Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡིག་སྒྱུར་ལ་བསམ་ཚུལ་སྤེལ་བ། 

Posted on 2020-01-02 By ཁ་བརྡ 8 Comments on ཡིག་སྒྱུར་ལ་བསམ་ཚུལ་སྤེལ་བ། 

ཁྱུང་པོ་གཡུང་དྲུང་རྣམ་རྒྱལ།
 
རྩོམ་ཡིག་འདི། བཙན་བྱོལ་ནང་གི་ཡིག་སྒྱུར་གནས་སྟངས་དང་འགྱུར་ཡིག་གི་གནས་སྟངས་ཁོ་ན་ལ་དམིགས་ནས་བྲིས་ཡོད། དེ་ལས་བརྒལ་བའི་གོ་བ་ལེན་པ་དང་འགྲེལ་བཤད་མ་གནང་ན་འགྲིག དྲ་ལམ་གྱི་ཡི་གེ་བཀླགས་ན། མང་པོ་ཞིག་གིས་ཡིག་སྒྱུར་གྱི་སྐོར་གླེང་ན་འདོད་ཀྱིན་པ་འདྲ། དེས་ན། ང་ཚོས་གླེང་མོལ་ཞིག་བྱ།

བོད་མི་རིགས་ནི་ལོ་ཙཱའི་ལས་རིགས་ལ་དང་དོད་ཆེ་ཞིང་། འཆར་གཞི་དང་ཚོས་གཞི་ལྡན་པ་ཞིག་ཡིན། སྔར་གྱི་བྱུང་རབས་དང་གྲུབ་འབྲས་ཀྱིས་ཆོད་སྡོམ་འདི་འདྲ་ཞིག་སྟེར། ད་ལྟ་ལ་མཚོན་ན། ཡིག་སྒྱུར་བ་ཚོས་གང་ཡོང་ཅི་ཡོང་གནང་གི་ཡོད་པ་ཅི་བས་ལེགས་ཀྱང་། འགྱུར་ཡིག་དེ་ཚོ་ནི་གོ་རྒྱུ་ཡོད་ལ་མེད་ཀྱི་གནས་སྐབས་ཤིག་ན་ལྷག་ཡོད། སྤྱིའི་ཆ་ནས་བྱས་ན། ཁ་རྡུང་གཏོང་ཡུལ་དང་། འཕྱ་དམོད་བྱ་ཡུལ་ཆགས་ཡོད། སྤྱི་ཚོགས་ལ་གཟབ་ཉན་བྱས་ན། མི་སྙན་པའི་གཏམ་མང་པོ་རེད།

ང་ཚོས་རིག་གནས་གསར་བ་ནང་འདྲེན་དང་། ལྟ་གྲུབ་གསར་སྤེལ་ལྟ་བུར་དམིགས་ནས་ཡིག་སྒྱུར་ལ་འབད་ཀྱི་ཡོད་ན་ནི། དེ་དང་དེ་འབྲེལ་གྱི་རྩོམ་ཡིག་དང་དཔེ་དེབ་རྩ་ཆེ་ཞིང་གྲགས་ཆེ་བ་རྣམས་རང་རེའི་སྤྱི་ཚོགས་ལ་ངོ་སྤྲོད་བྱེད་ཐུབ་ན་ལེགས། དེའི་དོན་ཅི་རེད་ཅེས་འདྲི་ན། སླ་སྟེ། གོ་རྒྱུ་ཡོད་ལ་མེད་ལ་ཞིག་བསྒྱུར་ནས་གོ་བརྡ་འཕྲོད་དཀའ་རུ་གཏོང་བ་ལས་མ་ཡིག་རང་ནས་གོ་བ་བདེ་བླག་ཏུ་ལེན་པར་སྐུལ་ན་ལས་རྙོག་ཉུང་གི་རེད། འདི་ནི་གླེན་བཤད་བྱས་པ་མིན། ཁ་སང་དེ་རིང་གི་ཡི་གེ་བ་ཕལ་ཆེ་བ་ཡིག་རིགས་གཉིས་ཤེས་མཁན་ཆགས་ཡོད།

ཡང་། ཡིག་སྒྱུར་བྱེད་པ་ནི། བོད་ཀྱི་སྐད་ཡིག་གི་ཚེ་སྲོག་བསྲིངས་ཐབས་ལ་དམིགས་པ་ཡིན་ན་ནི། ང་ཚོ་ལ་དགོས་རྒྱུ་དེ་རེད།  ངེས་པར་ལེགས། ཧ་ཅང་མཁོ་ཞེས་བརྗོད་འདོད། འོན་ཏེ། ང་ཚོའི་ཡིག་སྒྱུར་གྱི་ད་ལྟའི་གནས་སྟངས་བལྟས་ན། མང་ཆེ་བ་ནི་བོད་ཀྱི་སྐད་ཡིག་ལ་གཏོར་བརླག་དང་། འགྱུར་ཡིག་ཀློག་པའི་ཡི་ག་འགག་བྱེད་ལྟ་བུ་ཆགས་ཡོད་པ་ལས། སྐད་ཡིག་གི་ཚེ་སྲོག་བསྲིངས་པའི་ཐག་ཉེ་ན་མེད། འདི་ལྟར་ལབ་ན།  འགའ་ཤས་ཀྱི་བློ་ངོར་མི་བདེ་བ་ཆགས་སྲིད། གང་ལྟར།  གནས་སྟངས་ངོ་མ་ནི་འདི་འདྲ་རེད།

མཚམས་འདི་ནས་ང་ཚོས་མཚུངས་བསྡུར་ཞིག་བྱེད། ༼བོད་ཡིག་ཏུ་བསྒྱུར་བ་༽དང་༼བོད་སྐད་དུ་བསྒྱུར་བ་༽གཉིས་རྦད་དེ་ལོགས་ཀ་གཉིས་རེད་ཅེས་སྨྲས་ན། འདིས་ཀྱང་རེ་འགར་ཕོག་ཐུག་སློང་སྲིད། ཡིན་རྒྱུ་དངོས་ནི། བཀའ་བསྟན་བོད་འགྱུར་དག་གི་དབུ་ན། ༼རྒྱ་གར་སྐད་དུ།༽ ཞེས་དང་༼བོད་སྐད་དུ་༽ཞེས་ཡོད། ཅི་ཡི་ཕྱིར་ན་༼རྒྱ་ཡིག་ཏུ།༽དང་༼བོད་ཡིག་ཏུ།༽ ཞེས་མ་བྲིས་པ་རེད། བོད་སྐད་དུ་བསྒྱུར་ལབ་དུས། བོད་པས་གོ་ཐུབ་པར་བསྒྱུར་བའི་དོན་རེད། དེང་སང་གི་ཡིག་སྒྱུར་བ་འགའ་རེ་བོད་ཡིག་ནང་བྲིས་ཡོད་ཚད་བོད་སྐད་དུ་འཁྲུལ་གྱིན་པ་འདྲ། བོད་སྐད་མིན་པའི་ཚིག་གྲུབ་རིང་ཐུང་མང་པོ་བྲིས་ཏེ། དོན་ལ་ནི་བོད་ཡིག་ཀློག་པ་པོ་ཚོས་མི་གོ་བ་ཞིག་བྲིས་དང་འབྲི་བཞིན་གདའ། སྒྱུར་རྩོམ་དང་སྒྱུར་དེབ་ཀྱི་སྤུས་ཀ་ཡག་པོ་མི་འདུག་ཅེས་གླེང་བའི་ཁུངས་སྣེ་དེད་ན། སྐྱོན་གྱི་སྣེ་མོ་འདི་ན་འཇུར་ནས་ཡོད།

ང་ཚོས་སྐད་ཆ་སྦོམ་པོ་ག་ཚད་བཤད་ཀྱང་རུང་གི ང་ཚོ་ནི་ཡིག་སྒྱུར་ཙམ་གྱི་གནས་སྐབས་ན་ཡོད། ཡིག་སྒྱུར་ཙམ་གྱི་ཡིག་སྒྱུར་ཁྲོད་ན། བོད་ཡིག་ཏུ་བསྒྱུར་བ་མང་བ་ལས། བོད་སྐད་དུ་བསྒྱུར་བ་ཧ་ཅང་ཉུང་ཉུང་རེད་ལབ་ན། སྐད་ཆ་འདི་ཡང་ཁྱད་མཚར་པོ་ཞིག་ཏུ་གོ་སྲིད་པ་རེད། གང་ལྟར། སྐད་ཆ་འདི། ཡིག་སྒྱུར་བ་ཚོར་ཁོང་ཁྲོ་སློང་བ་དང་།  ཁྱད་གསོད་བྱེད་པའི་ཆེད་དུ་ཤོད་ཀྱི་མེད། གནས་སྟངས་ཤིག་བརྗོད་ཀྱི་ཡོད།

མཚམས་འདི་ནས། ང་ཚོས་ཡིག་སྒྱུར་བ་ཚོའི་ལྟ་སྟངས་ལ་རྒྱུས་ལོན་ཅིག་བྱེད། “ཡིག་སྒྱུར་བ་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་གཙོ་བོ་གསུམ་རེད། དང་པོ་སྐད་ཡིག་གི་ཆ་རྐྱེན་རེད། རབ་བྱུང་ན། བསྒྱུར་བྱ་དང་སྒྱུར་བྱེད་ཀྱི་སྐད་ཡིག་གཉིས་ཀ་བྱང་ཆུབ་པ་དགོས་རེད། དེ་ལྟར་མ་བྱུང་ཡང་། བསྒྱུར་བྱའི་ནང་དོན་མ་ནོར་བར་གོ་ཐུབ་ལ། སྒྱུར་བྱེད་ཀྱི་སྐད་ཡིག་དེའི་ནང་འཆད་རྩོམ་གཉིས་ཀ་ཚད་ལྡན་བྱེད་ཐུབ་མཁན་ཡིན་དགོས།” ཚིག་དུམ་འདི་ནི། ཆུང་ཚེ་རིང་གིས་༼བོད་ཀྱི་དུས་བབ༽་ཀྱི་བཅར་འདྲི་ཞིག་གི་ལན་དུ་གནང་བའི་ཚིག་ཅིག་རེད།

ཚེ་དབང་རྟ་མགྲིན་ནི་ཡིག་སྒྱུར་བ་རྒན་པ་དང་འགྱུར་ཡིག་མང་ཤོས་ལྟ་བུ་ཆགས་ཡོད། ཁོང་གིས་འགྱུར་གྱི་དཀའ་ངལ་གླེང་སྐབས། བོད་ཡིག་གི་དག་ཆ་ལ་མགོ་རྙོག་ཆེ་བ་དང་། ཚིག་མཛོད་དཀོན་པ་གཉིས་བགྲངས་ཡོད། ཚིག་རིས་ཇི་བཞིན་པ་མི་དྲན་ཡང། ཕལ་ཆེར་ཁོང་གི་འགྱུར་དེབ༼བོད་ནང་ལོ་བདུན༽ཞེས་པའི་མགོ་མཇུག་གང་རུང་ན་དེ་འདྲ་ཞིག་ཡོད།  བོད་ཡིག་གི་དག་ཆ་མགོ་རྙོག་ཆེ་བར་བཤད་སྟངས་འདི་ཡང་། བརྡ་སྤྲོད་དགེ་རྒན་ཚོས་འཕྱ་ལད་རྒྱག་ས་ཞིག་རེད། ཡིག་སྒྱུར་བ་ལ་ཤས་ཀྱིས་ཁ་གཡོགས་ས་ཞིག་རེད།

“འགྱུར་སྐྱོན་མང་པོ་ཞིག་རང་གིས་མི་གོ་བའི་མ་ཡིག་གི་ཚིག་དོན་སྐོར་ཞིག་རང་གིས་གོ་བར་རློམ་ནས་བསྒྱུར་བ་དེ་དག་ལས་ཡོང་གི་འདུག དེ་ལོས་ཡིན། མི་གོ་བ་ཞིག་ཡིན་ན་གཞན་ལ་དྲིས་ནས་གོ་བར་བྱས་ནས་བསྒྱུར་རྒྱུ་ནི་རང་བཞིན་རེད། ལོ་ཙཱ་བ་ཞིག་ལ་མཚོན་ན་མི་གོ་བ་དེ་སྐྱོན་ཡིན་ཡང་སྐྱོན་ཆེན་པོ་མ་རེད། སྐྱོན་ཆེན་པོ་ནི་མི་གོ་བ་རང་གིས་མི་ཤེས་པ་དེ་རེད། ངས་ད་བར་དུ་གཞན་གྱི་འགྱུར་རིང་ཐུང་དུ་མ་ལ་ཞུས་དག་གི་རོགས་རམ་བྱས་མྱོང་བ་ལས་ཀྱང་ཐེངས་མང་པོར་ངའི་གོང་གི་ཤེས་རྟོགས་དེ་རང་མངོན་ཡོང་།” འདི་ནི་པདྨ་འབུམ་གྱི་ལྟ་ཚུལ་རེད། ཁོང་གིས་རང་ཉིད་ཀྱི་འགྱུར་དེབ་༼མཚན་མོ༽གླེང་སྐབས་འདི་ལྟར་སྡོམ་བརྒྱབ་འདུག

ཡིག་སྒྱུར་ལ་མྱོང་གོམས་ཅན་ཚོའི་ལྟ་སྟངས་དང་ལྟ་ཚུལ་འདི་འདྲ་རེད། ཆ་རྐྱེན་འདི་དག་དང་མི་ལྡན་མཁན་ཚོས་ང་ཚོར་གོ་རྒྱུ་མེད་པའི་འགྱུར་ཡིག་མང་པོ་ཞིག་ཐོན་སྐྱེད་བྱས་དང་བྱེད་བཞིན་ཡོད། འདི་ལྟར་ལབ་པས་རེ་འགར་ཕོག་འགྲོ་བ་སྲིད་ཀྱང་། དྲང་མོར་བཤད་ན་མི་མི་དགའ། ཟེར་བ་རེད། ཞུ་ཉེས་རང་ཆགས་ཨེ་ཡོང་།

“བོད་འགྱུར་མ་ཁ་ཤས་འཛམ་གླིང་གི་གྲགས་རྩོམ་ཡིན་པ་བདེན་ན་ཡང་། ཀློག་ན་གོ་རྒྱུ་མེད་པ་དེ་འདྲ་འདུག དེ་འདྲ་བསྒྱུར་ནས་ཕན་ཐོགས་ཨེ་ཡོད།” འདི་ནི། ༢༠༡༥ ལོར་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རིན་པོ་ཆེས་ལ་རྩེ་དཔེ་མཛོད་ནས་ཡིག་སྒྱུར་བ་ཚོར་བཀའ་མོལ་གནང་སྐབས་གསུང་བའི་གསུང་དུམ་ཞིག་ཡིན། དེང་སང་གི་འགྱུར་ཡིག་ཕལ་མོ་ཆེ་བ་ཞིག་ནི་ཀློག་པས་གོ་བ་མི་སྟེར་བ་དེ་འདྲ་རེད་ཅེས་པའི་སྐད་ཆ་འདི། ཀློག་པ་པོ་གཅིག་གཉིས་ཤིག་གི་སྐད་ཆ་མ་རེད། ཡང་ན། བོད་ཡིག་གི་ཤེས་ཚད་མེད་མཁན་ཚོས་ཅི་ཞིག་བརྗོད་ཀྱི་ཡོད་པ་དེ་འདྲ་ཡང་མ་རེད། ཀློག་མི་བདེ་བ་དང་གོ་བ་མི་སྟེར་བའི་དཀའ་ངལ་ཡོང་ཁུངས་ནི་ཚད་གཞི་དམའ་བའི་འགྱུར་དེབ་དེ་ཚོ་རེད། ཚད་གཞི་དམའ་བའི་འགྱུར་རྩོམ་དེ་ཚོ་རེད།

འགྱུར་ཡིག་ལ་གོ་རྒྱུ་ཡོད་མེད་དེར་མཚམས་ཤིག་ཡོད་པ་དང་། དབྱེ་བ་ཞིག་ངེས་པར་ཡོད། བཙན་བྱོལ་སྤྱི་ཚོགས་ནང་འདིར་མཚོན་ན། ༼རྒྱའི་ཡིག་ཚང་ནང་གསལ་བའི་བོད་ཀྱི་རྒྱལ་རབས་གསལ་བའི་མེ་ལོང༽ ༼ཆོས་རྒྱལ་མྱ་ངན་མེད་ཀྱི་ལོ་རྒྱུས༽ ༼སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་ཡང་དག་པར་བསྡུས་པ།༽ ༼ཡོངས་ཁྱབ་གསལ་བསྒྲགས་འགྲོ་བ་མིའི་ཐོབ་ཐང་༽ ༼ལྷག་བསམ་བརྩེགས་པ༽ ༼བོད་ཀྱི་གནས་བབ༽ ༼ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ༽ ༼ཐའེ་ཝན་གྱི་བུ༽ ༼བོད་མི་གསར་བརྗེ་བ་ཞིག༽ ༼སྡེ་གཞུང་སྤྲུལ་སྐུའི་རྣམ་ཐར༽ ༼ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བ༽སོགས་ནི་རྒྱ་ཡིག ལེགས་སྦྱར། དབྱིན་ཡིག་བཅས་ནས་བསྒྱུར་བ་དང་གོ་བ་བདེ་བླག་ཏུ་སྟེར་བའི་དཔེ་མཚོན་ལྟ་བུ་རེད། ང་ཚོས་འདི་དག་ལ་སློབ་སྦྱོང་བྱས་པ་ཡིན་ན། ནམ་ཞིག་ན་གོ་རྒྱུ་ཡོད་པའི་འགྱུར་ཡིག་མང་པོ་ཐོན་སྐྱེད་བྱེད་པའི་རེ་བ་ཡོད་པར་འདོད།

ཡང་ལས་རྙོག་གི་རིགས་ཏེ། ༼འདུན་པ་ཆེན་པོ།༽ ལ་འགྱུར་གཉིས། ༼རྒྱ་གར་རང་སྲིད་རང་སྐྱོང༽་ལ་འགྱུར་གཉིས ༼བཙན་བྱོལ་ནང་གི་རང་དབང་༽ལ་འགྱུར་གཉིས། ༼རྡུལ་སྙེད་འཇིག་རྟེན༽ལ་འགྱུར་གཉིས། ༼ཕ་ཡིས་བུ་མོར་སྤྲིངས་པ༽ལ་འགྱུར་གཉིས། ༼རྒྱུན་ཤེས༽ལ་འགྱུར་གཉིས་བྱུང་བ་བཅས་ནི་འགྱུར་དང་པོ་གོ་བརྡ་འཕྲོད་ངེས་ཤིག་མ་བྱུང་བའི་དཀའ་ངལ་སེལ་ཐབས་སུ་འགྱུར་གཉིས་པ་བྱུང་བ་དང་། ཡང་། ༼དུད་འགྲོའི་གཞིས་ཀ༽ལ་གཉིས་ཡོད་པར་མཚོན་ན། འགྱུར་ཕྱི་མ་ལས་སྔ་མ་དེ་ལེགས་སྟབས་ཕྱི་མ་ནི་ལས་ཀ་ཐོལ་བ་རང་བྱས་པ་ལས་དགོས་པ་ལྷག་པོ་མེད་པ་དེ་འདྲ་ཡང་ཡོད། འདི་ཚོ་ནི་དཔེ་མཚོན་ཙམ་ཡིན། གོ་བ་བདེ་བླག་ཏུ་མི་སྟེར་བའི་འགྱུར་ཡིག་བྱིངས་ཀྱོ་དབང་དུ་བྱས་ན། དེ་ནི་ཐོ་གཞུང་རིང་པོ་ཞིག་རེད། དེ་ཚོའང་རིམ་པས་གླེང་དགོས་པར་འདུག གང་ལྟར། ང་ཚོར་འདི་འདྲའི་ལས་རྙོག་ཅིག་བྱུང་ཡོད། འདི་ལྟར་ན། ཀློག་པ་པོ་ལ་གོ་བརྡ་ཡག་པོ་འཕྲོད་ངེས་ཤིག་བསྒྱུར་མི་ཐུབ་མཁན་ཚོས། ཨུ་ཚུགས་མ་བྱས་ན་ལེགས་པ་འདུག དེ་ལས་གཞན་ཞིག་ནི། ༼ནག་ཚང་ཞི་ལིའི་སྐྱིད་སྡུག༽ལྟ་བུ་ཨ་མདོའི་ཁ་སྐད་ནས་བོད་སྤྱི་སྐད་དུ་བསྒྱུར་བའང་བྱུང་ཡོད།

དེ་ནས་སྒྱུ་རྩལ་རྩོམ་རིག་ལ་མཚོན་ན། ༼རྒད་པོ་དང་རྒྱ་མཚོ༽དང་༼གཅིག་དགུ་གྱ་བཞི༽ གཉིས་ནི་རྒྱལ་སྤྱིའི་སྟེང་ན་ཅུང་གྲགས་ཆེ་བའི་རྩོམ་དེབ་གཉིས་རེད། ཡིན་ནའང་། དེ་གཉིས་བོད་འགྱུར་གྱི་དེབ་ནི་ཡི་གེ་བ་ཚོས་འཕྱ་ལད་རྒྱག་ཡུལ་ཆགས་ཡོད། སྤྱིར་བཏང་འཕྱ་ལད་རྒྱག་ཡུལ་འདི་གཉིས་ཁོ་ན་ལས་མེད་པ་མ་རེད། གཞན་ཡང་མང་པོ་རེད། གཅིག་ཐང་ན། འདི་གཉིས་འཕྲུལ་དེབ་ཏུ་བྱས་ཏེ་རྒྱ་ཁྱབ་ཏུ་བཀྲམས་ཡོད་སྟབས། ཀློག་མཁན་མང་པོར་རག་བདེ་བ་ཆགས་པ་དེས་ཀྱང་ཡིན་སྲིད།

གང་ལྟར། འགྱུར་ཡག་པོ་མེད་ན་རྒྱ་གྲགས་བོད་གྲགས་བྱས་ནས་མ་བཀྲམས་ནའང་ལེགས་པ་ཡོད་སྲིད། རྒྱ་ཁྱབ་ཏུ་མ་བཀྲམས་ན། ལབ་རྒྱུ་གླེང་རྒྱུ་དང་། གཏམ་མི་སྙན་པ་གོ་རྒྱུ་ཉུང་གི་རེད་དྲན། གོ་བརྡ་ཡག་པོ་འཕྲོད་པ་དང་མི་འཕྲོད་པ་ཞེས་པ་དེ་ལ་འགྲེལ་བཤད་གཞན་དགོས་པ་མ་རེད།  དེའི་མཚམས་ཚིགས་ནི་“གོ་བརྡ་འཕྲོད་པ”་ཞེས་པ་འདི་རེད། འདི་འདྲ་བྱུང་བ་ན། ལབ་རྒྱུ་གླེང་གཞིའི་སྒོ་བརྒྱབ་པའང་རེད། སྨྲ་བ་ངན་པ་དག་གི་ལྕེ་ཡང་བཅད་པ་རེད།

གཤམ་ནས་ང་ཚོས་༼རྒད་པོ་དང་རྒྱ་མཚོ༽དང་༼གཅིག་དགུ་གྱ་བཞི༽ གཉིས་ཀྱི་འགྱུར་ཚིག་རེ་མཉམ་ཀློག་བྱེད། ལྟོས་འཇོག་གིས་བཤད་ན། འཕྱ་ལད་རྒྱག་དགོས་པ་དེ་འདྲ་རང་ནི་མ་རེད་འདོད། འདི་ངའི་ལྟ་སྟངས་ཡིན།

“ཁོང་ནི་གྲུ་ཆུང་ཞིག་ཏུ་བསྡད་ནས་ཚ་ཡུལ་གྱི་རྒྱ་མཚོའི་འགྱུ་ཁུག་ཏུ་ཁེར་རྐྱང་གིས་ཉ་རྔོན་པའི་རྒད་པོ་ཞིག་ཡིན་ལ།   ཉ་གཅིག་ཀྱང་མ་ཟིན་པར་ད་ནི་ཉིན་བརྒྱད་ཅུ་གྱ་བཞི་ཕྱིན་ཡོད།    ཐོག་མའི་ཉི་མ་བཞི་བཅུའི་རིང་ལ་བུ་ཆུང་ཞིག་ཁོང་གི་མཉམ་དུ་ཡོད།   ཡིན་ནའང་ཉ་གཅིག་ཀྱང་མ་རྙེད་པར་ཉི་མ་བཞི་བཅུ་ཕྱིན་པའི་རྗེས་སུ།   བུ་ཆུང་གི་ཕ་མ་གཉིས་ཀྱིས་རྒད་པོ་འདི་ད་ནི་མཐའ་མཇུག་ལ་ཏན་ཏན་སཱ་ལའོ་རེད་ཅེས་ཁོ་ལ་བཤད་ཅིང་།   དེ་ནི་རླུང་རྟ་ཆག་པའི་རྣམ་པ་སྡུག་ཤོས་དེ་རེད།   བུ་ཆུང་ཡང་ཁོང་གཉིས་ཀྱི་བཀའ་བཞིན་གྲུ་གཟིངས་གཞན་ཞིག་གི་ནང་དུ་ཕྱིན་པ་དེས་བདུན་ཕྲག་དང་པོའི་ནང་ཉ་བཟང་པོ་གསུམ་འཛིན་ཐུབ་པར་གྱུར།   དེར་བརྟེན་ཉི་མ་རེ་རེ་བཞིན་རྒད་པོ་དེ་གྲུ་ཆུང་སྟོང་པར་ལོག་ཡོང་བ་ལ་བལྟ་རྒྱུ་ལ་བུ་ཆུང་སེམས་སྐྱོ་དགོས་པ་ཞིག་བཟོས་ཤིང་།   བུ་ཆུང་རྟག་ཏུ་མར་ཕྱིན་ནས་རྒད་པོ་ལ་ཐག་འཁྱིལ་དང་ཉ་གཟོང་།    ཉ་མདུང་།   གྲུའི་དར་ཤིང་ལ་བཏགས་པའི་གྲུ་དར་གང་རུང་ཞིག་འཁྱེར་རོགས་བྱས་ཤིང་།   གྲུ་དར་དེ་ནི་གྲོ་ཕྱེའི་སྒྱེ་སྣོད་ཀྱིས་ལྷན་པ་བཏབ་ཅིང་ལྟེབ་ཡོད་ལ།   དེ་ནི་དུས་གཏན་དུ་ཕམ་ཟིན་པའི་དར་ཆ་ཞིག་དང་མཚུངས།” འདི་ནི་༼རྒད་པོ་རྒྱ་མཚོ་༽ཞེས་པའི་སྒྲུང་རྩོམ་དེའི་ཚིག་དུམ་དང་པོ་དེ་རེད།

“དུས་དེ་ཕྱི་ཟླ་བཞི་བའི་གནམ་ངོ་ཐང་ཞིང་གྲང་ངར་ཆེ་བའི་ཉིན་ཞིག་ཡིན། ཆུ་ཚོད་དག་གི་ཅོང་སྒྲ་ཐེངས་བཅུ་གསུམ་གྲགས། ཝིན་སི་ཊོན་སི་མིཊ་ཀྱིས་མ་ནེ་བྲང་ལ་སྦྱར་ཏེ་རུས་གསེང་ལ་ཟུག་པའི་གྲང་རླུང་དེར་གཡོལ་བཞིན་ཕྱི་སྒོ་ཤེལ་ལས་གྲུབ་པའི་རྒྱལ་ཁའི་ཁང་བཟང་གི་སྒོ་ཕྱེས་ནས་ནང་ལ་མྱུར་དུ་འཛུལ། ཡིན་ནའང་ཁོའི་གཞུག་ལ་ས་རྡུལ་འཐིབ་པའི་འཚུབ་མ་ཞིག་ཁང་པའི་ནང་དུ་གཡུག་ཡོང་བ་མ་ཁོགས། ཁང་ཆེན་དེའི་བར་ཤུར་ལ་ཚོད་མ་མགོ་ལོག་བཙོས་པའི་དྲི་མ་དང་ས་གདན་གྱི་རྙིང་དྲི་འཐུལ།”འདི་ནི་༼གཅིག་དགུ་གྱ་བཞི༽ཞེས་པའི་སྒྲུང་རྩོམ་བོད་བསྒྱུར་གྱི་རྗོད་པ་ཐོག་མ་དེ་རེད།

འགྱུར་ཡིག་གི་སྤུས་ཚད་དང་འབྲེལ་བ་མེད་པའི་སྐད་ཆ་ཡ་མཚན་པ་གཞན་ཞིག་ནི། བསྒྱུར་བྱའི་རྩོམ་དང་དེབ་གང་ཞིག་གི་ནང་དོན་དེ་བོད་མི་རིགས་ཀྱི་རིག་གནས་ལྟ་ཚུལ་དང་མཐུན་མི་མཐུན་དང་། བརྗོད་གཞི་དེ་བོད་མི་རིགས་དང་འཚམ་མི་འཚམ་ཞིག་ཤོད་ཀྱི་ཡོད་པ་དེ་རེད། དེ་ནི་འགྱུར་ལེགས་པོ་ཡོང་དང་མི་ཡོང་དང་འབྲེལ་བ་ཡོད་པ་ཞིག་ཨེ་རེད། ང་ཚོའི་ཡིག་སྒྱུར་བ་འགའ་རེས་དཀའ་ངལ་ཡ་མཚན་ཅན་འདི་འདྲའང་བཤད་ནས་དུས་ཡུན་ཅུང་འདས། དེ་དག་ལ། བོད་ཀྱི་རིག་གནས་དང་བོད་ཀྱི་སེམས་ཁམས། བོད་ཀྱི་ཁོར་ཡུག་བཅས་དང་འབྲེལ་བ་ཡིན་པ་གང་ཞིག་ལ། འགྱུར་ཡིག་གིས་ནི་གོ་བ་བདེ་བླག་ཏུ་མི་སྟེར་བ་དེ་འདྲ་སྤྱན་འབུལ་ཞུས་པ་ཡིན་ན། ཡང་ན། རྒྱུ་མཚན་རྒྱུ་མ་ཕུ་འདེད་བྱས་ན། བསྒྱུར་བྱའི་ནང་དོན་དེ་འགྱུར་གྱི་སྤུས་ཀ་དང་འབྲེལ་བ་ཡོད་ཟེར་བའི་སྐད་ཆ་དེས་ཚུགས་མི་ཐུབ་པའང་ཡིན།

མཇུག་འདིར། རྩོམ་སྒྲིག་དང་འབྲེལ་བའི་གནད་འགག་ཅན་གྱི་ལྟ་ཚུལ་ཞིག་ངོ་སྤྲོད་དང་བཅས་གླེང་མཚམས་འཇོག་གི་ཡིན། “ཡིག་ནོར་གྱི་རྗེས་བཅད་དེ་ཡོ་བསྲང་བྱེད་པ། ཡིག་འབེབས་ཀྱི་མཚམས་མ་ནོར་བར་ངོས་འཛིན་པ། སྤྱི་དང་བྱེ་བྲག་གི་འགྲོ་ལུགས་གཅིག་གྱུར་ཡོང་མིན་ལ་བརྟག་པ། བརྡ་ཆད་དམ་ཐ་སྙད་ཚད་ལྡན་དུ་བྱེད་པ། སྐབས་དོན་དང་འཚམ་པའི་རྗོད་ཚིག་ནུས་པ་ཅན་འཚོལ་བ། ཚིག་གི་ལྷག་མ་ཕྱུང་སྟེ་བརྗོད་པ་ཚགས་དམ་པར་བྱེད་པ། ཚོག་གི་ཆད་པ་བསྐང་སྟེ་དོན་གསལ་བར་བྱེད་པ། དགོས་པ་ལྷག་པོ་མེད་པའི་ཟློས་སྐྱོན་སྤོང་བ། ཚིག་གི་སྦྱོར་མཚམས་དང་དོན་གྱི་འབབ་སོ་ཚུལ་བཞིན་དུ་སྒྲིག་པ། ཚིག་དོན་གྱི་གོ་ས་བརྗེས་ཏེ་གོ་བ་བདེ་བླག་ཏུ་སྟེར་བར་བྱེད་པ། བརྗོད་པ་རིང་ཐུང་གི་མཚམས་རན་པར་འཛིན་པ། སྒྲུབ་བྱ་སྒྲུབ་བྱེད་ཀྱི་གོ་རིམ་མ་འཆོལ་བར་སྒྲིག་པ། ཚིག་དོན་གཉིས་གཏན་ཚིགས་དང་མི་འགལ་བར་བྱེད་པ། བརྗོད་དོན་གྱི་གལ་གནད་གཙོ་བོ་དཀར་ཆག་ཏུ་འདུས་པར་བྱེད་པ། ཆུ་མོ་ལྷོད་ཀྱིས་བཞུར་བ་ལྟར་ངོས་འཇམ་ཞིང་དཀྱུས་གཅིག་ཏུ་སྦྲེལ་བའི་རྣམ་པ་མངོན་གསལ་དུ་བྱེད་པ་བཅས་ཏེ། དེ་དག་ཐམས་ཅད་ནི་འབོར་དུ་མི་རུང་བའི་བྱ་བ་གལ་ཆེན་རྣམས་རེད ” འདི་ལྟ་བུ་ཞིག་བྱེད་པ་ལ། རྩོམ་སྒྲིག་པ་དེ་ཇི་འདྲ་བ་ཞིག་དགོས་སྙམ་ན། “བརྡ་སྤྲོད་ལ་མཁས་པ་དང་། ཐ་སྙད་ཀྱིས་ཕྱུག་པ། ཚིག་ཉམས་འདོན་ཤེས་པ། དཀའ་ངལ་ལ་བསྲན་ཚུགས་པ། འཁྲུལ་བ་སེལ་བའི་སྤོབས་པ་ལྡན་པ། དོགས་པ་སློང་བའི་སྤྲུང་གྲུང་འཛོམས་པ། བསམ་ཚུལ་འདོན་པའི་ལྷག་བསམ་དག་པ། ཀློག་མཁན་ལ་དམིགས་ཐུབ་པ། སྤྱི་ལུགས་ལ་བསྟུན་མཁས་པ། རང་ལྟ་མཆོག་འཛིན་དང་རྙིང་པ་ཁོ་ན་མཁྲེགས་འཛིན་མི་བྱེད་པ་བཅས་ནི་འོས་ཆོས་གཙོ་བོ་དག་རེད།” ཚིག་དུམ་འདི་གཉིས་ནི། ༼ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བ༽་བོད་བསྒྱུར་གནང་མཁན་ཤེས་རབ་དར་རྒྱས་ཀྱིས་འགྱུར་དེབ་དེར་སྒྱུར་བ་བོའི་གཏམ་སྤེལ་འདུག་པ་ནས་བཤུས་པ་ཡིན།

ཚིག་དུམ་འདི་གཉིས་ཀྱིས་བསྟན་དོན་འདི་ནི་རྩོམ་པ་པོ་དང་ལོ་ཙཱ་བ། རྩོམ་སྒྲིག་པ་བཅས་ཀྱིས་གང་ཞིག་ཚད་ལྡན་དུ་བྱེད་པའི་གནད་འགག་གི་ཐུག་སྣེ་རེད། ཡིག་སྒྱུར་གྱི་སྐབས་དང་། རྩོམ་སྒྲིག་གི་སྐབས། དཔར་སྐྲུན་འགྲེམས་སྤེལ་གྱི་སྐབས་དག་ལ་འདི་ཡང་ཟུར་འཇོག་སྣང་མེད་བྱེད་མི་རུང་བ་ཞིག་ཡིན་པར་མཐོང་། རེ་ཞིག་འདི་ཙམ་མོ། ། 2010-1-1 ལ་བྲིས།

བསམ་ཚུལ།

Post navigation

Previous Post: ཨ་རིག་མཁན་ཆེན་པདྨ་ཚེ་དབང་གིས་རྫ་དཔལ་སྤྲུལ་གླེང་བ།
Next Post: ཡུལ་གྱར་རི་དྭགས་ནང་ཁུལ་གྱི་ཀླན་ཀ

Comments (8) on “ཡིག་སྒྱུར་ལ་བསམ་ཚུལ་སྤེལ་བ། ”

  1. རྗེ་ལོ་ལོ་ཚང says:
    2020-01-03 at 8:51 am

    ཁྱུང་པོ་གཡུང་དྲུང་ལགས།
    ཁྱེད་ཀྱི་མཚན་ད་བར་དུ་གོ་མྱོང་མི་འདུག་པས་བཀྲ་ཤིས་བདེ་ལེགས་ཞུ།
    ཁྱེད་ཀྱི་རྩོམ་རྩལ་ཧ་ཅང་ཡག་པོ་འདུག་པར་མ་ཟད། བརྗོད་བྱའི་ནང་དོན་ཡང་ཁ་ཚ་དགོས་གཏུག་གི་དོན་དག་རྐྱང་གླེང་འདུག
    ཁྱེད་ཀྱི་གསུང་དུམ་ཞིག་གཤམ་དུ་ལུང་འདྲེན་བྱས་ཡོད་ལ། དེར་ང་ཧ་ཅང་འཐད།
    ༼ང་ཚོས་རིག་གནས་གསར་བ་ནང་འདྲེན་དང་། ལྟ་གྲུབ་གསར་སྤེལ་ལྟ་བུར་དམིགས་ནས་ཡིག་སྒྱུར་ལ་འབད་ཀྱི་ཡོད་ན་ནི། དེ་དང་དེ་འབྲེལ་གྱི་རྩོམ་ཡིག་དང་དཔེ་དེབ་རྩ་ཆེ་ཞིང་གྲགས་ཆེ་བ་རྣམས་རང་རེའི་སྤྱི་ཚོགས་ལ་ངོ་སྤྲོད་བྱེད་ཐུབ་ན་ལེགས།༽

  2. རི་སྤྱང་ཁེར་འགྲོ says:
    2020-01-03 at 8:53 am

    བ

  3. རི་སྤྱང་ཁེར་འགྲོ says:
    2020-01-03 at 9:17 am

    བསམ་ཚུལ་ཡག་པོ་སྤེལ་འདུག བཀའ་དྲིན་ཆེ།

  4. སྲིན་པོ་རྫ་རྒན says:
    2020-01-03 at 4:02 pm

    “ཡིག་སྒྱུར་བ་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་གཙོ་བོ་གསུམ་རེད། དང་པོ་སྐད་ཡིག་གི་ཆ་རྐྱེན་རེད། རབ་བྱུང་ན། བསྒྱུར་བྱ་དང་སྒྱུར་བྱེད་ཀྱི་སྐད་ཡིག་གཉིས་ཀ་བྱང་ཆུབ་པ་དགོས་རེད། དེ་ལྟར་མ་བྱུང་ཡང་། བསྒྱུར་བྱའི་ནང་དོན་མ་ནོར་བར་གོ་ཐུབ་ལ། སྒྱུར་བྱེད་ཀྱི་སྐད་ཡིག་དེའི་ནང་འཆད་རྩོམ་གཉིས་ཀ་ཚད་ལྡན་བྱེད་ཐུབ་མཁན་ཡིན་དགོས།”

    ལོ་ཙཱ་བ་ཆུང་ཚེ་རིང་གིས་གནད་འགག་ཅན་ཞིག་བཤད་འདུག

    ཡིག་སྒྱུར་བ་ཚོར་རེ་བ་ཆེན་པོ་མེད། དེ་ལས། ཕོ་རྒོད་པ་ལས་གཉིད་སྐྱིད་པ་དགའ་བ།

  5. རྗེ་ལོ་ལོ་ཚང says:
    2020-01-03 at 4:19 pm

    ཡིག་སྒྱུར་བར་རྩོམ་རྩལ་ཡག་པོ་དགོས་ནའང་། འཆད་པར་མཁས་པ་ད་ཡིན་དགོས་རྒྱུ་མ་རེད།
    ངའི་གྲོགས་པོ་ཞིག་ཧ་ལས་པའི་རྩོམ་རྩལ་ཡག་པོ་དང་ཡིག་སྒྱུར་ལའང་མཁས་པ་རེད། ཡིན་ནའང་ཁོང་གི་ངག་གི་འཆད་པ་ནི་ལྡབ་བ་ལྡིབ་བེ་ཞིག་ཡིན་གདའ།

  6. སྲིན་པོ་རྫ་རྒན says:
    2020-01-03 at 4:35 pm

    དེ་འདྲ་བ་དམིགས་བསལ་བ་ཡིན་ངེས། ལྡབ་བེ་ལྡིབ་བེ་བཤད་པ་ཟེར་བ་ནིསྐད་ཆ་བཤད་དུས་སྒྲ་གསལ་ཞིང་དག་པ་མིན་པའི་དོན་ཨེ་རེད། ཡིག་སྒྱུར་བ་ཞིག་ཡིན་ན། འཆད་པ་ལའང་མཁས་པ་ཡིན་དགོས་པའི་གོ་རྒྱུ་ནི། ངག་ནས་བཤད་ན་དོན་གསལ་བ། ལག་ནས་བྲིས་ནའང་དོན་གསལ་བ། འདི་འདྲ་ཞིག་ལ་བཤད་ཀྱི་ཡོད་སྲིད། ང་ལའང་གཏམ་ཤོད་ལབ་ན་ལྐུགས་འགྲོ་བ་དང་། རྩོམ་ཕྲིས་ལབ་ན་སྨྱོ་འགྲོ་བ་དེ་འདྲ་ངོ་ཤེས་རེ་འགའ་ཡོད།

  7. རྗེ་ལོ་ལོ་ཚང says:
    2020-01-03 at 4:51 pm

    ལྡབ་བ་ལྡིབ་བེ་བཤད་པ་ནི་བཤད་བྱའི་དོན་དེ་ངག་ནས་གསལ་བོ་དང་གུང་འགྲིག་པར་མི་འཁྱོངས་བར་གོ་བ་བླངས་ནས་ཡོད་ལགས།

  8. སྲིན་པོ་རྫ་རྒན says:
    2020-01-03 at 4:53 pm

    ལགས་སོ།། ང་ཚོའི་ཕ་ཡུལ་ནས། གསལ་ཞིང་དག་པའི་སྒྲ་མི་འཁྲོལ་བ་ལ་གོ དེ་དང་གཅིག་པ་རེད་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme