Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡུལ་གྱར་བ་ཚང་མ་བོད་ལ་འགྲོ གཅིག་ཀྱང་མ་ལུས་པ་འགྲོ

Posted on 2013-07-252013-07-25 By ཡེ་ཤེས་ 33 Comments on ཡུལ་གྱར་བ་ཚང་མ་བོད་ལ་འགྲོ གཅིག་ཀྱང་མ་ལུས་པ་འགྲོ


ཀླུ་སྨྱོན་ཧེ་རུ་ཀ
ཡུལ་གྱར་བ་ཚང་མ་བོད་ལ་འགྲོ དབུས་གཙང་ནས་བསླེབས་པ་ཚང་མ་འགྲོ བོད་ལ་འགྲོ ཨ་མདོ་ནས་བསླེབས་པ་ཚང་མ་འགྲོ བོད་ལ་འགྲོ ཁམས་ཕྱོགས་ནས་བསླེབས་པ་ཚང་མ་འགྲོ བོད་ལ་འགྲོ བལ་ཡུལ་ན་ང་ཚོ་ཅི་ཡང་མེད། བལ་བོའི་ཉེན་རྟོག་པའི་བཙན་གནོན་དང་བལ་པོའི་མི་རིགས་ཀྱི་མཐོང་ཆུང་མ་གཏོགས་ཅི་ཡང་མེད། ང་ཚོས་བལ་ཡུལ་ནས་ཁང་པ་ཉོ་མི་ཆོག་ལ་མི་སེར་ཡང་ཆགས་མི་ཐུབ། ང་ཚོ་ཚང་མ་བོད་ལ་འགྲོ རྒྱ་གར་ན་འབྲས་དང་ལྡ་ལི་མ་གཏོགས་ཅི་ཡང་མེད། ང་ཚོ་ཚང་མ་བོད་ལ་འགྲོ རྒྱ་གར་ན་ཚ་བ་དང་བཀྲེས་ལྟོགས་མ་གཏོགས་ཅི་ཡང་མེད། རྒྱ་གར་ན་ཡུལ་མིའི་བརྙས་བཅོས་མ་གཏོགས་གང་ཡང་མེད། རྒྱ་གར་ན་མ་ཧེ་ནག་པོ་དང་དབང་ཕྱུག་ལིང་ག་མ་གཏོགས་ཅི་ཡང་མེད། སྐྱབས་བཅོལ་ལག་དེབ་དེ་ཐོ་འགོད་མ་བྱས་ན་བཙོན་ཁང་དུ་འཁྱེར་བ་ལས་ལམ་ཁ་གཞན་གང་ཡང་མེད། ང་ཚོ་ཚང་མ་བོད་ལ་འགྲོ ཨ་རི་ན་ཟ་ཁང་མགྲོན་ཁང་གི་གཡོག་ལས་མ་གཏོགས་ཅི་ཡང་མེད། ཡོ་རོབ་ན་ཚོང་ཁང་རྒན་ཁང་གི་མུག་ལས་མ་གཏོགས་ཅི་ཡང་མེད། ང་ཚོ་ཚང་མ་བོད་ལ་འགྲོ ཕྱི་རྒྱལ་ན་བོད་ཕྲུག་ཚོས་བོད་སྐད་མི་ཤོད། ཕྱི་རྒྱལ་ན་བོད་པ་ཚོས་བོད་ཆས་མི་གྱོན། ཕྱི་རྒྱལ་ན་བླ་མ་ཚོས་དགོན་པ་མི་རྒྱོབ། ཕྱི་རྒྱལ་ན་གྲྭ་པ་ཚོས་སྡོམ་མགོ་མི་ཐོན། ས་མཐའ་ནས་ཕོར་བ་བཀྲུས་ནས་ཕྱུག་པོ་མི་ཆགས། ས་མཐའ་ནས་ཟ་ཁང་བཟུང་ནས་མྱི་ངོ་མི་ལོན། ས་མཐའ་ནས་ཚོང་ཁང་བཟུང་ནས་ཅ་ལག་མི་བྲིན། ས་མཐའ་ནས་སློང་མོ་བརྒྱབ་ནས་སྙིང་རྗེ་མི་ཁུག ང་ཚོས་རང་ས་བཞག་ནས་ས་མཐའ་འགྲིམ་པ་ལས་ལྷག་པའི་ནོར་འཁྲུལ་ཞིག་མི་ཚེའི་ནང་ཤོར་མྱོང་མེད་ལ། དེ་ལས་ལྷག་པའི་ནོར་འཁྲུལ་ཞིག་འཆོར་རྒྱུ་ཡང་མེད། བོད་གངས་ཅན་གྱི་ཡུལ་གྲུ་དེ་ན། ནམ་མཁའ་སྔོ་ཐིང་ཐིང་། གངས་རི་དཀར་ལྷང་ལྷང་། སྤང་ལྗོངས་ཡངས་ཤོད་ཤོད། མེ་ཏོག་ཁྲ་ཆིལ་ཆིལ། གནག་ཕྱུགས་སོས་དལ་དལ། དགོན་པ་འུར་ཆིལ་ཆིལ། གསེར་ཏོག་འོད་འཚེར་འཚེར། ཕ་མ་ཕུ་ནུ་ཚང་མ་བོད་ན་ཡོད། ཨ་ཅེ་སྲིང་མོ་ཚང་མ་བོད་ན་བོད། ང་ཚོ་ཚང་མ་བོད་ལ་འགྲོ ཕ་ཡུལ་བོད་ནས་ཟས་ཁམ་གང་ཟོས་ཀྱང་བྲོ་བ་ཆེ། ཆུ་ཧུབ་གང་འཐུངས་ཀྱང་རིག་པ་གསལ། རླུང་གཙང་མའི་ནང་ན་མེ་ཏོག་གི་དྲི་ཞིམ་ཡོད། དགུང་དུད་སྤྲིན་གྱི་ནང་ན་འོ་ཞོའི་དྲི་ངད་ཡོད། དྲིན་ཆེན་ཕ་མ་འཇིག་རྟེན་ཕྱི་མར་མ་ཕེབས་སྔོན། བྱམས་ལྡན་བླ་མ་དག་པའི་ཞིང་ལ་མ་གཤེགས་སྔོན། ང་ཚོ་ཚང་མ་བོད་ལ་འགྲོ མཁར་ལ་སྔ་བ་ཡམ་བུ་བརླ་སྒང་། དགོན་ལ་སྔ་བ་བསམ་ཡས་གཙུག་ལག་ཁང་། ས་སྐྱ་སྤྲུལ་པའི་ལྷ་ཁང་། འོག་མིན་མཚུར་ཕུ་དགོན་པ། ཕོ་བྲང་ཆེན་པོ་པོ་ཏ་ལ། གདན་ས་ཆེན་པོ་སེ་འབྲས་དགེ་གསུམ། སྔ་འགྱུར་རྙིང་མའི་གདན་ས་ཁག་དྲུག བྱང་གི་དགོན་ཆེན་རྣམ་བཞི། བླ་བྲང་སྐུ་འབུམ་བྱ་ཁྱུང་། ལྡི་ཚ་རོང་པོ་བདེ་ཆེན། བླ་རུང་རྫོགས་ཆེན་དཔལ་ཡུལ། བོན་གྱི་སྣང་ཞིག་དགོན་ཆེན། མཚོ་ཆེན་ཁྲི་ཤོར་རྒྱལ་མོ། གནས་མཆོག་བྲག་དཀར་སྤྲེལ་རྫོང་། རི་སྨུག་པོ་གཞི་བདག་འཁོར་ས། ཐང་ཆེན་པོ་ནོར་ལུག་འཁྱིལ་ས། ཕ་ཕ་ཁུའི་རྣམ་ཤེས་འཐིམ་ས། མྱི་རང་རང་གཉོམ་ལག་རྒྱས་ས། འདི་བཞག་ནས་ས་མཐར་སོང་བ། ད་བསམས་ན་འགྱོད་པའི་གཞི་མ། འགྲོ ང་ཚོ་ཚང་མ་བོད་ལ་འགྲོ ཆབ་སྲིད་པའི་གཡོ་ཇུས་དམྱལ་བའི་འཕྲང་དུ་རྫོངས། མགོ་བདེ་ཚོའི་ཁ་ལྕེ་དམར་པོ་མེ་ལ་སྲེགས། དབྱེན་དཀྲུགས་ཚོའི་སྐད་ཆ་སྔོན་མོ་ཆུ་ལ་སྐྱུར། ང་ཚོ་ཚང་མ་ཕ་ཡུལ་བོད་ལ་འགྲོ ཡུལ་གྱར་པ་ཚང་མ་བོད་ལ་འགྲོ གསོན་ན་རྣམ་ཤེས་བོད་ལ་འགྲོ ཤི་ན་རུས་པ་བོད་ལ་སྦ། སྲོང་བཙན་སྒམ་པོ་དང་མགར་བ་སྟོང་བཙན། ཁྲི་སྲོང་ལྡེའུ་བཙན་དང་སྟག་སྒྲ་ཀླུ་ཁོང་། དཔའ་མཛངས་ཀྱི་རྒྱལ་བློན་དེ་ཚོ་ཚང་མ་བོད་ནས་སྐྱེས་ཤིང་བོད་ནས་གྲོངས། རྗེ་འབངས་ཉེར་ལྔ་དང་མར་མི་དྭགས་གསུམ། འབྲོམ་སྟོན་ཡབ་སྲས་དང་གོང་མ་རྣམ་ལྔ། ལབ་སྒྲོན་ཡུ་དོལ་དང་ཙོང་ཁ་ཡབ་སྲས། ཁོང་རྣམ་པ་ཚང་མ་བོད་ནས་འཁྲུངས་ཤིང་བོད་ནས་གཤེགས། མདོར་ན་བོད་ཁ་བ་ཅན་གྱི་འདས་པའི་ལོ་རྒྱུས་རིང་མོའི་ནང་གི་ཆབ་སྲིད་ཀྱི་བདག་པོ་དང་། ཆོས་ལུགས་ཀྱི་སྲོལ་འབྱེད་པ། ཤེས་རིག་གི་རྐང་འཛིན་པ་ཚང་མ་གངས་འདབས་ནས་སྐྱེས་ཤིང་གངས་འདབས་སུ་ཐིམ་པ་མ་ཡིན་ནམ། ང་ཚོས་ས་མཐའ་ནས་ཅི་ཞིག་ལ་བསྒུགས་ཡོད། ང་ཚོས་མི་ཡུལ་ནས་གང་ཞིག་ལ་བལྟས་ཡོད། མི་རྒས་ན་ཡུལ་དང་བྱ་རྒས་ན་ཚང་མིན་ནམ། ང་ཚོ་བོད་ལ་བོད་ཡིག་སྦྱོང་གི་འགྲོ ང་ཚོ་བོད་ལ་རིག་གཞུང་སྲུང་གི་འགྲོ ང་ཚོ་བོད་ལ་ནང་ཆོས་སློབ་ཏུ་འགྲོ ང་ཚོ་བོད་ལ་མི་རབས་སྤེལ་དུ་འགྲོ ང་ཚོ་བོད་ལ་གཏེར་ཁ་སྔོག་གི་འགྲོ ང་ཚོ་བོད་ལ་སྦྲ་ནག་འཕུབ་ཏུ་འགྲོ ང་ཚོ་བོད་ལ་ལུག་ཁྱུ་འཚོ་གི་འགྲོ ང་ཚོ་བོད་ལ་ནོར་གནག་རྫི་བོར་འགྲོ ང་ཚོ་བོད་ལ་ཕ་མ་རྒན་རྒོན་གཉོར་གི་འགྲོ ང་ཚོ་བོད་ལ་རྩ་བའི་བླ་མར་མཇལ་གི་འགྲོ ང་ཚོ་བོད་ལ་ཆུང་འདྲིས་རྩེད་རོགས་ཐུག་གི་འགྲོ ང་ཚོ་བོད་ལ་གཞི་བདག་ལ་བཙས་བསྟོད་དུ་འགྲོ ང་ཚོ་བོད་ལ་ལྷ་བསང་སྔོན་མོ་འཕུད་དུ་འགྲོ ང་ཚོ་བོད་ལ་དབྱར་རྩྭ་དགུན་འབུ་རྐོ་རུ་འགྲོ ང་ཚོ་བོད་ལ་ཚོང་ཁང་ཟ་ཁང་འཛིན་གི་འགྲོ ང་ཚོ་བོད་ལ་མགྲོན་ཁང་སློབ་གྲྭ་འཛུག་གི་འགྲོ ང་ཚོ་བོད་ལ་ཚར་ལྭ་ཀོ་ལྷམ་བཟོ་གི་འགྲོ མདོར་ན་ང་ཚོ་ཚང་མ་བོད་ལ་འགྲོ ང་ཚོ་ཚང་མ་རྒྱ་བོད་མཉམ་གནས་བྱེད་དུ་འགྲོ ང་ཚོ་ཚང་མ་མི་རིགས་མཐུན་སྒྲིལ་བྱེད་དུ་འགྲོ ང་ཚོ་ཚང་མ་གངས་ལྗོངས་འཛུག་སྐྲུན་བྱེད་དུ་འགྲོ ང་ཚོ་ཚང་མ་གཞིས་བྱེས་མཉམ་འཛོམ་བྱེད་དུ་འགྲོ ང་ཚོ་ཚང་མའི་རྨི་ལམ་གཅིག་ཡིན། རེ་བ་སྟོང་བར་རེ་བ་མ་རྒྱག དངོས་ཡོད་ཡིན་པ་གངས་ཅན་བོད་ཡིན། བོད་ན་གནམ་གྲུ་ཐང་ཆེན་ཡོད། བོད་ན་འགྲུལ་བཞུད་མགྱོགས་ལམ་ཡོད། བོད་ན་ཆུ་མཛོད་གློག་མཛོད་ཡོད། བོད་ན་ལྷ་ཡི་ཡུལ་ལྗོངས་ཡོད། བོད་ན་ཀླུ་ཡི་སྒོ་ཟོག་ཡོད། བོད་ན་ཚོང་གི་མ་རྩ་ཡོད། བོད་ན་ཆོས་ཀྱི་སྒྲུབ་སྡེ་ཡོད། བོད་ན་ཤེས་རིག་སློབ་གྲྭ་ཡོད། བོད་ན་ཕ་མ་མིང་སྲིང་ཡོད། བོད་ན་ཚ་བོ་ཚ་མོ་ཡོད། བོད་ན་མི་རབས་རྗེས་མ་ཡོད། བོད་ན་ང་ཚོའི་ཚང་མ་ཡོད། ང་ཚོ་ཚང་མའི་རེ་འདུན་གཅིག་ཡིན། ང་ཚོ་ཚང་མའི་འགྲོ་ས་གཅིག་ཡིན། ང་ཚོ་ཚང་མའི་ཕ་ས་གཅིག་ཡིན། ང་ཚོ་ཚང་མ་བོད་མི་གཅིག་ཡིན། ང་ཚོ་ཚང་མའི་སྐྱིད་སྡུག་གཅིག་ཡིན། ང་ཚོ་ཚང་མ་བོད་ལ་འགྲོ་ཡ། གཅིག་ཀྱང་མ་ལུས་ཚང་མ་འགྲོ་ཡ། ཡུལ་གྱར་བའི་གཞིས་སྒར་སྒོ་མོ་རྒྱག་རན། འདས་ཟིན་པའི་གཏམ་རྒྱུད་མེ་ལ་བསྲེགས་རན། མ་འོངས་པའི་གངས་ལྗོངས་བསྙེགས་ནས་འགྲོ་རན། ད་ལྟ་བའི་མགོ་བོ་གྱེན་ལ་འདེག་རན། རྒན་གཞོན་མེད་པར། སྐྱ་སེར་མེད་པར། ང་ཚོ་ཚང་མ། བོད་ལ་འགྲོ་ཡ།

སྣ་ཚོགས།

Post navigation

Previous Post: ཐོན་མི་སམ་བྷོ་ཊ།
Next Post: གྲྭ་བ་དང་དྲ་བ་གཉིས་འཛོམས་ན་ལྟས་ངན་རེད།

Comments (33) on “ཡུལ་གྱར་བ་ཚང་མ་བོད་ལ་འགྲོ གཅིག་ཀྱང་མ་ལུས་པ་འགྲོ”

  1. བསྟན་འོད་། says:
    2013-07-25 at 1:23 am

    འགྲོ་ཡ་འགྲོ་ཡ་ད་འགྲོ་ཡ་།

  2. གནམ says:
    2013-07-25 at 2:11 am

    ཁྱོད་སྔུན་མ་བྱས་ནས་སོང་དང་ང་གཞུག་ནས་ཐུར་ལ་ཡོང་དགོས། མ་སོང་སྔོན་ལ། ངས་ཁྱེད་ལ་འདོགས་ར་ཞིག་འཐེན། དེ་ནས་ད། ང་ཚོ་བླ་མས་ཅི་གསུང་ཆོས་ཡིན། གཅིག་གི་བརྫ་ལ་གཅིག་ཡིན། ད་ཨ་ཁུས་ཉོན་ཨ།

    སྟག་ཤར་ར་ཇག་ལ་འགྱོ་ནི་ཚོ།།
    ཇག་ཧར་འགྱོ་རྩ་རེད་ཕྱིར་ཡོང་དཀའ།།
    ཕྱིར་ཡོང་གི་སྔོན་ན་རྒྱུ་ཞིག་དགོས།།
    རྒྱུ་མེད་ན་རི་སྤྱང་སྔོ་མོ་ཡིན།
    གཏམ་མྱི་ཁ་འཁོར་གི་གཞི་མ་ཡིན།
    བུ་བུའི་ཕྲུག་རྫོད་ཀི་སྣ་འདྲེན་ཡིན།
    འདི་བསམ་ན་འགྱོ་ཧོད་ཨེ་ཡོད་ཀི།

  3. ཀརྡོ་གཉེར་ཕྱག་པ་ says:
    2013-07-25 at 2:42 am

    སྙན་དངགས་མཁན་ཀླུ་སྨྱོན་ལགས་ཀྱི་ཆེད་རྩོམ་འདི་སྙན་པ་ལ་སྙན་ཚད་མ་རེད། འོནད་ཀྱང་།
    ང་ཚོ་བོད་ལ་རིག་གཞུང་སྲུང་གི་འགྲོ
    ང་ཚོ་བོད་ལ་གཏེར་ཁ་སྔོག་གི་འགྲོ
    ང་ཚོ་བོད་ལ་ལུག་ཁྱུ་འཚོ་གི་འགྲོ
    ང་ཚོ་བོད་ལ་ཕ་མ་རྒན་རྒོན་གཉོར་གི་འགྲོ
    ང་ཚོ་བོད་ལ་རྩ་བའི་བླ་མར་མཇལ་གི་འགྲོ
    ང་ཚོ་བོད་ལ་ཆུང་འདྲིས་རྩེད་རོགས་ཐུག་གི་འགྲོ
    ང་ཚོ་བོད་ལ་ཚོང་ཁང་ཟ་ཁང་འཛིན་གི་འགྲོ
    ང་ཚོ་བོད་ལ་མགྲོན་ཁངསློབ་གྲྭ་འཛུག་གི་འགྲོ
    ང་ཚོ་བོད་ལ་ཚར་ལྭ་ཀོ་ལྷམ་བཟོ་གི་འགྲོ
    ཕལ་ཆེར་འདི་དག་ཚང་མ་རྣམ་དབྱེ་བཞི་པའི་༼སུ་ར་རུ་དུ་ན་ལ་ཏུ༽་པོ་གང་རུང་ཅིག་སྦྱར་དགོས་པ་ལ། རྣམ་དབྱེ་དྲུག་པའི་འབྲེལ་སྒྲ་༼གི་༽ལ་ཐུབ་ཚོད་ཚད་ལས་འདས་པ་བཏང་ན་ང་ནི་མོག་ཆུ་ཤོར་གྲབས་བྱེད་བགྱིད་འདུག་གདའ། ཀླུ་སྨྱོན་ལགས།

  4. དགྲ་ལྷ་ནག་པོ། says:
    2013-07-25 at 2:55 am

    ཕ་མ་ཕུ་ནུ་མིང་སྲིང་བོད་ན་ཡོད་། ཚང་མ་་བཙོན་ལ་བཅུག་ན་ཅི་ལྟར་བྱ། ཤ་རུས་ཁྲག་རྒྱུན་གཅིག་པ་བོད་ན་ཡོད། ཚང་མ་་རང་བསྲག་བྱས་ན་ཅི་ལྟར་བྱ། ཕོ་རྒོད་སྟག་འདྲ་གཟུགས་འདྲ་བོད་ན་ཡོད། ཚང་མ་དམར་གསོད་བྱས་ན་ཅི་ལྟར་བྱ། གསེར་དངུལ་ཟངས་ལྕགས་གཏེར་ཁ་བོད་ན་ཡོད། ཚང་མ་རྒྱ་མིས་བརྐོས་ན་ཅི་ལྟར་བྱ།་ སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བོད་ན་ཡོད། ཚང་མ་རྒྱ་ཕྲུག་ཡིན་ན་ཅི་ལྟར་བྱ། སློབ་དེབ་སྦྱང་དེབ་འབྲི་དེབ་བོད་ན་མང་། ཚང་མ་རྒྱ་ཡིག་ཡིན་ན་ཅི་ལྟར་བྱ། དགོན་སྡེ་ཆོས་སྡེ་ཆེ་ཆུང་བོད་ན་མང་། ཚང་མར་དམག་ཁང་བཙུགས་ན་ཅི་ལྟར་བྱ། བྱམས་ལྡན་བླ་མ་སེར་མོ་བོད་ན་མང་། ཚང་མ་རྒྱ་ལ་འཁོར་ན་ཅི་ལྟར་བྱ། གླུ་མ་ཆང་མ་གར་མ་བོད་ན་མང་། ཚང་མ་རྒྱ་མོ་ཡིན་ན་ཅི་ལྟར་བྱ། གསང་སྔགས་རིག་འཛིན་ཁྱོད་འདྲ་བོད་ན་མང་། དྭངས་མ་རྒྱ་མོས་འཐུང་ན་ཅི་ལྟར་བྱ། ཀླུ་འབུམ་ཚང་གི་སྨྱོན་པ་ཧེ་རུ་ཀ། བོད་ནས་འགོང་བོས་ཁྲིད་ན་ཅི་ལྟར་བྱ། པོ་ཏ་ལ་སོགས་བཙན་མཁར་བོད་ན་མང་། ཚང་མ་མགྲོན་ཁང་བྱས་ན་ཅི་ལྟར་བྱ། རྟ་རྒྱུག་མདའ་འཕེན་རྩེད་མོ་བོད་ན་མང་། རྩེད་ཐང་དམག་གིས་སྐོར་ན་ཅི་ལྟར་བྱ། འདུག་ཁང་ཉལ་ཁང་གསང་ཁང་ལ་སོགས་པ། ཚང་མར་བརྙན་མིག་བཙུགས་ན་ཅི་ལྟར་བྱ། སྐྱག་ཁང་ནང་ནས་གཤེར་བུར་འབུད་རྒྱུར་ཡང་། ཚང་མར་ཞེད་སྣང་ཡོད་ན་ཅི་ལྟར་བྱ། ཟ་རྒྱུ་འཐུང་རྒྱུ་གོན་རྒྱུ་ལ་སོགས་པ། ཚང་མ་རྫིན་མ་ཡིན་ན་ཅི་ལྟར་བྱ། སློབ་གྲོགས་སྤུན་གྲོགས་དགའ་གྲོགས་ལ་སོགས་པ། ཚང་མ་རྒྱུག་ཁྱི་ཡིན་ན་ཅི་ལྟར་བྱ། ཤ་ཉེ་སྤུན་ཉེ་གཉེན་ཉེ་ཡིན་ནའང་། ཚང་མ་བཙོང་རྐྱང་ཡིན་ན་ཅི་ལྟར་བྱ། བན་ཆུང་བཙུན་ཆུང་སྔགས་ཆུང་བོད་ན་མང་། ཚང་མ་ལྟ་བ་ལོག་ན་ཅི་ལྟར་བྱ། གངས་རི་རྫ་རི་སྤང་རི་བོད་ན་མང་། ཚང་མར་ཨི་ཁུང་ཕུག་ན་ཅི་ལྟར་བྱ། མཁའ་ལམ་ས་ལམ་ཆུ་ལམ་བོད་ན་མང་། ཚང་མ་དམག་ལམ་ཡིན་ན་ཅི་ལྟར་བྱ། ན་ཆུང་སྨན་ཤར་བུ་མོ་བོད་ན་མང་། ཚང་མ་འཕྱོན་མ་ཡིན་ན་ཅི་ལྟར་བྱ། ན་མ་བུ་མོ་སྲིང་མོ་་ལ་སོགས་པ། ཚང་མ་རྒྱ་རྨ་བུད་ན་ཅི་ལྟར་བྱ། ཇ་ཁང་ཚོང་ཆང་ཁང་བོད་ན་མང་། ཚང་མ་གཡོག་ཁང་ཡིན་ན་ཅི་ལྟར་བྱ། ཕྱུགས་རིགས་རྟ་ནོར་ལུག་གསུམ་བོད་ན་ཡོད། ཚང་མ་རྒྱ་ཟོག་ཡིན་ན་ཅི་ལྟར་བྱ། འབྲོག་དགོན་རི་ལུང་ཐང་གསུམ་བོད་ཁྱིམ་ཡིན། ཚང་མ་གྲོང་ལ་བཀུག་ན་ཅི་ལྟར་བྱ། ཟས་མཆོག་ཤ་མར་ཐུད་གསུམ་བོད་ན་ཡོད། ཚང་མ་འབུ་ལ་བསྒྱུར་ན་ཅི་ལྟར་བྱ། རྒྱ་དཔོན་དམག་དཔོན་ཚོང་དཔོན་ཡོད་ཚད་ཀྱིས།། བོད་ཞིག་སྐྱུར་འདོད་མེད་ན་ཅི་ལྟར་བྱ། མང་པོ་འབྲི་བས་ཁོང་ལོང་ང་མེད་ཀི ཤེར་ཕྱིན་སྔགས་དང་འབྲེལ་བའི་རྩོམ་ཐུང་འདིས། རིག་འཛིན་བླ་མའི་རྨོངས་བ་འཇོམས་པར་ཤོག བོད་ལ་ལོག་པའི་འདུན་པ་ཁོག་པར་ཤོག།

  5. ཏི་སེ་བ། says:
    2013-07-25 at 3:04 am

    སྙན་རིག་སྒྱུ་རྩལ་ལ་མཁས་པའི་ཀླུ་སྨྱོན་གྱིས་རྩོམ་གྱི་ཁྱད་ཆོས་ཡོད་ཚད་ཐམས་ཅད་འདི་ན་བཤམས་ཐལ་བོ། སྒྱུ་རྩལ་ལ་དངོས་གནས་ཡག་གི་ཡ། ཧཧཧཧཧཧཧཧ

  6. དགེ་འདུན་རྒྱ་མཚོ། says:
    2013-07-25 at 3:14 am

    བློ་འགུགས་ཀྱི་ནུས་པ་ཆེ་ཆེར་ལྡན་པའི་ཀླུ་སྨྱོན་གྱི་རྩོམ་བྱང་འདིས་མགོ་ནག་རྩམ་གཟན་ཚང་མ་ལམ་ཁ་ཞིག་ཏུ་ཁྲིད་རྒྱུ་ཡིན་པ་འདྲ། 
    ཡ་ཡ་
    འདི་ཡང་བཤད་སྟངས་ཞིག་རེད། 
    ཡིན་ན་ཡང་
    དྲང་མོར་བཤད་མ་མི་མི་དགའ།
    སྐོར་ནས་བཤད་ན་ལྷ་མི་དགའ།

  7. ཆབ་བྲག་ཕོ་ཉ says:
    2013-07-25 at 3:28 am

    ང་བོད་ལ་མི་འགྲོ

    བོད་ཀྱི་ས་ཆ་བོད་ལ་མི་དབང་གི
    གསེར་དངུལ་གཏེར་རིགས་གཞན་གྱིས་འཕྲོག་འགྲོ་གི
    དེ་དག་བསམ་ན་བོད་ལ་འགྲོ་འདོད་མེད།

    བོད་ཀྱི་རིག་གཞུང་བོད་ལ་མི་དབང་གི
    ཆོས་དང་ལོ་རྒྱུས་རྫུན་མ་བཟོས་འཇོག་གི
    དེ་དག་བསམ་ན་བོད་ལ་འགྲོ་འདོད་མེད

    བོད་མིའི་གཤིས་ཀ་བོད་ལ་མ་དབང་ད
    གནའ་སྲོལ་བཟང་པོ་ཚང་མ་འགྱུར་ར་ད།
    དེ་དག་བསམ་ན་བོད་ལ་འགྲོ་འདོད་མེད།

    ཕ་ཡུལ་བོད་ན་རྒྱ་མིའི་ཇག་དམག་མང།
    འགྲོ་བ་མི་ཡི་ཐོབ་ཐང་རྡོག་རྫིས་གཏོང།
    དེ་དག་བསམ་ན་བོད་ལ་འགྲོ་འདོད་མེད།

    བོད་ལ་འགྲོ་ན་དཔའ་བོའི་སྙིང་ཞིག་ཡོད།
    བོད་ལ་འགྲོ་ན་རིག་པའི་རྩལ་ཞིག་དགོས།
    དེ་དག་མེད་ན་བོད་ལ་སོང་ནས་ཅི།

    བོད་ལ་འགྲོ་འདོད་རེ་བ་མང་པོར་ཡོད།
    བོད་ལ་ཐར་བའི་བོད་མི་ཉུང་ཉུང་ཡིན།
    སོང་ནས་སྡོད་མཁན་བོད་མི་དེ་ལས་ཉུང།
    ཀླུ་སྨྱོན་བོད་ལ་མི་ཕེབས་ཁོ་ཐག་ཡིན།

    ཧཧཧཧཧཧ

  8. ཀརྡོ་གཉེར་ཕྱག་པ་ says:
    2013-07-25 at 3:47 am

    བོད་ལ་འགྲོ གཅིག་ཀྱང་མ་ལུས་པ་བོད་ལ་འགྲོ ཕྱིན་ནས་་་་་་
    བོད་རིགས་ཡུལ་གྱར་བ་ཚང་མ་བོད་ལ་འགྲོ གཅིག་ཀྱང་མ་ལུས་པ་བོད་ལ་འགྲོ ཕྱིན་ནས་སྤུན་ཉེ་ཐུག་ལ་འགྲོ
    བོད་རིགས་སེར་བ་མ་ཚང་མ་བོད་ལ་འགྲོ གཅིག་ཀྱང་མ་ལུས་པ་བོད་ལ་འགྲོ ཕྱིན་ནས་གནས་རྙིང་ཡོད་ཚད་མཇལ་དུ་འགྲོ
    བོད་རིགས་རྒན་རྒོན་ཚང་མ་བོད་ལ་འགྲོ གཅིག་ཀྱང་མ་ལུས་པ་བོད་ལ་འགྲོ ཕྱིན་ནས་ལྷ་སའི་ཇོ་བོ་མཇལ་དུ་འགྲོ
    བོད་རིགས་ཤེས་ཡོན་པ་རྣམས་ཚང་མ་བོད་ལ་འགྲོ གཅིག་ཀྱང་མ་ལུས་པ་བོད་ལ་འགྲོ ཕྱིན་ནས་བོད་སྐད་ཡིག་བཙལ་དུ་འགྲོ
    བོད་རིགས་མཁས་དབང་ཚང་མ་བོད་ལ་འགྲོ གཅིག་ཀྱང་མ་ལུས་པ་བོད་ལ་འགྲོ ཕྱིན་ནས་བོད་སྐད་བོད་ཡིག་སློབ་ཏུ་འགྲོ
    བོད་རིགས་ཆབ་སྲིད་པ་ཚང་མ་བོད་ལ་འགྲོ གཅིག་ཀྱང་མ་ལུས་པ་བོད་ལ་འགྲོ ཕྱིན་ནས་ཆབ་སྲིད་པ་དང་གྲོས་མོལ་བྱེད་དུ་འགྲོ
    གཞིས་བྱེས་མཉམ་འཛོམས་ཆེད་དུ་བོད་ལ་འགྲོ འགྲོ་ནས་་་་་་

  9. བན་དེ་བ། says:
    2013-07-25 at 5:08 am

    ང་ཚོ་ཚང་མ་བོད་ལ་འགྲོ་ན།
    རྒྱ་གར་བལ་ཡུལ་དུ་ཡོད་པའི་དགོན་པ་བདག་པོ་སུ་ཡིས་རྒྱབ།
    ནུབ་ཕྱོགས་སུ་ཡོད་པའི་ཆོས་ཚོགས་བརྒྱ་ཕྲག་མང་པོ་སུ་ཡིས་སྐྱོངས།
    བོད་ཀྱི་སྐྱིད་སྡུག་མཉམ་འབྲེལ་རྒྱལ་ཚོགས་ལ་སུ་ཡིས་ཞུ།
    བོད་ཀྱི་རྒྱལ་གླུ་སུ་ཡིས་གཏོང།
    བོད་ཀྱི་རྒྱལ་དར་སུ་ཡིས་འཕྱར།
    སྐྱབས་བཅོལ་མེད་མུག་ལ་རོགས་རམས་སུ་ཡིས་སྟེར།
    གཞིས་བྱས་ལྟ་བ་མི་གཅིག་སུ་ཡིས་འདུམ།
    སླར་ཡང་གསར་འབྱོར་རྙིང་པ་རྩོད་ན་སུ་ཡིས་འདུམ།
    ཐམས་ཅད་བཙོན་ལ་བཅུག་ན་ཾཁྲོམ་དུ་བྱང་ཆུབ་སེམས་མཆོག་སུ་ཡིས་གྱེར།
    སེམས་ལ་དྲན་ཚད་བྲིས་ཏེ་བཙོན་ལ་བཅུག་ན་སུ་ཡིས་སྐྱོབས།
    ཆོལ་ཁ་ཆོས་ལུགས་རྩོད་ན་སུ་ཡིས་འདུམ།
    ས་རྩོད་རི་རྩོད་བྱེད་ན་སུ་ཡིས་འདུམ།
    མཐོ་རིམ་ཐམས་ཅད་རྒྱ་ཡིས་བསླུས་ན་ཅི་ལྟར་བྱེད།

    ཀླུ་སྨྱོན་ལགས་ངོ་ཐོག་དྲན་རྒོད་ཆེན་པོ་ཡོད་བསམ་ངོ་མ་འདུག སྙན་པོ་ལ་ཚོད་ཅིག་མི་འདུག ཀློག་གིན་ཀློག་གིན་ཁེར་དགོད་ཤོར་བྱུང། ཐུགས་རྗེ་ཆེ། ཀླུ་སྨྱོན་ཁྱེད་ནམ་འགྲོ་དུས་སུ་ང་ལ་བརྡ་ལན་གཅིག་གསུང་རོགས་གནང།
    འཇུག་ཏུ་་་་ཾཁྱེད་ཀྱི་རྩོམ་ནང་་་་ཡམ་་བུ་བརླ་སྒང། ་་་ཅེས་བྲིས་པ་བྲིས་ནོར་མིན་ནམ།
    ཁྱེད་ཀྱིས་བོད་ཀྱི་མགུར་ལྷ་བཅུ་གསུམ་རྟེན་མ་བཅུ་གཉིས་སོགས་ཕལ་ཆེར་བྲིས་འདུག་མོད།
    བོད་ཀྱི་གནས་རི་རྩ་ཆེ་ཤོས་དང་བོད་ཀྱི་རིག་གནས་ཀྱི་འབྱུང་ཁུངས་གངས་དཀར་ཏི་སེ་དང་མཚོ་ཆེན་མ་པང་གཡུ་མཚོ་དེ་ཆད་འདུག

  10. གང་བ་བཟང་པོ་ says:
    2013-07-25 at 6:25 am

    ད་ལྟ་རང་ངས་དགོངས་ཟན་ལ་སྐྱུ་བཟོ་ཡིན་ཅེས་བཤད།
    སྐྱུ་ཟེར་ན་ཅི་ཡིན་ནམ། ཨ་རི་སློབ་གྲྭ་པ་དང་། སློབ་གྲྭ་མ་ལ་ཚིག་དོན་མ་ཤེས་པ་ལ་ཁག་མེད། བོད་པ་རྣམས་ལས་མང་པོས་མ་ཤེས་ན། ངག་གིས་སྒྲོན་མར།

    སྐྱུ་རུམ་སྐྱུ་གང་སྐྱུགས་པས་སྐྱེངས།

    ཞེས་པ་སོགས་མིང་ཚིག་དག་འབྲི་བ་ན། དག་པོ་འབྱུང་དགོས་པར་ཐུགས་ལ་བཞག་སྟེ། སྡེབས་ཀྱང་། ད་ལྟ་ངག་ནས་གང་འཐོན་པ་དེ་གཙོ་ཆེ་བར་འཛིན་པས། སྔར་གྱི་རིག་གཞུང་སྲུང་བ་ལ་ཐུགས་ངལ་ཆེན་པོ་ཡོད་པ། བླ་མ་པད་དཀར་འཆང་བ་པོ་ལ་ཞབས་ཏོག་མ་འབུལ་བར་ཡུལ་གྱར་པ་དག་བོད་ལ་འགྲོ་ཐུབ་ན་ཡང་། ད་ལྟ་ཡུལ་གྱར་པ་ཡིན་པའི་གནས་སྟངས་ལས་ཁྱད་དུ་འཕགས་པ་ཞིག་འབྱུང་ངེས་སམ།

  11. ཏི་སེ་བ། says:
    2013-07-25 at 6:44 am

    བོད་ཀྱི་ཞིང་ཁམས་རང་འབྱུང་ཁོར་ཡུག་ལ།།
    ཡར་ཐོག་འགྲོ་དང་ཤེས་རིག་སྣ་ཚོགས་ཀྱི།།
    གོམས་གཤིས་ཕུན་ཚོགས་གང་མང་རབ་ཕྱུག་དུས།།
    བོད་མིའི་བསོད་ནམས་གོད་ཀྱི་སྣ་འདྲེན་བྱུང་།།

    རུ་བཞིས་བསྐོར་བའི་བོད་ཀྱི་རྒྱལ་ཁབ་རུ།།
    བཙན་པོ་རྒྱུད་རིམ་རང་སྐྱར་ཕེབས་པའི་ཁར།།
    ཕུང་འདྲེའི་གདོན་གྱིས་དབྱེན་གྱི་ནད་ཡམས་ཕོབ།།
    ཁད་ཀྱིས་བོད་ཀྱི་དཔལ་ཡོན་བྲི་འགོ་བརྩམས།།

    རང་ཚུགས་བརྟན་པོ་རི་ལྟར་མ་བཟུང་རྐྱེན།།
    བསླུ་བྲིད་ཁ་ལ་ངང་གིས་དབང་མེད་ཤོར།།
    ད་དུང་ལོ་རྒྱུས་རྫུ་མས་གཡོག་ཐབས་བྱེད།།
    འདི་འདྲས་བོད་ལ་རིང་ནས་ཕམ་པ་རེད།།

    ཡབ་མེས་དག་གི་རིག་རྩལ་ལས་བྱུང་པའི།།
    གདོད་མའི་ཆོས་ལུགས་མུ་སྟེགས་ཆོས་སུ་བརྩི།།
    མི་རིགས་གྲོལ་ཕུག་གཅིག་པ་ཡིན་ན་ཡང་།།
    ཕ་ཆོས་འཛིན་མཁན་མུ་སྟེགས་རིགས་སུ་སྣང་།།

    ལས་འབྲས་ཟབ་མོ་བདེན་པའི་ཉི་མ་ལ།།
    ལས་དམན་གཟའ་ཡིས་གནོད་པ་བྱུང་ན་ཡང་།།
    སླར་ཡང་གསོ་བའི་སྐལ་བཟང་ཤར་ངེས་ཡིན།།
    བོད་པ་ཚང་གི་གཟི་ཉམས་སུས་འཕྲོག་གམ།།

    ཁ་སོང་དེ་རིང་རིག་གཞུང་སྲུང་སྐྱབས་དང་།།
    མི་རིགས་ལ་རྒྱ་ཟེར་མཁན་མང་ན་ཡང་།།
    ཞང་བོད་ཁྲོད་ནས་མཆེད་པའི་ཆོས་རིག་རྣམས།།
    ལྐོག་གྱུར་ཡུལ་དུ་ལུས་པ་ཡིད་རེ་སྡུག།

    ལ་རྒྱའི་འཐབ་རྩོད་ཇི་ལྟར་ཆེ་ན་ཡང་།།
    ལས་འབྲས་འཁོར་བར་སུ་ཡིས་ལྡོག་ཐབས་བྲལ།།
    དེ་ལས་ཕྱི་ནང་ཀུན་སྤྱོད་བཟང་པོ་ཞིག།
    སྐྱེད་སྲིད་གནང་ན་ཁེ་ཚོང་ཡག་ཕྱོགས་རེད།།

    བོད་ལ་འགྲོ་འདོད་ཚར་རླབས་འཕྱུར་བ་རྣམས།།
    བོད་ལ་ལོག་ཤིག་བར་ཆད་གཏན་ནས་མེད།།
    བོད་ལ་ཕེབ་ཀྱང་ཀུན་ཕན་ལས་འཆར་ཞིག།
    བོད་ལ་སྤེལ་རྒྱུ་ནུས་པ་ཡོད་བཱེ་ལགས།།

  12. ཨ་ནུ་ཐང་བསོད་ནམས says:
    2013-07-25 at 7:26 am

    ཨ་ཁ། ས་མཐའ་ནས་ཕ་ཡུལ་དྲན་པའི་སྡུག་ངལ་ཙམ་མ་ཐེག་པ་སྡུག་སྐད་འདི་འདྲ་ཤོར་ན་འཐབ་རྩོད་ཅི་ལྟར་བྱེད།

  13. ལུང་རྟོགས། says:
    2013-07-25 at 7:30 am

    བཙན་བྱོལ་ནང་གི་དྲ་འབུ་ཚོ་བོད་ལ་མ་ལོག་ན་དགའ། ཁོ་ཚོ་བོད་ལ་ལོག་ན་ཕུ་དཀྲུག་མདའ་དཀྲུག་གིས་བོད་པ་ཚང་བདེ་གི་མི་འཇུག་ཐག་ཆོད་ཡིན། ཧཧཧ

  14. པདྨ says:
    2013-07-25 at 8:05 am

    ཁྱེད་རྣམ་བོད་ལ་ཕེབས་བསུ་ཡོད། །
    ཀུན་མཁྱེན་བླ་མ་མཇལ་རྒྱུ་ཡོད། །
    དགེ་བཅུ་ཁྲིམས་ལ་བརྩི་འཇོག་ཡོད །
    བསྟན་སྲིད་དགོས་ན་བོད་ལ་ཤོག །
    སྙིང་པོའི་ལྷ་ཆོས་སྒྲུབ་འདོད་ན། །
    ས་རྡོའི་དགོན་ཆེན་གཡུགས་ལ་ཤོགས། །
    མགོ་སེར་སློབ་མ་ཁྲིད་ལ་ཤོག །
    ཕ་ཁྱིམ་བཟུང་ཕྱིར་ཕེབས་ལ་ཤོག །
    ཕྱི་ནང་ཁྱད་པར་འདི་ན་མེད། །
    ཆགས་སྡང་རྨོངས་པ་འདི་ན་དབེན། །
    རྒྱལ་གླུ་ཕམ་གླུ་འདི་ན་མེད། །
    བདེ་སྐྱིད་སེམས་ན་ད་ལྟ་ཤོག །
    གངས་རིས་ར་བས་ཡོངས་སུ་བསྐོར། །
    བསིལ་དྲོད་མཉམ་པའི་ཁ་བ་ཅན། །
    བསམ་མཁན་ཁྱོད་ནི་ཕ་བཟང་བུ། །
    མ་འདུག་ད་ལྟ་ཕེབས་ལ་ཤོག །
    ཇ་ཆང་རྩམ་པའི་གསོལ་སྟོན་ཡོད། །
    ཁ་ཁོག་མཚུངས་པའི་བསྟོད་ར་ཡོད། །
    གཞི་བྱེས་འཛོམས་པའི་དགའ་རྟགས་འབུལ། །
    རྗེ་འབངས་བདེ་བའི་རྟེན་འབྲེལ་ཞུ། །
    ཆོས་མེད་མཐའ་ཁོབ་ས་ཆ་རུ། །
    བཞུགས་ཡུན་མ་རིང་མྱུར་དུ་བྱོན། །
    ཁ་བཤད་དོན་ལ་ཡོད་པར་མཛོད། །
    ཚེ་སྲོག་མཆོད་མེ་འདི་ནས་མཆོད། །
    རྫོགས་ཆེན་པ་པདྨས་སོ། །

  15. རིགས་ཞེན་དཀར་པོ། says:
    2013-07-25 at 10:27 am

    ཆ་བྲག་བ་བོད་ལ་མི་འགྲོ་ཟེར། ཧ་ཧ་ཧ་ཧ་ཧ། བོད་རྒྱལ་ཁབ་མི་དགོས་རྒྱ་ཞབས་སུ་འདུག་གི་ཡིན་ཟེར་མཁན་ཁོང་ཚོ་བོད་ལ་མི་འགྲོ་ན་སུ་འགྲོ། ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ།ད་འབྲི་ཚོད་མེད།

  16. བློ་ཚེ། says:
    2013-07-25 at 11:57 am

    ཁ་ནང་ནས་བོད་ཅེས་ལོབ་པའི་བོད་མི་ཚོ།
    དོན་དངོས་བོད་ལ་ལོག་དགོས་ནམ་སེམས་པ་འདར།

  17. འདྲེ་རྐང་ཐོ། says:
    2013-07-25 at 12:22 pm

    ཞིང་བའི་ས་ཞིང་ཕར་ཆེར་ཤིང་ནགས་བཏབ།།
    འབྲོག་པའི་རྩྭ་ཐང་ཀུན་པོ་དུམ་པུར་བཏང་།།
    དམར་པོའི་གཞུང་འདིའི་སྲིད་ཇུས་ནག་དྲགས་པས།།
    ང་ཡང་ཕ་ཡུལ་མི་འགྲོ་ཁོ་ཐག་ཡིན།།
    ཕྱི་ལོགས་འདི་ན་ཅི་བཤད་རང་དབང་རེད།།
    ཕྱི་ལོགས་འདི་ན་གར་འགྲོ་རང་དབང་རེད།།
    ཕྱི་ལོགས་འདི་ན་གང་འདོད་བྱེད་ཆོག་གི།
    ང་ཡང་ཕ་ཡུལ་མི་འགྲོ་ཁོ་ཐག་ཡིན།།
    བཙན་བྱོལ་ནང་ན་ཁང་ཆེན་འགའ་རེ་ཡོད།།
    ཕ་མ་བུ་ཕྲུག་ཕྱི་རྒྱལ་བཏང་ཤག་ཡོད།།
    ང་ཡང་ག་དུས་འགྲོ་ཡང་ཆོག་ཆོག་ཡིན།།
    ཕ་ཡུལ་མི་འགྲོ་

  18. ཁྱུང་དཀར says:
    2013-07-25 at 2:19 pm

    ཀླུ་སྨྱོན་ཕ་ཡུལ་ལ་འགྲོ་འདོད་ཡོད་ནི་རེད། དེ་བདེན་པའང་ཡིན་ནི་རེད། བོད་པ་ཚང་མ་འགྲོ་མིན་ཤེས་ནི་མ་རེད། འུར་ཅིག་བརྒྱབས་ནས་དྲ་གྲོགས་ཚང་མར་དྲི་གཞི་རེད་ཕུལ་བ་རེད། དེའང་མ་འགྲིག་པ་མི་འདུག ཀླུ་སྨྱོན་ལ་མཚོན་ན་ཨ་རིའི་ལག་དེབ་ནི་རེག་ཡ་ཁག་པོ་རེད། ཁོང་ཡང་སྐྱབས་བཅོལ་ཁུངས་སུ་ཡོད་ས་རེད། དེ་ལས་སླ་བོ་ཅིག་མེད་རབས་གོ་སོང་། ད་ཨ་ཞང་ཚང་གི་ལས་ཁུངས་ལ་སོང་ཏེ་ཕ་ཡུལ་ལ་ལོག་འདོད་ཀྱི་ཞུ་ཡིག་རེ་ཕུལ་ན་དེབ་དམར་བོ་སྤྲད་མདོག་ཁ་བ་རེད། དེ་འཁྱེར་ནས་ཕ་ཡུལ་ཅིག་བསྐོར་ན་ཡག་ས་རེད། ཕྱིར་ཡོང་ཁར་རྒྱ་མིས་འགོག་གི་འདུག་ན་ཕ་ཡུལ་ནས་བསྡད་ནའང་སློབ་སྦྱོང་ཏོག་ཙམ་ཡོད་པས་ལྟོ་གོས་འགྲིག་འགྲོ་ཀི་རེད།

  19. ཨ says:
    2013-07-25 at 2:59 pm

    ཨ་ཁུ་ཀླུ་སྨྱོན་གྱིས་བོད་ལ་འགྲོ་ཞེས་པ་འདིས་ཀུ་རེ་རྩེས་ནི་ཡིན་རྒྱུ་མ་རེད། ནམ་ཞིག་ལ་འགྲོ་འདང་ཡིན། གང་འདྲ་བྱས་ནས་འགྲོ་བརྩིས་ཡོད། ངར་ངེས་པར་དུ་གསུངས་ད། ང་མཉམ་དུ་འགྲོ་ཀི་ཡིན།

  20. ཆོས་འཕེལ་དར་རྒྱས་ says:
    2013-07-25 at 5:16 pm

    ཨ་ལགས་ལོ་ལོ། བོད་ལ་སོང་ནས་ད་སོ་མ་ཕྱིར་ལོག་ཡོང་ནི་ཡིན་ཡ།

  21. ཨོ་རྒྱན་ཉི་མ། says:
    2013-07-25 at 5:37 pm

    ཡུལ་གྱར་བ་ཚང་མ་ལོག་ན་ཀླུ་སྨྱོན་ང་གཉིས་མི་ལོག་་་་་ཧཧཧ

  22. བཀྲ་ཤིས་ཆོས་སྒྲོན། says:
    2013-07-25 at 11:03 pm

    བོད་ལ་འགྲོ་ཟེར་བའི་ཨ་ཁུ་ཀླུ་སྨྱོན་གྱི་རྩོམ་འདི་དོན་ལ་གླུ་དབྱངས་ཞིག་ཡིན་པ་འདྲ།
    མཆན་བུ་ཚོ་ཡང་བཞས་པ་ཤ་སྟག་རེད་འདུག་སྙམ།
    ཚང་མས་བཞས་ཚིག་འདི་གྱེར་ནས་འདུག་པ་ལས་ལག་ལེན་དུ་ཁེལ་རྒྱུ་མིན་པ་འདྲ།
    བོད་རང་བཙན་ཤོར་བ་དང་།
    ལེན་མི་ཐུབ་པའི་རྒྱུ་མཚན་ཡང་འདི་འདྲ་ལ་ཐུག་ཡོད་པ་ཤེས་ཐུབ།
    ཁག་ཡོད་མ་རེད།
    ཚང་མ་རང་རང་གནས་སའི་ས་ཞིག་དང་།
    གཞན་ལ་རེ་མི་དགོས་པའི་གདེང་རེ་ཡོད་པས་རྐྱེན་གྱིས་རེད།
    རང་ཉིད་འགྲིག་ན་ཚང་མ་འགྲིག་པ་འདི་ང་ཚོའི་ལྟ་བ་རེད་འདུག

  23. བཀྲ་ཤིས་ཆོས་སྒྲོན། says:
    2013-07-25 at 11:06 pm

    བཞས་ནི་གཞས་ལ་བཅོས་རོགས

  24. བཙན་ནག་པ། says:
    2013-07-26 at 1:35 am

    ཨ་ཁུ་ཀླུ་སྨྱོན་ལགས་བོད་ལ་ཕེབས་ན་ང་ལ་ངེས་པར་ལན་ཞིག་གནང་རོགས། ཞིའི་ཅིང་ཕིང་ལ་བྱིན་རྟེན་ཕྲན་ཙམ་བསྐུར་དགོས་ཡོད།

  25. lobsang199 says:
    2013-07-26 at 7:27 am

    ཀླུ་སྨྱོན་ཧེ་རུ་ཀ་ལགས་དེ་འདྲ་མ་རེད།
    ཡུལ་གྱར་བ་ཚང་མ་ཨ་རིར་འགྲོ དབུས་གཙང་ནས་བསླེབས་པ་ཚང་མ་འགྲོ ཨ་རིར་འགྲོ ཨ་མདོ་ནས་བསླེབས་པ་ཚང་མ་ཨ་རིར་འགྲོ ཁམས་ཕྱོགས་ནས་བསླེབས་པ་ཚང་མ་འགྲོ ཨ་རིར་འགྲོ བལ་ཡུལ་ན་ང་ཚོ་ཅི་ཡང་མེད། བལ་བོའི་ཉེན་རྟོག་པའི་བཙན་གནོན་དང་བལ་པོའི་མི་རིགས་ཀྱི་མཐོང་ཆུང་མ་གཏོགས་ཅི་ཡང་མེད། ང་ཚོས་བལ་ཡུལ་ནས་ཁང་པ་ཉོ་མི་ཆོག་ལ་མི་སེར་ཡང་ཆགས་མི་ཐུབ། ང་ཚོ་ཚང་མ་ཨ་རིར་འགྲོ རྒྱ་གར་ན་འབྲས་དང་ལྡ་ལི་མ་གཏོགས་ཅི་ཡང་མེད། ང་ཚོ་ཚང་མ་ཨ་རིར་འགྲོ རྒྱ་གར་ན་ཚ་བ་དང་བཀྲེས་ལྟོགས་མ་གཏོགས་ཅི་ཡང་མེད། རྒྱ་གར་ན་ཡུལ་མིའི་བརྙས་བཅོས་མ་གཏོགས་གང་ཡང་མེད། རྒྱ་གར་ན་མ་ཧེ་ནག་པོ་དང་དབང་ཕྱུག་ལིང་ག་མ་གཏོགས་ཅི་ཡང་མེད། སྐྱབས་བཅོལ་ལག་དེབ་དེ་ཐོ་འགོད་མ་བྱས་ན་བཙོན་ཁང་དུ་འཁྱེར་བ་ལས་ལམ་ཁ་གཞན་གང་ཡང་མེད། ང་ཚོ་ཚང་མ་ཨ་རིར་འགྲོ ཨ་རི་ན་ཟ་ཁང་མགྲོན་ཁང་གི་གཡོག་ལས་ཡོད། ཨ་རི་ན་ཚོང་ཁང་རྒན་ཁང་གི་མུག་ལས་ཡོད། ང་ཚོ་ཚང་མ་ཨ་རི་ལ་འགྲོ ཨ་རི་ན་བོད་ཕྲུག་ཚོས་བོད་སྐད་མི་ཤོད། ཨ་རི་ན་བོད་པ་ཚོས་བོད་ཆས་མི་གྱོན། ཨ་རི་ན་བླ་མ་ཚོས་དགོན་པ་མི་རྒྱོབ། ཨ་རི་ན་གྲྭ་པ་ཚོས་སྡོམ་མགོ་མི་ཐོན། ཨ་རི་ནས་ཕོར་བ་བཀྲུས་ནས་ཕྱུག་པོ་ཆགས་ཀྱི། ཨ་རི་ནས་ཟ་ཁང་བཟུང་ནས་མྱི་ངོ་ལོན་གྱི། ཨ་རི་ན་གསང་བཅོད་ཁྲུ་ན་ངོ་མི་ཚ་གི ཨ་རི་ནས་ཚོང་ཁང་བཟུང་ན་ཚོང་ཁེ་ཡག་གི ཨ་རི་ནས་སློང་མོ་བརྒྱབ་ནས་སྟེར་མཁན་མང་གི ཧཧཧཧཧཧཧ

  26. ཨ says:
    2013-07-26 at 10:32 am

    བཀྲ་ཤིས་ཆོས་སྒྲོན་ཞེས་པའི་མོ་སྐད་སྙན་མོ་འདིས། ཚང་མ་བསད་སོང་། ཧཧཧ་བདེ་མོ།

  27. ཉེར་གཅིག་པའི་ཅོང་བརྡ། says:
    2013-07-27 at 4:57 am

    ཀརྡོ་གཉེར་ཕྱག་པས་བཤད་པ་དེ་དངོས་གནས་དོན་སྙིང་འདུག

  28. ཉེར་གཅིག་པའི་ཅོང་བརྡ། says:
    2013-07-27 at 5:03 am

    དང་པོ་གྲྭ་རྒན་ཟམ་གདོང་དང་ཀླུ་སྨྱོན་གཉིས་བོད་ལ་ཕེབས་དང་།
    དེ་ནས་ང་ཚོས་བསམ་བློ་གཏོང་ཆོག

    ཧཧཧཧཧཧཧཧཧ

  29. བསམ་ཤེས། says:
    2013-07-27 at 9:27 am

    ང་ཚོ་མ་སྡོད་བོད་ལ་འགྲོ། གནམ་སྔོ་ས་མཐོ་བོད་ལ་འགྲོ། ས་གཙང་ཆུ་དྭངས་བོད་ལ་འགྲོ། མི་རྣམས་སེམས་བཟང་བོད་ལ་འགྲོ། ཕྱུགས་རྣམས་གཤེད་བཟང་བོད་ལ་འགྲོ། རྒན་རྒོན་གཤིས་བཟང་བོད་ལ་འགྲོ། དར་གཞོན་ལས་བཟང་བོད་ལ་འགྲོ། འབྲོག་མོ་ལས་བཟང་བོད་ལ་འགྲོ། 

  30. བསམ་ཤེས། says:
    2013-07-27 at 9:31 am

    དོན་རྒྱན་སོ་ལྔའི་ལྡོག་པ་སྟོན་པའི་དཔེ་ལ།

    ང་ཚོ་མ་སྡོད་བོད་ལ་འགྲོ། རྒྱ་དམར་འཁེངས་པའི་བོད་ལ་འགྲོ། པན་ཆེན་རྫུན་མ་མཇལ་དུ་འགྲོ། བཙན་གནོན་ཆེ་བའི་དམག་མི་ཡོད། སྡུག་རྩུབ་ཅན་གྱི་དཔོན་པོ་ཡོད། གཡོ་སྒྱུ་ཅན་གྱི་མི་སེར་ཡོད། ནད་འབུས་བཏབ་པའི་རྒྱ་མོ་ཡོད། འདོད་བརྔམས་ཆེ་བའི་རྒྱ་འདྲེ་ཡོད། ཤི་འདོད་སྡུག་འདོད་བོད་ལ་འགྲོ། 

  31. ནེ་གི་རབ་དགའ། says:
    2013-07-28 at 10:47 am

    བོད་ལ་རྒྱུག བོད་ལ་རྒྱུག
    བོད་ནང་རང་དབང་མེད་པས་རྩོད་དུ་རྒྱུག
    བོད་མི་བཙོན་དུ་ཡོད་པས་སྐྱོབ་ཏུ་རྒྱུག
    བོད་ཡུལ་རྒྱ་མིས་འཕྲོག་པས་ལེན་དུ་རྒྱུག
    བོད་ནང་དཀའ་ངལ་ཡོད་པས་སེལ་ཏུ་རྒྱུག

    སྟག་ཕྲུག་དགོས་ན་སྟག་ཚང་ཉུལ་དགོས་ཤིང་།
    དཔའ་བོ་འདོད་ན་སྲོག་ལ་འཛེམས་མི་རུང་།
    སེམས་ཤུགས་ངོ་མ་ཡོད་ན་བོད་ལ་རྒྱུག
    རྒྱང་ནས་ངར་སྐད་བསྒྲགས་པས་ག་ལ་ཕན།

    བོད་ཀྱི་དཀའ་རྙོག་བོད་ནས་སེལ་དགོས་ཤིང་།
    རྒྱ་དམར་ནད་རོ་བོད་ནས་བསྐྲད་དགོས་པས།
    བོད་ལ་སོང་ནས་རྒྱ་རོ་མ་བདའ་ན།
    རྒྱང་ནས་ཟློག་པ་རྒྱབ་ནས་ག་ལ་ཕན།

    སེམས་ཤུགས་ངོ་མ་ཡོད་ན་བོད་ལ་རྒྱུག
    བོད་ཀྱི་འཛུགས་སྐྲུན་བོད་ནས་བྱེད་དགོས་པས།
    བཙན་བྱོལ་ནང་ནས་སློང་ནས་བཞུགས་རོགས།
    ཕྱི་མིའི་གཡོག་ལས་དེ་ཡིས་བོད་མི་སྐྱོབས།

    གཏེར་ཁ་རྒྱ་མིས་འཔྲོག་པ་དང་།
    བོད་མི་རྒྱ་མིས་གསོད་པ་དང་།
    རིག་གཞུང་རྒྱ་ཡིས་བཤིག་པ་དང་།
    རང་དབང་རྒྱ་ཡིས་འཕྲོག་པ་སོགས།
    བོད་ལ་གནོད་པའི་ལས་ཐམས་ཅད།
    རྒྱ་མིས་བརྩམས་པའི་ལས་ཐམས་ཅད།
    བོད་ལ་ཡོད་ཅིང་བོད་ནང་གནས།
    དེའི་ཕྱིར་མྱུར་བར་བོད་ལ་རྒྱུག

    རྒྱལ་ཁབ་བསྐྱར་འཛུགས་མ་གནས་དག
    གཞོན་ནུ་ཚོགས་པས་བསྡུས་ཡོད་ཅིང་།
    མ་རྩ་རྒྱ་གར་དངུལ་རྩིས་ལ།
    ས་ཡ་སྟོང་ཕྲག་བཅུ་དྲུག་ཡོད།
    ཨ་རིའི་དངུལ་ལ་བརྩིས་ཕབ་ན།
    ས་ཡ་གསུམ་དང་འབུམ་ནི་གཉིས།
    རྒྱ་སྒོར་ས་ཡ་ཉི་ཤུ་མ་ཟིན་ཙམ།
    དེ་རྩིས་ཞིབ་མོར་བླངས་ཡོད་ན།
    བོད་ལ་སྨན་ཁང་ལྔ་བཅུ་དང་།
    སློབ་གྲ་ལྔ་བཅུ་དགོན་ལྔ་བཅུ།
    མདོར་ན་བོད་ལ་ཕན་ཐོགས་པས།
    གཞོན་ནུ་ཚང་མ་བོད་ལ་རྒྱུག
    སྤྱི་རྒྱུ་དེ་ཚོར་ཁྱེར་ནས་ཤོག
    ང་ཚོ་ཚང་མ་བོད་ལ་འགྲོ།

  32. ཆོས་འཕེལ་དར་རྒྱས་ says:
    2013-07-28 at 3:13 pm

    བོད་ལ་འགྲོ། བོད་ལ་འགྲོ།
    དྲིན་ཅན་ཕ་མར་མཇལ་བར་བོད་ལ་འགྲོ།
    སྤུན་དང་གྲོགས་པོར་ཐུག་སར་བོད་ལ་འགྲོ།
    ཉི་འོག་སྤང་ཉལ་བྱེད་དུ་བོད་ལ་འགྲོ།
    ཚོན་པོའི་ཚང་ར་ཟ་རུ་བོད་ལ་འགྲོ།
    མངར་མོའི་འབྲི་འོ་འཐུང་བར་བོད་ལ་འགྲོ།
    བོད་ལ་འགྲོ། བོད་ལ་འགྲོ།

  33. ཅོག་མྱི། says:
    2013-07-28 at 11:14 pm

    བོད་ནས་བསྡད་ན་རྒྱ་གཡོག་རེད།
    རྒྱ་གར་བསྡད་ནའང་རྒྱ་གཡོག་རེད།
    ཨ་རིར་བསྡད་ན་དཀར་ནག་གཡོག
    གང་ནའང་བོད་འདི་གཡོག་པོ་རེད།

    གཟན་ཤུབ་གྱོན་ན་ཆོས་དྲེད་རེད།
    ནུབ་ལྭ་གྱོན་ནའང་ཆོས་དྲེད་རེད།
    ག་ས་ག་ནས་ཆོས་འཆད་པའི།
    བོད་ཀྱི་བླ་གྲྭ་ཆོས་བཙོང་རེད།

    མོ་ངན་འཛག་ན་རྐྱལ་སྟོང་རེད།
    ཕོ་ལ་འཛག་ན་མ་ནིང་རེད།
    འཛག་རུང་མ་འཛག་གྲྭ་ལོག་རེད།
    བོད་ཀྱི་གྲྭ་བར་སྡོམ་པ་མེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme