྐུར་རེས་ཐུབ་ན་ཚེགས་ཆུང་གི་བྱ་བ་འདིས་དོན་ཆེན་ཅིག་བྱུང་སྲིད་པ་རེད། ང་ཚོས་ཕྱི་པ་ཚོར་བསྟུན་དགོས་ཀྱང་ང་ཚོ་ཕྱི་པ་མིན་པས། ཁྲ་ཆིལ་བྱས་དྲགས་ན་ཕྱི་མིས་ང་ཚོར་བགད་མོ་ཤོར་མི་སྲིད་པ་མ་རེད།

  5. མི་ says:
    2010-12-24 at 10:50 am

    ཕྱི་རྒྱལ་ན་ཡོད་མཁན་ཚོ་གཅིག་པོ་མ་རེད། ད་ནང་ཞོགས་པ་རྒྱ་གར་ནས་ངོ་ཤེས་འགའ་ནས་ཁ་པར་བསླེབས་སོང་། དོན་དག་ཅི་ཡོད་ཞེས་དྲིས་དུས། ཡེ་ཤུ་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན་ཟེར། འོ། ཡ་ཡ། གཉིད་ཁུགས་དགོས་གི་འདུག རྗེས་མ་ཁ་བརྡ་བཤད་ཞེས་ཁ་པར་བསད་བཞག་པ་ཡིན།

  6. ཐོན་མའི་བུ། says:
    2010-12-24 at 12:17 pm

    དེ་དང་འབྲེལ་ནས་ངས་ཀྱང་ཚིག་རེ་གཉིས་ཤིག་བཤད་ཀི་ཡིན། ནུབ་ཕྱོགས་པའི་སྤྱི་ཚོགས་ཁྲོད་སྐྱེས་སྐར་གྱི་ཉིན་མཆོད་མེ་མང་པོ་སྤར་ཏེ་དབུགས་ཐེངས་གཅིག་གིས་བསད་ན་། ཧ་ཧ་ཧོ་ཧོ་ཞེས་དགའ་བའི་ལག་བརྡ་བྱེད། ལོ་ཆུང་བྱིས་པ་རྣམས་ལ་རང་གི་ལོ་ཚད་དང་བསྟུན་ཏེ་མཆོད་མེའི་གྲངས་ཀ་བསྒྲིགས་པའང་འདུག དེ་ལྟའི་ཆར་དེ་ནི་ང་ཚོ་བོད་པའི་སྤྱི་ཚོགས་ཁྲོད་དར་སྲོལ་ཆེ་རུ་སོང་ཡོད། ནུབ་ཕྱོགས་སུ་ཡོད་པའི་བོད་པ་རྣམས་མ་ཟད་རྒྱ་གར་དང་། ལྷ་སའི་ཁུལ་གྱི་བོད་མི་མང་པོ་ཞིག་གིས་སྐྱེས་སྐར་སྲུང་བརྩི་དེ་ལྟར་བྱེད་ཀྱི་འདུག་ཟེར། གཞན་གྱི་རིག་གཞུང་ཞིག་ཡིན་པས་རྒྱུ་མཚན་ཙམ་མིན་པར་དེ་ནི་བོད་མིའི་བསམ་སྤྱོད་དང་བསྡུར་ན་མཆོད་མེ་གསོད་པ་ནི་ཆེས་རྣམ་རྟོག་བྱེད་ས་ཞིག་ཀྱང་རེད། ངས་མཐོང་མྱོང་བ་ཞིག་ཏུ་རྒྱ་གར་དུ་ཡོད་པའི་བོན་པོ་རྣམས་ཀྱིས་ཕན་ཚུན་ཁོང་ཚོའི་སྟོན་པ་གཤེན་རབ་མི་བོ་ཆེའི་འཁྲུངས་མཆོད་སྐབས་ཤེས་ཕན་ཚུན་ཤིས་ཤོག་བསྐུར་བའི་སྲོལ་འདུག་ལ། ལྷག་པར་དུ་ཝཱ་ར་ཎ་སིར་ཡོད་པའི་བོན་གྱི་དགེ་སློབ་ཁང་གིས་སྟོན་པའི་འཁྲུངས་མཆོད་སྐབས། ཤིས་བྱང་དེ་བོན་གྱི་དགོན་སྡེ་དང་མི་སྡེ་སོགས་གཏོང་བ་མཐོང་སོང་། མདོར་ན་ང་ཚོས་ཀྱང་ད་ལྟ་བའི་བཟང་སྤྱོད་ཀྱི་ཆ་ཤས་ལེན་ཐུབ་ན་ཡག་པོ་འདུག་བསམ་སོང་།

    གོང་དུ་མཆོད་མེ་ཞེས་བྲིས་ཡོད། བོད་པ་མང་པོ་ཞིག་གིས་ཡོངས་གྲགས་སུ་ཡང་ལཱ་འདྲ་ཟེར་གྱི་འདུག དེའང་རྒྱ་ཚང་གི་སྐད་ཅིག་རེད། བོད་པ་ཁ་ཤས་ཀྱི་ཚིལ་མེ་འདྲ་ཟེར་གི་འདུག དེ་ནི་ཡག་པོ་ཞིག་མ་མཐོང་། གང་ལྟར་མིང་གཞན་ཞིག་དགོས་པ་འདྲ།

  7. ཀརྡོ་རབ་འབྱམས་པ་ says:
    2010-12-24 at 4:23 pm

    ཡང་ལྰ་ལ་རྐྱོང་རྩེ་ཞེས་ཨིན་བོད་ཚིག་མཛོད་གསར་མའི་བྲིས་འདུག། ཕྱི་ལུགས་ལྟར་སྐྱེས་སྐར་དགའ་སྟོན་བྱས་ནའང་ལོ་ཚད་མཉམ་པའི་མཆོད་མེ་འབུལ་དགོས་ཀྱང་གསོད་མི་ཉེན། བསད་ན་བོད་ལུགས་ལྟར་ན་རྣམ་རྟོག་ངན་པ་བརྩིས་པས་སོ། །

  8. ཀརྡོ་རབ་འབྱམས་པ་ says:
    2010-12-24 at 4:24 pm

    གསར་མའི་ནང་ལ་བྲིས་འདུག

  9. ཀརྨ་ཡེ་ཤེས། says:
    2010-12-24 at 4:35 pm

    གོང་གི་ཨོ་རྒྱན་ཕྲིན་ལས་རྡོར་རྗེ་ཞེས་པ་དེ་ད་ལྟའི་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་དེ་ཡིན་ནམ། གར་སྲིད་ཡིན་ན་ཁ་བརྡའི་ལམ་ནས་དངོས་སུ་འབྲེལ་བ་བྱུང་བ་ལ་གུས་པས་ཐལ་མོ་སྦྱར་ཏེ་གུས་འདུད་ཞུ་གི་ཡོད།

  10. བོད། ལྷ་ཀླུ་གཉན་གསུམ། says:
    2010-12-24 at 4:38 pm

    ཀླུ་སྨྱོན་ལགས། བོད་མི་འདི་དག་འགྱུར་ཆོག་ཆོག་གི་ཤོག་བུའི་སྣང་བརྙན་འདི་དག་མཐོང་ནས་འོང་དུས། རང་གིས་རང་ལ་ངོ་ཚ་ནི་ཞིག་རེད་དམ། ང་ནི་ལད་ཟློས་ཤིག་གི་ཁྲོད་དུ་བཟི་ནས་རང་ཉིད་སུ་ཡིན་མིན་ཡང་བརྗེད་གྲབས་ཡོད་པའི་མི་རྩ་མེད་ཇེ་མང་དུ་འགྲོ་བ་ལ་སེམས་པ་སྐྱོ་བཞིན་ཡོད་ལགས། ཁྱེད་ཀྱི་གསུངས་པ་དེར་དགའ་གུས་ཚད་མེད་ཞུ།

  11. ལྷ་ས་ཨབ་སོབ། says:
    2010-12-24 at 8:07 pm

    ཡེ་ཤུའི་སྐྱེས་སྐར་ལ་འཛམ་གླིང་གི་ཡེ་ཤུའི་རྒྱལ་ཁབ་དེ་ཚོའི་ནང་དུ་གཞུང་དང་མི་མང་གཉིས་ཀས་སེམས་ཚོར་དྲག་པོའི་ཐོག་ནས་བསྲུང་རྩི་གྲ་རྒྱས་པོ་ཞུ་བ་ནི་ཡིད་སྨོན་བྱ་དགོས་པ་ཞིག་རེད། རང་ཅག་བོད་པའི་གཞུང་མང་གཉིས་ནས་ཀྱང་། བདག་ཅག་གི་སྟོན་པའི་དུས་ཆེན་ཁྱད་པར་ཅན་ས་ག་ཟླ་བའི་ཚེས་༡༥་ཉིན་དེར་ད་ལྟ་ལས་གྲ་རྒྱས་ཙམ་གནང་ཐུབ་ན་སྤྱི་ན་སོ་སོའི་བསོད་ནམས་གོང་དུ་འཕེལ་བ་དང་། ལྷག་པར་སྟོན་པའི་མཛད་བཟང་རྣམས་མི་རབས་ནས་མི་རབས་བརྒྱུད་འཚོ་གནས་ཐུབ་པ་ཡོང་ངེས།

  12. ལ་སྟོད་བུ། says:
    2010-12-24 at 10:17 pm

    ངོ་ཐོག་རེད།
    བོད་རིགས་འདི་འགྱུར་སླ་བོ་ཞིག་རེད་འདུག
    བལ་ཡུལ་དུ་ཡོད་པའི་བོད་རིགས་ཕྲུག་གུ་གཞོན་སྐྱེས་རྣམས་བལ་སྐད་རྒྱབ་སྟེ་རྫིག་ཉམས་སྟོན་གྱི་འདུག
    རྒྱ་གར་དུ་ཡོད་པའི་བོད་རིགས་དེ་དག་གིས་ཧིན་སྐད་རྒྱབ་སྟེ་རྫིག་ཉམས་སྟོན་།ཕྱི་རྒྱལ་དུ་ཡོད་པའི་དེ་དག་རྣམས་དབྱིན་སྐད་ལས་སོགས་ལུང་པ་དེ་ཡི་སྐད་རྒྱབ་ནས་རྫིག་ཉམས་སྟོན་ཡོང་གི་འདུག
    དེ་ནི་རང་མི་རིགས་ཀྱི་སྐད་ཡིག་རིགས་གཞུང་ལ་ཉམས་རྒུད་འབྱུང་བའི་ཐན་ངན་ཞིག་དང་མ་ཟད་ཨ་རིར་ཡོད་པའི་བོད་རིགས་གཞོན་སྐྱེས་དེ་ཚོས་མི་ནག་གི་གྱོན་གོས་དང་གཅིག་མཚུངས་ཀྱིས་རྫིག་ཉམས་སྟོན་ཡོང་གི་འདུག
    ད་གང་ཤེས།སྔོན་མ་སྔོན་མར་འཕགས་ཡུལ་ཞེས་བསྟོད་བསྔགས་ཀྱིས་སྙན་ངག་དང་གསུང་རབས་ཀྱི་དབུར་གཞན་སྐད་འཇོག་ཐུབ་ན་མཁས་པར་བརྩིས་དེ་ནས་དབྱིན་སྐད་རྒྱབ་ཤེས་ན་མཁས་པར་བརྩི།ད་ག་བ་འགྲོ་རྒྱུ་ཡིན་ནམ།

  13. BONPO says:
    2010-12-24 at 11:26 pm

    མི་ནག་གི་གྱོན་གོས་གསུངས་ན་ཅུང་རྣ་བར་མི་སྙན་པ་འདུག། ཧིཔ་ཧོབ་ Hip Hop ཀྱི་གྱོན་གོས་ཟེར་ན་ལེགས་པར་སེམས། Racial Discrimination དང Religious Discrimination བཅས་ལ་ཤིན་དུ་འཛེམ་ཟོན་གནང་དགོས། མེ་ཏོག་ཆུང་ཡང་ལྷ་རྫས་ཀྱི་དཔེ་ལྟར་ཡིན། གཞན་པའི་དམིགས་ཡུལ་མེད། ང་ཚོ་གངས་ཅན་བོད་རིགས་རྣམས་ཀྱིས་འདི་དག་ལ་སློབ་གཉེར་དམིགས་གསལ་བ་ཞིག་གནང་དགོས་པར་འདུག། དེ་ནས་གཞི་ནས་ཆོས་ལུགས་དང་ལུང་ཚན་གྱི་འཆལ་གཏམ་མེད་པར་འགྲོ།

  14. རང་བཙན་ལྡེའུ་ says:
    2010-12-25 at 4:13 am

    ༼ཡེ་ཤུའི་འཁྲུངས་སྐར་རང་ལ་ང་ཚོས་གཅིག་གིས་གཅིག་ལ་རྔན་པ་ སྤྲོད་རེས་དང་ཁྱིམ་ཚང་ནང་དུ་ཡེ་ཤུའི་ཤིང་སྡོང་འཛུག་པ་དང་གློག་སྒྲོན་ཁྲ་ཆིལ་ དགུ་ཆིལ་སོགས་སྤར་བ། ཐུགས་སྤྲོ་མགྲོན་འབོད་སོགས་ཕྱི་རྒྱལ་ཡེ་ཤུའི་ཆོས་དད་པ་ནང་བཞིན་བྱེད་དགོས་ དོན་ཨེ་ཡོད།༽

    དེ་ལ་བལྟ་ཕྱོགས་གཉིས་བདའ་ རང་ཉིད་རྒྱུན་ལྡན་བོད་པ་ཁེ་གཙང་གི་སྤྱི་ཚོགས་ རྡ་སའམ་ གཞིས་ཆགས་ གདན་ས་ལྟ་བུ་ཞིག་དུ་གནས་སྡོད་ལེའི་མི་ཞིག་གི་བལྟ་ཚུལ་ལ་ནུབ་ཕྱོགས་ནང་གི་བོད་རིགས་འགའ་རེས་ཡེ་ཤུའི་འཁྲུངས་སྐར་ལ་གོང་དུ་བཤད་བདའ་ལེ་དེ་ལྟར་བྱེད་དགོས་དོན་མེད་ལེ་ཞིག་མཐོང་གི་ཡོད་པ་དེར་ཁག་མི་བདའ་། ཡིན་ནོ་ཡང་ བོད་མི་སྦར་མོ་གང་ཞིག་ཆེས་ཡར་ཐོན་ཅན་གྱི་ནུབ་ཕྱོགས་ཡེ་ཤུའི་སྤྱི་ཚོགས་ཆེན་པོ་ ཆོས་དང་རིག་གཞུང་བལྟ་སྤྱོད་ གོམ་གཤིས་སོགས་གང་གིས་ཀྱང་མི་འདྲ་ལེ་ཞིག་གི་ནང་མི་ཚེ་སྐྱེལ་དགོས་ལེ་དང་ ལྷག་པར་གཞོན་སྐྱེས་དང་སློབ་ཕྲུག་ཚོར་གནས་དུས་གྱི་འགྱུར་འགྲོས་དང་རང་གི་འཁོར་ཡུག་ལོ་མཉམ་ཚོས་སྤྱི་ཚོགས་ནང་འགྲོ་སྟངས་བཞིན་བྱེད་དགོས་པས་དབང་ཤུགས་(Peer Pressure)དེ་ཆེན་པོ་ཡོད་སྟབས་ གནད་དོན་མང་པོ་ཞིག་ཕ་མ་ཚོར་བློ་འདོད་མེད་རུང་རང་གི་ཕྲུ་གུ་སྤྱི་ཚོགས་ནང་མི་གྲལ་དུ་ཚུད་ལེའི་དོན་དུ་མི་བྱེད་ཐབས་མེད་ཆགས་ཀྱི་ཡོད་པ་ དཔེ་ན་ ཡེ་ཤུའི་འཁྲུངས་སྐར་སྲུང་བརྩི་དང་ སྐྱེས་དཀར་གཏོང་རྒྱུ་དེ་གཉིས་ལྟ་བུ་རེད་ དེ་དག་ནི་རང་བཞིན་སྤྱི་ཚོགས་ཀྱི་དབང་ཤུགས་ཞིག་ཡིན་ལྟབས་ཕ་མ་དང་ཕྲུ་གུ་གཉིས་ཀར་ཁག་མི་བདའ་ ཕ་མ་དང་ཕྲུ་གུ་མང་པོ་ཞིག་ལ་ཡེ་ཤུའི་ཁྲུངས་སྐར་དང་ རང་གི་སྐྱེས་དཀར་སྲུག་བརྩི་བྱེད་རྒྱུར་ཧ་ཅང་བསུན་སྣང་དང་ ལས་ཀ་ཐོས་པ་ འགྲོ་སོང་མང་བ་ རྙོག་ཁྲ་ཆེ་བ་སོགས་དཀའ་ངལ་ཞིག་ལ་མངོན་པ་ལས་ རང་མི་རིགས་ཀྱི་རིག་གཞུང་བརྗེད་དེ་ ནུབ་ཕྱོགས་ཀྱི་བྱེད་སྟངས་ལ་དགའ་དྲག་ནས་དངས་དུ་བསླངས་ལེ་དེ་འདྲ་མ་རེད་། དེ་ལས་གལ་ཆེ་བ་ནི་ ཕ་མས་ཕྲུ་གུར་བྱིས་པས་དུས་ནས་རྒྱུན་ལྡན་ནང་དུ་བོད་སྐད་གཙང་མ་བཤོད་རྒྱུས་འཙོས་རང་གི་ཆོས་དང་རིགས་གཞུང་ ཀུན་སྤྱོད་བཟང་བའི་མི་ཞིག་ཡོང་ཐབས་ཀྱི་སློབ་གསོ་རྣ་བའི་ནང་འཇགས་ཐབས་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད་བསམ་ཞི་བདའ་།

    སྐྱེས་དཀར་སྐབས་ཡང་ལའི་མེ་ཁ་ཆེ་བ་དེར་ མཆོས་མེ་ཟེར་དགོས་ལེ་ཨེ་ཡིན་ མཆོས་མེ་ནི་དགོན་པ་དང་གཙུག་ལག་ཁང་ ཆོས་ཁང་ མཆོད་ཤོམ་སོགས་རང་གི་དད་བརྟེན་སྐུ་བརྙན་གསོགས་ཀྱི་མདུན་དུ་ཡར་གཀོན་མཆོག་ལ་འབུལ་རྒྱུ་དེ་ཡིན་ སྐྱེས་དཀར་སྐབས་མེ་ཁ་ཕྱེ་བ་དེ་ནི་སྐྱེས་དཀར་སྲུང་བའི་མཚོན་དོན་ཆེད་དུ་ཡིན་ལེ་ལས་མཆོད་པ་འབུལ་བའི་དོན་དུ་མིན་ལྟབས་མེ་དེར་ཕུ་རྒྱབས་ཏེ་གསོད་པར་རྣམ་དོགས་བྱེད་དགོས་ལེ་མི་བདའ་བསམ་ ད་དེ་ཙམ་ཡིན་ མང་པོ་ཆགས་སོང་ དགོངས་དག་།

  15. ཀརྡོ་རབ་འབྱམས་པ་ says:
    2010-12-25 at 5:43 am

    ངས་ཀྱང་ད་ག་རང་བརྗོད་འདོད་བྱུང་། མཆོད་མེ་རྒྱ་ཅོག་སྟེང་དུ་མིན་པར། ཡར་མཆོད་བཤམས་ལ་ཕུལ་ནས། དེ་ནས་ཕྱི་ལུགས་ལྟར། ཁྱེད་ཆེ་གེ་མོ་་་་་་་་འཁྲུངས་སྐར་རམ་སྐྱེས་སྐར་ལ་བཀྲ་བདེ་ལེགས་སོགས་ཡོད་བརྗོད་དགོས་སྙམ། རང་བཅུད་མ་ཉམས་པའི་སྒོ་ནས་གཞན་གྱི་བཅུད་ལེན་ཤེས་པར་གྱིས། བོད་ཀྱི་གཞོན་སྐྱེ་ཚོ།

  16. རྡོར་འཛིན། says:
    2010-12-26 at 1:58 am

    ཀླུ་སྨྱོན་ལགས་ཀྱིས་སྤྱི་ལོ་ཉིས་སྟོང་གཅིག་ལ་སྟོན་པའི་འཁྲུངས་སྐར་ཤོག་བྱང་མང་དག་ཞིག་བོད་པའི་སྤྱི་ཚོགས་ཁྲོང་རིན་མེད་ཐོག་འགྲེམ་སྤེལ་གནང་སྐབས་ངས་ཀྱང་ཁག་ཅིག་ངའི་གྲོགས་པོ་ཚོར་སྐུར་མྱོང་ཡོད་ལ་ལས་འགུལ་དེ་དངོས་གནས་ཡག་པོ་མཐོང་བྱུང་ཡིན་ན་ཡང་དེ་རྗེས་ཀྱི་ལོ་ཙམ་རིང་ལ་ངས་ཀྱང་རྗེས་ཟིན་འདུག་ལ་བོད་པའི་སྤྱི་ཚོགས་ཁྲོད་ལ་ཡང་དེའི་ལས་འགུལ་མུ་མཐུད་སྤེལ་མཁན་བྱུང་མ་སོང། ད་ཐེངས་ཡང་སྐྱར་ཀླུ་སྨྱོན་ལགས་ནས་དེའི་སྐོར་བརྗོད་སྐབས་ངར་བསམ་ཚུལ་ཞིག་ཡོད། བོད་པའི་སྤྱི་ཚོགས་འཁྲོད་དར་ཁྱབ་ཆེ་བའི་གསར་ཤོག་དང་གཞུང་འགྲེལ་ཚོགས་སྡེ་ཁག་ནས་དེའི་ཐད་དམིགས་སྐར་གྱི་ལས་འགུལ་ཞིག་སྤེལ་ཐུབ་ན་ཧ་ཅང་གི་ཕན་པ་ཆེ་བ་ཡོང་ངེས་རེད། ལ་སྤྱི་ཚོགས་ཁྲོད་འབྱོར་ལྡན་པ་ཁག་ཅིག་ནས་ཀྱང་དེ་ཉིན་མིང་དམངས་འཁྲོད་ཤོག་སྦྱང་རིན་མེད་དུ་འགྲེམ་སྤེལ་བྱས་པ་དང་སྲང་ལམ་གཡས་གཡོན་གྱི་གྱང་སྟེང་དུ་སྟོན་པའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་སོགས་ཀྱི་སྦྱར་ཡིག་སྦྱར་བ་སོགས་བྱས་ཚེ་དེས་ཀྱང་ཕན་ངེས་རེད། གང་ལྟར་རང་མི་རིགས་ལ་གཞན་མི་རིགས་དང་འདྲ་བའི་ལུགས་སྲོལ་མང་དག་ཅིག་ཡོད་པ་དེ་སྲུང་རྩི་མ་བྱས་པར་གཞན་མི་རིགས་ཀྱི་ལུགས་སྲོལ་སྲུང་བརྩི་བྱས་པ་ནི་རང་ལ་ཕ་མ་ཡོད་བཞིན་དུ་དེ་སྣང་མེད་དུ་འཇོག་ནས་གཞན་གྱི་ཕ་མར་ཞབས་ཕྱི་ཞུས་པ་དང་འདྲ་བ་ཞིག་རེད། དེ་འདྲ་ནི་བཞད་གད་ཀྱི་རྒྱུ་འགྲོ་ངེས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme