Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡུལ་སྐོར། ཟིན་ཐོ། ཕྱིར་དྲན། བརྗེད་བྱང་།

Posted on 2015-11-122015-11-12 By ཁ་བརྡ 5 Comments on ཡུལ་སྐོར། ཟིན་ཐོ། ཕྱིར་དྲན། བརྗེད་བྱང་།

ཟླ་བ་གཞོན་ནུ།

 
༼སྤྱི་ཟླ་བཅུ་བའི་ཚེས་བཅུ་ནས་ཉེར་ལྔའི་རིང་། ཀ་རྡོར་སྒང་གསུམ་དང་ཀོ་ལ་ཀ་ཏཱ་སོགས་ལ་གཞུང་འབྲེལ་ལྟ་སྐོར་དུ་འགྲོ་རྩིས་སྔོན་ནས་ཡོད་པས། དེ་དུས་ངེས་པར་དུ་ཟིན་ཐོ་ཞིག་འབྲི་དགོས་བསམས་ཏེ། སྨྱུ་གུ་དང་འབྲི་དེབ་དམིགས་ཀྱིས་གྲ་སྒྲིག་བྱས། འབྲི་སྟངས་དེ་སྔོན་གྱི་ལམ་ཡིག་ལྟ་བུར་བྱས་ན། དེང་སང་དྲ་རྒྱའི་དུས་རབས་ཡིན་པས། གྷུ་གྷོལ་གཅིག་གཅིག་གཉིས་གཉིས་སྟོན་པར་བྱེད་པས། དགེ་མཚན་ཆུང་བར་མཐོང་། འདིར་ར་མ་ལུག་གང་གི་ཁོངས་སུའང་མི་གཏོགས་པ་ཞིག་བཤམས་པ་ལགས།༽

unnamed-1ཟླ་བཅུ་བའི་ཚེས་བཅུའི་ཕྱི་དྲོ་ཆུ་ཚོད་བཞི་བ་ཙམ་ལ་ལམ་ལ་བྲེལ་འཚུབ་ཀྱིས་ལངས་ཏེ། ལམ་ལ་ཆས། བསླབ་པ་བགྲེས་པ་ཚོའི་གདོང་ན་འཛུམ་མདངས་རེ་འདུག་པ་ནི་མནོན་མི་ཐུབ་པའི་སྤྲོ་བ་ཞིག་ཡོད་པ་མཐོང་ཐུབ། སྤྱི་སྤྱོད་སྣུམ་འཁོར་ལ་བསྡད་དེ་ཀུ་རེ་རྩེ་ ཞོར་དང་གླུ་གཞས་ལེན་རེས་བྱས་ཏེ་ཆུ་ཚོད་གཅིག་ཙམ་ཡང་མ་ཟིན་པར། ཀན་ཊ་མེ་འཁོར་འབབ་ཚུགས་སུ་འབྱོར། མེ་འཁོར་བསླེབ་རག་བར་དུ་ད་དུང་ཆུ་ཚོད་གཅིག་ལྷག་འདུག་པས། འབབ་ཚུགས་སུ་རང་དགར་འཆམ་དུ་སོང་།

གོམ་པ་ཉི་ཤུ་ཙམ་སོང་མཚམས་དཔེ་ཁང་ཆུང་ཆུང་ཞིག་འདུག་པ་དེར་སོང་སྟེ། ནམ་རྒྱུན་བཞིན་དེབ་བློར་འགྲོ་བོ་འདྲ་བཙལ། བཙལ་བཙལ་བའི་མཐའ་མར་ང་རང་གི་ཆེས་དགའ་སའི་རྒྱ་གར་པནྫབ་མི་རིགས་ཀྱི་རྩོམ་པ་པོ། ཡུལ་སྐད་ཀྱི་དབང་དུ་བྱས་ན་འཛག་བཤད་རྒྱག་རྒྱུར་དགའ་བའི་ཁུ་ཤ་བནྟ་ སིངྷ་(Khushvant Singh)སྟེ་དགའ་ལྡན་སེང་གེ་ཞེས་པའི་དེབ་ཅིག་མཐོང་། ཞིབ་མོར་བཀླགས་དུས། བུད་མེད་ཀྱི་སྐོར་རེད་འདུག་པས་ཉོ་འདོད་མ་བྱུང་། ཚོང་བདག་ལ་ཁོང་གི་དེབ་གཞན་ཡོད་མེད་དྲིས་དུས། ཡོད་ཟེར་ཞོར་གཞན་པ་ཞིག་བདག་ལ་གཏད་བྱུང་། ངའི་མིག་དབང་དེབ་ཀྱི་རྒྱབ་ཤུབས་བཟོ་བཀོད་ལེགས་པ་དེས་འཕྲོགས་སོང་། དེ་ནི་<<བརྩེ་སེམས་དང་འཁྲིག་སྤྱོད>>་ཀྱི་སྐོར་ལ་བྲིས་པ་ཞིག་རེད་འདུག དཀར་ཆག་ལ་འཁྱུག་ཙམ་བལྟས་དུས། ཁོང་གི་ཐེངས་དང་བོའི་འཁྲིག་སྤྱོད་བུད་མེད་སུ་ལ་ཤོར་མིན་ཡང་བྲིས་ཡོད་པ་འདྲ་བས། ཀློག་འདོད་ཧ་ཅང་ཆེན་པོ་བྱུང་། དེ་བས་སྒོར་༢༠༠ སྤྲད་དེ་ཉོས།

རྩོམ་པ་པོ་ཁོ་ལ་དོ་སྣང་བྱུང་སྟངས་ཏོག་ཙམ་ཁྱད་མཚར་ཞིག་ཡིན། སྔོན་མ་ཞིག་རེད། ཉིན་ཞིག་སློབ་གྲྭའི་བུའི་ཉལ་ཁང་གི་ནང་དུ། ཟླ་གྲགས་ཟེར་བའི་གྲོགས་ཨའུ་ཙམ་འཆམ་པོ་ཞིག་ཡོད་པ་དེའི་ཤག་ཏུ་ཤོག་ཟེར་བ་བཞིན་སོང་། ཁོང་གི་ནང་དུ་བསླེབས་དུས་ཡར་མར་བཅོ་བརྒྱད་བཤད་དེ་དུས་ཚོད་ཅུང་ཙམ་བཏང་། ཡར་མར་བཅོ་བརྒྱད་ཟེར་དུས། དཔེར་ན། ཁོང་གི་དགའ་རོགས་ཀྱིས་བར་སྐབས་སྐྱེས་པ་གཞན་པ་ཞིག་དང་ལྷན་དུ་ཉལ་བོ་བྱས་པ་ཁ་གསང་ནས་ཁོང་ལ་བཤད་བྱུང་བས། ད་ཁོང་གིས་ཐག་གཅོད་ཇི་འདྲ་བྱས་ན་བཟང་མིན་ཟེར་བ་ལྟ་བུ་དང་། དབྱིན་ཇི་བུ་མོར་དེ་ཚོར་འགྲོགས་དུས། ནམ་རྒྱུན་བསྟོད་ར་རྐྱང་རྐྱང་གཏོང་དགོས་ཀྱི་འདུག དེ་ག་རེ་ཡིན་ནམ་ཟེར་བ་སོགས་ཉ་ཉོག་ལུང་བ་གང་བཤད་རྒྱུ་ཡོད། ང་ནམ་རྒྱུན་བཞིན་དེབ་མཐོང་འོང་དུས་སྡོད་བཟོད་མི་བདེ་བ་ཞིག་ཡོད་པས། ཁོང་གི་དཔེ་སྒྲོམ་ནང་དུ་དེབ་འགའ་ཡོད་པ་དེ་ཁ་བརྡ་བྱེད་ཞོར་ཕར་ཚུར་ཨ་ལོག་བརྒྱབ། དེ་ནས་དེབ་རྙིང་བ་རྒྱབ་ཤུབས་མེད་པར་མ་ཟད། དེབ་ཀྱི་མགོ་ནས་བརྩམས་ཏེ། ཤོག་གྲངས་བཅུ་ཉི་ཤུ་ཙམ་ཡང་གཤགས་ནས་མཐོང་སར་མི་འདུག་པ་དེ་ཏོག་ཙམ་བཀླགས་དུས་བྲོ་བ་ཆེན་པོ་འདྲ་བྱུང་བས། ཡོང་ཁར་ཁོང་ལ་གཡར་རོགས་ཞུས་དུས། ལོས་གཡོར་ཟེར།

དེབ་དེ་ཐོག་མར་བཀླགས་དུས་རྩོམ་པ་པོ་སུ་ཡིན་དང། དེབ་མིང་ཅི་ཡིན་མ་ཤེས། ཀློག་གིན་ཀློག་གིན་ཤེས་འདོད་ཆེན་པོ་སྐྱེས་བྱུང་བས། དེབ་ཀྱི་ཟུར་ངོས་གང་རུང་ལ་ཞིབ་ཀྱིས་བལྟས་དུས། དེབ་ཀྱི་ཕྱི་ལྟག་ཏུ་<<ཆུ་ལ་གཏོར་བ>>་ “Buril at Sea” ཞེས་པ་ཡིན་པ་གསལ་ལ་མ་གསལ་བ་ཞིག་མཐོང་། དེ་ནས་རྩོམ་པ་པོའང་ཁྱོན་ནས་གོ་མྱོང་མི་འདུག་པས། ནམ་རྒྱུན་བཞིན་བི་ཁེ་རིག་མཛོད་དུ་བཙལ་ཏེ་རྒྱུས་ལོན་ཏོག་ཙམ་བྱས་དུས། ཁོང་པནྫབ་ནས་སྐྱེས་ཤིང་། པ་ཀི་སི་ཐན་ལ་བསྐྱོད་པའི་མེ་འཁོར་“Train to Pakistan”་ སོགས་སྐད་གྲགས་ཆེ་བའི་བརྩམས་སྒྲུང་འབྲི་མཁན་ཞིག་ཡིན་པ་ཧ་གོ
དེ་བཞིན་དུ་བདུན་ཕྲག་རེར། ཧིནྡུ་སྠན་དུས་བབ་ལ་རྒྱུན་རྩོམ་འབྲི་མཁན་ཞིག་ཡིན་པ་རྟོགས་ལ། དགུང་ལོ་དགུ་བཅུའི་ནང་ཡོད་ཅིང་། ད་ལྟ་ད་དུང་ལྡི་ལིར་འཚོ་གཞེས་གནང་གི་ཡོད་པའང་ཞོར་ལ་ཤེས། ཁོང་གི་རྩོམ་ལ་ཁྱད་ཆོས་ཤིག་ཡོད་པ་ནི། སྐད་ཆ་སྦས་གསང་ཅི་ཡང་མེད་པར་ཐད་ཀར་བཤད་པ་དང་། ཁ་གཏུགས་བཤད་ན་འཛེམ་དོགས་ཅི་ཡང་མེད་པར་འཛག་བཤད་རྒྱག་རྒྱུར་ཧ་ཅང་དགའ་བས། མི་ཕལ་ཆེར་ལ་བྲོ་བ་མ་འདྲ་བ་ཞིག་འོང་གི་ཡོད་ཚོད། བརྩམས་སྒྲུང་འབྲི་མཁན་ཕལ་ཆེ་བས་འཛག་བཤད་རྒྱག་པ་འདི་རྒྱུ་མཚན་ཅི་ཡིན་ནམ་བསམས་ཏེ། ཆུང་དུས་ནས་བཟུང་ཡུན་རིང་ཞིག་ལ་བསམ་བློ་བཏང་མྱོང་།

ཆུང་དུས་ཟེར་ན། ང་རང་ཧ་ཅང་ཆུང་དུས་ནས་བཟུང་དེབ་ཀློག་རྒྱུ་ཧ་ཅང་དགའ། ཆུང་དུས་ངོ་ཚ་སྨིན་པོ་ཡོད་པ་དང་། ཁེར་འདུག་བྱས་ཏེ། བསམ་བློ་འདྲ་མིན་གཏོང་རྒྱུར་དགའ་བས། བོད་ཡིག་ཤེས་པ་ནས་བཟུང་། དེབ་ཅིག་ལ་ལག་པ་འཐམས་ནས་འདུག་པ་དེ་བདེ་སྐྱིད་དུ་བསམས་ཤིང་གོམས་གཤིས་སུ་གྱུར། དེ་དུས་ངའི་ཕུ་བོ་དམའ་འབྲིང་ནམ་ཡང་མཐོ་འབྲིང་འགྲིམས་བཞིན་པ་འདྲ། ངེད་ཚང་ལ་ཤིང་ཁང་ཆུང་ཆུང་ཞིག་ཡོད་པ་དེར་སྒམ་ཆུང་ཞིག་ཡོད་ཅིང་། དེ་རུ་ཕུ་བོ་སློབ་ཆུང་ནས་བཟུང་སློབ་འབྲིང་སོགས་འགྲིམས་པའི་སློབ་དེབ་སྤུངས་ནས་བཞག་ནས་ཡོད་པས། བཀླག་རྒྱུ་ཧ་ཅང་མང་། དེར་བརྟེན། ཤིང་ཁང་ཆུང་ཆུང་དེ་ནི་ང་རང་རྟག་ཏུ་ཆུ་ཚོད་གཏོང་དུ་འགྲོ་ས་ཡག་པོ་ཞིག་ཡིན། པར་རིས་དང་བཅས་པའི་དེབ་ཀྱང་གང་འཚམས་ཡོད། འོ། པར་རིས་ནི་ཚོན་མདོག་མེད་པ་རྐྱང་རྐྱང་ཡིན་པ་རེད། དེབ་སྤུངས་དེ་དག་ཕལ་ཆེ་བ་སློབ་དེབ་རྐྱང་ཡིན་པས་དམིགས་བསལ་གྱི་བྲོ་བ་དེ་འདྲ་ མེད་ནའང་། དེབ་གཅིག་ལག་ཏུ་བླངས་ཏེ། དེའི་ནང་ནས་ཚིག་གཅིག་ཡིན་ནའང་ཤེས་ཐབས་བྱེད་རྒྱུ་དེ་ཆུང་དུས་ནས་འཇགས་པའི་གཤིས་ཀ་ཞིག་ཡིན་པ་འདྲ། སྐྱེ་བ་སྔ་ཕྱིའི་སྐད་ཆ་འདྲ་བཤད་ན། སྔ་མ་ནས་བརྒྱུད་འོངས་པའི་གོམས་གཤིས་ཡིན་ནམ། ཡང་ན། བྱིས་པ་ཐམས་ཅད་ལ་ཡོད་པར་བཤད་པའི་མཚར་སྣང་ཡིན། ཆི་གུ!

དེབ་དེ་དག་བཀླགས་པའི་ཁྲོད་ནས་དུས་ད་ལྟའང་དྲན་པ་ཞིག་ནི་མངོན་བརྗོད་ཀྱི་སྐོར་རེད། དེ་དུས་ང་རང་ད་དུང་སློབ་ཆུང་ལོ་རིམ་གསུམ་པ་བཞི་བ་ཙམ་ཡིན་བསམས། དེ་བར་དུ་མངོན་བརྗོད་སྐོར་གྱི་སློབ་ཚན་མེད་བསམས། ཡག་པོ་མི་དྲན། དེ་བས་མངོན་བརྗོད་ཟེར་བ་འདི་ཅི་ཡིན་ཁྱོན་ནས་མ་ཤེས། ཡིན་ནའང་སློབ་ཚན་མཇུག་གི་ཁ་སྐོང་གི་ནང་དུ། འདི་ལྟར། གཤམ་གྱི་མིང་དེ་དག་གི་མངོན་བརྗོད་དུ་ཕྲིས་ཞེས་པ་ཞིག་འདུག མིང་དེ་དག་གི་རྒྱབ་ལོགས་སུ་གུག་རྟགས་རེ་ཁ་བསྐང་རྒྱུ་འདུག དཔེར་ན། སྤྲིན་པ། ( ) རི། ( ) ཆུ ( ) ལྟ་བུ། ངའི་ཕུ་བོས་བྲིས་པ་ཡིན་ནམ་ཡང་དགེ་རྒན་གྱིས་བྲིས་པ་ཡིན་གང་ལྟར་རིམ་པ་བཞིན། ཆུ་འཛིན་དང་ས་འཛིན། ཉལ་འགྲོ་སོགས་བྲིས་འདུག་པ་མཐོང་བས། རང་ཚོད་ཀྱི་ཚོད་དཔག་དང་རིགས་བསྒྲེ་གང་མང་བཏང་།

དེ་དུས་བསམ་བློ་ངེས་ཤེས་ཐོངས་པ་ཤིག་མ་ཐེབས་ཀྱང་། དེ་སྐད་ཆ་བཤད་སྟངས་མ་འདྲ་བ་ཞིག་རེད་འདུག་ཨང་དྲན། རྗེས་ལ་དམའ་འབྲིང་སོགས་སུ་མངོན་བརྗོད་དངོས་སུ་ཁྲིད་དུས་སློབ་ཕྲུག་གཞན་ལས་ མགྱོགས་པོར་ཤེས་པས། དགེ་རྒན་ཡང་ཡ་མཚར།

ཆུང་དུས་ད་རུང་ང་རང་ཆེས་དགའ་ས་ཞིག་ཡོད་པ་ནི། དགོང་མོ་ཉལ་ཁར་ཨ་ཕ་དང་ཨ་ཅེ་སོགས་ཀྱིས་བཤད་པའི་གནའ་གཏམ་དེ་དག་ཡིན། ལོ་དྲུག་བདུན་ནས་བཟུང་ཉལ་ཁར་ཨ་ཅེ་ལ་རྒྱུན་དུ་གནའ་གཏམ་བཤད་རོགས་ཟེར་ནས་གཅེས་སྟེག་གི་ཡོད། ཨ་ཅེས་ནམ་རྒྱུན་བཤད་པ་ནི་ཨ་ཅེ་གསེར་མོ་མཚོ་དང་དངུལ་མོ་མཚོ་གཉིས་ཀྱི་གསེར་སྐྱོགས་དང་དངུལ་སྐྱོགས་ཀྱི་སྒྲུང་དེ་ཡིན་ལ། བར་བར་དུ་མ་ཎི་དབྱངས་རྟ་དང་སྦྱར་ནས་གྱེར་རྒྱུ་ཡོད་པ་དེ་ལ་གཉིད་འགུག་གི་ཁྱད་ཆོས་ཧ་ཅང་ཆེན་པོ་ཡོད་པ་འདྲ། གནའ་གཏམ་བཤད་མ་ཚར་གོང་གཉིད་ཁུགས་འགྲོ་བ་ཞིག་ཡོད། སྒྲུང་དེར་རྟག་པར་ཉན་ན་སུན་འགྲོ་བས། མཚམས་མཚམས་ཨ་ཅེ་ཆེ་བས་ཀྱང་གནའ་གཏམ་བཤད་ཀྱི་ཡོད་ལ། ཨ་ཕས་ཀྱང་མཚམས་མཚམས་བཤད་ངེས་ནའང་། ཨ་ཕས་གནའ་གཏམ་བཤད་པ་ཧ་ཅང་ཉུང་།

ངའི་དྲན་ཚུལ་ལྟར་ན། ཕལ་ཆེར་ངའི་བྱིས་དུས་ཧྲིལ་བོར་གནའ་གཏམ་གསུམ་བཞི་ཞིག་མ་གཏོགས་བཤད་མྱོང་མེད། ངའི་ཨ་ཅེ་གཉིས་དང་ཨ་ཕ་ལ་ཁྱད་པར་ཞིག་ཡོད་པ་ནི། ཨ་ཅེ་གཉིས་ལ་ངའི་ནུ་བོ་དང་ང་སུ་ཡིན་ཡང་གནའ་གཏམ་ཤོད་དང་ཟེར་ན། ཕལ་ཆེ་བར་བཤད་ངེས་ཡིན། ཡིན་ནའང་ངའི་ཨ་ཕ་ནི་ནམ་རྒྱུན་དུས་ཕལ་མོ་ཆེར་སྨྲ་བ་ཉུང་ཞིང་། བྱིས་དུས་ཀྱི་དྲན་ངོར་ཅུང་བཙན་པོ་ཞིག་ཡིན་པས། མིང་སྲིང་སུ་ཞིག་གིས་ཀྱང་རང་དགར་གནའ་གཏམ་ཤོད་ཟེར་མི་ནུས། མཚམས་མཚམས་ལ་དམིགས་བསལ་ཡོད་ཅིང་། དེ་དུས་ནི་ངེད་མིང་སྲིང་ཚང་མས་མཉམ་དུ་རེ་བ་བརྒྱབ་ན་གཞི་ནས། ཨ་ཕས་“ཡ། ད། དོ་ནུབ་གནའ་གཏམ་ཞིག་བཤད”ཟེར་ནས་སྒྲུང་གི་མགོ་འཛུགས་ངེས།

ངའི་ཨ་ཅེ་གཉིས་ཀྱི་གནའ་གཏམ་བཤད་སྟངས་ལ་ང་ཆེས་མི་དགའ་ས་ཞིག་ཡོད་པ་ནི། ཁོང་གཉིས་ཀྱི་གནའ་གཏམ་བཤད་དུས་སྐད་ཆ་ཕལ་ཆེ་བའི་བཤད་མཚམས་སུ་“ཨང”ཞེས་ཡ་ལན་འདྲ་ངེས་པར་སྤྲོད་དགོས་ཤིང་། དེ་མ་སྤྲད་ན་“ཉན་གི་མེད་གི”ཟེར་ནས་མི་བཤད་ཟེར་ནས་སྤོ་ལངས་ཁུལ་གྱིས་མཚམས་ཀྱང་འཇོག་ངེས། དེ་ནི་ཕལ་ཆེར་རྗེས་སུ་བསམས་འོང་དུས་ངའི་ནུ་བོ་དང་ངེད་གཉིས་གཉིད་ལོག་ཡོད་མེད་ལ་བལྟ་གི་ཡོད་པ་འདྲ། ཡ་ལན་མ་བྱུང་ན་གཉིད་ལོག་ཟིན་པ་ཤེས་པས། བཤད་མཚམས་བཞག་ནས་སོ་སོ་གཉིད་ཀྱི་ཡོད་པར་སྣང་། ཡིན་ནའང་ངའི་ཨ་ཕའི་གནའ་གཏམ་ནི་ཤིན་ཏུ་ཐོས་དཀའ་བ་དང་སྒྲུང་ལ་ཁྱད་ཆོས་ངོ་མཚར་བ་མང་བས། མིང་སྲིང་ཚང་མར་ཉན་འདོད་ཡོད་པ་དང་། ཨ་ཕ་ཡང་གདེང་ཚོད་ཆེ་བས། མགོ་ནས་རྔ་མ་བར་དུ་“ཨང”ཞེས་ཡ་ལན་གཅིག་ཀྱང་མ་སྤྲད་ནའང་ཆོག་པ་ཡིན། དེ་བས་ཁོང་གིས་བཤད་ཐེངས་གཅིག་གིས་གནའ་གཏམ་བཤད་ངེས་ལ། དེ་ཡང་མགོ་རྔ་འཁྲུགས་པ་དང་། བར་བར་ལུས་པ་དེ་འདྲ་ཁྱོན་ནས་ཡོང་མི་སྲིད། ངའི་ཨ་ཅེ་གཉིས་དང་མི་གཞན་པས་གནའ་གཏམ་བཤད་ན། མཚམས་མཚམས་ལ་“འོ! འདི་མ་རེད། འདི་རྗེས་ལ་རེད།”ཟེར་བ་ལྟ་བུ་དང་། “འོ! ད་ཅི་ཅིག་ཆད་སོང་འདུག དེའི་བར་འདི་ཡོད་པ་རེད”ཟེར་ནས། མགོ་རྔ་འཁྲུགས་པ་དང་། བར་གྱི་སྒྲུང་ཚན་པ་ཆང་ངེ་ཆུང་ངེ་དེ་འདྲ་ལུས་འགྲོ་བའང་ཡོད།

ཨ་ཕའི་སྒྲུང་ནི་ཨ་ཅེ་གཉིས་ཀྱི་སྒྲུང་དང་ཁྱོན་ནས་མི་འདྲ་བས། ང་ལ་ཉན་འདོད་ཧ་ཅང་ཆེན་པོ་ཡོད། ཨ་ཅེ་གཉིས་ཀྱི་གནའ་གཏམ་ནི་གནའ་གཏམ་རང་ཡིན་པ་དང་། མགོ་འཛུགས་སྟངས་ནི་“གནའ་གནའ་ཞིག་ལ”ཟེར་ནས་འཛུགས་ཤིང་། མཇུག་བསྡུ་སྟངས་ཀྱང་“དེ་ནས་ཁོ་ཚོ་བདེ་མོ་སྐྱིད་པོ་བྱས་ནས་བསྡད་པ་རེད།”ཟེར་ ནས་གནའ་གཏམ་ཕལ་མོ་ཆེའི་མགོ་མཇུག་དེ་གས་རྩོམ་པ་དང་བསྡུ་བ་ཡིན།

ཡིན་ནའང་། ཨ་ཕའི་གནའ་གཏམ་ནི་གོ་རིམ་བཟློག་སྟེ་བརྗོད་པའང་ཡོད་ལ། མཐའ་འབྲས་ཀྱང་མཇུག་གཅིག་ཏུ་མ་ངེས་ལ། སྤྲོ་གར་དང་སྐྱོ་གར་གཉིས་ཀ་མ་ངེས་པར་ཡོད་པ་ཡིན། (རྗེས་སུ་ཤེས་པ་ལྟར་ན་ཨ་ཕས་བཤད་པ་ནི་སྦྲང་ཆར་ཚང་གི་བརྩམས་སྒྲུང་དག་དག་རེད་འདུག)

ངའི་ཨ་ཕ་ནི་ཆུང་དུས་ནས་བཟུང་ངའི་ནུ་བོ་དང་ངེད་གཉིས་ཀྱི་སེམས་ནང་གི་དཔའ་རྒོད་ཅིག་ཡིན་ལ། མིག་དཔེ་བལྟ་ས་ཞིག་ཡིན། ཁོང་ནི་སྨྲ་བ་ཉུང་ལ། རང་ཚུགས་བརྟན་པ། དྲང་བདེན་སྐྱོང་ཞིང་བརྩོན་འགྲུས་ཆེ་བ་ཞིག་ཡིན། གསལ་ལྷང་ངེར་དྲན་པ་ཞིག་ནི། ཆུང་དུས། ངའི་ནུ་བོ་དང་ངེད་གཉིས་སྡེ་བའི་ཁ་ཡ་ན་ཟླ་རྣམས་དང་ལྷན་དུ། མདའ་འཕེན་དང་རྒྱུགས་རེས་སོགས་ཀྱི་སྐབས་སུ་ངས་འདི་མི་བ་ན་དང་ངས་མདའ་འདི་འབེན་གྱི་རྒྱ་མ་ལ་མ་འཁེལ་ན། ཡང་གླེ་མཐུ་སྟོབས་ཀྱི་བུ་མིན་ཞེས་སྤོབས་པ་ཆེ་ཆེ་སྐད་དུ་བཤད་པ་སོགས་སྡེ་མི་འགས་ཐོས་ཏེ། ཨ་ཕའི་རྣ་ལམ་དུ་བསྐྱལ་འདུག་པ། དགོང་མོར་ནུབ་འཚལ་འཐུང་དུས། ཨ་ཕས་“དེ་ལྟར་མ་རེད། ཡང་གླེ་གསེར་འཚོ་སྐྱིད་ཀྱི་བུ་མིན་ཟེར་བཤད་དགོས་རེད” ཟེར་ནས། ཨ་མ་རང་ཉིད་ཀྱི་ལ་རྒྱ་དང་སྤོབས་པར་བརྩི་དགོས་ཚུལ་གསུངས། ཨཱ། ངའི་ཨ་ཕའི་སེམས་རྒྱ་འདི!

ངའི་གོ་ཐོས་ལྟར་ན། ངའི་ཨ་ཕ་སློབ་གྲྭ་སོང་མྱོང་མི་འདུག་ལ། གཞན་གྱིས་མ་བསླབ་ནའང་བོད་ཡིག་འབྲི་ཀློག་ཤེས་ཤིང་། རྒྱ་སྐད་རྒྱ་ཡིག་ཀྱང་གོ་བརྡ་ལེགས་པོར་འཕྲོད་ཐུབ། ཁོང་ཉིན་གཅིག་ལའང་སློབ་གྲྭ་སོང་མྱོང་མི་འདུག ཐོས་ཚོད་ལྟར་ན། དེ་དུས་སློབ་གྲྭ་སོང་ནས་ཀ་ཁ་ག་ང་དང་། པོ་ཕོ་མོ་ཕུ་དྲག་ཙམ་སྦྱངས་ཚར་ན་བྱ་བ་རེག་གི་རེད་ཟེར། ཡིན་ནའང་ངའི་རྨོ་མོ་ལགས་ཏེ། ཁོང་གི་ཡུམ་ཆེན་གྱིས་མོས་མཐུན་གཏན་ནས་གནང་མི་འདུག རྒྱུ་མཚན་ནི་རང་གི་བུ་གུ་བརླག་འགྲོ་བར་ཞེད་པ་རེད་ཟེར། གོ་ཐོས་སུ་དེ་དུས་རྒྱ་ནང་དུ་སློབ་གྲྭར་འཇུག་སྐད་ཀྱིས་ཕྲུ་གུ་རྣམས་འཁྲིད་ཕྱིན་ཏེ་རྗེས་མར་ཕྱིར་འོང་མེད་པ་དེ་འདྲ་ཡང་བྱུང་མྱོང་བ་འདྲ། ལོ་རབས་དྲུག་ཅུ་དང་བདུན་ཅུ་བའི་ནང་གང་ཡིན་གསལ་བོ་མི་ཤེས།

རྒྱུ་མཚན་དེ་དང་དེ་འདྲ་བ་དག་གིས་ང་རང་ངའི་ཨ་ཕ་ལ་ཡིད་སྨོན་སྐྱེས་མྱོང་། མ་བསླབ་པར་ཡང་ཤེས་འགྲོ་བ་དེ་འདྲ! འདིར་མ་བསླབ་པར་ཞེས་པ་གཞན་གྱིས་མ་བསླབ་པར་རང་གི་མྱོང་སྟོབས་ཀྱི་རིག་པ་ལ་བརྟེན་ནས་སྦྱངས་པ་ལ་ཟེར་བ་ཡིན།

ཁོང་གིས་ནམ་རྒྱུན་སྦྲང་ཆར་ཉོས་ཏེ་ཀློག་གནང་གི་ཡོད་ཅིང་། ངེད་མིང་སྲིང་ཚོར་གནའ་གཏམ་གྱི་ཚུལ་དུ་བཤད་པ་དེ་ཚོ་དེའི་ནང་དུ་བཀོད་པའི་བརྩམས་སྒྲུང་ཡིན་པ་རེད། ད་དུང་གསལ་ལེར་དྲན་པ་ནི་རིག་མ་བདེ་འཚོ་ཟེར་བ་ཞིག་ཡོད་ཅིང་། དེའི་ནང་དུ་ཨ་ལགས་ངན་པ་ཞིག་ཡོད་ཅིང་། ཁོང་ལ་རོགས་པ་རྟ་མགྲིན་རྡོ་རྗེ་ཟེར་བ་ཞིག་ཡོད་(དེ་ད་རུང་གསལ་ལེར་དྲན་དོན་ནི་ང་ལ་རྟ་མགྲིན་རྡོ་རྗེ་ཟེར་བའི་སྤུན་མཆེད་ཅིག་ཡོད་ཅིང་། སྒྲུང་དེ་བཤད་དུས་ངའི་སེམས་ལ་ཁོང་གི་སྣང་བརྙན་ཤར་སྡོད་ཀྱི་ཡོད།)ཅིང་། ཨ་ལགས་དེ་བཅའ་བ་རིམ་གྲོ་སྒྲུབ་སའི་འབྲོག་ཁྱིམ་རྒན་རྒོན་གཉིས་ལས་མེད་པ་ཞིག་ཏུ་ཞག་འདུག་བྱས་ཏེ། ཟླ་འོད་འོག་རྟ་མགྲིན་རྡོ་རྗེར་དངུལ་སྒོར་བརྐུ་རུ་འཇུག་ཚུལ་གྱི་སྣང་བརྙན་དེ་དག་ད་རུང་ངའི་སེམས་ལ་གསལ་ལེར་ཤར་འོང་བ་ཞིག་འདུག ད་དུང་དུས་ཆད་ཀྱི་བྲག་ཕུག་ཏུ་རྟ་མགྲིན་རྡོ་རྗེས་ཨ་ལགས་ཁོང་ལ་བསྒུགས་ནས་ཡོད་དུས། ཁོང་གིས་ཁ་རོག་གེར་སྒང་ནས་མར་རྟ་མགྲིན་རྡོ་རྗེའི་མགོར་རྡོ་གཡུགས་ཏེ། རྟ་མགྲིན་རྡོ་རྗེ་གསོད་རྩིས་བྱས་ཤིང་། ཁོང་ཤི་སོང་ཚུལ་ཡུལ་ཕྱོགས་སུ་བསྒྲགས། -རྟ་མགྲིན་རྡོ་རྗེར་རྨས་སྐྱོན་དྲག་པོ་ཤོར་ཞིང་། སྟབས་ལེགས་ཏེ་མ་ཤི་ནའང་། དྲག་སྐྱེད་མ་བྱུང་བར་རང་ཁྱིམ་གྱི་ཉེ་སར་འགྱེལ་མ་ལངས་ཀྱིས་བསླེབས་དུས། ཁྱིམ་མི་ཚོ་ཨ་ལགས་ཀྱིས་བཤད་པར་ཡིད་ཆེས་ཐག་ཆོད་ཅིང་། ཁོང་གསོན་ཡོད་པར་ཡིད་མ་ཆེས་པར། རོ་ལངས་བརྒྱབ་པར་བསམས་ཏེ་ཁོང་ལ་ཁ་ཡ་མ་བྱས་པའི་སྐབས་ཀྱི་ཁོང་གི་ཁེར་རྐྱང་གི་སེམས་སྡུག་དང་། རྗེས་སུ་ཁོ་རང་ནུར་ཏེ་མཚོ་ཁ་ཞིག་ཏུ་སོང་སྟེ་ཆུ་འཐུང་བསམས་དུས། མཚོ་ནང་དུ་ཁོས་ད་བར་བསད་པའི་རི་དྭགས་སོགས་ཀྱི་གཟུགས་བརྙན་མཐོང་ཞིང་ཡིད་འགྱོད་དྲག་པོ་སྐྱེས་པ་ལྟ་བུའི་དྲན་སྣང་ཞིག་ཆུང་དུས་ནས་ད་བར་འདུག་ཅིང་། ཡིད་སྐྱོ་བ་ཞིག་ལ་རིག་མ་བདེ་འཚོ་ཞེས་པ་ཆུང་དུས་སུ་སྦྲང་ཆར་དུ་བཀླགས་པ་ལས་རྗེས་སུ་དམིགས་ཀྱིས་རྙེད་རྙེད་བར་དུ་བཙལ་བ་མེད་ཀྱང་། ཐེངས་འགར་བཙལ་ཡང་ད་བར་མ་རྙེད་པས། བསྐྱར་ལྟ་ད་རུང་བྱེད་མ་མྱོང་།

དེ་ནི་ངས་ནམ་ཡང་བརྗེད་མི་ཐུབ་པའི་ཨ་ཕས་བཤད་པའི་གནའ་གཏམ་ཞིག་ཡིན་ལ། དེ་ལས་ཀྱང་གཞན་པ་ཞིག་ཡོད་པ་ནི། ཕལ་ཆེར་བསླབ་བྱའི་སྒྲུང་གཏམ་དང་། མཚར་གཏམ་ནག་པོ་ཞིག་ཡིན་པ་འདྲ། དྲན་ངོར། ཉིན་ཞིག་ཨ་ཕ་ཞིག་གིས་རང་གི་ཞི་ལི་ཁྲིད་ཞོར་རང་གི་ཕ་རྒན་སླེ་བོ་ཞིག་ཏུ་འཁུར་ནས་རི་ཁྲོད་ཅིག་ཏུ་བསྐྱལ་བ་དང་། བྲོ་སོགས་ཕ་རྒན་གྱི་གུད་དུ་བཞག་སྟེ། ཕྱིར་ལོག་རྩིས་བྱེད་སྐབས། ཞི་ལིས་བཤད་རྒྱུར། “ཨ་ཕ! སླེ་བོ་དེར་གཡུགས་ནས་མ་འཇོག ཡུལ་ལ་ཁྱེར་འགྲོ” ཟེར་བར། ཨ་ཕས་ཡ་མཚར་དང་བཅས་“ ཆི་ག?” ཞེས་པར། ཞི་ལིས་སྣང་དོགས་ཅི་ཡང་མེད་པར་བཤད་རྒྱུར། “རྗེས་མ་ཁྱོད་ལོ་ལོན་ཆགས་སོང་ན། ངས་ཀྱང་ཁྱོད་སླེ་བོ་འདིའི་ནང་དུ་འཁུར་ནས་འདིར་སྐྱེལ་དགོས་དུས་འདི་དགོས་ཀྱི་རེད་མོད” དེ་ཐོས་མ་ཐག་ཕ་རྒན་དེ་ཅི་དྲན་འདི་དྲན་མེད་པ་ཞིག་ཆགས།

འོ། དེ་ལྟ་བུ་ཞིག་ཡོད་པ་དེ་ངའི་ཨ་ཕས་བཤད་ཞོར། ང་ལ་“རྗེས་མ་ང་ལ་ལོན་སོང་ན། ཁྱོས་ང་འདི་ག་རི་མགོ་སྐྱེལ་རྒྱུ་ཨེ་ཡིན?”ཟེར་བས། ངས་ཚིག་ཐག་ཆོད་པས་“མིན”ཟེར་བ་དང་། ཁོང་གིས་འཛུམ་དམུལ་ཞོར་ངའི་ཐོད་སྤུ་དེ་ཕུར་ཙམ་ཕུར་ཙམ་བྱེད།

གོང་གི་སྒྲུང་འདི་གཉིས་ཀྱིས་ང་ལ་བག་ཆགས་ཆེ་ཤོས་བཞག་པ་དང་། ད་བར་དུ་སྦྲང་ཆར་དུ་བསྐྱར་དུ་མཐོང་མ་མྱོང་ནའང་། དྲན་དབང་དོན་འགྲུབ་རྒྱལ་གྱིས་བྲིས་པའི་ཚུལ་ཁྲིམས་རྒྱ་མཚོ་བཞིན་ཡིད་ལ་རྟག་ པར་འཆར་འོང་།

འོ། ད། ངས་སྒྲུང་ཡག་ཚུལ་བཤད་ཀྱིན་བཤད་ཀྱིན་བྱིས་དུས་ཀྱི་དྲན་པ་སོས་ཏེ། གནའ་གཏམ་དང་སྒྲུང་གིས་བཞག་པའི་བབ་ཆགས་དེ་དག་བཤད་པར་ཐལ།

འོ། ད། མཚམས་ག་བ་རེད། ཡུལ་སྐོར་མགོ་བཙུགས། དེབ་ཉོས། དེ་ནས་དགའ་ལྡན་སེང་གེའི་སྐོར་བཤད་པའི་སྐབས་རེད་ལ? རེད་རེད། དགའ་ལྡན་སེང་གེའི་འབྲི་སྟངས་དང་རྩོམ་རྩལ་དེས་ང་རང་བཀུག ངས་ནམ་རྒྱུན་ཧིནྡུ་སྠན་དུས་བབ་ཀློག་གི་ཡོད་ལ། ཁོང་གི་ས་མིག་དེ་ཕལ་ཆེར་མ་ཆད་པར་བཀླགས་མྱོང་།

ཁོང་གི་གཟའ་ཉི་མའི་རྩོམ་དེ་ནམ་རྒྱུན་སྤྱི་བཤད་ཅིག་དང་མཉམ་དུ། མཚར་གཏམ་རེ་ཡོད་ཡོད་པ་ལྟ་བུ་རེད། མཚར་གཏམ་དེ་ཡང་ཕལ་ཆེར་བ་“ཁ་གཙོག”རྐྱང་རྐྱང་རེད། དེ་བས་དམིགས་བསལ་གྱི་བྲོ་བ་འདྲ་ཞིག་ཡོད། གོང་དུ་བཤད་པ་བཞིན་བརྩམས་སྒྲུང་ཕལ་ཆེ་བར་འཁྲིག་སྤྱོད་ཀྱི་སྐོར་བྲིས་པ་མང་། དེ་ནི་ང་རང་གིས་བསམས་ན་ཟ་མའི་ནང་གི་ཚྭ་ལྟ་བུ་ཡིན་ས་རེད་དྲན། དགའ་ལྡན་སེང་གེས་བྲིས་པ་དག་ཡིན་ཤག་ལྟ་བུ་དང་། ད་དུང་ཤུགས་ཆེ་བ་ནི་རྩོམ་པ་པོ་ཨ་ལེས་བྲིས་པའི་ས་ཞོད་རྡུལ་འཇགས་ཀྱི་ནང་དུ་འཁྲིག་སྤྱོད་ཀྱི་སྣང་བརྙན་གཅིག་མིན་གཉིས་མིན་དུ་འོང་བ་དེ་ལྟ་བུ་བོད་པས་བྲིས་པ་དག་གིས་བསྒྲུན་མི་ནུས་པ་ཙམ་དུ་ཡོད། བོད་ཡིག་གི་བརྩམས་སྒྲུང་དུ་དོ་སྣང་མ་བྱུང་བ་མིན་ན་མཐོང་མ་བྱུང་། དྲན་དབང་དོན་འགྲུབ་རྒྱལ་ལགས་ཀྱི་སད་ཀྱིས་བཅོམ་པའི་མེ་ཏོག་ཏུ་ལྷ་སྐྱིད་ལ་བཙན་པོ་བྱས་པ་ཙམ་མ་གཏོགས། དེའི་སྣང་བརྙན་ཞིབ་འབྲི་བྱས་མེད། སྐབས་དེའི་ནང་དོན་དམིགས་བསལ་གྱི་འབྲེལ་བའང་ཤུགས་ཆེར་མེད་པས་མ་བྲིས་པ་འདྲ། ཆི་གུ!

དེ་ནས། དགོད་བྲོ་བ་ཞིག་ལ། སྔོན་མ་ངས་རྩོམ་པ་པོ་གྲགས་ཅན་འཇོར་ཇི་ཨོ་བལ་(George Orwell)ལགས་ཀྱི་<<༡༩༨༤>>བཀླགས་པ་དེ་དྲན་འོངས། དེ་མགོ་ནས་ཀློག་དུས་མིང་མི་དྲན་པའི་ཞི་ལི་དེས་ཞི་མོ་ཞིག་ལ་འཛག་གྲགས་འདྲ་ཞིག་བྱས་ཏེ། བསྐྱུར་བཞག་པ་དང་། དེ་ནས་བསྐྱར་དུ་ཐབས་ཤེས་བྱེད་མིན་ཤེས་འདོད་དང་བཅས་ཏེ། མུ་མཐུད་བཀླགས་ནའང་“སྤུན་རྒན་པས་ཁྱོད་ལ་བལྟས་ནས་བསྡད་ཡོད!”(Big brother is watching you!)ཅེས་པའི་སྦྱར་བྱང་འདི་ཡང་དང་བསྐྱར་དུ་འོང་བ་ལས་དེའི་སྐོར་མ་ཐུག་པས་རེ་ཐག་ཆད་པའང་དྲན།

ཧ་ཧ། རྗེས་ལ་ཅུང་བསམ་ཤེས་དུས་འདི་ཡང་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་སྣང་ཚུལ་མེད་དུ་མི་རུང་བ་ཞིག་དང་། སྦ་རུ་མི་ནུས་པ། མ་བྲིས་ན་ཡིད་ཕངས་པ་ཞིག་ཡིན་པ་ཤེས་ཤིང་། རིམ་གྱིས་བཏང་སྙོམས་སུ་ལུས།

འོ། རེད་རེད། དེ་ནས་མེ་འཁོར་ཆུ་ཚོད་ཏག་ཏག་༦:༣༠ ལ་བསླེབས་བྱུང་། དེ་ནས་མེ་འཁོར་ནང་ལ་བུད་དེ་བསྡད་ས་ཟིན་ཏེ་ལྷོད་ཀྱིས་བསྡད། སློབ་གྲོགས་འགའ་ཤས་ཏག་སེ་རྩེ་བ་དང་། ཁ་ཤས་ཁ་པར་ལ་མགོ་འཁོར། ལ་ཤས་ཤིག་པར་ལེན་རྒྱུ་བྲེལ་འདུག དེ་བས་ང་རང་གིས་གློག་འོད་ལེགས་པར་འཕྲོ་བའི་ཟུར་ཞིག་བཙལ་ཏེ། ཁ་རོག་གེར་དེབ་དེ་ཀློག་མགོ་བརྩམས་པ་ཡིན།

ངས་སྤྲོ་བ་ཆེན་པོས་དེབ་ཀློག་གིན་ཡོད་དུས། རྩིབ་ཀྱི་གྲོགས་པོས་དོ་སྣང་བྱུང་བ་འདྲ་ཞིང་། གད་མོ་ལྷུག་ལྷུག་དགོད་ཞོར་“ཐྲག! ཐྲག! ཐྲག!”་ངའི་པར་ལེན་གྱི་འདུག ཕལ་ཆེར་“སྐྱབས”ཀྱིས་དེབ་འདི་འདྲ་མ་རབས་ཤིག་ཀློག་གི་འདུག་ཅན་པོ་བཤད་དེ་སྐད་འཕྲིན་དང་། ངོ་དེབ་སོགས་སུ་ཡ་མཚན་ཆེན་པོས་བཀོད་འདོད་པ་འདྲ། ཧ་ཧ།

དགའ་ ལྡན་སེང་གེའི་དེབ་དེ་ཚོར་བྲོ་བ་ཡོད་ངེས་ཅན་ལ། འདི་ཡང་དེ་བཞིན་འདུག དེབ་ནང་གི་རྩོམ་དེ་དག <<བརྩེ་སེམས་དང་འཁྲིག་སྤྱོད>>་ཅེས་ཁོང་གི་རང་རྣམ་དང་བརྩམས་ སྒྲུང་སོགས་ནས་བརྗོད་གཞི་འདི་དང་འབྲེལ་བའི་ཚན་པ་དག་ཕྱོགས་བསྡུས་བྱས་པ་ཞིག་ རེད་འདུག

རྩོམ་དེ་དག་ལས་དམིགས་བསལ་གྱིས་ཡ་མཚར་དུ་འཇུག་པ་ནི་ཁོང་གི་ ཁྱིམ་མཚེས་ཞི་མོ་མཛེས་མ་དེ་ཁོང་གི་རྒྱ་གར་བ་གྲོགས་པོ་ཕོ་སྒོ་ཅི་ཡང་མེད་པ་དེས་མཐའ་མར་དགའ་མགུར་སྤྱད་ཚུལ་རེད་ལ། དེའི་མཇུག་འབྲས་དེ་ནི་དངོས་གནས་ཁོང་གི་བསམ་ཡུལ་ལས་འདས་པ་ཞིག་ཡོད་པར་མ་ཟད། བདག་གི་བློ་ཡུལ་ལས་འདས་སོང་ལ། ཁྱོད་ཀྱི་ཡིད་ཡུལ་ལས་ཀྱང་འདས་ངེས། དེའི་སྐོར་ཤེས་འདོད་ན། དེབ་དེ་ཀློག་རོགས་ཞུ! དེ་ལས་ཀྱང་བློ་ངོར་མི་ཤོང་བ་ཞིག་ཡོད་པ་ནི། གཉེན་སྒྲིག་བྱས་མ་ཐག་པའི་སྨན་པ་ཁྱོ་ག་དེ་དང་། ཁོང་གི་ཆུང་མ་གཉིས་ཀྱིས་ནམ་གུང་མི་ཕལ་ཆེ་བ་གཉིད་ཁུགས་པའི་སྐབས་དང་བསྟུན། མེ་འཁོར་ཁལ་སྒམ་གཅིག་ཏུ་བསྡད་པའི་དགའ་ལྡན་སེང་གེ་ཁོང་གི་མིག་གིས་མཐོང་སར་ བསྲན་མ་ཚུགས་པར་ཆགས་པ་གཅིག་མིན་གཉིས་མིན་དུ་སྤྱད་པར། ཁོང་གིས་བློ་རྒྱ་ཆེན་པོས་གུ་ཡུངས་དང་བཟོད་གསོལ་དང་བཅས་ཁ་རོག་གེར་བཞག་ནའང་། ཁོང་གིས་ནུབ་མོ་དེར་ཅི་ཙམ་མྱངས་ཡོད་པ་ནི། ངས་མ་བཤད་ནའང་། ཁྱོད་ཀྱིས་ཀྱང་ལོས་ཤེས། ཧ་ཧ་ཧ་ཧ!

(མུ་འགོད)

ཀ་ལི་ཀ་ཏར།

ཟླ་ཚེས་༢༠༡༥།༡༠།༡༣

ཆུ་ཚོད་༡༡ཙམ་ནས་ནམ་གུང་ཆུ་ཚོད་༡:༡༣ ལ་འདི་བར་ཤར་མར་བྲིས།

དྲན་ཐོ།

Post navigation

Previous Post: རྒྱ་གར་ལོ་སར་ངྷི་ཝ་ལི།
Next Post: ལག་ཁྱེར་སྐད་འཕྲིན་གྱི་སྐྱོན་ཡོན་སྐོར་གྱི་ཀ་བཤད།

Comments (5) on “ཡུལ་སྐོར། ཟིན་ཐོ། ཕྱིར་དྲན། བརྗེད་བྱང་།”

  1. ཀླུ་སྨྱོན། says:
    2015-11-12 at 11:35 am

    ལག་པ་སྡོད་ཚུགས་ན་མ་གཏོགས་དྲ་འབུ་ཚོས་ཆགས་རྒན་གྱི་ཆོ་ལོ་བཏགས་ཡོང་། ང་ལ་ནི་སྙན་མོ་བྱུང་། ངས་ཀྱང་སྒྲུང་འབྲི་དུས་”ཚྭ”་ཏོག་ཙམ་རེ་མ་བསྲེས་ན་དྲ་འབུ་ཚོའི་ཁ་འགུལ་གི་འཇུག་མི་ཐུབ་ཀི

  2. ཀླུ་སྨྱོན། says:
    2015-11-12 at 12:04 pm

    ཕ་མ་རྒན་རྒོན་རི་མགོར་སྐྱེལ་བའི་སྲོལ་དེ་དུས་རབས་གོང་མའི་ཡང་གོང་མའི་འཇུ་ཕེན་གྱི་ལུགས་སྲོལ་ལ་ཡོད་འདུག དེའི་སྐོར་གྱི་གློག་བརྙན་སྐྱི་གཡའ་བ་དེ་འདྲ་ཡང་འདུག དེ་ནི་ཕ་མ་རྒན་རྒོན་ཚོ་སླེ་བོའི་ནང་དུ་བཅུག་སྟེ་ཁུར་ནས་བྲག་གི་མཐོན་པོའི་རྩེར་བསླེབས་རྗེས་སླེ་བོ་དང་མཉམ་དུ་ཐག་པས་བསྡམས་ཏེ་རི་མགོ་ནས་ཐུར་དུ་རྦབ་ལ་གཡུག་སྲོལ་འདུག དེ་དུས་ཕ་མ་རེ་འགས་འཇིགས་སྐྲག་གིས་སླེ་བོའི་ནང་ནས་ལག་པ་བསྲིངས་ཏེ་བུ་ཕྲུག་ལ་ཞུ་བ་འཐེན་བཞིན་པ་མཐོང་ན། ལྟ་མཁན་གྱི་སེམས་པ་ཡང་རང་དབང་མེད་པར་འཇིགས་སྣང་དང་སྐྱོ་སྣང་གིས་གཟིར་ཡོང་གི་འདུག ཡང་བུ་ཕྲུག་སེམས་པ་ཏོག་ཙམ་སྙི་བ་ཚོས་ཕ་མ་རྒན་རྒོན་སླེ་བོའི་ནང་བཞག་སྟེ་ཁུར་ནས་ས་སྟོང་ལུང་སྟོང་གི་དུར་ཁྲོད་དུ་སོང་ནས་དེ་གར་བཞག་སྟེ་ཕྱིར་ལོག་ཡོང་གིན་འདུག

  3. ཀླུ་སྨྱོན། says:
    2015-11-12 at 12:04 pm

    བྲག་རི

  4. ཀརྡོ་གཉེར་ཕྱག་པ་ says:
    2015-11-12 at 2:09 pm

    ང་ཆུང་དུས། ཨ་མས་བཤད་པའི་སྒྲུང་ཅིག་ནང་ལ། གཡའ་དང་། གངས་ཀྱི་མཚམས་ལ་མ་རྒན་བསྐྱལ་ནས། མ་རྒན་་གྱིས། སེམས་ཅན་རི་དྭགས་ཀྱི་འོ་མ་བཞོས་ནས་མི་ཚེ་སྐྱེལ་བའི་སྒྲུང་ཐུང་ཅིག་གསུང་རྒྱུ་ཡོད།

  5. གཅན་འོད་འབར། says:
    2015-11-13 at 12:09 am

    ཡུལ་སྐོར་ཟིན་ཐོ་དང་ཕྱིར་དྲན་བརྗེད་བྱང་ཅན་གྱི་རྩོམ་འདི་ལེགས་པར་བཀླགས་ཡོད། སྙན་མོ་བྱུང་སོང་།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme