Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡང་སྐྱར་དགེ་འདུན་ཆོས་འཕེལ་གླེང་བ།

Posted on 2011-01-052011-01-05 By ཡེ་ཤེས་ 43 Comments on ཡང་སྐྱར་དགེ་འདུན་ཆོས་འཕེལ་གླེང་བ།

རྡོ་སྦིས་བློ་བཟང་ཡོན་ཏན།
ཐོག་མར་གླེང་སློང་བ།
ཕྲན་གྱིས་དགེ་ཆོས་ཀྱི་སྐོར་ལས་འཕྲོས་བའི་ཟིན་ཐོ་དང། མཆན་སོགས་ཀྱི་ནང་དུ་ཡང་དང་ཡང་དུ་གླེང་ཡོད་པ་བཞིན། དགེ་ཆོས་ཟེར་བ་འདི་སྤྱིར་བཏང་གི་མཁས་བ་ཞིག་ལ། དེང་དུས་མི་རྣམས་ཀྱིས་སྒྲོ་འདོགས་ཆེན་པོ་བྱས་ཏེ། ལྟོ་སྐྱ་གོས་ཧྲལ་ཅན་གྱི་དགེ་ཆོས་རང་གི་རྣམ་ཐར་གཙང་མ་དེ་ཡང། རྙིང་མ་བར་རློམ་པ་དག་གིས་གྲུབ་ཆེན་ཞིག་གི་རྣམ་ཐར་ཅིག་དང། རྙིང་གཏོར་གསར་བརྗེ་བ་དག་གིས་རྙིང་བ་བཅོམ་པའི་ཆབ་སྲིད་ཀྱི་ཟློས་གར་ཅིག། ཆབ་སྲིད་པ་མགོ་གཉིས་བ་དག་གིས་བཀའ་ཤག་དང་སྲིད་ཁྲིམས་སོགས་ལ་དགག་བྱེད་ཀྱི་ལག་ཆ་ལྟ་བུ་བརྩིས་ཏེ། རྣམ་ཐར་ངོ་མ་དེ་ཡང། ལྷ་སྒྲུང་ལྟ་བུ་ཞིག་ཏུ་བསྒྱུར་ཏེ། ད་དུང་ཡང་ཅི་སྙམ་པར་ཡིན་མདོག་གིས་སྐད་ཆ་མང་པོ་བཤད་བཞིན་པ་མཐོང་ཆོས་དངོས་གྲུབ་ཏུ་ཡོད་པ་འདི་རེད།
འདི་ལས་འཕྲོས་ཏེ་གླེང་བར་བྱ་བ་ནི། ཡང་སྤྱི་ལོ་གཉིས་སྟོང་གསུམ་ལོའི་ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་ཀྱི་རྩོམ་རིག་དངོས་གཞི་འཛིན་གྲྭས་བསྒྲིགས་པའི། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་སྒྲིག་གི་ནང་གི་པོད་བཞི་བའི་ཐོག་གི། “རྒྱ་གར་འཕགས་པའི་ཡུལ་ནང་བའི་མཆོད་རྟེན་དང་གནས་མཆོག་བྱིན་རྣམས་ཀྱི་བཤད་པ་མཐོང་ཐོས་ཀུན་གྲོལ་ཞེས་བྱ་བཞུགས་སོ”ཞེས་བ་དེ་ཡིན། ཕྲན་གྱིས་རྩོམ་འདི་ཐོག་མར་དགེ་ཆོས་ཀྱི་གསུང་རྩོམ་གསར་རྙེད་ཅེས་བའི་དེབ་ནང་དུ་བཀོད་ཡོད་མོད་མ་ཤེས་མོད། ནུབ་བྱང་གི་གཅམ་བུ་ཚོས་དཔྱད་པ་དང། དོགས་གཞི་སྤུ་ཙམ་ཡང་མེད་པར་དགེ་ཆོས་ཀྱི་གསུང་རྩོམ་ནང་ཡོངས་རྫོགས་པར་ཏུ་སྐྲུན་དུས་ནང་དུ་བཅུག་འདུག།
དེ་བཞིན་དགེ་ཆོས་ལ་དོ་སྣང་ཡོད་པ་རྣམས་ཀྱིས་ཤེས་བ་ལྟར། ཕྲན་གྱིས་དགེ་ཆོས་ཀྱི་གསུང་རྩོམ་ནང་གི་འཛམ་གླིང་རྒྱས་བཤད་དེའི་ལོ་རྒྱུས་དང་སྒྲུབ་བྱེད་དང་བཅས། དགེ་ཆོས་ཀྱི་གསུང་མ་ཡིན་པར་བཀོད་ཏེ། བོད་ཕྱི་ནང་གཉིས་ཀྱི་དྲ་རྒྱ་སོགས་ཀྱི་སྟེང་མང་པོ་བཀོད་ཡོད་པ་དེ་ལྟར་མོད། དགེ་ཆོས་ལ་མཁས་བར་རློམ་པ་དེ་དག་གིས་ད་དུང་ཨུ་ཚུགས་ཆེན་མོས་འདིའི་རྗེས་སུ་པར་ཏུ་སྐྲུན་པའི་དགེ་ཆོས་ཀྱི་སྐོར་འབྲི་དུས་རྩོམ་དེ་ད་དུང་དགེ་ཆོས་ཀྱི་རྩོམ་གྲས་སུ་བཞག་ཏེ། བསྐྱར་པར་བྱས་འདུག། དཔེར་ན་མེ་ལྕེ་ཡིས་བསྒྲིགས་པའི་དགེ་ཆོས་ཞིབ་མཇུག་དང། ཁོང་གིས་བརྩམས་པའི་དགེ་ཆོས་རྒྱང་མཇལ་སོགས་ཀྱི་ནང་དུའང་རྩོམ་དེ་ཉིད་ཁོང་གི་གསུང་རྩོམ་གྱི་གྲས་སུ་བཀོད་འདུག། ང་ཚོས་རང་གི་རང་ལ་འདི་འདྲ་བའི་ཨུ་ཚུགས་བྱེད་དགོས་བའི་རྒྱུ་མཚན་ག་རེ་ཡིན་ནམ།
དེ་ལས་འཕྲོས་ཏེ་འདིར་གླེང་བར་བྱ་བ་ནི། གོང་དུ་བཤད་པ་བཞིན་དགེ་ཆོས་ཀྱི་གསུང་འབུམ་ནང་གི་“རྒྱ་གར་འཕགས་པའི་ཡུལ་ནང་བའི་མཆོད་རྟེན་དང་གནས་མཆོག་བྱིན་རྣམས་ཀྱི་བཤད་པ་མཐོང་ཐོས་ཀུན་གྲོལ་ཞེས་བྱ་བཞུགས་སོ”ཞེས་བའི་རྩོམ་འདི་ཡིན། སྤྱིར་བཏང་རྒྱ་གར་གྱི་གནས་བཤད་དང། དེ་ལས་འཕྲོས་བའི་ལོ་རྒྱུས་ལ་ཆ་རྒྱུས་ཅུང་ཙམ་ཡོད་པ་ཡིན་ན། གནས་བཤད་འདིའི་ཚིག་གི་སྤྱོར་སྟངས་དང་། ལོ་རྒྱུས་ཀྱི་སྤྱིའི་ཁོག་གང་གི་ཆ་ནས་ཀྱང་རྩོམ་འདི་དགེ་ཆོས་ཀྱིས་ཡིན་མིན་དོགས་པ་སླེབས་འགྲོ་ཞིང། འདི་གཤམ་དུ་ཕྲན་གྱིས་གཤམ་དུ་རྩོམ་འདི་དགེ་ཆོས་ཡིན་མིན་གྱི་དོགས་གཞི་འགའ་འགོད་རྒྱུ་ཡིན་པས་བློ་ལྡན་གཟུར་གནས་མཁར་བ་དག་གིས་ཚུལ་བཞིན་དུ་དཔྱད་པར་བྱའོ།
[6:42:49 PM] mentor E. Gene Smith: གཞུང་དངོས་ལ་མཇུག་པ།
སྤྱིའི་བཏང་བསྟན་བཅོས་འདི་ལ་བལྟས་མ་ཐག་ཏུ་དགེ་ཆོས་ཀྱི་བསྟན་བཅོས་གཞན་དག་དང་མི་འདྲ་བའི་ཁྱད་ཆོས་མང་པ་ནང་གི་གཅིག་ནི། བསྟན་བཅོས་འདིའི་ནང་དུ་རྡོ་རྗེ་གདན་སོགས་ཀྱི་མཚོན། པར་མང་པོ་འདུག་པ་མ་ཟད། ད་དུང་ཡེ་ཤའི་འདས་ལོའང་སྐབས་འགར་སྤྱི་ལོ་ཞེས་འབོད་པའི་ལོ་དེ་ལ་གཞིར་བཞག་ནས་བྲིས་འདུག། དགེ་ཆོས་ཀྱི་གཏམ་རྒྱུད་གསེར་ཐང་དང། དེབ་ཐེར་དཀར་པོ་སོགས་སུ་སྟོན་པའི་འདས་ལོ་གཙོ་བོ་བྱས་ནས་བཤད་འདུག་པ་སོགས་ཀྱིས་ཀྱང་འདི་དགེ་ཆོས་བརྩམས་པ་ཨེ་ཡིན་སྙམ་པའི་དོགས་པ་ཤིག་ཏན་ཏན་སྐྱེས་ཡོང་གིན་འདུག། དེ་མིན་སྤྲང་པོ་དཔྱོད་ལྡན་པ་དགེ་ཆོས་༼དགེ་ཆོས་ལ་འུད་བསྟོད་བྱ་མཁན་ཚོས་འདི་ལྟར་འདོགས་བཞིན་འདུག༽ཀྱིས་པར་ཆས་རྒྱབ་ཏུ་ཁུར། ཕྱོགས་གནས་ཆེན་མང་པོ་སོང་ནས་པར་བླངས། པར་བཀྲུས། དེ་ནསདཔེ་དེབ་ནང་དུ་བཅུག་པ་སོགས་བྱས་ཡོད་ན་ནི། སྤྲང་བོ་དཔྱོད་ལྡན་ཞིག་གིས་ཚུལ་མ་ཡིན་པར། འབྱོར་ལྡན་ལྟད་མོ་བ་ཞིག་གིས་ཚུལ་བྱས་ནས་རྒྱལ་ཁམས་བསྐོར་བའི་རྣམ་ཐར་མ་ཡིན་ནམ། ལར་ཏུ་པར་འདི་དག་དགེ་ཆོས་རང་གིས་བླངས་བ་མ་ཡིན་པར་ཁོང་གིས་བསྡུ་རུག་བྱས་ཡོད་པ་ཞིག་ཡིན་ན། དེའི་སྐོར་གྱི་ལོ་རྒྱུས་ཤིག་ཐོན་རྒྱུ་ཡིན་ནའང། དེའི་སྐོར་གྱིས་ལོ་རྒྱུས་ཤིག་ད་བར་མཐོང་མ་བྱུང། འདོར་ན་གནས་བཤད་འདིའི་གནའ་ཆས་ཀྱི་དཔྱད་པ་དང། བཟོ་སྐྲུན་ཀྱི་གསལ་བཤད་རྣམས་དགེ་ཆོས་ཀྱི་རྒྱ་གར་ལམ་ཡིག་ལས་ལྡབ་འགྱུར་གྱི་གསལ་བོ་དང། ཞིབ་ཕྲ་འདུག་ཅིང་། དབྱིན་ཇི་དང་རྒྱ་གར་གྱི་གནའ་དཔྱད་པ་མཁས་བ་ཁ་ཅིག་གི་མིང་དང་བཅས་གསལ་བོར་བཀོད་ནས། གནས་བཤད་ཚད་ལྡན་ཞིག་ཏུ་འདུག་པས། དགེ་ཆོས་ཀྱིས་བརྩམས་པ་ཡིན་ནམ་ཞེས་དོགས་པ་ཤིག་མི་སྐྱེ་ཐབས་མེད་ལ། རྩོམ་འདིའི་ཚིག་སྤྱོར་དང། མིང་ཚིག་སོགས་ཀྱི་ཐད་ནས་་དགེ་ཆོས་ཀྱི་རྩོམ་གཞན་དག་དང་མི་འདྲ་བར་དེ་འདྲའི་ལྷུ་ཆགས་པ་ཅིག་དང། ཀློག་བདེ་བ་ཞིག་མ་ཡིན་སོགས་ཀྱིས་ཁྱད་ཆོས་ཀྱང་འདུག་པས།་འདི་དགེ་ཆོས་ཀྱིས་བརྩམས་པ་ཡིན་ནམ་ཞེས་བའི་དོགས་པ་ཞིག་རང་བཞིན་གྱིས་སྟེར།
དེ་ནས་གནས་བཤད་ཞིབ་ཏུ་ཀློག་དུས། རྩོམ་འདི་དགེ་ཆོས་ཀྱིས་མ་ཡིན་པའི་སྒྲུབ་བྱེད་མང་པོ་འདུག་ཅིང་། ཐོག་མར་གོང་བཤད་ལྟར་སྤྱིའི་ལོ་ཚིགས་ཀྱིས་དབང་གིས་རྩོམ་འདི་ཁོང་གིས་བརྩམས་པ་མ་ཡིན་པའི་དོགས་པ་སྟེར། རྩོམ་འདི་ལས་ “ད་ལྟའི་འདས་ལོ་1956པའི་གོང་གི་ལོ་དྲུག་བརྒྱ་ཙམ་གྱི་ནང་དུ་ཨེ་ཤའི་མི་རིགས་ནང་བློ་རིག་གི་འཕེལ་འགྱུར་ཆེན་པོ་བྱུང་ཞིང”ཞེས་གསུང་ཏེ། འདིའི་སྐབས་ཀྱི་འདས་ལོ་ཟེར་བ་འདི་ཡེ་ཤེ་མ་ཀ་འདས་བའི་ལོ་དེར་ཟེར་བཞིན་ཡོད་ཅིང། རྩོམ་འདིའི་གཞུང་དངོས་སུ་ཡེ་ཤེའི་འདས་ལོ་དེ་ལ་ཆ་བཞག་ཏེ་། ལོ་ཚིགས་བརྩིས་འདུག། དཔེར་ན་དྲང་སྲོང་ལྷུང་བ་ཅན་གྱི་རི་དྭགས་ཀྱི་ཚལ་བརྗོད་སྐབས། “མ་ཤི་ཀའི་འདས་ལོ་ལྔ་བརྒྱའི་ནང་དུ་རྒྱའི་བཙུན་པ་ཕ་ཧིན་དང། བདུན་བརྒྱའི་ནང་ལ་ཞོན་ཙང་གཉིས་ནས”ཞེས་སོགས་ཀྱི་མཚོན་ཡེ་ཤའི་འདས་ལོ་བཀོད་འདུག། དེ་ན་གོང་དུ་བཀོད་པའི་འདས་ལོ་སྟེ་1956་དེ་ཡང་ཡ་ཤེ་མ་ཤེའི་ཀའི་འདས་ལོ་ཡིན་པ་ནི་གདོན་མི་མ་ཟ། འདས་ལོ་དེ་བོད་ཀྱི་རབ་བྱུང་བཅུ་དྲུག་པའི་མེ་སྤྲེལ་ལོ་ཡིན་ཞིང། བོད་ཀྱི་རྒྱལ་དབང་ཡབ་སྲས་གཙོ་གྱུར་པའི་བོད་ཀྱི་ཆེ་རྒུ་རྣམས་རྒྱ་གར་འཕགས་ཡུལ་དུ་བསྐྱོད་ནས། བདག་ཅག་གྱི་སྟོན་པ་མྱ་ངན་ལས་འདས་ནས་ལོ་སྟོང་གཉིས་དང་ལྔ་བརྒྱ་ལོན་པའི་དུས་དྲན་དུ་ཞུགས་པ་སོགས་ཀྱིས་ལོ་རྒྱུས་ཡོངས་གྲགས་ཡིན་པའི་ལོ་དེ་རེད།
དེ་ན་བསྟན་བཅོས་འདི་དགེ་ཆོས་ཀྱིས་མ་བརྩམས་པའི་སྒྲུབ་བྱེད་དུ་ཇི་ལྟར་འགྲོ་ཞེ་ན། དགེ་ཆོས་ཀྱི་རྣམ་ཐར་མདོར་བསྡུས་སུ་བཀོད་ན། གསལ་བོ་ཡོང་གིན་རེད། དགེ་ཆོས་ནི་རབ་བྱུང་བཅོ་ལྔ་བའི་ཆུ་ཡོས་ལོ་(1903)སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ཤིང་ཁྱི་ལོ་(1934)རྒྱ་གར་ཏུ་ཕེབས། ཤིང་བྱའི་ལོ་སྟོད་དུ་(1945)བོད་དུ་ཕྱིར་ཕེབས། མེ་ཁྱི་ལོ་ལ(1946) བཙོན་དུ་ཕེབས། ས་གླང་གི་(1949) དགུན་བཙོན་ནས་ཕེབས། ལྕགས་ཡོས་(1951)ལོ་ཧོར་ཟླ་བརྒྱད་པའི་ཚེས་བཅུ་བཞི་ཉིན་སྐུ་དཀྲོངས། དེ་བས་གོང་གི་ཏ་ལྟའི་འདས་ལོ་ཟེར་པའི་འདས་ལོ་དེ་ནི་དགེ་ཆོས་སྐུ་གཤེགས་ལོ་ལྔ་རྗེས་ཀྱི་ཡེ་ཤེའི་འདས་ལོ་དེ་རེད།
དེ་བཞིན་ཡང་རྩོམ་འདིའི་ནང་དུ་ས་ར་ན་ཐའང་བོད་མིང་དུ་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ཚལ་དུ་ཡོད་པའི་ཆོས་རྒྱལ་མྱ་ངན་མེད་ཀྱི་ཀ་ཏོག་སེངྒེ་ལྡན་པ་དང། མུལ་ག་ནྡ་ཀུཊི་བུ་ཧཱ་ར་གཙུག་ལག་ཁང་དུ་འཇར་ཕན་གྱི་རི་མོ་འབྲི་མཁན་གྲགས་ཅན་ཀོ་སི་ཏུ་ནི་(Kosetsu Nosu)ཡིས་བྲིས་བའི་སྟོན་པའི་རྣམ་ཐར་གྱི་སྐོར་བཤད་སྐབས། འདི་ལྟར་“གཙུག་ལག་ཁང་གི་གྱང་ལོགས་སུ་རི་པིན་པའི་རི་མོ་མཁན་མཁས་བ་ཀོ་སི་ཏུ་ནོ་ནས་བྲིས་བའི་སངས་རྒྱས་ཀྱི་སྐྱེས་རབས་རྣམ་ཐར་ནས་ཐོན་པ་དེ་ནི་རྒྱ་གར་ཡོངས་ལ་ཞི་བདེའི་གཅིག་མཐུན་ལམ་ཡོང་བའི་བརྡ་མཚོན་དང། ད་ལྟ་མི་འཇིགས་སེངྒས་བརྒྱན་པའི་ཏོག་འདི་བཞིན་རང་དབང་སྐྱར་ཐོབ་ཀྱི་རྒྱ་གར་མི་སེར་རྒྱལ་ཁབ་ཀྱི་གཞུང་རྟགས་སུ་འདི་འཛིན་པའོ”
འཇར་ཕན་པ་དེས་རི་མོ་འདི་་འདིའི་སྤྱི་ལོ་སུམ་བཅུ་ནང་ལ་བྲིས་མོད། མི་འཇིགས་སེང་གེའི་བརྒྱན་པའི་ཏོག་འདི་ཉིད་རྒྱ་གར་མི་སེར་རྒྱལ་ཁབ་ཀྱི་གཞུང་རྟགས་སུ་བཀོད་པའི་ལོ་ནི། ལྕགས་སྟག་ 1950 ལོའི་སྤྱི་ཟླ་དང་པོའི་ཚེས་ཉེར་དྲུག་ཉིན་སྟེ། རྒྱ་གར་མི་སེར་རྒྱལ་ཁབ་བཙུགས་པའི་ཁྱབ་བསྒྲགས་ཀྱི་ཉིན་མོ་དེ་ཡིན། འདི་བས་ཀྱང་རྩོམ་འདི་ནི། མ་མཐའ་ཡང་ལྕགས་སྟག་གི་རྗེས་ནས་བརྩམས་པར་མངོན། དེ་ན་བསྟན་བཅོས་འདི་དགེ་ཆོས་བཙོན་ནས་ཐོན་མ་ཐག་ཏུ། རྒྱལ་རབས་དེབ་ཐེར་དཀར་པོ་སོགས་མཇུག་སྐྱོང་མ་ཐུབ་པར། ར་བཟི་ནས་སྡོད་པའི་སྐབས་ཤིག་ལ་བརྩམས་པ་ཡིན་དགོས། ལར་ཏུ་བཙོན་ནས་བཏོན་མ་ཐག་ཏུ་འདི་འདྲ་བའི་གནས་ཡིག་ཡག་པོ་ཤིག་བརྩམས་ཐུབ་པ་བྱུང་བ་ཡིན་ན། འཛམ་གླིང་ན་དཀོན་པའི་བཻཌཱུརྱའི་བུམ་པ་ཞིག་རྡོ་ལ་བརྡབས་སོང་ཞེས་སྐྱོ་ཉམས་ཅན་གྱི་གསུང་དེའང་སྔ་དྲགས་བ་མ་ཡིན་ནམ།

གོང་གི་དོགས་པ་དེ་དག་ལས་ཀྱང་རྩོམ་འདི་ཆུ་འབྲུག་(1952) གི་རྗེས་སུ་བརྩམས་པའི་དཔང་རྟགས་རྣལ་མ་ཞིག་ནི། བསྟན་བཅོས་དེའི་ནང་གི་སན་ཅི་(Sanchi) ཞེས་བའི་སྐོར་གྱི་གནས་བཤད་དང། ཁྱད་པར་ཏུ་ཉན་ཐོས་ཆེན་པོ་ཤ་རིའི་བུ་དང། མཽགལ་པུཏྲ་གཉིས་ཀྱི་རིལ་བསྲེལ་ལས་འཕྲོས་བའི་ལོ་རྒྱུས་དེ་རེད། སན་ཅི་ཞེས་བའི་ལྷ་ཁང་འདི་ཐོག་མར། ཆོས་རྒྱལ་མྱ་ངན་མེད་ཀྱི་སྐབས་སུ་བཞེངས་ཞིང། དགེ་ཆོས་ཀྱིས་ཀྱང་འདི་སྐོར་གྱི་ལོ་རྒྱུས་གསལ་བོ་ཞིག། གཏམ་རྒྱུད་གསེར་ཐང་ཏུ་ཆོས་རྒྱལ་མྱ་ངན་མེད་ཀྱི་བཞེངས་བའི་མཆོད་རྟེན་མང་པོའི་སྐོར་གྱི་དབྱིབས་སོགས་གསུང་འདུག་པ་འདི་ལྟར། “རྒྱ་གར་ཏུ་རྒྱལ་བོ་འདིས་བཞེངས་བའི་མཆོད་རྟེན་ཞིག་རལ་དུ་གྲངས་ཀྱི་མི་ཆོད་ཅིང། ཡེ་མ་ཉམས་ཞིག་ཀྱང་སན་ཅིའི་ཡུལ་དུ་ཡོད་ལ”(དགེ་ཆོས,པོད་གཉིས་བ,ཤོག་གྲངས་178 )ཞེས་གསུང་འདུག་པ་དང། ཁྱད་པར་ཏུ་ མཽགལ་པུཏྲ་གཉིས་ཀྱིས་རིལ་བསྲེས་སྐོར་ལ། ཤོག་གྲངས་དེའི་མགོ་སྟོད་དུ “འདི་ནི་མཽགལ་པུཏྲ་སྟེ་ཉེ་དུས་སུ་སྔོན་གྱི་མཆོད་རྟེན་ཞིག་རལ་དུ་སོང་བ་ཞིག་ནས་གནས་བརྟན་འདི་སྐུ་རུས་རྡོ་སྒྲོམ་དུ་བཅུག་པ་མཽརྱའི་ཡེ་གེ་འི་ཁ་བྱང་བཏབ་པ་ཞིག་རྙེད་པ་ཕྱི་གླིང་བ་དག་གིས་བརྐུས་ནས་ཏ་ལྟ་ལོན་ཊོན་དུ་ཡོད་ཟེར”་ཅེས་གསུང་འདུག། སྤྱིར་བཏང་སན་ཅིའི་གནས་འདི་བདག་ཅག་གི་སྟོན་པ་ཞལ་བཞུགས་པའི་དུས་དང་འབྲེལ་བ་ཅི་ཡང་མེད་པས་བོད་དང་རྒྱ་ནག་གི་རྒྱ་གར་ལམ་ཡིག་སོགས་ཀྱི་ནང་དུ་བྲིས་མི་འདུག།
སང་ཅི་ཟེར་པའི་ལྷ་ཁང་ཆོས་རྒྱལ་མྱ་ངན་མེད་ཀྱི་སྐབས་དང། རྗེས་སུ་བཞེངས་བ་ཡིན་ཞིང། ཕྱིས་སུ་དབྱིན་ཇི་བ་ཨེ་ལེག་ཛན་ཌར་ཀོན་ནིང་ཧམ་ Alexander Cunningham ( 1814 – 1893)ཟེར་བ་དེས་རབ་བྱུང་བཞི་བའི་ལྕགས་ཕག་ལོ(1851)ལ་རྙེད་པ་དང། འདི་ནི་བཙན་པོ་ནོ་མོན་ཧན་གྱི་འཛམ་གླིང་རྒྱས་བཤད་བརྩམས་ནས་ལོ་ཕལ་ཆེར་བཅོ་བརྒྱད་ཙམ་གྱི་རྗེས་རེད། དབྱིན་ཇི་བ་འདིས་རྒྱ་ནག་ཐང་སིན་དང། སྔོན་གྱི་གྷི་རིག་གི་ལོ་རྒྱུས་དང། ས་དེ་དངོས་སུ་སོང་ནས་རྟོག་དཔྱོད་ཀྱིས་ད་ལྟ་མཐོང་རྒྱུ་ཡོད་པའི་རྒྱ་གར་གྱི་ནང་བའི་གནས་ཆེན་རྣམས་ངོས་བཟུང། ད་ལྟ་རྒྱ་གར་འཕགས་པའི་ཡུལ་གྱི་གནའ་ཆས་རིག་པའི་ཤིང་རྟའི་སྲོལ་འབྱེད་དུ་གྲགས་། རྒྱ་གར་གྱི་གནས་ཆེན་རྣམས་ངོས་འཛིན་པའི་དཔེ་དེབ་ཁ་ཤས་བརྩམས། དབྱིན་ཇི་བ་འདིས་སན་ཅི་གྲོང་ནས་མཆོད་རྟེན་གསུམ་པའི་ནང་དུ་ཉན་ཐོས་གཉིས་ཀྱི་རིལ་བསྲེས་རྙེད་ཅིང། དེ་ནས་རིལ་བསྲེས་གཉིས་དབྱིན་ཇིའི་ལོན་ཊོན་དུ་ཁྱེར་ཏེ་འགྲེམས་སྟོན་ཁང་ཞིག་གི་ནང་བཞག། རབ་བྱུང་བཅུ་དྲུག་པའི་ས་ཡོས་ལོ་(1939)ལོ་ལ་རྒྱ་གར་གྱི་བྱང་ཆུབ་ཆོས་ཚོགས་ཆེན་མོས་དབྱིན་ཇིའི་གཞུང་ལ་ཕྱིར་རྒྱ་གར་ཏུ་འདྲེན་དགོས་བའི་རེ་བ་ཞུས་བར། དབྱིན་ཇིའི་གཞུང་གིས་དེ་ལྟར་ཆོག་པའི་ཆོག་མཆན་ཐོབ་སྟེ། འདྲེན་པར་བརྩམས་པ་ན་འཛམ་གླིང་དམག་ཆེན་གཉིས་བ་ལངས་ཏེ། མེ་ཕག་(1747)བར་དུ་གདན་འདྲེན་པའི་སྐལ་བ་མ་བྱུང། དེ་བས་གོང་གི་དགེ་ཆོས་ཀྱིས་གཏམ་རྒྱུད་གསེར་ཐང་གི་སྐད་ཆ་ལ་གཞིགས་ན། དགེ་ཆོས་ཀྱིས་གསེར་ཐང་རྩོམ་དུས་རིལ་བསྲེལ་གཉིས་ད་དུང་དབྱིན་ཇིའོ་ལོན་ཊོན་དུ་ཡོད་པ་ནི་གཞི་བཞག་རེད།

མེ་ཕག་ལོ་ལ་འཛམ་གླིང་དམག་ཆེན་གཉིས་བ་མཇུག་སྒྲིལ་བ་དང། ཡུལ་རྣམས་དུས་བདེ་ཞོད་འཇགས་ཡིན་པའི་སྐལ་བ་བཟང་པོ་ཐོབ་པས། བྱང་ཆུབ་ཆེན་པོས་ཆོས་ཚོགས་ཀྱི་མགོ་འདྲེན་འོག། རིལ་བསྲེལ་དེ་གཉིས་ཐོག་དང་པོ་སིངྒ་ལ་རུ་གདན་ཞུས་མཛད། མི་འབུམ་ཁ་ཤས་ལ་མཆོད་མཇལ་གྱི་སྐལ་བ་ཐོབ། དེ་ནས་རྒྱ་གར་ཤར་གྱི་གྲོང་ཁྱེར་ཆེན་མོ་ཀ་ལ་ཀ་ཏའི་བྱང་ཆུབ་ཆེན་པོའི་ཆོས་ཚོགས་ཀྱི་གཙུག་ལག་ཁང་དུ་བཤམས། དེ་ནས་འབར་མའི་ཡུལ་ལ་གདན་དྲངས་ཏེ། ཡུལ་དེའི་ཡུལ་མི་འབུམ་ཕྲག་མང་པོ་ལ་མཇལ་བའི་སྐལ་བ་བྱུང། དེ་ནས་བལ་ཡུལ་དང། ལ་དྭགས། དེ་ནས་རྒྱ་གར་སླེབས་ཞིང། མཐར་རིལ་བསྲེལ་དེ་དག་དུམ་བུ་གསུམ་དུ་ཕྱེ་ནས། གཅིག་འབར་མ་དང། གཅིག་སིངྒ་བ་རྣམས་ཀྱིས་ཁྱེར། ལྷག་མ་རྣམས་ཆུ་འབྲུག་གི་ལོ(1952)ཡི་ཕྱི་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་སན་ཅིའི་ལྷ་ཁང་གསར་པའི་ནང་རྟེན་དུ་གདན་འདྲེན་དུ་བཞུགས་སོ། བསྟན་བཅོས་འདིའི་ནང་དུ་རིལ་བསྲེལ་གཉིས་ཕྱིར་སན་ཅིའི་ལྷ་ཁང་ཏུ་བཞུགས་པའི་སྐོར་འདི་ལྟར། “མཆོད་རྟེན་འདིའི་ནང་རྟེན་དུ་སྟོན་པའི་ཉན་ཐོས་ཆེན་པོ་ཤ་རིའི་བུ་དང། མཽ་གལྱན་པུ་ཏྲ་གཉིས་ཀྱི་རིལ་བསྲེལ་དག་ཇེན་ནེ་རལ་ཀུན་ནིང་གྷམ་(དོན་གྱིས་ཨེ་ལེག་ཛན་ཌར་ཀོན་ནིང་ཧམ་Aexander Cunningham ( 1814 – 1893 ཟེར་བ་འདི་ཡིན) ཞེས་པར་ཐོབ་པ་རྣམས་ཉེ་དུས་དབྱིན་ཇིའི་རྒྱལ་ས་ལོན་དོན་ནས་ཕྱིར.རྒྱ་གར་ཏུ་གདན་ཞུས་ཀྱིས་སན་ཅིའི་ལྷ་ཁང་གསར་པའི་ནང་རྟེན་དུ་གདན་འདྲེན་ཞུས་སོ”ཞེས་གསུང་འདུག། གཙུག་ལག་ཁང་གསར་བ་དེའི་མིང་དུ་New Chetiyagiri Vihara ཞེས་ཟེར། དེ་ན་གནས་ཚུལ་འདི་ནི་དགེ་ཆོས་མྱ་ངན་ལས་འདས་བའི་ལོ་གཅིག་གི་ནང་ཙམ་ལ་བྱུང་བ་ཡིན་པས། དགེ་ཆོས་ཀྱིས་ཇི་ལྟར་བརྩམས་པ་ཡིན་ནམ། འདི་ཐུན་མོང་མ་ཡིན་པའི་གྲུབ་ཆེན་པ་དང། གསར་བརྗེ་བ་དག་གིས་བློ་ངོར་བདེ་ན་མ་གཏོགས་ང་ལྟ་བུ་གང་ཟག་ཕལ་བ་དག་གི་བློ་ངོར་ཆུད་དཀའ།
མཐའ་སྤང་བ་ལ།
སྤྱི་བཏང་ཚིག་གི་འགྲོ་སྟངས་དང། མཁས་བ་འགའ་ཤས་ཀྱི་མིང་འདོགས་སྟངས་སོགས། བསྟན་བཅོས་འདི་དང། དགེ་ཆོས་ཀྱི་དངོས་སུ་བརྩམས་པའི་རྒྱ་གར་ལམ་ཡིག་གཉིས་བསྡུར་ནའང་མི་འདྲ་བ་མང་དུ་འདུག་ཅིང། རྩོམ་པ་པོ་གཅིག་གིས་དེ་འདྲ་བའི་ཡི་གེ་མི་འདྲ་བ་སྣ་ཚོགས་ཤིག་བྲིས་ཡོང་ངམ་སྙམ་པའི་དོགས་པ་ཡང་འདུག་མོད། ཞུས་ཆེན་པ་དག་གིས་རིགས་པའི་རྩལ་བཏོན་ནས་སྣ་ཚོགས་ཤིག་ཏུ་བསྒྱུར་ཡོད་ན་ནི་ང་ལྟ་བུ་མི་གཉོམ་ཆུང་ལག་ཏུ་སྨྱུ་གུ་དང་། ཕྲེང་བ་ལས་མེད་པ་ཞིག་གིས་ཅི་ཤེས། ཡིན་ནའང་འདི་མུས་བཞག་ན་རྩོམ་པ་པོ་དངོས་དེའི་འབད་པ་དང། ཀུན་སློང་སོགས་ལ་བརྩི་མཐོང་མེད་པར་་བཏང་བར་འདྲ་བ་ཞིག་དང། དགེ་ཆོས་རང་གི་རྣམ་ཐར་ཡང་གཙང་དག་དང། བདེན་པ་ཞིག་ཡོང་ཆེད་དུ་གོང་གི་དོགས་སློང་དེ་དག་བཀོད་པ་ཡིན། འདི་ལྟར་དོགས་སློང་བཀོད་དེ་བཏང་སྙོམས་སུ་འདུག་འདོད་པ་ལ། ཁ་ཅིག་གིས་དགེ་ཆོས་ཀྱིས་བརྩམས་པ་མ་ཡིན་ན། སུས་བརྩམས་པ་རེད་དམ་ཅེས་དང་། དགེ་ཆོས་མ་གཏོགས་གཞན་གྱིས་འདི་ལྟ་བུ་རྩོམ་སྲིད་ཀྱི་མ་རེད་ཅེས་སྐད་རྒྱབ་ཡོང་ན། མ་ཤེས་ལགས་ཞེས་སྐད་ཆུང་ངུ་ཤིག་གིས་དགོངས་གསོལ་ཞུ་རྒྱུ་ལས། ཁྱེད་ཅག་ལ་སྐད་ཆེ་ཆུང་འགྲན་པའི་སྙིང་སྟོབས་ང་ལ་མེད།
ལར་ཏུ་ཕྲན་གྱིས་འཛམ་གླིང་རྒྱས་བཤད་སྐོར་ཀྱི་དོགས་སློང་སོགས་ལས་འཕྲོས་བའི་འཕྲོལ་མོལ་ནང་བཀོད་པ་བཞིན། ད་ལྟ་དགེ་ཆོས་ཀྱི་རྣམ་ཐར་ངོ་མ་དེ་ཡང་ལྷ་སྒྲུང་ཅན་དུ་བསྒྱུར་བཞིན་འདུག། དེ་བས་ང་ཚོ་རྩོམ་པ་པོ་དངོས་དེའི་མིང་ཙམ་ཡང་ཐོས་མ་ཐུབ་པའི་གནས་ཚུལ་སྐྱོ་བོ་འདི་བྱུང་བ་རེད། ཕྲན་གྱིས་གསུང་རྩོམ་འདི་ཅི་ལྟར་དགེ་ཆོས་ཀྱི་སྐད་གྲགས་ཅན་གྱི་ལྕགས་སྒམ་ནང་སོང་ནས། རྗེས་སུ་དགེ་ཆོས་ཀྱི་གསུང་ཡིན་ཞག་གིས་ཁོང་གི་གསུང་འབུམ་ནང་བཀོད་པའི་ལོ་རྒྱུས་གསལ་བོ་མི་ཤེས། དགེ་ཆོས་ལགས་ཀྱི་ཚ་བོ། ཕ་བཞིས་ཀྱི་བདག་པོ། ཡ་རབས་སྤྱོད་བཟང་ཅན་གྱི་རྒན་པོ་གཞན་སེམས་ཅན། རྒན་གཡང་དྲུང་རྒྱལ་ལགས་ལ་དེའི་སྐོར་གྱི་དོགས་གཞིའི་བཅར་འདྲི་ཞུས་བསམ་ཡང། འདུ་བྲེལ་གཞན་གྱིས་དབང་གིས་སྟབས་མ་བདེ། དེ་བས་བསམ་ཤེས་ཅན་དང། བློ་གཟུར་བ་གནས་བ་དག་གིས་ངས་བཤད་པའི་སྐད་ཆ་འདི་ཐམས་ཅད། དགེ་ཆོས་ཀྱིས་གསུང་བ་བཞིན་ང་ཚར་གཅོད་པའི་སྐད་ཆ་ཞིག་ལ་བསམ་བློ་མ་བཏང་བར་ཚུལ་བཞིན་ཏུ་དཔྱད་དེ་ལན་ཞིག་ངེས་པར་ཏུ་ཡོད་པར་ཞུ།
ད་དུང་དགེ་ཆོས་དང་ཁོང་གི་གསུང་རྩོམ་གྱི་ཐད་ལ་ཞིབ་དཔྱད་བྱ་དགོས་བ་ཤིན་ཏུ་མང། དཔེར་ན་ཁོང་གི་གསུང་རྩོམ་ནང་གི་རྒྱའི་ལོ་རྒྱུས་ནས་བྱུང་བའི་བོད་ཀྱི་རྒྱལ་རབས་ཀྱི་སྐོར་ལྟ་བུ་རེད། ཁ་ཅིག་འདི་ཁོང་གིས་རྒྱ་ཡིག་གི་ཐོག་ནས་བོད་ཡིག་ཏུ་བསྒྱུར་བ་རེད་ཟེར། དེ་ན་ཁོང་གིས་རྒྱ་ཡིག་ཤེས་བ་ནི་ཏན་ཏན་རེད། ཡང་ཁ་ཅིག་གིས་དབྱིན་ཇི་ཡི་གེ་ལས་བོད་ཡིག་ཏུ་བསྒྱུར་བ་རེད་ཟེར། རྩོམ་དེའི་མཇུག་དུ་ “བྱང་ཀུ་ལུ་ཏར་ཡོད་དུས་སུ་བོད་ཟླ༣པའི་ཚེས་བཅུ་དྲུག་ལ་ཆོས་འཕེལ་གྱིས་སུག་བྲིས་བྱས”ཞེས་བྲིས་འདུག། ཡིན་ནའང་དོགས་གཞི་ཅུང་ཙམ་ཡང་མེད་པར་ཁོང་གིས་གསུང་གི་ནང་དུ་བཀོད་འདུག། འདི་དགེ་ཆོས་ཀྱིས་བསྒྱུར་བ་རེད་དམ། དགེ་ཆོས་ཀྱིས་ས་གང་ནས་རྒྱ་ཡིག་སྤྱངས་བ་རེད། རྒྱ་ཡིག་ལ་དེ་འདྲ་ཡག་པོ་མཁྱེན་གིན་རེད་དམ། དབྱིན་ཇི་བ་དགེ་ཆོས་ཀྱི་རྣམ་ཐར་རིག་བྱེད་གཏམ་རྒྱུད་དུ་གཏོང་མཁན། བདེ་སྤྱིན་བཟང་མོས། དགེ་ཆོས་ཀྱིས་རྒྱ་ཡིག་ཀ་ལ་ཀ་ཏ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་མི་ཞིག་གིས་དྲུང་ནས་སྤྱངས་བ་རེད་ཟེར། འདི་བདེན་པ་རེད་དམ།
ད་དུང་འདིས་ག་ལ་ཚད། དགེ་ཆོས་ཀྱི་གསུང་རྩོམ་ཐོ་ཡིག་མང་ཆེ་བའི་ནང་དུ་སྤྱོད་འཇུག་ཆེན་མོ་ཆ་ཚང། རྣམ་འགྲེལ་རྩ་བ་གཉིས་དབྱིན་ཡིག་ཏུ་བསྒྱུར་ཡོད་ཅེས་བཀོད་འདུག། ཕྲན་གྱིས་ལོ་ཕལ་ཆེར་ཉི་ཤུ་ཙམ་གྱི་རིང་ལ་དགེ་ཆོས་སྤྱོད་འཇུག་ཆེན་མོ་དབྱིན་བསྒྱུར་མ་ཞིག་དང། རྣམ་འགྲེལ་རྩ་བ་དབྱིན་འགྱུར་མ་ཞིག་བཙལ་བ་ཡིན་ཀྱང། ད་བར་རྙེད་མ་བྱུང། དེ་བས་གསར་གཏོད་པ་དག་གིས་ཕྲན་ལ་འདི་གཉིས་ཀྱི་འགྱུར་རེ་སྤྲོད་རྒྱུ་བྱུང་ན། བར་སྐབས་ཀྱི་ང་ལ་དེ་ལས་ལྷག་པའི་ཕན་པ་སྒྲུབ་པ་ཞིག་མེད།

མཐར་ཕྲན་གྱི་དགེ་ཆོས་ཀྱི་ཐོ་ཡིག་གཉིས་ལས་འཕྲོས་བའི་རྩོད་རྙོག་དང་འདྲ་བར། རྒྱུ་མཚན་ཅི་ཡང་མེད་པར་ངའི་མགོ་ལ་ས་རྩོད་དང་ཆུ་རྩོད། གྲུབ་མཐའི་ཆགས་སྡང། བླ་སློབ་བར་གྱི་ཞེ་སྡང་སོགས་ཀྱིས་སྐད་ཆ་དག་ནམ་ཡང་མི་བཤད་པའི་རེ་བ་ལན་བརྒྱ་ཞུ། དེ་མིན་རིགས་པའི་གཞུང་ལུགས་ཀྱི་ཐད་ནས་གང་རྩོད་བསམ་ན་བརྩད་ན་འགྲིག། རིགས་པ་དང། གནས་ལུགས་དཔང་དུ་བཞག་ནས་རྩོད། དེ་མིན་ས་རྩོད་ཆུ་རྩོད་དང། གྲུབ་མཐའ་སོགས་བརྩད་ནས་མི་གསོད་ཁྲག་འབྱིན་གྱིས་ལས་ལ་ཁྱེད་ཚོས་མཁས་བར་འདུག་པས། རྒྱལ་ཁ་ཁྱེད་རང་ཚོ་ལ་སྤྲད་པ་ཡིན། ཅེས་མདོ་སྨད་སའི་ཐིག་ལེ་ལུམཱི་ནི་ཚལ་གཉིས་བའི་ཉེ་འགྲམ་༢༠༡༡་ལོའི་ཕྱི་ཟླ་༡་ཚེས་༡་ཉིན་རྡོ་སྦིས་བ་བློ་བཟང་ཡོན་ཏན་གྱིས་བྲིས་བའོ།

༼ཟུར་བཤད༽
ལོ་སྔོན་མའི་ལོ་མགོ་རུ། ཕྲན་གྱིས་རྩེད་མཚར་གྱི་ཚུལ་དུ་དགེ་ཆོས་ཀྱི་སྐོར་གྱི་རྩོམ་འགའ་ཤས་འབྲི་རྒྱུ་ཞེས་ཁྱབ་བསྒྲགས་བྱས་པ་ལ། ཁ་ཅིག་གིས་བདེན་པར་བསམ་ནས། རྩོམ་ག་དུས་བཏོན་གིན་ཡིན་ནམ་ཞེས་འདྲི་མཁན་ཡང་བྱུང་ཞིང། དེ་བས་དེ་རྣམས་ལ་ལོ་གསར་གྱི་གཟིགས་མོ་ཤིག་གི་ཚུལ་དུ་འདི་ཕུལ་བ་ཡིན་ནོ།

ལོ་རྒྱུས། Tags:ཨཨཨ

Post navigation

Previous Post: བོད་རང་གི་བདེན་པའི་ཨུ་ཚུགས།
Next Post: དུག་གི་མཚན་མོ།

Comments (43) on “ཡང་སྐྱར་དགེ་འདུན་ཆོས་འཕེལ་གླེང་བ།”

  1. བློ་གྲོས་མཐའ་ཡས། says:
    2011-01-06 at 12:36 am

    བོད་མི་འགའ་རེ་སྲིད་ཀྱི་དོན་དུ་བྲེལ།།
    བོད་མི་འགའ་རེ་ཆོས་ཀྱི་དོན་དུ་བྲེལ།།
    བོད་མི་འགའ་རེ་རིག་གཞུང་དོན་དུ་བྲེལ།།
    བསམ་མེད་ལ་ལ་འཁོན་འཛིན་དོན་དུ་བྲེལ།།

    རྡོ་སྦིས་བླ་མར་དགེ་འདུན་ཆོས་འཕེལ་གྱིས།།
    ངོ་ཚ་ལན་མང་གཏད་པ་བདེན་མོད་དེ།།
    ད་ནི་གཉིས་ཀའི་རུས་གོང་ས་ལ་ཐིམ།།
    རོ་ལ་འཁོན་ལན་མ་རྩོད་བློ་ཡོན་ལགས།།

    ང་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་དགོས།།
    ང་ཚོས་འདི་ལོར་བཀའ་ཁྲི་གསར་འདེམས་དགོས།།
    ང་ཚོར་ལས་ཀ་མང་པོ་ལྷག་ཡོད་པས།།
    འཁོན་སེམས་སྐྱུར་ལ་བོད་དོན་མཉམ་དུ་སྒྲུབས།།

    སྙིང་གཏམ་ཞིག་གི་ཚུལ་དུ་བློ་ཡོན་ལ་བྲིས།

  2. མགོན་པོ་ཕྱག་གཉིས་པ། says:
    2011-01-06 at 1:28 am

    ད་རེས་ཡིན་ན་འུད་དང་རྒྱུ་མཚན་གཉིས་ལས་རྒྱུ་མཚན་མང་ང་འདུག ཚིག་རེ་ཟུང་རེ་འཕལ་ཁ་བརྟོལ་ནས་ཤོར་འདུག་སྟེ་དེ་འདྲ་ཡིན་རྒྱུ་རེད། ཡར་རྒྱས་ཞེ་དྲག་ཕྱིན་འདུག དགེ་ཆོས་ཀྱི་རྩོམ་ཕྱོགས་བསྒྲིགས་བྱེད་མཁན་སྔ་ཕྱི་དེ་ཚོ་མི་རེ་ཟུང་ཞིག་མ་རེད་དམ། དེ་ཡིན་ན། གསར་བརྗེ་བ་ཚོ་ཟེར་ནས་མི་མང་པོ་ཞིག་དྲུད་ཡོང་དགོས་པའི་རྒྱུ་མཚན་དེ་མཐོང་གི་མི་འདུག ངས་ཤེས་པ་ལྟར་ན། གསུང་རྩོམ་ཕྱོགས་བསྒྲིགས་བྱེད་མཁན་གཅིག་རྡོ་རྗེ་རྒྱལ་ཡིན་བསམ། ཁོང་ནི་གསར་བརྗེ་བ་ཞིག་མ་རེད། མི་ཉམ་ཆུང་། གཤིས་འཇམ། དད་པ་ཅན་ཞིག་རེད། ཁོང་དང་ཁྱེད་གཉིས་བསྡུར་ན་ཁྱེད་རང་གི་ཐོག་ལ་གསར་བརྗེའི་མིང་དེ་ཕྱོགས་མང་པོ་ཞིག་ནས་མཛའ་འདུག།
    དེ་ངོ་མ་རེད། དགེ་ཆོས་ཀྱི་ལྕགས་སྒམ་ནག་པོའི་ནང་ཡོད་ཚད་ཚང་མ་དགེ་ཆོས་ཀྱི་རྩོམ་དུ་ངོས་བཟུང་ན་ནོར་ཡོད་རྒྱུ་རེད། བརྟག་དཔྱད་ཡག་པོ་བྱས་ན་བཟང་། དགེ་ཆོས་ཀྱིས་ཕྱོགས་གཞན་དང་གཞན་ནས་བཙལ་འཚོལ་བྱས་ཡོང་བའི་གཞན་རྩོམ་ཡང་མང་པོ་ཡོད་སྲིད།
    གཟབ་གཟབ་བྱོས་མ་གཏོགས། དྲེད་མོང་གིས་འཕྱི་བ་བརྐོ་དུས། རྦད་དེ་བརྗེད་པར་གྱུར་ནས་མཆན་འོག་ནས་འཕྱི་བ་མང་པོ་ཞིག་ད་རུང་ཡང་ཕྱི་ལ་ཤོར་ཡོང་གི་འདུག་ག ད་ཁག་ཡོད་རྒྱུ་མ་རེད། རིག་གསར་ནས་འགོས་པའི་བག་ཆགས་དང་གཤིས་ཀ་དེ་ལམ་སང་བསྒྱུར་མི་ཐུབ་པ་ཁག་མི་འདུག ག་ལེར་ཤུགས་བརྒྱབ་ན་བསྒྱུར་བཅོས་བྱེད་ཐུབ་མདོག་ཁ་པོ་རེད། ཤུགས་རྒྱོབས། ཨ་མའི་བུ། ཅུང་ཤད་ཡར་རྒྱས་ཕྱིན་སྐབས་ང་ཁ་བཙུམ་ནས་སྡོད་གི་ཡིན།
    ཁྱེད་རང་གི་སྐྱོན་དེ་ལྟ་རྒྱ་ཐོས་རྒྱ་མེད་པའི་སྐྱོན་མ་རེད། རིག་གསར་གྱི་གཡའ་འདྲ་བོ་ཞིག་མིན་འགྲོ་བསམ་བསམ་ཞིག་རེད། རྗེས་མ་ཁྱེད་ལ་ཐུག་ན་ངས་ཁྱེད་ཀྱི་རྩ་ཅིག་མྱང་ན་ལམ་སང་ཤེས་གི་རེད་འདོད། ད་རེས་འགྲིག་ག ཞེ་དྲག་རྩོད་རྒྱུ་ཅང་མེད།

  3. མི་ནག་མདུང་ཐུང་། says:
    2011-01-06 at 1:53 am

    མདོ་སྨད་ཡུལ་ན་ལིམ་བི་གཉིས་པ་མང་།།
    ན་ལེན་ཌ་རུ་འབོད་པའང་གང་འཚམ་ཡོད།།
    ཁྲི་བྱང་བླ་མས་དགེ་བཤེས་ཤེས་རབ་ཚང་།།
    དགེ་ཆོས་ཁ་སྒོར་བརྫངས་པའི་གསང་སྙན་དག།
    གསུང་འབུམ་གསེབ་ཏུ་བཀྲམས་པའི་ཚུལ་བསམས་ན།།
    སྐུ་བདག་དེ་ཚོས་ཅུང་ཞིག་མ་འཇོན་འདུག།
    འོན་ཏེ་ད་ཆ་བློ་བཟང་ཡོན་ཏན་པས།།
    དགེ་ཆོས་གསུང་ལ་ཡིན་མིན་དཔྱད་པ་འདི།།
    འཁོན་སྡང་ཞེན་འཛིན་རྒྱ་དང་མ་འབྲེལ་འདུག།
    དོན་མེད་རྩོད་པ་མ་སློང་དྲ་གྲོགས་ཚོ།།

  4. བོད་ says:
    2011-01-06 at 2:15 am

    བློ་ཡོན་འདི་ནུབ་ཕྱོགས་ཀྱི་སློབ་གྲ་ཆེན་དག་ལ་སོང་བ་ཡིན་ཙང་དཔྱད་པའི་གོ་རྒྱ་མི་འདྲ་གི་ཡ།

  5. མི་ says:
    2011-01-06 at 2:37 am

    ཨ་ལ་ལ་བློ་ཡོན་གྱིས་དགེ་ཆོས་རྡུང་འདུག

  6. ཀརྡོ་རབ་འབྱམས་པ་ says:
    2011-01-06 at 5:30 am

    ༼ལྕགས་ཡོས་༼༡༩༥༡༽ལོ་ཧོར་ ཟླ་བརྒྱད་པའི་ཚེས་བཅུ་བཞི་ཉིན་སྐུ་དཀྲོངས། དེ་བས་གོང་གི་ཏ་ལྟའི་འདས་ལོ་ཟེར་པའི་འདས་ལོ་དེ་ནི་དགེ་ཆོས་སྐུ་གཤེགས་ལོ་ལྔ་ རྗེས་ཀྱི་ཡེ་ཤེའི་འདས་ལོ་དེ་རེད།༽ ལོ་རྒྱུས་སྨྲ་བ་ཁྱེད་ཀྱི་ཁུངས་དེ་གང་ན་ཡོད།

  7. བོན says:
    2011-01-06 at 6:05 am

    ཡང་བློ་ཡོན་གྱིས་འཁོན་འཛིན་གྱི་དྲི་མ་ཐུལ་ལེ། །རང་སྣང་ལོག་པའི་ཁོག་གནག་གི་སྐྱག་པ་དེ་དྲ་ཐོག་ཏུ་བཀོད་འདུག་ཀ། བློ་གྲོས་མཐའ་ཡས་ཀྱི་གསུངས་ལ་ཡི་རང་ཡོད། །

  8. ཀརྡོ་རབ་འབྱམས་པ་ says:
    2011-01-06 at 6:27 am

    དགེ་ཆོས་དམར་བར་འཇིགས་ནས། །
    རྒྱ་ལོར་རྫུས་མར་བསྙད་དེ། །
    སྐུ་དྲག་བཙོན་འཇུག་བྱས་མཐར། །
    གློད་ནས་གྲོངས་ཀྱང་བཀྲོངས་མེད། །
    བློ་ཡོན་འདི་ལ་རྨོངས་འདུག །

  9. ལྷ་མགོན་ says:
    2011-01-06 at 7:49 am

    བློ་བཟང་ཡོན་གཏན་གྱིས་དགེ་ཆོས་ཀྱི་གསུང་རྩོམ་སྐོར་དཔྱོད་པ་གནང་བ་དེར་རིག་པ་དང་ལྡན་པའི་རྒྱུ་མཚན་མང་པོ་
    འདུག་པས་དཔྱོད་ཚུལ་དེར་དགའ་ནི་ཐལ། ལོ་དུས་ཀྱི་ར་སྤྲོད་མང་པོ་གནང་འདུག། དེར་མཁན་ལེན་མི་ཐུབ་པའི་དཔྱོད་ལྡན་བློ་གསལ་བ་ཞིག་ཨ་ཡོང་། དགེ་ཆོས་ཀྱིས་རྩོམ་སྒྲུང་ནང་རྩོམ་རྐུའི་སྐད་ཆ་མང་པོ་དེ་འདྲར་མཚར། བོད་ཀྱི་རྩོམ་སྒྲུང་མང་པོར་དེའི་རིགས་ཡོད་སྲིད་དོ། གང་ལྟར་བློ་ཡོན་གྱིས་དོག་དཔྱད་དེ་མུར་མཐུད་ནས་གནང་དགོས།

  10. གཅན་བཟོད་རྒྱམ། says:
    2011-01-06 at 8:44 am

    རྡོ་སྦིས་བློ་ཡོན་གྱིས་ཞིབ་འཇུག་ཡག་པོ་གནང་འདུག་པར་གུས་བརྩི་ཞུ། འོན་ཀྱང་རབ་བྱུང་དང་ལོ་ཚིགས་རེ་ཟུང་གཏག་ནོར་ཐེབས་པ་མ་རེད་དམ། དཔེར་ན་(རབ་བྱུང་བཞི་བའི་ལྕགས་ཕག་ལོ༼༡༨༥༡༽ལ་རྙེད་པ་དང།)ཞེས་པ་རབ་བྱུང་བཅུ་བཞི་དང་། (འཛམ་གླིང་དམག་ཆེན་གཉིས་བ་ལངས་ཏེ། མེ་ཕག་༼༡༧༤༧༽བར་དུ་གདན་འདྲེན་པའི་སྐལ་བ་མ་བྱུང། )ཞེས་པ་རབ་བྱུང་བཅུ་དྲུག་པའི་མེ་ཕག་སྟེ་༡༩༤༧ ལོ་ཡིན་པ་ལྟ་བུའོ། །

    ཨོ་རེད། དགོས་ཆོས་དང་འབྲེལ་བའི་བཤད་རྒྱུན་འདི་ལའང་དྲ་གྲོགས་ཚོས་དགོངས་ཚུལ་རེ་གསུང་ན་ཅི་འདྲ་འདུག དཔེར་ན་ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་ཀྱང་དགེ་ཆོས་ཀྱི་ཡིན་སྐོར་སྐད་ཆ་ཞིག་འདུག་པ་དང་། དགེ་བཤེས་ཆོས་གྲགས་ཀྱི་བོད་རྒྱ་ཚིག་མཛོད་དེ་ཡང་དགེ་ཆོས་ཀྱི་ཡིན་སྐོར་སོགས་བཤད་སྒྲོས་ཤིག་ཡོད་པ་དེ་ཚོའི་སྐོར་ལའང་དོགས་སློང་རེ་བྱས་པ་ཡིན།

  11. མེ་ཏོག་དཀར་པོ། says:
    2011-01-06 at 8:46 am

    སྙན་རི་སྙན་ཚད་དགེ་ཆོས་ལགས་ཀྱིས་བྲིས་པ་ཡིན་ཨ་དགོས།།

  12. མདོ་ལྷ་ཁམས་པ། says:
    2011-01-06 at 9:26 am

    ཧྲ་གི
    དཔྱད་པ་ཞིབ་མོ་རེད།
    རྡོ་བློ་མ་མཇལ་ནས་ཡུན་རིང་སོང་།
    ཕེབས་པར་དགའ་བསུ་ཡོད་་་་ཡིན་ན་ཡང་།
    དགེ་ཆོས་གི་སྐོར་དེ་བསྐྱར་ཟློས་བྱེད་པ་ལས་ཚན་རིག་གི་དེབ་ཅིག་འདོན་གྲབ་ཡོད་པ་དེ་མགྱོགས་སུ་འདོན་སྤེལ་བྱེད་ཐུབ་ན་མི་བཟང་ངམ།

  13. yum says:
    2011-01-06 at 9:30 am

    འབྱོར་ཚེ་ཉེ་བའི་དྲུང་ན་ཞུད་ཞུད་དུ་འགྲོ་ཞིང་།།
    རྒུད་ཚེ་རིང་བོའི་ས་ནས་མཛུབ་ཀེར་གྱིས་འཕྱ་བ།།
    དྲིན་བྱས་དྲིན་དུ་མི་གོ་གྲོགས་ངན་གྱི་གཤིས་ལ།།
    བསམ་ཞིང་ངུ་མ་དགོད་ཀྱི་སྣང་བ་ཞིག་ཤར་སོང་།།

    ཤེས་བརྩོན་ཐོས་པ་ཅན་གྱི་ཉམ་ཆུང་གི་ཁ་སྟབས།།
    བླུན་པོ་ནོར་རྐྱལ་ཁུར་བའི་དབང་ཤེད་ཀྱིས་བཅོམ་སྟེ།།
    ཆོས་མཐུན་བཀུར་སྟིའི་བཞུགས་གྲལ་གོ་ལོག་ཏུ་བསྡེབས་ནས།།
    སེང་གེ་ཁྲི་ཡི་གཡོག་ཏུ་གྱུར་ཚུལ་འདི་སྐྱོ་བ།།
    དགེ་ཆོས་

  14. མི་ says:
    2011-01-06 at 10:21 am

    ཀརྡོ་རབ་འབྱམས་པ་ཟེར་བ་ཁྱེད་རབ་འབྱམས་པ་ཞིག་ཡིན་ས་མ་རེད། འདི་ཙམ་ཡང་ཤེས་གི་མི་འདུག

    ༼ལྕགས་ཡོས་༼༡༩༥༡༽ལོ་ཧོར་ ཟླ་བརྒྱད་པའི་ཚེས་བཅུ་བཞི་ཉིན་སྐུ་དཀྲོངས། དེ་བས་གོང་གི་ཏ་ལྟའི་འདས་ལོ་ཟེར་པའི་འདས་ལོ་དེ་ནི་དགེ་ཆོས་སྐུ་གཤེགས་ལོ་ལྔ་ རྗེས་ཀྱི་ཡེ་ཤེའི་འདས་ལོ་དེ་རེད།༽ ལོ་རྒྱུས་སྨྲ་བ་ཁྱེད་ཀྱི་ཁུངས་དེ་གང་ན་ཡོད། དེའི་ཁུངས་བློ་ཡོན་གྱིས་བཤད་བཞིན་པའི་མཐོང་ཐོས་ཀུན་གྲོལ་ཟེར་ནང་ན་་་་་་་ད་ལྟའི་འདས་ལོ་1956པའི་གོང་གི་ལོ་དྲུག་བརྒྱ་ཙམ་གྱི་ནང་དུ་ཨེ་ཤའི་མི་རིགས་ནང་བློ་རིག་གི་འཕེལ་འགྱུར་ཆེན་པོ་བྱུང་ཞིང”ཞེས་བྲིས་ཡོད་པས་༡༩༥༦ལོར་སྐུ་དངོས་སུ་ཡོད་པའི་མི་ཞིག་གིས་བྲིས་པ་རེད་ཟེར་གི་ཡོད་པ་རེད། སྐབས་དེར་དགེ་ཆོས་འདས་ལོགས་བརྒྱབས་ཡོད་ན་གནས་ཚུལ་ལོགས་པ་རེད།

  15. ཀརྡོ་རབ་འབྱམས་པ་ says:
    2011-01-06 at 10:37 am

    དགེ་ཆོས་དམར་བར་འཇིགས་ནས། །
    རྒྱ་ལོར་རྫུས་མར་བསྙད་དེ། །
    སྐུ་དྲག་བཙོན་འཇུག་བྱས་མཐར། །
    གློད་ནས་གྲོངས་ཀྱང་བཀྲོངས་མེད། །

    བློ་ཡོན་འདི་ལ་རྨོངས་འདུག །
    རྡོ་སྦི་བློ་ཡོན་རྒྱབ་སྐྱོར། །
    རྗེས་འཇུག་མི་མིང་འབོད་པ། །
    གྲོངས་དང་བཀྲོངས་ལ་རྨོངས་འདུག །

  16. ཁང་ནག་པ། says:
    2011-01-06 at 11:53 am

    ཀ་ལི་ཀ་ཏ་བལ་ཡུལ་པེ་ཅིང་དང་།
    ཁ་བ་ཅན་གྱི་གྲོང་ཁྱེར་ལྷ་ས་སོགས།
    ག་ས་གང་དུ་ཡོད་པའི་མི་དེ་རྣམས།
    ང་ཡིས་བལྟས་ན་རང་བཞིན་གཅིག་པར་མཐོང་།

  17. མི་ says:
    2011-01-06 at 12:33 pm

    ཀ་རྡོ་རབ་རྨོངས་བ་ལགས། དེ་ཡིན་ན་བློ་ཡོན་གྱི་དག་ནོར་ལ་རང་ཉིད་གོ་ནོར་ཐེབས་པ་རེད། ངས་གྲོངས་མ་བཀྲོངས་གི་སྐད་ཆ་ཅང་བཤད་མེད།

  18. ཀརྡོ་རབ་འབྱམས་པ་ says:
    2011-01-06 at 1:55 pm

    དགེ་ཆོས་སུས་བཀྲོངས་པ་རེད། ངས་འདིའི་ཁུངས་འཁྱེར་ཤོག ཟེར་བ་མི་མིང་མི་ཁྱོད་ངར་དགོས་ཅི་རེད། ངའི་མཆན་བུ་ཨང་༨པ་ལ་༡༣པ་དེ་སུའི་རྨོངས་སྐད་རེད།

  19. རྡོར་ནག says:
    2011-01-06 at 3:32 pm

    རྩོམ་འདི་དགེ་ཆོས་ཀྱི་མིན་པའི་སྐོར་ལ། ན་ནིང༼༢༠༡༠ལོ༽སྤྱི་ཟླ༡༡པའི་ཚེས་༡༦ཉིན་གུས་པས་དབྱིན་ཡུལཨོཀ་ཁེ་སེ་ཧྥོརདྷེ་Oxfordསློབ་ཆེན་དུ་བཤད་པ་ཞིག་ཕུལ་དུས། ད་བར་སྤྱི་གསལ་་བྱུང་མེད་པའི་དགེ་ཆོས་ཀྱི་ཕྱག་བྲིས་བསྟར་མ་དང་འདྲ་པར་མང་པོ་དང་བཅས་ཏེ་བཤད་པ་ཞིག་ཕུལ་བ་ཡིན་མོད། དེ་དུས་དུས་ཚོད་དབང་གིས་ཁ་གསལ་པོ་ཞུ་ཐུབ་མ་སོང་། དེབ་དེ་དགེ་ཆོས་སྐུ་གྲོངས་པའི་རྠེས་ལ་ཐོན་པ་ཡང་མངོན་གསལ་དང་ཀ་སྦུག་ནས་སྐབས་འཚོལ་པ་ཞིག་གིས་པར་ཏུ་བཏབ་པ་ཡང་མངོན་གསལ་རེད། དེ་དང་པོ་རྡོ་རྗེ་རྒྱལ་ལགས་ལ་རེག་དོན་ནི་ཧོར་ཁང་ཚང་བརྒྱུད་ནས་མདོ་སྨད་ལ་སླེབས་པ་ཞིག་རེད། དེབ་དེའི་སྒང་ལ་ཧོར་ཁང་སྲས་བྱམས་པ་བསྟན་དར་གྱིས་མཚན་བཀོད་ས་ཡིག་བསྐྱོན་གནང་གི་ཟླ་ཚེས་ནི་སྤྱི་ལོ༢༠༠༠ལོ་་རེད།
    ལྗང་བུ་ནས།

  20. རྡོར་ནག says:
    2011-01-06 at 3:45 pm

    རྡོ་རྗེ་རྒྱལ་ལགས་ཀྱིས་གཞི་འཛིན་གནང་སའི་་དེབ་དེ་ག་རང་གི་པར་ཁ་ཤས། པར་པ་ནི་མཐར་ཕྱིན་བྷ་བྷུ་ཡིན་པ་འཁོད་འདུག ལོ་ཟླ་འཁོད་འདུག དྷརྨའི་མིང་ཅན་ནས་ཞེས་པ་དེ་རྫུན་བཟོ་རེད། མ་ཡིག་ལ་ཁྱོན་ནས་མཇལ་རྒྱུ་མི་འདུག

  21. ཤ་ཟན་དམར་པོ།། says:
    2011-01-06 at 5:01 pm

    ཨ་ལེ། དེ་འདྲ་རེད་དམ།
    རྡོ་སྦིས་བློ་ཡོན་ཟེར་བ་དེས་གཞན་གྱི་ནོར་འཁྲུལ་ཆུང་ཙག་རེ་རྙེད་ན། དེ་ཁྲོམ་བསྒྲགས་བྱེད་སྐབས། ཀི་བཏབ། རྔ་རྡུང་། དུང་བུས། ལྷ་རྒྱལ་འཐེན། གཞན་པ་མང་པོ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་བྱས། མི་ཚོགས་ནང་ལ་སུ་ཐེབས་གང་ཐེབས་མེད་པར་འུར་རྡོ་འཕངས། དེ་འདྲ་བྱས་སྨྱོ་སྤྱོད་འཁྲབ་ཏེ་མི་ཚོགས་ཟ་ངེ་ཟིང་ངེ་བཟོ་བཞིན་ནོར་བ་ཆུང་ཙག་རེ་རྙེད་པ་དེ་བཤད་དགོས་མཁན་ཞིག་མི་འདུག་གེ མན་རྡོག་ཁེར་མ་ཟིག་བཏོན་ནོ། ངས་བལྟས་ན་ཁོ་དེ་འདྲ་ཞིག་རེད།
    དངོས་སུ་ན། གོང་དུ་ཁོས་བྲིས་པའི་རྩོམ་དེའི་རིན་ཐང་ནི། རྡོར་ནག་གིས་བྲིས་པའི་ཐིག་འཕྲེང་གསུམ་བཞི་བོ་དེའི་རིན་ཐང་ཡང་ཡོད་ལ་མེད་ཅིག་རེད། བཀའ་འགྱུར་འདོན།

  22. རྡོར་ནག says:
    2011-01-06 at 6:46 pm

    རྡོ་སྦིས་བློ་ཡོན་ཟེར་བ་ཞལ་ག་ལ་མཇལ། མཚན་ཐོས་པ་ཡང་ད་རེས་ཡིན།
    དེ་བས་་གོང་གི་རྗེས་དེད་སྦྱར་བྱང་དེ་་ནི་ཁོང་ལ་གཟས་པ་ཞིག་ཁྱོན་ནས་མིན།
    གུས་པར་ཡིག་ཆ་ཁུངས་ཐུབ་མང་པོ་རེག་པས་གདེང་ཚོད་ཕྲན་བུའི་ཞོར་ཀུན་དང་མཉམ་དུ་སྤྱོད་འདོད་ཡིན་ལ།
    དེ་འབྲེལ་ཡིག་རྩོམ་ཉག་ཉོག་ཅིག་ལ་ད་ཆ་དག་བཟོའི་སྒང་ཡིན་པར་མི་འགྱངས་ལྷན་རྒྱས་ལ་སྤྱན་འབུལ་ཞུས་ཆོག
    དེ་དུས་འདྲ་པར་སྐོར་ཞིག་ཀྱང་སྦྲག་མར་སྤེལ་ཐུབ་ཞུ།
    ལྗང་བུ་ནས།

  23. སྤོབས་པ་མཐའ་ཡས། says:
    2011-01-06 at 6:57 pm

    ངས་དེ་རིང་རྩོམ་འདི་བཀླགས་དུས་དགེ་ཆོས་ཀྱི་གཏམ་རྒྱུད་གསེར་ཐང་གི་མགོ་བརྗོད་ཡིན་ནམ་ཞིག་ཏུ་ངས་འདིར་ཁ་བརྡ་ཞིག་བྱེད་ཀྱིན་ཡོད། གཞུང་རྩོམ་གི་མེད། ང་ལ་ཁ་མཆུ་མ་འཛུགས་རོགས་ཞེས་གསུངས་པ་དེ་ངོ་མ་མ་འོངས་ལུང་བསྟན་ལྟ་བུ་ཞིག་ཏུ་གྱུར་འདུག་སྙམ། ལོ་དྲུག་བརྒྱ་ཙམ་ཞེས་བརྗོད་ཡོད་ན་ཙམ་སྒྲ་ལ་རྣམ་བཅད་ཡོད་པས་ལོ་དྲུག་བརྒྱ་ཏག་ཏག་ཡིན་ག་ལ་དགོས། འདི་ཚོ་གུ་དོག་དྲགས་པའི་ལྟ་སྟངས་ཤིག་དང་གཞན་སྐྱོན་ལ་ལྟ་བའི་མིག་རྣོ་དྲགས་པ་རེད།

  24. སྤོབས་པ་མཐའ་ཡས། says:
    2011-01-06 at 6:59 pm

    རྡོར་ནག་ལགས་ཐུགས་རྗེ་ཆེ།

  25. ཁང་ནག་པ། says:
    2011-01-06 at 8:31 pm

    བློན་པོ་འགར་གྱི་མི་རྒྱུད་ཐལ་བར་བཏང་།
    ཉང་བློན་ཆེན་པོ་མི་འཁོམས་ཡུལ་ལ་མཛངས།
    རྩིས་དཔོན་ལུང་ཤར་འདྲེན་བྱེད་དབང་པོ་བཏོན།
    དགེ་འདུན་་ཆོས་འཕེལ་མུན་པའི་བཙོན་དུ་བཅུགས།།
    ཀུན་གཟིགས་བཅུ་པར་ཚོང་པའི་མིང་གིས་བསྙད།
    འཇམ་དབྱངས་ནོར་བུར་གཏོར་མ་ལྕགས་ཁ་དབྱུགས།
    དམངས་གཙོའི་ཚགས་པར་ཐལ་བའི་རྡུལ་དུ་བརླགས།
    ཟླ་བ་ནོར་བུ་རྡ་སའི་ཡུལ་ནས་ཕུད།
    ཀེའུ་དོན་གྲུབ་ཆོས་མེད་ཀླ་ཀློར་བསྙད།
    བོད་ལ་དྲིན་ཆེན་བྱས་ཀྱང་དྲིན་མེད་གོ
    སློབ་དཔོན་ཆེན་པོ་གསུངས་སྐད་གཏིང་ནས་ཤོར།

  26. ལྕགས་རྒྱ་འགྲམ་ནག says:
    2011-01-07 at 12:35 am

    ཞིབ་ཏུ་ཀློག་ཁོམ་མ་བྱུང་མོད། ཞོར་འཕྲོས་ཀྱི་ཁ་འཛིང་དེ་དག་ལ་དགོས་པ་ཆེར་མ་མཐོང་།

  27. སྙན་བཟང་གཡུང་དྲུང་ཚེ་རིང says:
    2011-01-07 at 6:17 pm

    རྡོ་སྦིས་བློ་ཡོན་གྱིས་ཐོག་མར་ཤེས་དགོས་པ་ནི། གོང་གི་རྩོམ་འདིའི་ས་བོན་དུ་གྱུར་བའི་དེབ་འདི་དགེ་ཆོས་ཀྱི་བརྩམས་པ་མིན་ནའང་། དགེ་ཆོས་ཀྱི་ཐོག་ལ་བཤད་རྒྱུ་ཅི་ཡང་ཡོད་པ་མ་རེད། དེབ་འདི་དགེ་ཆོས་ཀྱི་བརྩམས་ཆོས་ཁྲོད་དུ་བཞག་པ་དེ་ལའང་རྒྱུ་མཚན་ཁ་ཤས་ཤིག་ཡོད་པ་རེད་སྙམ། གཅིག་ན་དེབ་འདི་ལ་རྩོམ་པ་པོ་མེད་པ་རེད། གཉིས་ན་དེབ་འདི་དགེ་ཆོས་གཤེགས་མ་གཤེགས་ཀྱི་དུས་སུ་བརྩམས་པ་རེད། གསུམ་ན་དེབ་འདིའི་བརྗོད་བྱ་དགེ་ཆོས་ཀྱིས་དོ་སྣང་བྱས་མྱོང་བ་ཞིག་རེད། བཞི་ན་དགེ་ཆོས་ཀྱི་བརྩམས་ཆོས་མང་པོ་ཞིག་བོར་བརླག་ཏུ་ཕྱིན་པ་རེད། དགེ་ཆོས་གཤེགས་རྗེས་དེབ་འདི་ལ་མི་ཞིག་གིས་བཟོ་བཅོས་བྱས་ཏེ་བཟོ་བཅོས་རྒྱག་མཁན་གྱིས་རང་གི་མིང་འབྲི་མ་ཐུབ་པར་ལུས་ཡོད་ནའང་ཐང་། དགེ་ཆོས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས་བྱེད་མཁན་རྣམས་ཀྱིས་དེབ་འདི་འདྲ་ཞིག་ས་འོག་ནས་ས་ཁར་དྲངས་པ་དེ་ཡག་པོ་རེད། མ་འོངས་པར་དེབ་འདིའི་སྐོར་ཁ་ཇེ་གསལ་དུ་འགྲོ་ཐུབ་པའི་རེ་བ་ཡོད།
    བློ་ཡོན་གྱིས་དགེ་ཆོས་ཀྱི་གསེར་ཐང་དུ་གསལ་བའི་རྒྱའི་ལོ་རྒྱུས་ལས་བྱུང་བའི་བོད་ཀྱི་ལོ་རྒྱུས་སྐོར་གླེང་འདུག་པས། ངས་འདི་དང་འབྲེལ་བ་ཡོད་པ་ཞིག་གླེང་འདོད་བྱུང་། བོད་ཀྱི་ལོ་རྒྱུས་ྐློག་སྐབས། དཔེར་ན། རགས་རམ་གཡུ་ཕྲེང་དུ་གསལ་བའི་བཙན་པོའི་སྐབས་ཀྱི་ལོ་རྒྱུས་ལྟ་བུ་ཡིན་ན། རྩོམ་པ་པོ་རྣམ་གཉིས་ཀྱིས་ལོ་རྒྱུས་ཀྱི་ཁུགས་གང་ལ་གཏུགས་འདུག་པ་དང་། དཔྱད་གཞིའི་ཡིག་ཆ་ག་རེ་ཡིན་པ་སོགས་ལ་གཟབ་གནན་བྱེད་ཀྱི་ཡོད་ལ། རྡོ་རིང་གི་ཡི་གེ་དང་། ཡིག་རྙིང་། ལྷག་པར་དུ་རྒྱའི་ལོ་རྒྱུས་ནང་དུ་གསལ་བའི་བོད་ཀྱི་ལོ་རྒྱུས་སོགས་ལ་ཡིད་རྟོན་བྱེད་ཐུབ་ཀྱི་ཡོད། སྐབས་རེར་རྒྱའི་ལོ་རྒྱུས་ནང་གི་བོད་ཀྱི་ལོ་རྒྱུས་འདི་དག་ལའང་དོགས་པ་སླེབས་ཀྱི་འདུག གསེར་ཐང་ནང་དུ་གསལ་བའི་རྒྱའི་ལོ་རྒྱུས་ལས་བྱུང་བའི་བོད་ཀྱི་ལོ་རྒྱུས་ནང་གི་སྲོང་བཙན་གྱི་སྐོར་གླེང་སྐབས། བོད་རང་གི་ལོ་རྒྱུས་ཀྱི་ཡིག་ཆ་ལས་ལྡོག་སྟེ། བོད་དམག་ཕམ། སྲོང་བཙན་འཇིགས་ནས་བྲོས། གོང་མ་ལ་བཟོད་གསོལ་བྱས་པ་སོགས། མདོར་ན་བོད་ཕམ་རྒྱ་རྒྱལ་ལྟ་བུ་མང་པོ་ཞིག་བྲིས་འདུག་པས། མཚམས་རེར་རྒྱའི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ལོ་རྒྱུས་བྲི་སྐབས་གང་དྲན་བྱས་པ་མིན་ནམ་དྲན།
    ད་དུང་། རྒྱའི་ལོ་རྒྱུས་ནང་དུ་རྒྱལ་པོ་གླང་དར་གྱི་སྐབས་སུ་བོད་དམག་ཁྲི་ཕྲག་མང་པོའི་གྲངས་ཀ་བཤད་ཡོད། བདེན་མིན་མི་ཤེས། ལྷག་པར་དུ་ཐང་ཡིག་སྙིང་བསྡུས་ཞེས་པའི་དེབ་དེའི་ནང་དུ་གླང་དར་སྐབས་སུ་‘‘གཙུག་ལག་ཁང་ཆེ་འབྲིང་སྟོང་བཞི་དང་དྲུག་བརྒྱ་ལྷག་ཙམ་བཤིགས་པ། ལྷ་ཁང་ཆུང་བ་ཁྲི་བཞི་ལྷག་ཙམ་བཤིགས་པ། རབ་བྱུང་པ་ཁྲི་ཉེར་དྲུག་ལྷག་ཙམ་ཁྱིམ་ལ་བབ་དུ་བཅུག་’’ཞེས་གསལ་འདུག་པས། ད་བོད་ཀྱི་ཡིག་རྙིང་ལ་ཡིད་ཆེས་དགོས་སམ། རྒྱའི་ལོ་རྒྱུས་སྨྲ་བ་ཚོས་བྲིས་པའི་དེབ་འདི་ཚོར་ཡིད་ཆེས་བྱེད་དགོས། བདག་མགོ་རྨོངས་ནས་བསྡད་ཡོད།
    ཡ་མཚར་བ་ཞིག་ལ། ལོ་གཉིས་ཀྱི་གོང་དུ། ངས་རྒྱ་ནག་པེ་ཅིང་གི་གནམ་ཐང་དུ་བོད་རིག་པའི་ཆེད་ལས་པ་གྲོགས་པོ་ཞིག་ལ་ཁ་བརྡ་བྱས་པ་ཡིན། ཁོང་གིས་རྒྱའི་ལོ་རྒྱུས་སྨྲ་བ་ཞིག་ལ་བློན་ཆེན་པོ་མགར་སྟོང་བཙན་དང་ཁོང་གི་བུ་རབས་ཚ་རྒྱུད་ཀྱི་སྐོར་ལ་གླེང་མོལ་བྱས་འདུག རྒྱ་མི་དེས་བཤད་ན་རྒྱའི་ལོ་རྒྱུས་ཡིག་ཚང་ནང་དུ་བློན་ཆེན་མགར་གྱི་བུ་རབས་ཚོའི་དམག་གི་མཚོན་ཆ་མདང་གྲི་མདུང་གསུམ་གྱིས་མི་ཚད་པར། ཐ་ན་‘དེང་རབས་ཀྱི་འགད་རྫས་ལྟ་བུའི་མཚོན་ཆ་’མང་པོ་ཡོད་པ་སོགས་ཀྱང་བྲིས་འདུག་ཅེས་ཁོ་ལ་བཤད་བྱུང་ཟེར། འདི་འདྲ་རེད། ད་མང་པོ་མི་བཤད།

  28. བེ་རི་འཇིགས་མེད། says:
    2011-01-08 at 7:24 am

    དགེ་ཆོས་ཀྱིས་སྤྱོད་འཇུག་དབྱིན་སྐད་ཐོག་བསྒྱུར་བའི་མ་ཕྱི་དང་པོ་དེ་ང་རང་མིག་དངོས་པོས་མཐོང་བྱུང་། དེ་ནི་ཤོག་གུ་ཐབས་ཆགས་ཤིག་གི་ཐོག་ཏུ་ཡིག་གཟུགས་སྣང་བ་འགྲོ་བོ་ཞིག་བྲིས་འདུག བར་བར་དུ་ནག་བསུབས་དང་ཡར་འཇུག་མར་འཐུད་ཀྱང་དུ་མར་གནང་འདུག མ་ཕྱི་འདི་སྒང་ཏོག་ནས་དགེ་ཆོས་འགྲོགས་འགྲོས་དམ་པོ་ཡོད་པའི་མི་རྒན་ཞིག་གིས་དོ་ན་ནན་པོ་བྱས་ནས། མཁས་དབང་྾྾྾྾ལགས་ཀྱི་ཕྱག་ཏུ་ཕུལ་འདུག ཁ་སང་ཉེ་ཆར་ཡང་དགེ་ཆོས་ཀྱི་ཨ་རིར་འགྲོ་གྲབས་བྱས་ནས་ལམ་ཡིག་སྐོར་གྱི་སྙན་ཞུ་དང་འགེངས་ཤོག་སོགས་མང་དག་ཅིག་ཀྱང་྾྾྾྾མཁས་དབང་ཁོང་གི་ཕྱག་ཏུ་རག་འདུག རང་རེ་ཨ་མདོ་བ་རྣམས་ཕྱི་རྒྱལ་ཨེ་ཐར་བལྟ་རྒྱུའི་སྔོན་འཐོན་གྱི་བསམ་བློའི་ཤིང་རྟ་བའང་ཁོང་ཉིད་རེད་འདུག འོན་ཀྱང་ལམ་འགྲོ་རྒྱུགས་མི་འདུག
    གྲྭལོག་ལྟ་ལོག་ངོ་ལོག་ར་གཟི་བ།།
    འདི་ཡི་རྣམ་དཔྱོད་སྤོབས་པའི་གདེངས་ཀ་ཆེ།།
    ཁྱུང་ཆེན་གཤོག་པར་འགྲན་མིན་ཇི་ལྟར་ཡང་།།
    གཟུར་གནས་མཁས་པའི་རྒྱན་ཆ་ཉིད་ཏུ་འཁུམས།།

  29. ཀརྡོ་རབ་འབྱམས་པ་ says:
    2011-01-08 at 7:52 am

    སྙན་གཡུང་ལགས་ཀྱིས། དྭོགས་སློང་དེ་ལ་ལན་འདེབས་ཅིག། སུས་གནང་ཐུབ་བམ།

  30. མེ་ཏོག་དཀར་པོ། says:
    2011-01-08 at 9:19 am

    ཀ་ཤོད་པ་དང་ཁྲི་བྱང་རིན་པོ་ཆེས། །
    ཁ་ཐབས་ཞན་པའི་དགེ་འདུན་ཆོས་འཕེལ་ཁོང་། །
    ག་ལེར་རྒྱལ་ས་ལྷ་སར་བཀུག་པའི་རྗེས། །
    ངམ་ནག་གཙོན་དོང་ནང་དུ་ལོ་གསུམ་བཅུག །

    ཅ་ཟིང་མགོ་རྙོགས་ཧིན་བོད་ས་མཚམས་ཀྱི། །
    ཆ་རྒྱུས་བླངས་ནས་ས་ཁྲ་བླངས་པ་ལ། །
    ཇག་པ་མགོ་སེར་ཅན་ཚོ་ཕྲག་དོགས་ནས། །
    ཉམ་ཆུང་ཁོང་ལ་དོན་མེད་ནག་ཉེས་བཀལ། །

    ཏཱ་ལའི་བླ་མ་གསེར་ཁྲིར་མངའ་གསོལ་དུས། །
    ཐ་ཆད་ནག་ཉེས་ཁོང་ལ་མེད་མཐོང་ནས། །
    ད་གཟོད་གཙོན་ལས་གློད་པར་བྱས་ན་ཡང་། །
    ན་ཚ་དཀའ་སྡུག་ཆེ་བས་ཚེ་ལས་འདས། །

    པ་ལྕོག་མགོ་ལ་རྒྱན་པའི་མི་ཆེན་དང་། །
    ཕ་མ་འགྲོ་ལ་བརྩེ་བའི་བླ་ཆེན་ཚོ། །
    བ་གམ་མཐོན་པོའི་ཁྲི་ལ་སྡོད་པ་ལས། །
    མ་གིའི་བདེ་སྡུག་ངོ་མ་ག་ལ་མཐོང་། །

    ཙི་ནིའི་དམར་དམག་བོད་དུ་བཙན་འཛུལ་གྱིས། །
    ཚབ་ཆེའི་བསྟན་སྲིད་ཉམ་ཉེས་འབྱུང་རྒྱུ་སོགས། །
    ཛ་དྲག་དུས་ཀྱི་འགྱུར་བ་འགྲོ་ངེས་ཚུལ། །
    ཝ་ལེར་ཤེས་མཁན་དེ་དུས་ཁོང་ཉིད་ཙམ། །

    ཞ་སྨྱུུག་ཞིག་གིས་བོད་ཀྱི་ལོ་རྒྱུས་བྲིས། །
    ཟ་འདོད་སྤངས་ནས་ལོ་རྒྱུས་ཉམས་ཞིབ་བྱས། །
    འ་ཅག་དོན་དུ་མ་བྱས་མེད་བཞིན་དུ། །
    ཡ་གིའི་ཐག་རིང་ཡུལ་དུ་ནན་གྱིས་བརྫངས། །

    ར་ཧུ་ལ་དང་རོ་རེག་འགྲོགས་པ་དང་། །
    ལ་ལུང་བརྒལ་ནས་ས་ཁྲ་བྲིས་པ་སོགས། །
    ཤ་ཚ་སྙིང་རྗེ་བོད་ལ་བྱས་པའི་ཡོན། །
    ས་དབང་ཆེན་པོས་རྟ་ལྕགས་ལྔ་བཅུ་བཏང་། །

    ཧ་ཤང་ལྟ་བ་འཛིན་ཞེས་འགའ་ཡིས་འཛེར། །
    ཨ་ལྕག་བུ་མོ་གཡབ་ཅེས་འགའ་ཡིས་སྒྲོགས། །
    གང་ལྟར་ཁྱོད་ཀྱིས་བཞག་པའི་ལག་རྗེས་ནང་། །
    བསྟོད་དང་རྩོད་དང་རྩེད་མོས་ངེད་རྣམས་བྲེལ། །

  31. དབང་ཆེན། says:
    2011-01-08 at 11:40 am

    མེ་ཏོག་དཀར་པོའི་ཡི་གེའི་དག་ཆ་དང་རྩོམ་རྩལ་སྔར་ལས་བརྒྱ་འགྱུར་འཕར་འདུག ཁ་བརྡ་ཚང་གི་དྲིན་ལོས་ཡིན། ལྕེ་ནག་རྡོར་ནག་གི་གསུང་བ་དེ་དངོས་པོའི་དོན་ལ་ཅུང་ཞིག་ཉེ། ཁྱབ་པ་ཡོད་མེད་ད་དུང་དཔྱད་དགོས། བེར་འཇིགས་སོགས་དགེ་ལྡན་པའི་མཁས་པ་རྣམས་ཀྱིས་དགེ་ཆོས་ལ་ཁ་ཟེར་སྣ་ཉེར་དེལོ་རྒྱུས་ཀྱི་འཁོན་འཛིན་ཞིག་རེད། ཀུན་སྤྱོད་གཙང་བའི་ཞྭ་སེར་བ་ཞིག་གིས་སྨྲས་ན་མི་འོས་པ་ཆེར་མེད། བཀའ་རྙིང་གིས་དགེ་ཆོས་ལ་བསྟོད་པ་དེ་ལྟ་སྤྱོད་མཐུན་པ་ཡིན་ལས་ཆེ། མདོད་པའི་བསྟན་བཅོས་ཀྱི་བཀའ་དྲིན་མིན་ཡོང་། དགེ་ཆོས་ཀྱི་སྐོར་གླེང་བ་དང་ཆོལ་ཁ་དང་ཆོས་ལུགས་གི་དཔྱད་པ་ཞིག་གི་སྔོན་འགྲོ་དགོས་པ་འདི་དེང་དུས་ལོ་རྒྱུས་སྨྲ་བ་སྤྱི་ལ་ཡོད་པའི་ནད་རོ་ཞིག་རེད། འདི་ལས་ཐར་བའི་དུས་ཞིག་བྱུང་ན་དགེ་ཆོས་ཀྱི་བཞིན་རས་ངོ་མ་མཇལ་ཐུབ་ལས་ཆེ།

  32. མི་ says:
    2011-01-08 at 12:04 pm

    སྙན་གཡུང་ལགས་ལ།
    ཕྱོགས་ལ་གནས་ལུགས་མེད།
    དེབ་འདི་དགེ་ཆོས་ཀྱི་བརྩམས་ཆོས་ཁྲོད་དུ་བཞག་པ་དེ་ལའང་རྒྱུ་མཚན་ཁ་ཤས་ཤིག་ཡོད་པ་རེད་སྙམ། ཟེར་བ་ལ་རྒྱུ་མཚན་ཡོད་པ་རེད། རྒྱུ་མཚན་ཡང་དག་ཡིན་མིན་བཤད་གི་འདུག
    ༡ རྩོམ་པོ་མེད་པ་ཚང་མ་དགེ་ཆོས་དགོས་པ་ཨེ་ཡོད།

  33. ཞིང་པའི་བུ། says:
    2011-01-08 at 12:30 pm

    ཀ་ཡེ་ཚུར་ཚུར་གསོན་དང་པད་ཀར་ལགས།།
    ཁ་སྔོན་ང་གཉིས་ཐུག་པ་དེ་ཨེ་དྲན།།
    ག་ས་གང་ན་བཙལ་ཡང་མ་རྙེད་པའི།།
    ང་ཡི་གྲོགས་ཁྱེད་སླར་ཡང་ཐུག་པ་དགའ།།

    ཅ་ག་ཁྱེར་ནས་ཕྱི་རྒྱལ་འགྲོ་འདོད་པའི།།
    ཆ་ལུགས་བོད་ཆས་གོན་པའི་པད་ཀར་ཁྱེད།།
    ཇ་ཆང་བཏུང་ནས་ལྷོད་པོར་བཞུགས་ཞོར་དུ།།
    ཉ་ཉོག་མང་བའི་དྲྭ་ཚིགས་ཀློག་ལ་བྲེལ།།

    གུས་རྩམ་་་་་་་་་་་་་་་་་་་་ནས་ཕུལ།།།

  34. མེ་ཏོག་དཀར་པོ། says:
    2011-01-08 at 12:48 pm

    ཏ་རེ་ལྷ་མོས་ངག་ལ་བྱིན་རླབས་པའི། །
    ཐ་ཆད་ང་ཡི་གྲོགས་པོ་མིང་མང་ཅན། །
    ད་ལྟ་མཇལ་འདིས་སྔ་མོ་སྡ་མོ་ཡི། །
    ན་རེར་མོལ་བའི་འདས་དོན་ལྷང་ལྷང་དྲན། །

    པ་ཕའི་བུ་ང་ཕྱི་རྒྱལ་འགྲོ་འདོད་ནས། །
    ཕ་རོལ་ཚུར་རོལ་མང་ཙམ་རྒྱུགས་པའི་དཔེར། །
    བ་དན་རླུང་གིས་བསྐྱོད་པ་བཞག་ན་ཡང་། །
    མ་འོས་མེད་པ་འདྲ་སོང་གྲོགས་པོ་ལགས། །

  35. ཞིང་པའི་བུ། says:
    2011-01-08 at 1:05 pm

    ཙ་རི་གནས་སྐོར་བྱེད་དུས་དཀའ་ཚེགས་ཆེ།།
    ཚ་གྲངས་ངལ་བ་བཟོད་ཅིག་ཕ་ཡི་བུ།།
    ཛ་དྲག་ཐུག་དུས་སེམས་ལ་ངར་ཆ་དགོས།།
    ཝ་མོའི་འགྲོས་ལ་མ་མོས་གྲོགས་མཆོག་ལགས།།

    ཞྭ་གོས་དོན་དུ་ཕྱི་ཡུལ་འགྲོ་བ་ལས།།
    ཟ་ཉལ་བྱེད་ནས་རྒྱ་གར་འདུག་ན་དགའ།
    འ་ཅག་ཚང་མས་ཞིབ་ཏུ་འདང་རྒྱག་ན།།
    ཡ་མཚན་ལྟས་མོ་རྒྱ་གར་ཡུལ་ན་འདུག།

    ར་མ་རིས་སོགས་གནའ་བོའི་རིགས་གཞུང་ཕྱུག།
    ལ་ལུང་བརྒལ་བའི་དེང་གི་འཕྲུལ་ཆས་མང་།།
    ཤ་ཁྲག་དམར་ཟས་མོད་ཅིང་དཀར་ཟས་ཕྱུག།
    ས་ཆ་ཁོད་ཡངས་ཚ་གྲངས་ཕལ་ཆེར་སྙོམ།།

    ཧ་ལམ་འཛམ་གླིང་རྒྱལ་ཁབ་རྩེར་སོན་ཞིག།
    ཨ་མཚར་མ་ཡིན་ཕལ་ཆེར་ཡིན་པར་སེམས།།

  36. ཤེས་ཤེས། says:
    2011-01-08 at 11:59 pm

    དགེ་ཆོས་ཀྱི་སྙིང་སྟོབས་རང་རྒྱུད་ལ་འཇགས་ཐུབ་མཁན་གྱི་བོད་པ་ཤིན་དུ་ཉུང་། དགེ་ཆོས་ཞིབ་འཇུག་བྱས་ནས་མཐར་འབྲས་བུ་གཅིག་ནི་ཁོང་གི་ཡོན་ཏན་དེ་རང་རྒྱུད་ལ་སྦྱར་ཐུབ་པ་དགོས་པ་འདི་མེད་པར། རྟག་ཏུ་དགེ་ཆོས་ངག་ནས་འདྲངས་ནས་རང་བསྟོད་བྱེད་མཁན་གྱི་མི་རྣམས་ནི་ད་བར་ཆད་རྒྱུ་མེད་པར་བྱོན་བཞིན་སྣང་། སྔོན་མ་སྣར་སྐྱིད་ངག་དབང་དོན་གྲུབ་ཞུ་བའི་སྐུ་ངོ་རྒན་འགྲས་ཤིག་འདུག་པ་དེ་ཡང་དགེ་ཆོས་ལགས་ཀྱི་སློབ་མར་གྲགས། ཡིན་ནའང་། ཁོང་གི་ཕྱི་ནང་གི་སྤྱོད་ལམ་དང་བསམ་བློ་གཏོང་སྟངས་གང་གི་ཆ་ནས་བལྟས་ཀྱང་། དགེ་ཆོས་ལགས་ཀྱི་ཡོན་ཏན་རེ་གཉིས་ཡིད་ལ་འཇགས་པ་མཐོང་ཐུབ་ཀྱི་མིན་འདུག

    དེ་བཞིན་དེང་སང་དགེ་ཆོས་ཀྱི་ཞིབ་འཇུག་པ་དང་མཁས་དབང་མང་པོ་ཞིག་བྱོན་བཞིན་སྣང་ཡང་། ཁོང་རྣམས་ཀྱིས་དགེ་ཆོས་ཀྱི་གནད་འགག་ཆེན་པོར་འཛིན་པའི་རིག་པ་དང་བསམ་བློ་གཏོང་སྟངས་འདི་ཚོར་དོ་སྣང་མ་བྱས་པར། དགེ་ཆོས་ཀྱི་ཞར་འཕྲོས་ཀྱི་ཀུན་སྤྱོད་དང་དགོངས་པ་རྣམས་ཆེད་བསྟོད་བྱེད་པ་འདི་དགེ་ཆོས་ལ་སྨོད་པའང་བསྟོད་པ་གང་ཡིན་ཤེས་རྒྱུ་དཀའ། དཔེར་ན་དེང་རབས་ཀྱི་སྙན་ངག་པ་འགའ་ཞིག་གིས་དགེ་ཆོས་ཀྱི་འདོད་པའི་བསྟན་བཅོས་ལ་མིག་ལྟོས་བྱས་ནས་ཆགས་པའི་སྙན་ངག་རེ་གཉིས་བྲིས་ནས་དགེ་ཆོས་ཀྱི་རྗེས་རྒྱུག་བྱེད་པའི་སྤྱོད་པ་ཡ་མ་ཟུང་དེ་ཚོ་དགེ་ཆོས་ཀྱིས་མཇལ་ན་ཁོང་མཉེས་ཡོང་ཡང་ན་ངུ་ཤོར་ཡོང་ཤོད་མི་ཐུབ།

    ངས་སྔོན་མ་ཞུ་མྱོང་བ་གཅིག་ལ་དགེ་ཆོས་ཀྱི་སྐྱོན་ཆེ་ཤོས་གཅིག་ནི་གཞན་གྱི་དགོངས་པ་འགྲེལ་བར་ཕ་རོལ་པོའི་གསུང་རྩོམ་ཚང་མ་བཀླགས་ནས། གཞུང་གོང་འོག་བསྒྲིགས་ནས་དེར་དཔྱད་གཞི་དང་རིག་པ་བཏང་ན་རྒྱུ་མཚན་ཡོད་མོས། དེ་ལྟར་མིན་པར། ཤོག་བུ་གཅིག་གཉིས་བཀླགས་ནས་དེར་འགག་པ་བྱེད་པ་ནི་རང་ཉིད་ཞབས་འདྲེན་ཞུ་བ་དང་རང་གི་སློབ་མ་མང་པོར་གོལ་སར་ཁྲིད་པ་ལྟ་བུ་རེད། 

    ད་ལྟ་རྙིང་མའི་བཤད་སྒྲ་བ་ཆོས་དགེ་ཆོས་ཀྱིས་ཙོང་ཁ་པའི་ལྟ་བ་ལ་སྐྱོན་བཏོན་ཡོད་ཅེས་དགེ་ཆོས་ཀྱི་གསུང་འབུམ་ནང་ནས་ཀླུ་སྒྲུབ་དགོངས་རྒྱན་དེ་པར་ཡང་ཡང་བརྒྱབ་པ་ལས། དངོས་སུ་རང་གིས་དེར་དཔྱད་བྱས་ནས་ཁུངས་སྐྱེལ་ཐུབ་མཁན་གྱི་མཁས་པ་བྱུང་མ་སོང་།

    དགེ་ཆོས་ཀྱིས་ནོར་ས་དེ་གཞན་མིན་པར། རྗེ་རིན་པོ་ཆེའི་ལྟ་བའི་སྐོར་ལ་དཔྱད་པ་གནང་བའི་གསུང་ཚང་མ་ཀློག་མེད་པས་ཡིན། དགེ་ཆོས་ཀྱིས་རྗེ་རིན་པོ་ཆེས་སློབ་དཔོན་སངས་རྒྱས་སྐྱང་གི་དབུ་མའི་ལྟ་བ་ལ་རྒྱབ་སྐྱོར་གནང་ནས་དེ་ལ་རིག་ལ་དང་ལུངས་མང་པོ་བཏོན་པ་དེ་ཚོར་མ་བལྟས་པར། རྗེ་རིན་པོ་ཆེའི་ཐད་སྙད་སྐམ་པོ་རེ་གཉིས་བཟུང་ནས་འགག་པ་བྱེད་པ་འདི། དེང་སང་རང་བཙན་རྩོད་པར་རློམ་མཁན་གྱི་སྲིད་དོན་པ་ཚོས། ལམ་དབུ་མའི་ཚིག་དྲངས་ནས་རྒྱལ་བ་རིན་པོ་ཆེར་རྒོལ་བ་དང་གཉིས་སུ་མ་མཆིས། བློ་ཟུར་ལ་གནས་མཁན་ཞིག་གིས་རྒྱལ་བ་རིན་པོ་ཆེའི་སྔ་ཕྱིའི་བཀའ་སློབ་ཚང་མ་བཀླགས་ནས། ཁོང་གི་དགོངས་པར་དཔྱད་ན། རྒྱལ་བ་རིན་པོ་ཆེས་རང་བཙན་བློས་བཏང་བ་དང་བོད་རྒྱ་མིའི་འོག་ལ་འགྲོ་དགོས་པར་ལྟ་བ་རྩ་བ་ནས་མེད་པ་གསལ་པོ་ཡིན་རུང་། དེ་ལྟར་བྱེད་པའི་སྙིང་སྟོབས་དབུལ་བའི་རང་བཙན་རློམ་མཁན་གྱི་མི་རྣམས་ལ་ཤེས་རྒྱ་གང་ནས་ཡོང་།

    དེ་བཞིན་གཞུང་ཆེན་གྱི་ཐོས་རྒྱ་ཉུང་བའི་དགེ་ཆོས་ཀྱིས་རྗེ་རིན་པོ་ཆེར་ལྐོག་ནས་དགག་པ་བྱེད་ཁུལ་གྱིས་རང་གི་མིང་ཡང་འགོད་མ་ནུས་པར་རྩོམ་ཆུང་རེ་འགོད་ནས་དེ་ལ་མཁས་རློམ་བྱེད་པའི་རྣམ་པ་ནི་དགེ་ཆོས་ཀྱི་རིན་ཐང་ཆུང་ཤོས་དང་ཆང་དང་ཐ་མག་གི་དུག་གིས་ཤིན་དུ་མྱོས་པའི་དགེ་ཆོས་སྐམ་པོ་དེའི་ཞབས་འདྲེན་དང་ནོར་འཁྲུལ་ཆེ་ཤོས་དེ་རེད་ལགས། དེའི་རྗེས་ཤུལ་ལ་འགྲོ་མཁན་གྱི་རྙིང་མིང་འཛིན་པ་རྣམས་ནི་དེ་བས་སྙིང་རྗེའི་ཡུལ་ལགས།

  37. མེ་ཏོག་དཀར་པོ། says:
    2011-01-09 at 10:06 am

    ཁྱོད་ཀྱི་སྣང་ངོར་རྙིང་མ་སྙིང་རྗེའི་གནས།
    ང་ཡིས་བརྟག་དུས་དགེ་ལུགས་ཡ་རེ་ཆ། །
    ཁྱོད་ཀྱི་སྣང་ངོར་ཁྱོད་རང་ཚད་མ་རེད། །
    ཆུ་འབབ་གནས་ལ་ཡི་དྭགས་རྣག་བློ་བཞིན། །

    ཁ་བརྡས་ང་མཆན་བུ་འདི་བསུབ་འདོད་ན་དང་པོ་གོང་གི་མཆན་བུ་གཙང་མ་བཟོས།

  38. དཀར་མཚོ་སྐྱིད། says:
    2011-01-10 at 1:20 am

    བླུན་པོ་ངོ་མཚར་བསྐྱེད་པའི་ཧར་གྱི་གཏམ། །
    ཆེན་པོའི་ངོ་བསྲུང་བརྩེགས་པ་གཅམ་བུའི་ཚིག །
    དད་པའི་འཁུན་བུ་སློང་བའི་སྒྲུང་གཏམ་དག །
    རིང་དུ་སྤངས་ཏེ་དྲང་བོའི་ལམ་དུ་ཞུགས། །

  39. རྨ་མགུར་སངས་རྒྱམ། says:
    2011-01-10 at 6:41 am

    ང་ཚོས་སྔོན་བྱོན་མཁས་དབང་དག་གི་མཛད་རྗེས་རྣམས་ཇི་ལྟ་བ་བཞིན་དུ་དངོས་ཡོད་ཀྱི་གནས་ཚུལ་རྣམས་མིག་མཐོང་ལག་ཟིན་དུ་གྱུར་ཅིང་རིགས་པས་གཏན་ལ་ཕབ་པའི་ཁུངས་ལྡན་གྱི་དཔྱད་གཞི་ཁག་ལ་བློ་གཟུ་བོར་གནས་པའི་སྒོ་ནས་ཡིད་རྟོན་བྱེད་དགོས་པ་ལས་ཐེ་ཚོམ་དང་ལྡན་པར་བློས་ཐག་གཅོད་དཀའ་ཞིང་དོན་མེད་ཀྱི་གཏམ་རྒྱུད་ནོར་སྐྱོན་ཆེ་བའི་མཚར་གཏམ་མང་དུ་ཡོད་པ་དག་ལ་ཁས་ལེན་བྱེད་པར་མི་རིགས་སོ། །

  40. རྨ་མགུར་སངས་རྒྱམ། says:
    2011-01-10 at 9:02 am

    རྡོ་སྦིས་བློ་ཡོན་ལགས།
    ཁྱེད་ལ་དགེ་ཆོས་སྐོར་གྱི་དཔྱད་གཞིའི་ཡིག་ཆ་དགོས་ན་ངེད་ལ་འབྲེལ་བ་གནང་བར་ཞུ།
    Skype name: Sanggye Gyatso

  41. རྨ་མགུར་སངས་རྒྱམ། says:
    2011-01-10 at 11:20 am

    ང་ཚོས་སྔོན་བྱོན་མཁས་དབང་དག་གི་མཛད་རྗེས་རྣམས་ཇི་ལྟ་བ་བཞིན་དུ་དངོས་ཡོད་ཀྱི་གནས་ཚུལ་རྣམས་མིག་མཐོང་ལག་ཟིན་དུ་གྱུར་ཅིང་རིགས་པས་གཏན་ལ་ཕབ་པའི་ཁུངས་ལྡན་གྱི་དཔྱད་གཞི་ཁག་ལ་བློ་གཟུ་བོར་གནས་པའི་སྒོ་ནས་ཡིད་རྟོན་བྱེད་དགོས་པ་ལས་ཐེ་ཚོམ་དང་ལྡན་པར་བློས་ཐག་གཅོད་དཀའ་ཞིང་དོན་མེད་ཀྱི་གཏམ་རྒྱུད་ནོར་སྐྱོན་ཆེ་བའི་མཚར་གཏམ་མང་དུ་ཡོད་པ་དག་ལ་ཁས་ལེན་བྱེད་པར་མི་རིགས་སོ། །

  42. ལེགས་བཤད། says:
    2011-04-17 at 7:50 pm

    དགེ་ཆོས་སྐོར་ལ་ཞིབ་འཇུག་བྱེད་པ་དེ་ཙམ་གྱིས་རིན་ཐང་མི་འདུག དགེ་ཆོས་ནི་མི་རིགས་རིང་ལུགས་པ་ཞིག་ཡིན་ན་སྐྱོན་མེད། ཐ་སྙད་ཚད་གྲུབ་ཁས་མ་བླངས་ན་ཡང་དེ་ཙམ་རེད། གང་ལྟར་ཁོང་ནི་མི་རྣམ་དཔྱོད་ཅན་ཞིག་ཡིན་ཚོད་འདུག ཀླུ་སྒྲུབ་དགོངས་རྒྱན་ལ་བལྟས་ན་ཁོང་གི་དོགས་སློང་དེ་ཚོ་ནི་ངེས་བར་གོ་རྒྱུ་ཆེན་པོ་མི་འདུག་གམ། ལ་ལས་ཟེར་ན་ཁོང་ནི་གཡོ་སྒྱུ་ཅན་ཞིག་རེད་ཟེར། འགའ་ཞིག་གིས་བརྗོད་ན་ལྟ་ལོག་ཟེར། བོད་ཕྱི་ནང་གི་ལོ་་རྒྱུས་སྨྲ་བ་ཚོས་ད་བར་དགེ་ཆོས་ཀྱི་སྐོར་གླེང་ནས་རྫོགས་རྒྱུ་མི་འདུག

  43. ཀརྡོ་རབ་འབྱམས་པ་ says:
    2011-04-17 at 9:21 pm

    དགེ་ཆོས་ལགས་ནི། བོད་ཀྱི་དེང་དུས་མཁས་དབང་གི་མེས་པོ་དང་པོ་དེ་རེད་ཟེར་ན་མི་ཆོག་མེད་སྙམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme