Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡབ་རྗེ་ལགས། དེ་རིང་ཁྱོད་སྙིང་ནས་དྲན།

Posted on 2010-12-012010-12-01 By ཁ་བརྡ་ 25 Comments on ཡབ་རྗེ་ལགས། དེ་རིང་ཁྱོད་སྙིང་ནས་དྲན།

345

གཅན་བཟོད་རྒྱམ།
ཙོང་ཁ་པ
གྲྭ་རྐྱང་གཟན་རྐྱང་ཞིག
ཙོང་ཆུའི་འགྲམ་རྒྱུད་ནས་ཧམ་སེམས་ཞིག་གིས
རེ་བའི་གོམ་ཁ་ནུབ་ཏུ་བསྒྱུར
ལྷ་ལྡན་ཞིང་ཁམས་ནི་རྨི་ལམ་གྱི་གྲོང་ཁྱེར་སྒོམ

ཙོང་ཁ་པ
གྲྭ་རྐྱང་གཟན་རྐྱང་ཞིག
ཀྱ་ཙི་སྲབ་མཐག་རན་པོར་ཤིགས་ཀྱིས་ཁུར་ཏེ་གོམ་པ་རེ་རེ་ནུབ་ཏུ་བསྣུར
བཙག་རླུང་དང་ཁ་ཆར་གྱིས་གཙེས་ཀྱང
འཁྱག་ལྟོགས་དང་བཀྲེས་སྐོམ་གྱིས་གདུང་ཡང
གོམ་པ་རེ་རེ་བཞིན་ནུབ་ཏུ་བསྣུར

ཙོང་ཁ་པ།
གྲྭ་རྐྱང་གཟན་རྐྱང་ཞིག
པོ་ཏ་ལའི་རྒྱ་ཕིབས་དང་གཙུག་ལག་ཁང་གི་མར་མེའི་འོད་སྣང
ཇོ་བོའི་འཛུམ་ཞལ་དང་སྲོང་བཙན་ཡབ་ཡུམ་གྱི་སྐུ་བརྙན་གསོན་པོ
ཨ_________
གནའ་བོའི་གྲོང་ཁྱེར་འདི་ཙོང་ཁའི་ཡུལ་གྱི་རྨི་ལམ་དང་མཚུངས་སམ

ཙོང་ཁ་པ
གྲྭ་རྐྱང་གཟན་རྐྱང་ཞིག
བསང་དུད་དང་མི་ཚོགས་ཀྱིས་དཀྲིས་པའི་ལྷ་སའི་བར་སྐོར་ནས
ཕོ་ལོ་བཅུ་དྲུག་ཅན་གྱི་བན་ཆུང་ཁྱོད
ཨམ་སྐད་འཁྲེགས་པོ་དེས་གོ་བརྡ་འཕྲོད་དམ

ཙོང་ཁ་པ
གྲྭ་རྐྱང་གཟན་རྐྱང་ཞིག
ཀྱ་ཙི་ཆུང་ཆུང་ཤུགས་ཀྱིས་ཁུར་ཏེ
དབུས་གཙང་རི་བཞི་རྐང་པས་བསྐོར་སྐབས
རེ་བས་བཙལ་བའི་རེད་མདའ་བས་ཁྱོད་ལ་གཅེས་སམ

ཙོང་ཁ་པ
གྲྭ་རྐྱང་གཟན་རྐྱང་ཞིག
ཆགས་ལོའི་ཞབས་རྗེས་སུ་རྐང་པ་ཆུང་ཆུང་དེ་ཡང་ཡང་བཀོད་ཀྱང་
རེད་འདའ་བའི་ཞལ་ཁ་ནས་མ་ཐར་བ་བདེན་ནམ
ཡང་ན་རྒྱ་གར་ན་ཁྱོད་ལ་འགྲོ་དོན་མེད་པ་ཡིན་སྲིད

ཙོང་ཁ་པ
གྲྭ་རྐྱང་གཟན་རྐྱང་ཞིག
ཆུ་ནག་རྩམ་པའི་སྟོབས་ཀྱིས་ཐོས་པ་རྒྱ་ཆེར་བཙལ
ལྟ་བ་འདྲ་མིན་གྱི་ནགས་ཀློང་འགྲིམས་ཏེ་ཤེས་རབ་བརྟས་པའི་གོམ་ཁ་གང་སར་བརྒྱུར
གླེག་བམ་སྣ་ཚོགས་ཀ་བས་སྲོལ་གྱིས་གཙུག་ལག་ཁང་ཆེན་སྟོབས་ཀྱིས་བཀྱགས་པས
ཁྱོད་ཀྱིས་དམ་བཅའ་སྣ་ཚོགས་སྙིང་ལ་བརྐོས་པ་སུ་ཡིས་མགོ་བོ་མི་བཏུད

imagese0bca6e0bca7e0bca7ཙོང་ཁ་པ

ཙོང་ཁ་པ
གྲྭ་རྐྱང་གཟན་རྐྱང་ཞིག
བྲག་རི་ལྟ་བུ་མཁས་ཆེན་ཚོའི་ཞབས་རྗེས་སུ
ལུས་དང་གྲིབ་མ ཉིན་དང་མཚན་མོ་དབྱེར་མེད་དུ་བསྐྱེལ་བས
(དབུ་མའི་ལྟ་བ་) ཐུགས་ལ་ཆུད་ཅིང
(རྟེན་འབྲེལ་བསྟོད་པའི་) རྟ་ཕོར་བཅིབས
མདོ་སྔགས་ཟུང་གི་གྲོང་ཁྱེར་མྱུལ་ན་སྐྱིད་དམ

ཙོང་ཁ་པ
གྲྭ་རྐྱང་གཟན་རྐྱང་ཞིག
ཙོང་ཁ་ནས་འཕངས་ཏེ་དབུས་གཙང་དུ་བབས་པའི་ཙོང་ཁ་པ
འབར་གོས་ཤིག་གི་ངང་ཚུལ་མིན་ཡང་འབར་གོས་ཇི་བཞིན་གཡོས་པར་བྱས
ད་ནི་དབུས་གཙང་གི་གནམ་སའི་བར་ན
མཐོ་བ་རྒྱལ་པོ་ནས་དམའ་བ་འབངས་མིས་ཀྱང་ཁྱོད་ཁོ་ན་གླེང

ཨ_____

ཙོང་ཁ་པ
མཁས་བཙུན་བཟང་གསུམ་གྱིས་བརྒྱན་པའི་ཙོང་ཁ་པ
གླེག་བམ་གྱི་རི་རབ་ཟོས་ཏེ་གླེག་བམ་གྱི་རི་རབ་སྐྱུགས
ཆེན་པོ་ཚོའི་ཞབས་རྗེས་སྙེགས་ཤིང་ཆུང་པ་ཚོའི་མགོན་དུ་བཞུགས
སྐར་ཚོགས་ལ་འགྲན་པའི་སློབ་བུའི་ཚོགས་ཁྱེད་ཁོ་ནར་ཕྱོགས་པ་མིན་ནམ

ཡབ་རྗེ་ལགས ཙོང་ཁ་པ
མཁས་གྲུབ་དུ་མའི་སྤྱི་གཙུག་ན་སྟོབས་ཀྱིས་འགྱིང་བའི་རིག་པའི་དཔའ་བོ
ལྟ་གྲུབ་མང་པོའི་ཀློང་རིམ་ནས་ཤུགས་ཀྱིས་བགྲོད་པའི་ཤིང་རྟ་ཆེན་མོ།
དུས་རབས་དྲུག་གི་གོང་ཁ་ནས་ཁྱོད་ལ་སྤྲ་ཚིལ་སྒྲོན་མེ་འབུལ
(གསང་བའི་རྣམ་ཐར་) ལས་གསང་བ་གྱེར་བཞིན་མིག་ཟུང་སྙོམ་པོ་ལས་དྲན་གདུང་གི་མུ་ཏིག་ཁྱོད་ཁོ་ནར་སྟོར

(གོང་གི་འདི་ནི་ཡབ་རྗེ་བླ་མ་ཤར་ཙོང་ཁ་པ་ཆེན་པོའི་བཀའ་དྲིན་རྗེས་སུ་དྲན་བཞིན་དུ་ཡིད་ལ་བརྣག་པའི་དོན་གང་འཁྱོང་ ཚིག་གི་ཕྲེང་བར་བརྒྱུས་པ་སྙན་པའི་ངག་ཏུ་མ་གྱུར་ཀྱང་བླ་མའི་བཀའ་དྲིན་གྱི་ཆ་ཙམ་གཞལ་བའི་རྒྱུར་གྱུར་ཅིག་གུ
དྲ་གྲོགས་ཚོས་དགྱེས་གཟིགས་གནང་རྒྱུ་མཁྱེན།)

སྤྱི་ལོ་༢༠༡༠ ལོའི་བོད་ཟླ་༡༠ བའི་ཚེས་༢༥ དགོང་མོར་སྒྲོན་མེ་འགའ་ཞལ་ཁ་ཕྱེས་རྗེས།

སྙན་ངག

Post navigation

Previous Post: ཐུགས་རྗེ་ཆེ། མ་ཡུམ་སུ་ཇ་སློབ་གྲྭ
Next Post: iPhone, iTouch and iPad ཀྱི་ནང་བོད་ཡིག་འཇུག་ཚུལ།

Comments (25) on “ཡབ་རྗེ་ལགས། དེ་རིང་ཁྱོད་སྙིང་ནས་དྲན།”

  1. ལོ་ལོན། says:
    2010-12-01 at 4:47 pm

    དེ་རིང་གི་དམིག་གསལ་ཉིན་མོ་འདི་ལ་དྲན་གསོ་དང་བཅས་། རྗེ་བླ་མར་དེང་རབས་སྙན་ངག་གི་དྲན་གདུང་གི་མཆོད་དབྱངས་ཡག་པོ་ཞིག་འབུལ་འདུག་པས་ཐུགས་རྗེ་ཆེ་། གཅན་བཟོད་རྒྱམ། ལེགས་ལ་སྙིང་ཐག་པ་ཐུགས་རྗེ་ཆེ་ཞུ།
    ཁྱོད་ཀྱི་སྙན་རྩོམ་དེས་བདག་ལཧོན་ལོག་བདག་གི་སེམས་ལ་ཡང་སྣེམ་ཤ་ཞིག་སྤྲད་སོང་། ་དེ་དགོང་མཆོད་མེ་རྐང་གཅིག་འོག་རྗེ་བླ་མའི་ཐུགས་རྗེ་བཀའ་དྲིན་དེ་དྲན་རྗེ་དྲན་བྱེད་གི་ཡིན

  2. གཞོན་ནུ་ཟླ་མེད། says:
    2010-12-01 at 5:45 pm

    མར་མེའི་མཆོད་པ།

    སྒེའུ་ཁུང་གི་ཐེམ་པ་རེ་རེར།
    མར་མེའི་སྐོང་བུ་རེ་རེ།
    འོད་ཟེར་གྱི་ཟེགས་མ་རེ་རེས།
    མུན་པའི་དཔུང་ཚོགས་བདས།

    ངས་ལག་པ་གཉིས་ཀ་བྲང་ཁར་བཞག་ནས།
    གསོལ་འདེབས་ཀྱི་དབྱངས་རྟ་ལ་དྲངས།
    མར་མེའི་འོད་ཟེར་ལས་ཞལ་རས་ཀྱི་འཛུམ་འདངས་བསྟན་ནས།
    བྱིན་རླབས་ཀྱི་ཟེགས་མ་རེ་རེས་ངའི་ཁང་ཆུང་ཁྱབ།

    གཡའ་དྭངས་པའི་ནམ་མཁའ་ལས་ཟྰ་བའི་འོད་མདངས་ལ་འཁྱུད་པ་ནི།
    ཁྱོད་ཀྱི་ཞིང་ཁམས་རྒྱ་མཚོ་སྟེ།
    སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས།
    རི་མོ་མཁན་གྱིས་བྲིས་པ་བཞིན་དུ་མིག་མདུན་དུ་ལྷམ་མེ་ལྟན་ནེ་ལྷང་ངེར་བཞུགས།

    ངའི་གསོལ་འདེབས་ཀྱི་དབྱངས་རྟ་གཅིག་གིས།
    ཡོད་ཚད་ལ་འདྲོགས་མགོ་བསླངས་པས་ཡོད་ཚད་སྟེ།
    ཁྱི་དང་ཕག་དང་བོང་བུ་རྟ་རྣམས་དང་།
    བྱི་མི་ཙི་ཙི་ལ་སོགས་ཡོད་ཚད་ཀྱིས་རང་རང་གི་སྐད་རིགས་མི་འདྲ་བའི་གསོལ་བ་འདེབས་པ་ནི།

    དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ།།
    བདག་གི་སྙིང་ག་པདྨའི་གདན་བཞུགས་ལ།།
    དཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ།
    སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་ཏུ་གསོལ།

    འགྲོ་བ་དྲུག་ལ་མཆེད་པའི་གདུང་དབྱངས་སྙན་པོས།
    ཆོས་ཀྱི་དབྱིངས་ལ་ཞུགས་པའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ།
    འོད་ཟེར་ཕྱོགས་ནས་ཕྱོགས་སུ་འཕྲོས།
    ཡོད་ཚད་ལ་ཟད་དུ་མེད་པའི་ཞི་བདེའི་འོད་སྣང་གིས་ཁྱབ།།

  3. འབྲོང་བུ་ཟླ་བ་ཚེ་རིང། says:
    2010-12-01 at 7:19 pm

    གཅན་བཟོད་རྒྱམ་ལགས།
    སྔོན་མ་ཞིག་ལ་ངས་ཁྱེད་ཀྱི་རྣ་རྩར་ཁྱེད་ནི་ང་དང་ང་འདྲ་བ་གང་མང་ཞིག་གིས་ཁ་མིག་ཡར་ལ་བལྟ་ས་ཡིན་ཞེས་བཤད་ནོ་དྲན་གྱི་འདུག་གམ། བཞེངས་ནས་བཞག་འདུག ཀློག་སྤྲོ་བོ་བྱུང།

  4. གཅན་བཟོད་རྒྱམ། says:
    2010-12-01 at 10:17 pm

    ཁྱེད་གསུམ་གྱིས་བཀླགས་པ་དགའ་བྱུང་། ད་ཡང་རྩ་བའི་བླ་མས་གསུང་ཆོས་གནང་གིན་པས་ཆོས་ཞུ་བར་འགྲོ་གི་ཡིན། དེ་རིང་ཉིན་ཐ་མ་དེ་ཡིན། ཕྱིར་འོང་ནས་ཁ་བརྡ་བྱེད་ལགས།

  5. ཤ་ཀླན་བུ says:
    2010-12-02 at 2:55 am

    ཀློག་སྤྲོ་བོ་བྱུང།

  6. ཟླ་བ་ཆོས་འཛོམས། says:
    2010-12-02 at 3:46 am

    ༼གངས་རིའི་ལྗོངས་འདིར་སེང་གེ་སྲབ་མེད་དུ།།
    མཁའ་ལ་འཕྱོ་བ་ཀུན་མཁྱེན་ཙོང་ཁ་པ།།༽
    ཤེས་ནས་དད་པས་སྙིང་ནས་གསོལ་འདེབས་ན།།
    བྱིན་རླབས་མཆོག་གིས་བུ་ང་རྗེས་འཛིན་མཛོད།།
    ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཤར་ཙོང་ཁ་པ་ཆེན་པོའི་འདས་མཆོད་ཀྱི་ཉིན་མོར་འདིར་ཚིགས་བཅད་འདི་དད་གུས་རྩེ་གཅིག་གིས་སྤེལ་བས་དགེ་བས་སྲིད་པ་འཁོར་བ་གྲོལ་བར་གྱུར་ཅིག་གུ།
    ཚིགས་བཅད་འདིའི་ཕྱེ་གོང་མ་གཉིས་རྡོ་སྤས་དགེ་བཤེས་ཚང་གི་གསུང་རེད།མཇུག་དེ་ངས་དྲན་ཐུབ་ཀྱི་མི་འདུག་ཀྱང་རང་ཉིད་ཀྱིས་ཅིག་བྲིས་པའོ།།

  7. གཅན་བཟོད་རྒྱམ། says:
    2010-12-02 at 6:13 am

    ང་དང་ལྷན་ཏུ་ཁྱོད་ཚོས་ཀྱང་ཡབ་རྗེ་བླ་མ་རྗེས་སུ་དྲན་པར་དགའ་བོ་བྱུང་། རྩོམ་གྲོགས་ཁ་བ་ནག་པོས་བདག་གི་རྩོམ་ཡིག་འདིའི་བརྗོད་དོན་ལ་ཕྲན་དཔྱད་གསལ་འདེབས་ཤིག་གནང་བ་འདིར་བགྲོ་གླེང་ཡོང་བའི་གཞིར་འགོད་འདོད་བྱུང་བ་གཤམ་གསལ་ལྟར།
    (སྙན་ངག་བཟང་གི་ནང་དོན་ཐད་ནས་འདི་ལྟར། ཆག་ལོ་བཞིན་སྐད་སྒྱུར་གྱི་ཆེད་དུ་རྒྱ་གར་ལ་ཕེབ་རྩིས་གནང་བ་མ་རེད། རྒྱ་གར་ཤིང་གི་རི་ན་བཞུགས་པའི་གྲུབ་ཆེན་མི་ཏྲ་ཛོ་ཀིའི་དྲུང་དུ་རྒྱུད་སྡེ་ཁག་གི་དོགས་གཅོད་གནང་ཆེད་ཕེབ་རྩིས་མཛད་པ་རེད་ལ། ཁོང་རྒྱ་གར་དུ་ཕེབ་རྒྱུའི་དགོངས་གཞི་དེར་གཤོལ་འདེབ་གནང་མཁན་ཡང་རེ་འདའ་བ་མ་ཡིན་པར་རྙིང་མའི་གྲུབ་ཆེན་ལྷོ་བྲག་ནམ་མཁའ་རྒྱལ་མཚན་ཞུ་བ་དེ་རེད། )
    འདིའི་སྐོར་ནས་ཁ་གསལ་དང་ཤེས་རྟོག་གི་ཆེད་དུ་བགྲོ་གླེང་རེ་གནང་མཁན་བྱུང་ན་ང་དང་ང་འདྲ་བ་མང་པོར་ཕམ་ཐོག་ཆེའང་སྙམ།

  8. དཔལ་དགྱེས་པ་རྡོ་རྗེ says:
    2010-12-02 at 6:28 am

    བཀླགས་ཟིན། འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ།
    ཨེ་མ་ཧོ།།
    རང་བྱུང་ལྷུན་གྱིས་གྲུབ་པའི་རིག་ཀློང་ལས། །
    རྨད་བྱུང་ཡབ་རྗེ་མཆོག་གི་རྗེས་དྲན་དུ། །
    ཕུལ་བྱུང་སྙན་ངག་བཟང་པོའི་མཆོད་འབུལ་དེ། །
    རབ་བྱུང་མཁས་བཙུན་ཞིག་གི་རྣམ་ཐར་ལགས། །
    ཤྲྰིས་སོ།།

  9. སྟག་འབུམ says:
    2010-12-02 at 6:39 am

    བཟོད་རྒྱམ་ལགས །ཁྱེད་ཀྱིས་ད་དུང་ཡང་བླ་མའི་བཀའ་དྲིན་དང་ཡོན་ཏན་བརྗེད་མེད་པ་ལ་རྗེས་སུ་ཡིད་རང་དང་བསྔགས་བརྗོད་ཡོད །

  10. སྟག་འབུམ says:
    2010-12-02 at 6:41 am

    ནོར་བཅོས། ཡི་རང་

  11. གཅན་བཟོད་རྒྱམ། says:
    2010-12-02 at 8:17 am

    དཔལ་དགྱེས་པ་རྡོ་རྗེས་བདག་ལ་བསྟོད་པ་གནང་བར་བཀའ་དྲིན་ཆེ་ཞེས་གུས་པ་དགའ་ནས་ཡོད།

    སྟག་འབུམ་ལགས་ཀྱིས་ཀྱང་རྗེས་སུ་ཡི་རང་གནར་བར་དགའ་བསུ་ཞུ།

  12. སངས་རྒྱས་བསྟན་པ་ཆོས་དར། says:
    2010-12-02 at 9:37 am

    འདྲན་མེད་མཁས་དབང་ཤར་ཀྱི་ཙོང་ཁའི་བུ།
    དཔག་མེད་དབུ་མའི་གཞུང་གི་ལམ་སྟོན་པ།
    ཡུལ་མེད་བོད་ལུས་ང་ཡིས་ས་མཐའ་ནས།
    འགྱུར་མེད་ལུས་ངག་ཡིད་ཀྱིས་ཕྱག་གསུམ་ཕུལ།

  13. ཀརྡོ་རབ་འབྱམས་པ་ says:
    2010-12-02 at 12:27 pm

    རྣམ་ཐར་ཚིགས་རྐང་བཞི་མ་བཞུགས་སོ། །
    གཞོན་ནུའི་དུས་ནས་བླ་མ་ལྷ་ཡིས་བྱིན་གྱིས་བསླབས། །
    དར་མའི་དུས་སུ་འཆད་རྩོད་རྩོམ་གསུམ་མཐར་ཕྱིན་མཛད། །
    གཞོན་དར་རྒན་དུས་མཁས་བཙུན་བཟང་པོས་ཡོན་ཏན་ཕྱུག །
    འཇམ་དབྱངས་མི་གཟུགས་ཀུན་གྱི་གཙུག་རྒྱན་ཞབས་ལ་འདུད། །

    ༸བློ་བཟང་རྒྱལ་བའི་བསྟན་པ་རྒྱས་འགྱུར་ཅིག །

  14. ཀརྡོ་རབ་འབྱམས་པ་ says:
    2010-12-02 at 12:30 pm

    ་་་་་་་་་་་་་་་་བྱིན་གྱིས་བརླབས། །

  15. རྔ་བ་རྒྱལ་ཁམས་པ། says:
    2010-12-03 at 3:22 pm

    དང་བོ་རྒྱ་ཆེན་ཐོས་པ་མང་དུ་བཙལ།། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།། ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས།། ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོ།། རྗེ་བདག་ཉིད་ཆེན་མོ། དང་བོ་བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་མཁས་གྲུབ་རྣམས་ལ་གཏུགས་ནས། མདོ་སྔགས་རིག་གནས་དང་བཅས་པར་ཐོས་པ་མཛད། བར་དུ་དམ་ཆོས་འདུལ་བ་ནས་བཟུང་སྟེ། དཔལ་གསང་བ་འདུས་པའི་བར་ཆོས་ཕུང་ཚང་མ་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པའི་གདམས་པ་ཉག་གཅིག་ཏུ་དགོངས་པར་ཤར། ཐ་མར་མྱ་ངན་ལས་འདས་ཏེ་ལོངས་སྐུའི་རྒྱལ་གཞིས་བདག་གིར་མཛད་པ་ཡོད་པ་རེད། དེར་བརྟེན། རྗེ་རིན་པོ་ཆེ་ལབ་དུས་བོད་ཀྱི་ཆོས་བརྒྱུད་ཚང་མས་སྤྱི་བོའི་རྒྱན་དུ་མ་མཆོད་རང་མཆོད་ལྟ་བུར་ཆགས་པ་རེད། རླབས་ཆེན་རེད། ངོ་མ་རླབས་ཆེན་རེད། བོད་ཀྱི་ཆོས་བརྒྱད་ཚང་མས་དེ་ལས་ཞལ་ཏ་བླངས་ཏེ། གྲུབ་མཐའ་རིས་མེད་ལ་ཐོས་བསམ་འདྲ་བྱེད་ཐུབ་ན་ལྟ་བའི་འདུས མདོར་རང་བཞིན་གྱིས་མཐུན་འགྲོ་གི་རེད། རྩོད་པ་ཆོས་ཕྱོགས་སུ་ཞི་འགྲོ་ནི་རེད། རྗེ་བླ་མའི་ལྟ་གྲུབ་གཙང་མ་གནམ་འོག་ཀུན་ཏུ་དར་བར་གྱུར་ཅིག

  16. གཅན་བཟོད་རྒྱམ། says:
    2010-12-03 at 11:40 pm

    རྔ་བ་རྒྱལ་ཁམས་པས་འདི་ལྟར་༼དང་བོ་རྒྱ་ཆེན་ཐོས་པ་མང་ དུ་བཙལ།། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།། ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས།། ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོ།།༽ཞེས་པའི་ཚིག་འདི་དག་གིས་མགོ་བཙུགས་ཡོང་དུས། ངས་རྗེས་མཛད་པའི་༼རྟོགས་བརྗོད་མདུན་ལེགས་མ༽དེ་རྟགས་པར་འདོན་བཞིན་ཡོད་ལ། དེའི་ཚིག་དོན་སྙིང་བསྡུས་ཤིག་གོང་གི་རྒྱལ་ཁམས་པས་དྲངས་པའི་ཚིག་འདིར་འདུས་འདུག རྟོགས་བརྗོད་འདུན་ལེགས་འདི་ལ་ཞིབ་ཏུ་གཟིགས་དང་རྗེ་ཡིས་དང་པོ་རྒྱ་ཆེན་ཐོས་པ་བཙལ་ཏེ་གཞུང་ལུགས་སྦྱངས་བརྩོན་གནང་སྟངས་དང་། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར་ཚུལ། ཐ་མར་ཉིན་དང་མཚན་དུ་ཉམས་སུ་བྔས་ཚུལ་སོགས་ལ་བསམ་ན་དངོས་གནས་ང་ཚོས་ཁོང་གི་གསུང་ལ་སྦྱོང་བ་དང་། རང་ནུས་ཀྱིས་ཉམས་སུ་ལེན་པ། རྗེ་ཡི་བཀའ་དྲིན་དྲན་པ་སོགས་ནི་ཆེས་ཆེར་འོས་པ་ཞིག་བདག་སྙམ།

  17. པད་འབྱུང་སྲས། says:
    2010-12-05 at 2:04 am

    རྗེ་རིན་པོ་ཆེ་ལ་དུས་གསུམ་སངས་རྒྱས་ཀུན་གྱི་བྱིན་རླབས་བཞུགས་པའི་ལུང་བསྟན་ནས་བྱུང་བའི་སྐྱེ་བུ་དམ་པ་ཞིག་རེད་འདུག

    ཁོང་ནི་གུ་རུ་རིན་པོ་ཆེའི་རྣམ་སྤྲུལ་ཡིན་པ་པན་ཆེན་བློ་བཟང་ཆོས་རྒྱན་གྱིས་གསུངས་འདུག

    གསང་སྔགས་རྙིག་མའི་ལུང་བསྟན་གྱི་ནང་ལ་ཡང་རྗེ་རིན་པོ་ཆེ་གསལ་པོ་བསྟན་ཡོད།

    སྐྱབས་སུ་འཆི།

  18. རྔ་བ་རྒྱལ་ཁམས་པ། says:
    2010-12-06 at 12:19 pm

    བཟོད་རྒྱམ་ལགས། ངའི་གོང་གི་ཚིགས་བཅད་དེ་རྟོགས་བརྗོད་མདུན་ལེགས་མ་རང་གི་ཚིག་རེད། ཚིགས་བཅད་འདིས་དོན་དག་ཆེན་པོ་གསུམ་བསྟན་ཡོད་པ་རེད། དེ་ལ་རྗེ་བླ་མའི་བསྟན་པའི་ཆིངས་གསུམ་ཞེས་བརྗོད་པ་རེད། སྔོན་མ་པེ་ཅིན་མི་རིགས་སློབ་ཆེན་གྱི་བོད་རིགས་སློབ་མ་འགས། རྗེ་བླ་མའི་བསྟན་པའི་ཆིངས་གསུམ་གང་རེད། ཅེས་དྲིས་སྐབས། དགེ་བཤེས་ཚོས་ལན་མ་ཐེབས་པར་སྐུ་ངལ་མྱངས་ཡོད་པ་རེད། རྗེ་བླ་མ་འདི་ཆོས་སྲིད་གང་ཐད་སྐྱོན་ཀྱིས་མ་གོས་པའི་སྐྱེས་བུ་ཆེན་པོ་བསམ་གྱིས་མི་ཁྱབ་པ་ཞིག་རེད། ཁོང་གི་ལྟ་སྤྱོད་གཙང་མ་བོད་བརྒྱུད་ནང་བསྟན་སྲུང་བའི་ལྕགས་རི་ལྟ་བུ་རེད།

  19. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-12-06 at 1:08 pm

    ད་སྐད་ཆ་ཚིག་ལོག་འགའ་བཤད་གི་ཡིན། དེ་ང་ཚོས་རང་གི་མཁས་པ་ཚོ་བསྟོད་སྟངས་ཀྱི་ཕྱོགས་ནས་ཡིན།
    བོད་མི་ཚོའི་དད་མོས་ཀྱི་བསྟོད་པ་ལ་དད་མོས་ཀྱི་ཚད་དང་མཚམས་ཤིག་མི་འདུག བསྟོད་བསྟོད་ནས་མཁས་པ་དེ་ཐམས་ཅད་མཁྱེན་པ་ལྟ་བུ་ཞིག་བཟོ་གི་འདུག
    དེ་ལ་ཞིབ་ཏུ་བརྟག་དཔྱད་བྱེད་རྒྱུ་འདུག་དྲན། རྗེ་ཙོང་ཁ་བ་གང་ལ་མཁས་བ་ཡིན་པ་དེ་གསལ་བོ་བཟོ་དགོས་ཀྱི་འདུག གང་ལ་མི་མཁས་བ་དེ་གསལ་བོ་བཟོ་དགོས་ཀྱི་འདུག
    རྗེ་ཙོང་ཁ་བས་གང་མ་སྦྱངས་བ་དེ་ཚོ་གསལ་བོ་བཟོ་དགོས་ཀྱི་འདུག མི་མཁས་ས་དང་མ་སྦྱངས་བ་དེ་ཚོའི་ཐོག་ལ་ཡང་མཁས་བ་རེད་ལབ་ན། དེ་ལྐུགས་པའི་དད་མོས་བྱེད་སྟངས་རེད།
    གོང་གི་སྐད་ཆ་འདི་ཚོ་ལྟ་ལོག་རེད་མ་བསམ་རོགས། ང་ཚོས་རང་གི་ྐླད་པ་བེད་སྤྱད་ནས་བསམ་བློ་གཏོང་དགོས་བའི་དུས་ཚོད་ཞིག་ལ་སླེབས་འདུག་དྲན།
    གནས་སྐབས་ལ་འདི་ཙམ་ཡིན།

  20. གཅན་བཟོད་རྒྱམ། says:
    2010-12-06 at 3:20 pm

    རྔ་བ་རྒྱལ་ཁམས་པས་གསུངས་པ་དེ་སེམས་ལ་བཞག་ཡོད།
    རིག་འབྱུང་བ་འདི་ཅི་ཞིག་བཤད་འདོད་ཡོད་ན། ཕལ་ཆེར་རྗེ་བླ་མའི་གསུང་རྩོམ་གཅིག་ཀྱང་མཇལ་མྱོང་མེད་པ་འདྲ། གལ་སྲིད་མཇལ་མྱོང་ཡོད་ན་ཚིག་འདི་འདྲ་ཇི་ལྟར་ཡོང་བ་ཡིན་ནམ། གོང་དུ་རྗེ་བླ་མའི་གསུང་རྩོམ་འགའི་མཚན་ངའི་རྩོམ་ཡིག་ཏུའང་བཀོད་ཡོད། ལྟ་གྲུབ་སྐོར་དེ་ཚོ་ནང་ཆོས་ལ་བླ་སྦྱོང་གང་ཡང་མེད་མཁན་ཞིག་ལ་ཞར་བར་ནམ་མཁའི་བྱའི་ཆེ་ཆུང་བཤད་པ་དང་གཅིག་མཚུངས། ངས་འདི་ནས་སྒྲུང་ཞིག་བཤད། ང་ཚོའི་སྡེ་བ་དང་ཉེ་སའི་སྡེ་བ་ཞིག་ན་སློབ་ཆེན་ཐོན་པའི་དགེ་རྒན་ཞིག་ཡོད། ཁོ་བླ་བྲུང་དུ་ཡོད་པའི་ཁོའི་ཕུ་བོ་ཨ་ཁུའི་ནང་དུ་ཡོང་བ་རེད། ཁ་བརྡ་བྱེད་སྐབས། འཕགས་པ་བརྒྱད་སྟོང་པ་དེ་སྒྲུང་གི་ཚད་ཀྱང་མི་འདུག དེ་ནི་བཅོམ་ལྡན་འདས་དང་རབ་འབྱོར་སོགས་དགེ་སློབ་འགའི་ཁ་བརྡ་དང་དྲི་བ་དྲི་ལན་ཙམ་ལས་དོན་གཞན་གང་ཡང་གོ་རྒྱུ་མི་འདུག དེ་བཏོན་ན་ཅི་ཞིག་ཕན་གི་རེད། དེ་སྦྱངས་ན་ཅི་ཞིག་ཤེས་པར་ཕན་གི་རེད། སོགས་སྐད་ཆ་མང་པོ་བཤད་པ་རེད། དེ་ནས་ཁོའི་ཕུ་བོས་ཁོ་འདུག་ཏུ་མ་བཅུག་པར་ཕྱིར་སྤོས་པ་རེད། ཁྱོད་ནི་ངའི་ཞབས་འདྲེན་དང་ང་ངོ་ཚ་བོ་ཞེ་དྲག་བཟོས་སོང་ཟེར་ནས་འདུག་ཏུ་བཅུག་མེད་པ་རེད། མི་དེ་གཉིས་གཉིས་ཀ་ང་ཚོ་ཕན་ཚུན་ངོ་ཤེས་དང་འཆམ་ཙམ་ཡོད།
    ཁྱོད་ཀྱི་སྐད་ཆ་འདི་ཚོ་ཡང་དེ་མཚུངས་མིན་ཀྱང་དེ་ལས་བཟང་ཙམ་ཡང་མིན་པར་འདུག རྗེ་བླ་མའི་གང་ཞིག་ཤེས་ཀྱི་ཡོད་པ་དང་གང་ཞིག་ཤེས་ཀྱི་མེད་པ་དེ་ང་དང་ཁྱོད་ལྟ་བུའི་མི་ཚེ་འདིར་ཨེ་ཡོང་བསམ་གི རྒྱུ་མཚན་ནི་ཁྱོད་ཀྱི་སྐད་ཆའི་ཚིག་དོན་ལས་ཧ་ཅང་གསལ་བོར་ཤེས་ཐུབ་ཀི
    ད་ཡི་གེ་འདི་ཚོ་མཐོང་མ་ཐག་ང་ལ་སྐད་ཆ་ཅི་ཤོད་ལ་མི་བལྟ་བར་རང་གིས་བཤད་པར་བསྐྱར་དུ་སོམས་དང་། ཅང་གོ་རྒྱུ་ཡོད་དམ་སྙམ།

  21. གཅན་བཟོད་རྒྱམ། says:
    2010-12-06 at 3:21 pm

    ང་དང་དྲ་གྲོགས་འགས་རྗེ་བླ་མར་བསྟད་ཡོད་པ་ནི་རང་གིས་ཤེས་ནས་བཤད་པའི་སྐད་ཆ་རྐྱང་ཡིན།

  22. རྔ་བ་རྒྱལ་ཁམས་པ། says:
    2010-12-06 at 4:39 pm

    རྗེ་ཙོང་ཁ་པ་འཇིག་རྟེན་འདིར་ཕེབས་པའི་དགོས་པ་བརྗོད་ཚུལ་ལ་གླེང་སྲོལ་མི་འདྲ་བ་འགའ་ཞིག་ཡོད་པ་རེད། འགའ་ཞིག་གིས་རིམ་པ་ལྔ་བའི་སྒྱུ་ལུས་རྩལ་དུ་འདོན་ཆེད་ཕེབས་པ་ཡིན་ཞེས་གསུངས། ལ་ལས་ཟབ་མོ་དབུ་མའི་ལྟ་བ་གཏན་ལ་འབེབས་ཕྱིར་ཕེབས་ཡིན་འདོད། ཁོང་གིས་བསླབ་མ་མྱོང་བ་དང་། མི་མཁྱེན་ཤེས་བྱའང་ཡོད་སྲིད་ཅེས་བརྗོད་ཀྱང་མི་ཆོག་པ་ག་ལ་ཡོད། ཁོང་གིས་གཙོ་བོ་ཐུགས་སྦྱོང་གནང་ཡུལ་བོད་བརྒྱུད་ནང་བསྟན་རེད། ནང་བསྟན་ལ་ཁོང་ཐམས་ཅད་མཁྱེན་པ་རེད། ས་ལམ་གྱི་མངོན་རྟོགས་མཐོན་པོ་ལ་གནས་པའི་སྐྱེས་བུ་ཡིན་པར་གདེངས་འཇོག་ཞུ་གི་ཡོད་པ་རེད། རྗེ་ཙོང་ཁ་པ་ལ་ཐམས་ཅད་མཁྱེན་པ་དང་། ཀུན་མཁྱེན་ཞེས་བསྟོད་བསྔགས་མི་བྱ་ན་སུ་ལ་བྱ་དགོས་པ་རེད། ཐམས་ཅད་མཁྱེན་པར་འགྱུར་ཚུལ། ཀུན་མཁྱེན་དུ་འགྱུར་ཚུལ་སོགས། ནང་བསྟན་མཚན་ཉིད་རིག་པའི་འགྲེལ་བརྗོད་མང་བོ་ཡོད་པ་རེད། དེ་ཚོ་ལ་གཟིགས་ཐུབ་ན་ཧ་གོ་རྒྱུ་ཞིག་ཡོང་གི་རེད། དེ་མིན་ཁོང་གིས་ཀློག་ཀླད་དང་། འཕྲུལ་བཟོ། དབྱིན་ཡིག་སོགས་ཤེས་མི་ཤེས་ལ་བསམ་བློ་གཏོང་གི་ཡོད་ན། དེ་ནི་གནས་ཚུལ་ཁ་ཁ་ཞིག་རེད། ང་ཚོས་རྗེ་ཙོང་ཁ་པ་ཐམས་ཅད་མཁྱེན་པ་ཡིན་མིན་ཚོད་དཔགས་བྱེད་པ་དེ་ནམ་མཁའི་རྒྱ་ཁྱོན་མཐོ་ཡིས་འཇལ་བའི་དཔེ་རུ་འགྲོ་སྲིད། འོན་ཏེ། ང་ཚོ་རང་ཉིད་ཀྱང་བྱ་བརྒྱ་འུར་གིས་འདེད་པའི་ལམ་དུ་མི་འགྲོ་བར། ངའང་མི་ཡིན། ངས་ཀྱང་འདི་དང་འདི་ལྟ་བུ་ཅིའི་ཕྱིར་བྱེད་མི་ཐུབ་སྙམ་པའི་སྙིང་སྟོབས་དེ་ངེས་པར་དུ་ཡོད་དགོས། དེ་ཡོད་ན་གཞི་ནས་རང་ཉིད་འདི་ཕྱིའི་ལམ་ཁ་གང་འདོད་དེར་འཇུག་ཐུབ་པའི་ཆ་རྐྱེན་ཞིག་ཚང་ཡོང་བར་འདོད།

  23. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-12-06 at 4:56 pm

    ངེད་ཀྱི་དོགས་འདྲི་དེ་ཚོའི་སྣེ་ནས་འཇུ་མཁན་ཞིག་བྱུང་ཡོད་ན། ངེད་ལ་བསམ་ཚུལ་འགའ་ཡོད། མཁས་པར་དཔྱད་པ་རྒྱག་སྟངས་ཀྱི་རིགས་ལམ་འགའ་ཡོད།
    ད་དེ་ལྟར་མ་བྱུང་བའི་ཁར་། ངེད་ཀྱི་ཚིག་ལོག་དེ་དག་གིས་ཁྱེད་ཅག་གི་དད་སེམས་གཙང་མ་དེ་དཀྲུགས་བཞིན་པ་འདྲ།
    དེ་ལ་དགོངས་དག ད་སྐད་ཆ་མང་པོ་བཤད་གི་མིན། ཁྱེད་ཚོའི་བསྟོད་པ་དེ་ཚོ་བྐླགས་ནས་འདུག་གི་ཡིན

  24. གཞོན་ནུ་ཟླ་མེད། says:
    2010-12-06 at 6:58 pm

    འ་འ་འ། ད་ཡིན་ན་རིག་འབྱུང་འདི་ལ་ཡང་ན་ཚ་སྡུག་པོ་ཞིག་ཕོག་འདུག་ཨང་། འདི་ལ་སྔགས་པ་ཞིག་གིས་བྱབས་ཁྲུས་ཞིག་བྱས་ན་ཡག་ཀ་མེད་གྲོ དེང་སང་གི་ཞི་ལི་ཞི་མོ་འདི་ཚོར་ཅི་ཞིག་མ་འགྲིག་པ་ཡིན་ན། ཀ་ཁ་ཤེས་པ་དང་བཀའ་འགྱུར་ལ་ཞུ་དག་གཏོང་རྩིས་བྱེད་ཡོང་གི དཀོན་མཆོག་མཁྱེན། ཨ་ལྰ་མཁྱེན།

  25. གཞོན་ནུ་ཟླ་མེད། says:
    2010-12-06 at 7:15 pm

    མི་ཤེས་སྟོན་པར་བྱེད་པ་ལ། །འཁྲུལ་པར་དོགས་པ་ཅན་རྣམས་ཀྱིས། །དེས་བཤད་ནན་ཏན་བྱ་བའི་ཕྱིར། །ཤེས་ལྡན་འགའ་ཞིག་ཚོལ་བར་བྱེད། །དེ་ཕྱིར་དེ་ཡིས་བསྒྲུབ་བྱ་རུ། །གྱུར་པའི་ཡེ་ཤེས་རྣམ་དཔྱད་བྱའི། །འདི་ཡིས་སྲིན་བུའི་གྲངས་མཁྱེན་པ། །ངེད་ལ་འགར་ཡང་ཉེར་མཁོ་མེད། །བླང་དང་དོར་བྱའི་དེ་ཉིད་ནི། །ཐབས་དང་བཅས་པ་རིག་མཛད་པ། །གང་དེ་ཚད་མ་ཉིད་འདོད་ཀྱི། །ཐམས་ཅད་རིག་མཛད་མ་ཡིན་ནོ། །རིང་པོ་མཐོང་
    བའམ་མིན་ཡང་རུང་། །འདོད་པའི་དེ་ཉིད་མཐོང་བ་ཡིན། །གལ་ཏེ་རིང་མཐོང་ཚད་ཡིན་ན། །ཚུར་ཤོག་བྱ་རྒོད་བསྟེན་པར་གྱིས། །
    གོང་གི་ཚིག་འདི་དག་རྣམ་འགྲེལ་ལེའུ་གཉིས་པའི་སྟོན་པ་རང་གི་ཡུལ་ལ་ཚད་མ་ཡིན་པའི་ཚད་གཞི་ལ་གཞན་གྱི་སྐྱོན་རྒྱབ་པའི་ཕྱོགས་ལ་དགག་པ་མཛད་པ་དག་རེད། བྱ་རྒོལ་གྱིས་ཉིན་ལམ་བཅོ་བརྒྱད་ས་ན་ཡོད་པའི་ཁྲག་ཐིག་པ་གཅིག་མཐོང་བ་ལྟར། སྟོན་པ་སངས་རྒྱས་ཀྱིས་མཐོང་ངམ་མི་མཐོང་། ཡང་རྒྱ་མཚོ་གཏིང་ན་རྡེའུ་ག་ཚོད་ཡོད་མེད་དང་ཉ་དང་སྲིན་བུ་ག་ཚོད་ཡོད་མེད་སྟོན་པ་སངས་རྒྱས་ཀྱིས་མཁྱེན་ནམ་མི་མཁྱེན། གལ་ཏེ་དེ་དག་མི་མཁྱེན་ན་ཐམས་ཅད་མཁྱེན་པ་མ་ཡིན་པར་འགྱུར་རོ་ཟེར་བ་དང་། གལ་ཏེ་དེ་དག་མཁྱེན་མི་ནུས་དེ་མཐའ་ཡས་པའི་ཕྱིར་ཟེར་བ་སོགས་རེད། རང་རེ་ཕྱོགས་ནས་སྲིན་བུའི་གྲངས་སོགས་མཁྱེན་ཡང་རུང་། མི་མཁྱེན་ཡང་རུང་། ཐར་བ་དང་དེ་དོན་གཉེར་ཅན་ལ་རྩ་ནས་མི་མཁོ་པས་དོན་མེད་ཀྱི་དོགས་སློང་ཡིན་པ་དང་། བླང་དོར་གྱི་གནས་ལ་རྩ་ནས་མི་མཁོ་པས་དོན་མེད་ཀྱི་དོགས་སློང་རྐྱང་རེད་གསུངས་འདུག་ཀ དེ་མིན་མཁས་པ་ལ་དཔྱད་པ་བྱེད་སྟངས་ག་རེ་འདྲ་ཞིག་ཡོད། དེ་རང་ཉིད་སྒེར་དང་སྤྱི་ཚོགས་ལ་ཕན་པའི་དཔྱད་པ་ཞིག་རེད་དམ་ཡང་ན་མི་ཕན་པའི་དཔྱད་པ་ཞིག་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme