Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འོས་བསྡུའི་རྒྱལ་ཕམ་ལས་ལེགས་ཆ་ལེན་ཐུབ་དགོས།

Posted on 2016-03-302016-03-30 By ཁ་བརྡ 33 Comments on འོས་བསྡུའི་རྒྱལ་ཕམ་ལས་ལེགས་ཆ་ལེན་ཐུབ་དགོས།

ཨ་རིག་འགྱུར་མེད།
 

གཅིག

ད་ལྟ་འོས་བསྡུའི་གྲུབ་འབྲས་ཀྱིས་ཁ་གྲག་བཞིན་པ་ནི། སྲིད་སྐྱོང་བློ་བཟང་སེངྒེ་སླར་ཡང་འབྱུང་འགྱུར་གྱི་ལོ་ལྔའི་རིང་གི་སྲིད་སྐྱོང་ལ་མང་གཙོའི་འོས་བསྡུའི་ལམ་ལུགས་གཞིར་བཟུང་རྒྱལ་ཁ་ཐོབ་ཅིང་། ཁོང་གིས་དབུ་ཁྲིད་པའི་བཀའ་ཤག་ལྷན་ཚོགས་(ཕྱག་རོགས་བཀའ་བློན་དག་ད་དུང་གྲོས་ཚོགས་ཀྱིས་རྒྱབ་སྐྱོར་བརྒྱུད་བསྐྱར་དུ་འདེམས་སྒྲུག་བྱ་དགོས) གསར་བས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་དབུ་ཁྲིད་མཛད་དགོས།
དེར་བརྟེན། ༡) ཐེངས་འདིར་མང་གཙོའི་ལམ་ལུགས་གཞིར་བཟུང་འོས་བསྡུའི་ལམ་ནས་རྒྱལ་ཁ་ཐོབ་པའི་སྲིད་སྐྱོང་བློ་བཟང་སེངྒེ་ལགས་དང་ཁོང་གི་རྒྱབ་སྐྱོར་བ་ཡོངས་ལ་དགའ་བསུའི་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། སྲིད་སྐྱོང་མཆོག་གིས་འདས་པའི་ལོ་ལྔའི་རིང་གྲུབ་འབྲས་ཅི་བླངས་པ་དང་འཐུས་ཤོར་གང་བཏང་བ། མི་གཤིས་དང་འཇོན་ཐང་གང་ཞིག་མངོན་མིན་ལ་མ་ལྟོས་པར་མ་འོངས་པར་སླར་ཡང་ལོ་ལྔའི་རིང་བོད་ཀྱི་དབུ་ཁྲིད་མཛད་དགོས་པས་ན། འདི་ནི་བོད་འབངས་ཡོངས་ཀྱིས་ཁས་ལེན་དགོས་ཤིང་བརྩི་བཀུར་དང་དགའ་མགུ་བསྐྱེད་དགོས་པའི་དོན་དག་ཅིག་ཡིན།

༢) ཐེངས་འདིར་ཕམ་ཉེས་བྱུང་བའི་ཚོགས་གཙོ་མཆོག་གིས་གཙོས་ཁོང་གི་རྒྱབ་སྐྱོར་བ་ཡོངས་ལའང་བཀྲ་ཤིས་བདེ་ལེགས་ཞུ། འཇིག་རྟེན་གཏམ་དཔེར། གཅིག་མ་ཕམ་ན་གཅིག་མི་རྒྱལ་ཟེར་བ་ལྟར། ང་ཚོ་(ང་ཁོང་གི་རྒྱབ་སྐྱོར་བ་ཡིན་པས་ང་ཚོ་ཞེས་བོས་པ་ཡིན།) མ་ཕམ་ན་ཁོང་ཚོ་རྒྱལ་གི་མ་རེད་མོད། ང་ཚོ་འོས་བསྡུ་ལས་ཕམ་པ་བདེན་ཡང་ཚ་ཚ་འུར་འུར་དང་རྣོ་ངར་ལྡན་པའི་འོས་འགྲན་འདིས་བོད་ཀྱི་གཞི་རིམ་མང་ཚོགས་ལ་མང་གཙོའི་གོ་རྟོགས་ཇེ་མཐོར་གཏོང་རྒྱུར་རམ་འདེགས་དང་། ད་ལྟའི་སྲིད་སྐྱོང་དང་བཀའ་ཤག་ལྷན་ཚོགས་ཀྱི་སྐྱོན་ཡོན་ལ་མཛུབ་མོ་བཙུག་སྟེ་ནོར་བ་ཡོ་བསྲང་བྱ་རོགས་བྱས་ཡོད་པས་ན། ང་ཚོས་བཏོན་པའི་ནུས་པས་བོད་སྤྱི་བའི་རྩ་དོན་དང་བོད་ཀྱི་མང་གཙོའི་ལམ་བུ་བཅས་ལ་གལ་ཆེའི་ལེགས་སྐྱེས་ཕུལ་ཡོད།

 

གཉིས།

སྐབས་འདིར་ཚོགས་གཙོ་མཆོག་དང་ཁོང་གི་རྒྱབ་སྐྱོར་བ་ཡོངས་ཀྱིས་བསམ་གཞིག་ནན་ཏན་བྱ་དགོས་ས་ཞིག་ཡོད་དེ། དེ་ནི་ཕམ་ཁ་ངོས་ཟིན་པ་བྱ་དགོས་རྒྱུ་དེ་ཡིན། ང་ཚོ་ལ་བདེན་པ་གཡག་རོ་འདྲ་བ་རེ་ཡོད་ཀྱང་ཕམ་ཡོད་ལ་བཟང་སྤྱོད་རི་འདྲ་བ་ཞིག་ཡོད་ཀྱང་ཕམ་ཡོད། ད་ལྟ་གནས་ལུགས་དང་རྒྱུ་མཚན། དོན་དངོས་གང་འདྲ་ཞིག་ཡིན་རུང་མང་ཚོགས་ཀྱི་ལག་ནས་ཡོང་བའི་འོས་གྲངས་ཀྱིས་ང་ཚོ་ཕམ་ཁ་འཁུར་མཁན་ཡིན་པ་འདིར་གཡོལ་ས་གཏན་ནས་མེད།

དེས་ན་ཐེངས་འདིའི་ཕམ་ཁ་འདི་བརྒྱུད་ནས་ང་ཚོའི་འཐུས་ཤོར་དུ་ཕྱིན་པ་དང་ཕམ་ཁ་གང་ནས་བྱུང་བའི་རྒྱུ་དང་རྐྱེན་ངོས་འཛིན་དགོས་ལ། མ་འོངས་པ་ན་བདེན་པ་ཡོད་ན་རྒྱལ་ཐུབ་པ་དང་འཇོན་ཐང་ཡོད་ན་ངོམ་ཐུབ་པ་ཞིག་བྱ་དགོས།
ཐེངས་འདིར་དབུས་པའི་མི་གྲངས་དང་ཨ་མདོ་བའི་སྙུག་རྩལ་གཉིས་ཀ་གྲགས་མེད་དུ་བཏང་བ་འདིས་ང་ཚོར་ཚ་འདེད་ཡང་འདེད་བྱེད་ཀྱིན་ཡོད་དེ། དབུས་གཙང་ཆོལ་ཁ་དང་མངའ་རིས་སྐྱིད་སྡུག་ཚོགས་པ། མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་བཅས་དང་ཤེས་འཇོན་ལྡན་པའི་མི་སྣ་གང་མང་གིས་ཚོགས་གཙོ་མཆོག་ལ་རྒྱབ་སྐྱོར་བྱས་ཀྱང་ཕམ་དགོས་དོན། སྣེ་ཁྲིད་པར་མཚོན་ན་རང་གི་མི་མང་རང་གི་ལག་སྣེ་ན་མེད་པ་དེ་ཡིན།

མང་ཚོགས་ལ་མཚོན་ནའང་། ཨ་མདོ་བར་མཚོན་ན་རང་རློམ་དང་ང་རྒྱལ་ཆེ་ཞིང་མཐོ་རྒྱག་དམའ་རྒྱག་གི་སྐད་ཆ་བཤད་མཁན་མང་ནའང་དོན་ལ་བབས་དུས་ནམ་ནམ་ཞར་ཞར་ལ་ནང་ཁུལ་ལ་ཕྲག་དོག་དང་འགྲན་སེམས། འཆམ་མཐུན་མེད་པ་འདིས་ཕམ་ཡོད་ལ། དབུས་པར་མཚོན་ན་བྱེས་སྐྱེས་གཞོན་རབས་པ་མང་མང་ཞིག་ལྷ་ཁང་མེས་འཚིག་ཀྱང་འཛུམ་ཤིག་ཤིག་དང་གཏོར་མ་ཁྱིས་ཁྱེར་ཡང་འཛུམ་ཤིག་ཤིག་ཅེས་པ་ལྟར། རྩ་དང་ཚོར་བ་བརླགས་པ་དང་ཐོབ་ཤོར་དང་སྐྱིད་སྡུག་ཅི་ཡིན་རུང་འགྲིག་བསྡད་པ་འདིས་ཕམ་ཡོད།

 

གསུམ།

དེས་ན་སྲིད་སྐྱོང་ཕྱོགས་གཏོགས་ཀྱིས་ཀྱང་ཐེངས་འདིའི་འོས་བསྡུའི་ཁྲོད་ནས་ཞན་ཆ་དོར་ཏེ་ལེགས་ཆ་ལེན་དགོས་པ་ལས། རྒྱལ་ཁ་ཐོབ་པ་ན་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་ཞིག་ག་ལ་ཡིན་ཨང་། དཔེར་ན། ཚོགས་གཙོ་མཆོག་ལ་མངོན་གསལ་དོད་པོའི་རྒྱབ་སྐྱོར་གནང་མཁན་དང་གཏམ་བཤད་སྤེལ་མཁན། རྩོམ་ཡིག་འབྲི་མཁན། སྣེ་ཁྲིད་མཁན་མང་བོ་ཞིག་ལ་གདོང་རྟགས་བརྒྱབ་ཅིང་རྒྱ་ནག་གི་རྒྱུག་ཁྱི་དང་སྤྱི་ཚོགས་དཀྲུག་མཁན། ཉུལ་མ། ཞབས་འདྲེན། ངོ་གཉིས་མ་སོགས་མིང་ཆད་སྣ་ཚོགས་བཟོས་ཡོད་ཅིང་། ཐ་ན་ཚོགས་གཙོ་མཆོག་དང་བཀའ་ཟུར་བདེ་སྐྱིད་ཆོས་དབྱིངས་མཆོག་གི་མགོ་པར་བཀོག་ནས་ལུས་ན་གྱོན་པ་ལག་མཐིལ་ཙམ་མེད་པའི་འདྲ་པར་དམར་ཧྲེང་དེ་འདྲ་སྦྱར་ནས་མིའི་གཞི་རྩའི་ཀུན་སྤྱོད་དང་གཏན་ནས་མི་མཐུན་པའི་བྱ་སྤྱོད་སྤེལ་ཡོད་ལ། བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་ལ་བཀའ་ཟུར་གྱི་མིང་ཡང་མི་ཐོགས་ཚུལ་བརྗོད་ཡོད།
དེ་ནི་གྲྭ་ལོག་སྤྱི་ལ་གྲྭ་ལོག་གི་མིང་ཐོགས་ཀྱང་གྲྭ་ཆས་མ་ཕུད་བར་བུད་མེད་ལ་འདོད་སྲེད་སྤྱད་དེ་དགོན་པ་དང་གྲྭ་བའི་མཚན་སྙན་ལ་གནོད་པའི་མིང་ཤས་བཟོ་མཁན་རིགས་ལ་གྲྭ་ལོག་གི་མིང་ཡང་མི་ཐོགས་ཟེར་ནས་མངོན་སུམ་ལ་བསྙོན་འཛུགས་པ་དང་ཁྱད་ཅི་ཡོད། དེར་བརྟེན་བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་ལགས་ཀྱིས་ཕྱག་ལས་གནང་སྟངས་འགྲིག་ཡོད་མེད་ལ་མ་ལྟོས་པར་ཁོ་མོ་སྲིད་སྐྱོང་བློ་སེང་གི་ཕྱག་རོགས་བཀའ་བློན་གནང་མྱོང་བའི་བཀའ་ཟུར་ཞིག་ཡིན་པ་དེར་བསྙོན་དུ་མེད།

གཞན་ད་དུང་ཚོགས་གཙོ་མཆོག་ལ་འོས་ཐོབ་བྱུང་ན་དཔྱ་ཁྲལ་ལག་དེབ་མེར་བསྲེགས་ནས་རྒྱ་ལ་མགོ་འདོགས་ཀི་ཡིན་ཟེར་བ་དང་རྒྱ་གར་ནས་མི་གླས་ཏེ་མི་གསོད་ཀི་ཡིན་ཟེར་བ། ང་ལའང་དཀར་མཛེས་རྡོ་རྗེ་འབོད་པ་ཞིག་གིས་མེ་མདའི་པར་བསྐུར་ནས་འཇིགས་སྣང་བསྐུལ་བ་སོགས་ཀུན་སྤྱོད་ལས་བརྒལ་བའི་བྱ་སྤྱོད་ཁག་ཅིག་བྱུང་ཡོད། འདི་རིགས་ནི་མི་རང་རང་གི་ངོ་ཚ་དང་བོད་སྤྱི་བའི་ཞབས་འདྲེན་ཞིག་ལས་མང་གཙོའི་སྤྱི་ཚོགས་ཤིག་ཏུ་འབྱུང་འོས་པའི་ཀུན་སྤྱོད་ཅིག་མིན།

 

བཞི།

འོས་བསྡུ་གྲུབ་པ་རེད། རྒྱལ་ཕམ་གྱི་དབྱེ་བ་ཕྱེས་པ་རེད། ད་ང་ཚོས་མ་འོངས་པ་ན་སྤྱི་ཚོགས་ཁྲིམས་ཀྱིས་དབང་བསྒྱུར་རམ་མིས་དབང་བསྒྱུར་ཞེས་པ་འདིར་བསམ་བློ་གཏོང་དགོས། དཔེར་ན།
༡) ཐེངས་འདིའི་འོས་བསྡུའི་ཁྲོད་དུ་བཀའ་བློན་ལས་ཐོག་པས་འོས་བསྡུའི་སྐོར་ལ་གསུང་གླེང་མཛད་པ།

༢) སྲིད་སྐྱོང་གིས་གཞུང་འབྲེལ་ཕྱོགས་སྐྱོད་སྐབས་སུ་འོས་བསྡུའི་སྐོར་གསུངས་པ།

༣) ཨ་རིའི་དོན་གཅོད་སྐལ་རྡོར་གྱིས་ནོར་འཛོལ་བྱུང་བར་འོས་བསྡུ་ལྷན་ཁང་གིས་ཉེན་བརྡ་དང་སེམས་གསོ་གཉིས་ཀ་གནང་བ།

༤) དབུས་གཙང་དང་མདོ་སྨད་ཆོལ་ཁ་གཉིས་ནས་ཚོགས་གཙོ་མཆོག་མིང་འདོན་གནང་བ།

༥) བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་ཀྱིས་འོས་བསྡུའི་སྐེད་མཚམས་དེར་རྩ་དགོངས་ཞུས་པ།

༦) འཛིན་སྐྱོང་བཀའ་ཤག་གི་མཚན་ཐོག་ནས་འོས་མི་གཞན་པར་གཞུང་འབྲེལ་གསལ་བསྒྲགས་སྤེལ་བ་བཅས་ནི་འོས་བསྡུའི་སྒྲིག་ཁྲིམས་དང་འགལ་ཡོད་མེད་ལ་ཕྱོགས་གཉིས་ཀ་དང་འོས་བསྡུ་ལྷན་ཁང་གིས་རྟོག་དཔྱོད་གནང་སྟེ། མ་འོངས་པར་ཆོག་ན་ཆོག་ཤ་སྟག་དང་མི་ཆོག་ན་མི་ཆོག་པ་ཤ་སྟག་གིས་ཁྲིམས་སྒྲིག་ལག་བསྟར་བྱ་དགོས།

དེ་བཞིན་འོས་བསྡུའི་ཉིན་མི་མང་འུར་ཟིང་ངེར་བཏང་བའི་གནད་དོན་གཞན་ཞིག་ནི། སྲིད་སྐྱོང་གི་མཚན་ངོ་མ་ “བློ་བཟང་སངས་རྒྱས་” ཡིན་པ་དང་དཔྱ་ཁྲལ་ལག་དེབ་ཐོག་དེ་ཡང་ནོར་ཏེ། “སློབ་བཟང་སངས་རྒྱས་” བྲིས་ཡོད་པས་ན། ང་ཚོ་ལ་བློ་བཟང་སེང་གེ་ཟེར་བའི་སྲིད་སྐྱོང་ཞིག་གཞི་ནས་བཙལ་དུ་འགྲོ་ན་མ་གཏོགས་མེད་པར་གྱུར་ཡོད། འདིའི་རིགས་ནི་ད་ལྟ་བྱུང་ཟིན་པས་རྩོད་གླེང་བྱེད་པར་དགོས་པ་མཐོང་གི་མེད་ཐོག གལ་སྲིད་གླེང་ནའང་སྤྱི་ཚོགས་ལ་བརྡབ་གསིག་མང་དུ་འགྲོ་བ་དང་༧གོང་ས་མཆོག་གི་ཐུགས་དགོངས་དཀྲུགས་པ། ནང་ཕུ་ནུའི་མཐུན་སྒྲིལ་ལ་གནོད་པ་ཙམ་དུ་ཟད་མོད། མ་འོངས་པ་ན་འདི་ལྟ་བུའི་རིགས་འབྱུང་སྐབས་ཁྲིམས་དང་སྒྲིག་གཞི་ལག་ལེན་དུ་བསྟར་རྒྱུར་ད་ལྟ་ནས་གྲ་སྒྲིག་བྱེད་དགོས་ལ། ཅི་སྲིད་མིས་ཁྲིམས་ལ་བསྟུན་མི་དགོས་པར་ཁྲིམས་ཀྱིས་མི་ལ་བསྟུན་དགོས་པ་དེ་སྲིད་དུ་བརྟན་ལྷིང་དང་འཆམ་མཐུན། བདེ་རྩ་བཅས་ནི་འབྱུང་ཐབས་མེད་པ་ཞིག་རེད།

 

ལྔ།

ཐེངས་འདིའི་འོས་བསྡུའི་ཁྲོད་དུ་ཕྱོགས་གཉིས་ཀ་ནས་མདུན་དུ་ཐོན་མཁན་སྐོར་ཞིག་བྱུང་ཡོད་དེ། དཔེར་ན། སྲིད་སྐྱོང་མཆོག་གི་ཕྱོགས་ནས་དབྱིན་ཡུལ་གྱི་མི་ཉག་ཀུན་དགའ་དང་སིད་སིའི་འཇིགས་བྲལ་བསྟན་འཛིན། ངྷ་སའི་ཕུར་བུ་རྡོ་རྗེའམ་ཕུར་རྡོར། འབྲས་སྤུངས་ཀྱི་དགའ་ཉག་འཁྱམས་པ་སོགས་དང་། ཚོགས་གཙོའི་ཕྱོགས་ཀྱི་ཨ་རིའི་འཕྲིན་ལས་སྐལ་བཟང་དང་དབྱར་རྩྭ་དགུན་འབུ། ཐུབ་བསྟན་ཐོགས་མེད། རྒྱ་གར་གྱི་སྨན་པ་རྟ་ར། ཤར་ཕྱོགས་ཁུག་རྟ་སོགས་ཡིན།
ད་དུང་རེ་རེ་བཞིན་བགྲང་རྒྱུར་ཡིག་ཚོགས་ལ་འཇིགས་ཏེ་ངལ་བ་བསྟེན་འདོད་མེད་ཀྱང་འདིར་ཞུ་བསམ་པ་ནི། འདི་ལྟར་མདུན་དུ་ཐོན་ཏེ་རང་གི་ལུས་ངག་གི་རྣམ་འགྱུར་སྟོན་མཁན་དང་བསམ་ཕོད་པ་དང་བཤད་ཕོད་པ། སྒྲུབ་ཕོད་པའི་སྐྱེས་བུ་འདི་དག་ནི་མང་གཙོའི་སྤྱི་ཚོགས་འདིའི་ཁེ་དབང་ངོ་མ་ལོངས་སུ་སྤྱོད་མཁན་དང་མང་གཙོའི་ཆེད་དུ་རང་ཉིད་བློས་བཏང་བའི་སྐྱེས་བུ་རླབས་ཆེན་དག་ཡིན། འདི་ཚོས་སྐད་ཆ་བཟང་ངན་འཇམ་རྩུབ་ཅི་ཞིག་བཤད་མིན་ལ་མ་ལྟོས་པར་འདི་ཚོ་མདུན་ན་ཡོད་ལ། འདི་ཚོས་རང་གི་ལྟ་སྤྱོད་དང་མཐོང་ཐོས། དགའ་ཕྱོགས་དང་རེ་བ་སོགས་གཞི་རྩར་བཞག་སྟེ་དགག་རྒྱག་སྐྱོན་བརྗོད་བྱེད་ཀྱིན་ཡོད།

དེས་ན་འདི་ལྟར་མདུན་དུ་ཐོན་ནས་སྨྲ་བརྗོད་བྱེད་མཁན་ལ་མི་མངོན་པའི་དབྱིངས་ནས་བསྡད་དེ་སྐུར་བ་འདེབས་མཁན་དང་ཚིག་རྩུབ་བརྗོད་མཁན། ར་མགོར་ལུག་སྦྱར་གྱི་པར་རིས་བཟོ་མཁན་བཅས་ནི་ད་གཟོད་འཇིགས་སུ་རུང་བ་དང་དོགས་ཟོན་བྱ་བའི་ཡུལ་དང་མི་ཡིན། དེ་དག་གི་བྱ་སྤྱོད་ཀྱིས་ད་གཟོད་སྤྱི་ཚོགས་ལ་བརྡབ་གསིག་ཐེབས་ཀྱིན་ཡོད་ལ། འགན་ཁུར་གང་ཡང་མེད་པར་འཆལ་གཏམ་སྤེལ་མཁན་དེའི་རིགས་ཕྱོགས་གཏོགས་གང་ན་ཡོད་ཀྱང་གཟབ་དགོས།

 

དྲུག

འོས་བསྡུ་ཆེན་མོའི་ཚ་རླབས་ཁྲོད་དོལ་རྒྱལ་རྗེས་འཇུག་པ་དག་གང་ན་ཡོད་དམ། ང་ཚོས་ཁོང་ཚོ་སྤྱི་ཚོགས་ལས་ལོགས་སུ་བཀར་ཐུབ་ཀྱང་ཐུན་མོང་གིས་སྤྱོད་པའི་དྲ་བ་ན་བཀར་ཐུབ་ཀྱི་མེད། ཁོང་ཚོ་ངོ་དེབ་དང་སྐད་འཕྲིན། པོད་འཕྲིན་སོགས་བརྒྱུད་ནས་ང་ཚོ་དང་ཁ་ཐག་ཉེ་ས་ན་ཡོད།
ཐད་ཀར་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་ནས་གླ་ཕོགས་ལེན་བཞིན་པའི་མིའམ་ཚོགས་པ་འདིར་མཚོན་ན། བཙན་བྱོལ་གྱི་འོས་བསྡུ་ནི་ཁོང་ཚོས་རྒྱ་ནག་གི་ལག་ནས་དངུལ་དངོས་འབོར་ཆེན་ལེན་པའི་གོ་སྐབས་ཤིག་ཅི་ལ་མིན་ཏེ། དྲ་ལམ་ཁག་ན་འགན་ཁུར་གང་ཡང་མེད་ཅིང་ངོ་རྟགས་མི་ཆོད་པའི་དྲ་འབུ་མང་དུ་བྱུང་ཞིང་། བོད་སྤྱིའི་རྩ་དོན་ལ་གནོད་པ་དང་བོད་མི་ནང་ཁུལ་གྱི་མཐུན་སྒྲིལ་ལ་གཏོར་བརླགས། ཆོལ་ཁ་ཕན་ཚུན་བར་འཁོན་གཞི་སློང་བའི་ཡིག་རིགས་དང་པར་རིས་འབོར་ཆེན་མཐོང་དུ་ཡོད་པའང་། ང་ཚོས་གཟབ་དགོས་པ་དང་སྤྱང་གྲུང་བྱེད་སའི་གནས་ཡིན།

 

བདུན།

༧གོང་ས་མཆོག་གིས་འདས་པའི་ལོ་ཕྱི་ནང་འདིར་ “ད་སྔ་ཕྱི་ཞིག་མ་གཏོགས་ཁོང་ནི་ལ་མགོའི་མི་དང་ལ་ཁའི་གྲིབ་མ་ཡིན་པས་འཇིག་རྟེན་འདི་དང་གཏན་དུ་འབྲལ་དགོས་མོད། ཁྱོད་ཚོས་ང་འཆི་ཁར་སེམས་ཁྲལ་མེད་པ་དང་མིག་བཙུམ་ཐུབ་པ་ཞིག་བྱ་དགོས་” ཞེས་པའི་གསུངས་མོལ་ཐེངས་འགར་ཕེབས་ཤིང་། བཀའ་སློབ་འདིར་ཁམས་པ་བས་ཆོལ་ཁའི་ཞེན་ཁོག་དོར་ནས། ཨ་མདོ་བས་ནང་ཁུལ་ལ་ཕྲག་དོག་དང་འགྲན་སེམས་སྤངས་ནས། དབུས་གཙང་བས་རིགས་ཞེན་དང་འགན་ཁུར་བླངས་ནས། མདོར་ན་ཡ་ཆུང་ན་སྙིང་ཡོད་པའི་ཆོལ་ཁ་གསུམ་གྱི་བོད་རིགས་མགོ་ནག་རྩམ་གཟན་པ་ཡོངས་ཀྱིས་མུར་འཇོག་དང་སྣང་མེད་དུ་གཏན་ནས་འཇོག་མི་འོས་པའི་བཀའ་སློབ་ཅིག་ཡིན་ལ། ཁོང་གིས་གསུངས་པ་ལྟར་ད་ནས་བརྩིས་པའི་ལོ་བཅུ་དང་བཅོ་ལྔའི་ནང་དུ་ཆེས་མ་མཐར་ཡང་བོད་མི་ནང་ཁུལ་མཐུན་ལམ་རྡོག་རྩ་གཅིག་ཏུ་བསྒྲིལ་ཐུབ་དགོས་པ་ནི་ཁོང་གི་ཚེ་མཇུག་གི་ཐུགས་རེ་དང་ང་ཚོའི་འགན་འཁྲི་ཡིན།

 

བརྒྱད།

ཐེངས་འདིར་བཀའ་ཁྲི་ཟུར་བ་སློབ་དཔོན་ཟམ་གདོང་བས་ཀྱང་བཙན་བྱོལ་བའི་འོས་བསྡུ་ལ་གསུང་སྐད་ཤོར་ཡོད་ཅིང་། ཁོང་རང་ཉིད་ཀྱིས་འོས་བསྡུའི་ཆ་ཤས་ཀྱང་བཞེས་མེད། འདིས་ཅི་ཞིག་མཚོན་ནམ། འདིས་ང་ཚོའི་ནང་ཁུལ་དུ་འཆམ་མཐུན་དང་བརྟན་ལྷིང་བརླག་བཞིན་པ་མཚོན་ལ། རིན་པོ་ཆེ་རྣམ་པ་གཉིས་ཀྱིས་གསུང་སྐད་འཆོར་གྱིན་ཡོད་དུས་ང་ཚོ་སུ་དང་གང་ཡིན་རུང་ཅིག་འགྲིག་གི་མེད་པ་ཤེས་དགོས་ལ། འོས་བསྡུ་གྲུབ་པ་དང་རྒྱལ་ཕམ་ཐག་ཆོད་ཟིན་པའི་སྐབས་འདིར་ཚང་མས་རང་རང་ས་ནས་ཕ་རོལ་བོར་ཁོ་ནར་མཛུབ་མོ་འཛུགས་རྒྱུ་མ་ཡིན་པར། རང་ཉིད་ལ་མཛུབ་མོ་ཞིག་འཛུགས་དགོས་པར་འདོད་ཅིང་རང་སྐྱོན་ཡོད་ན་ལེགས་བཅོས་བྱ་དགོས་སྙམ།

 

དགུ།

རྒྱ་ནག་གཞུང་གིས་བཙན་བྱོལ་གྱི་འོས་བསྡུ་ལ་དཔྱད་བརྗོད་སྤེལ་ཞིང་། ཁོང་ཚོས་བཙན་བྱོལ་སྤྱི་ཚོགས་སུ་ནང་འཁྲུག་འབྱུང་བཞིན་ཡོད་སྐོར་བཤད། བཙན་བྱོལ་གྱི་གླེན་པ་ཁྱུ་གཅིག་གིས་དེ་ལྟ་བུའི་ངོ་ཚ་དགོས་པའི་གནས་ཚུལ་ཐོན་སྐབས་གཟབ་རྒྱུའི་ཚབ་ཏུ་མེ་ཚ་བོའི་སྟེང་དུ་སྣུམ་བླུགས་ཏེ། མུ་མཐུད་འགལ་བ་རྣོ་ངར་ཅན་དུ་བཏང་ནས་ཕན་ཚུན་ལ་ཚིག་རྩུབ་བརྗོད་པ་དང་སྒྲོ་འདོགས། སྐུར་འདེབས། སྡིག་དམོད་བྱེད་པར་འཛེམ་ཟོན་བྱས་མེད། འདིས་ང་ཚོའི་ནང་ཁུལ་ད་དུང་ཡིན་ནའང་དགྲ་ཕྱོགས་ནས་བེད་སྤྱོད་དང་འགལ་བ་བཟོ་ཆོག་ཆོག་ཏུ་ཡོད་པ་དེ་སྟོན་ལ། གཞི་རིམ་མང་ཚོགས་གཡམ་རྒྱུག་ལ་དགའ་བ་མ་གཏོགས་རང་གི་རྣམ་དཔྱོད་བེད་སྤྱད་ནས་དོན་དངོས་ལ་མི་ལྟ་མི་དཔྱོད་པ། ལག་པའི་ཕྱི་ནང་ངོས་མི་ཟིན་པ། དགྲ་གཉེན་གྱི་འགུལ་སྐྱོད་མི་རྟོགས་པ། འཕྲལ་ཕུགས་ཀྱི་ཁེ་ཕན་མི་ཤེས་པ་བཅས་མཚོན།
ཐེངས་འདིར་རྒྱ་ཕྱོགས་ནས་གླེང་བའི་གནད་དོན་ཁག་ཅིག་ང་ཚོ་རང་གིས་རང་གི་མི་སྣར་མཚན་ཤས་དང་སྐུར་འདེབས། ཉེས་མེད་ཉེས་འགེལ་བྱས་པ་སོགས་ཚུད་ཡོད། འདི་ལྟ་བུའི་དགྲ་དགའ་གཉེན་སྡུག་གི་གནས་ཚུལ་ཡང་དང་བསྐྱར་དུ་འབྱུང་མི་འོས་པ་ང་ཚོ་གདོང་དམར་རྩམ་གཟན་པ་ཡོངས་ཀྱིས་གཟབ་དགོས་པའི་གནས་ཡིན།

 

བཅུ།

འོས་བསྡུའི་སྐབས་སུ་མངོམ་སུམ་འཛེམ་མེད་དུ་༧རྒྱལ་བའི་བཀའ་ཚུན་ལ་ལོག་འགྲེལ་བྱེད་མཁན་དང་། ༧རྒྱལ་བ་རིན་པོ་ཆེ་རྒྱལ་འཚོང་བའི་ཕྱོགས་སུ་གཏོགས་ཚུལ་ཚུན་སྨྲས་ཏེ་མི་རྣམས་སྨྱོས་པ་མིན་འགྲོ་བསམ་པ་བྱུང་ཞིང་། འོས་བསྡུའི་སྔོན་དུ་འདི་དག་ཤུགས་ཆེར་གླེང་ན་མི་ཚང་མ་ཚ་ཐོག་ངར་ཐོག་དང་ཚོར་ཐོག་ན་ཡོད་པས་གནས་ལུགས་ཡོད་མེད་དང་རྒྱུ་མཚན་ལྡན་མིན་ལ་མི་བལྟ་བས་བཤད་མེད་ལ། ད་ལྟ་འོས་བསྡུ་ཚར་ནས་རྒྱལ་ཕམ་གྱི་དབྱེ་བ་གསལ་ཐག་ཆོད་པའི་སྐབས་འདིར། ངས་རང་གི་རིགས་ལ་ཞེན་པ་དཀར་བོའི་ཀུན་ནས་བསླངས་ཏེ་བློ་གཟུ་བོའི་གཏམ་ཞིག་སྨྲ་བའི་ཁུལ་ཡིན། འོན་ཀྱང་ངས་ཀུན་སློང་ལས་ཀྱང་ཚིག་གི་འགྱུ་བས་ཀློག་པ་པོ་མང་མང་ལ་ཕོག་ཐུག་འགྲོ་བ་གདོན་མི་ཟ་མོད། ལམ་སང་ཚིག་མགོ་ཙམ་དང་གནད་དོན་རེ་གཉིས་དྲུད་ཡོང་ནས་ཁྱོའི་མགོ་དང་ངའི་ཁ་སྣ་མི་རྩོད་པར། བོད་སྤྱི་བའི་ཆེད་དུ་ཐུགས་ལྷོད་ལ་བབས་ནས་ནན་ཏན་གྱིས་བསམ་གཞིག་ཅིག་གཏོང་རྒྱུ་རེ་བ་ཡིན། གལ་ཏེ་ཐལ་ཆེ་བའི་ནོར་བ་དང་འཁྲུལ་བ་ཡོད་ན་དགོངས་དག་ཀྱང་ཞུ་བའོ། །

༢༠༡༦-༠༣-༣༠ ཉིན།

གསལ་བཤད།

Post navigation

Previous Post: རུ་ཊར་སི་གསར་ལས་ཁང་གི་དཔྱད་ཞིབ་ཅིག
Next Post: སྐབས་བཅོ་ལྔ་བའི་གྲོས་ཚོགས་ཚོགས་དུས་༡༡ པའི་ཉིན་དགུ་བ།

Comments (33) on “འོས་བསྡུའི་རྒྱལ་ཕམ་ལས་ལེགས་ཆ་ལེན་ཐུབ་དགོས།”

  1. ཀརྡོ་གཉེར་ཕྱག་པ་ says:
    2016-03-30 at 1:47 am

    ་་་་་་་་་་་་་་ཁམས་པ་བས་ཆོལ་ཁའི་ཞེན་ཁོག་དོར་ནས། ཨ་མདོ་བས་ནང་ཁུལ་ལ་ཕྲག་དོག་དང་འགྲན་སེམས་སྤངས་ནས། དབུས་གཙང་བས་རིགས་ཞེན་དང་འགན་ཁུར་བླངས་་་་་་་་་་་

  2. ཀརྡོ་གཉེར་ཕྱག་པ་ says:
    2016-03-30 at 1:56 am

    བློ་སེང་རྒྱལ། ཀླུ་མཁར་ཕམ། སྤེན་ཚེ་ཤོར། བཀྲས་དབང་ཟུར། ལུག་རྫིས་ངུས། འོས་ཐོབ་ཤོར་ཟིནད། བདེན་པ་རྒྱལ། རྫུན་པ་ཕམ། བོད་མི་རྒྱལ། རྒྱ་གཞུང་ཕམ། དམར་དམག་ཕམ། དམངས་གཙོ་རྒྱལ།། །།བཀྲ་ཤིས།།དགེ་བ་འཕེལ།། །།

  3. འཇིགས་བྲལ། says:
    2016-03-30 at 1:58 am

    ཨ་རིག་འགྱུར་མེད་ལགས། འོས་བསྡུ་དང་འབྲེལ་བའི་བསམ་ཚུལ་མང་དག་གསུངས་འདུག དེའི་སྐོར་ལ་བསམ་ཚུལ་ཞུ་འདོད་མ་བྱུང་། ཡིན་ནའང་གུས་པའི་གཏམ་བཤད་དེ་སྲིད་སྐྱོང་བློ་བཟང་སེངྒེའི་རྒྱབ་སྐྱོར་དུ་བགྲངས་པ་དེ་ཏག་ཏག་ཅིག་བསྡད་མི་འདུག་ཞུ་གི་ཡོད། གང་ཡིན་ཟེར་ན། གུས་པའི་གཏམ་བཤད་དེ་མདོར་བསྡུས་ན་༧གོང་ས་མཆོག་གིས་དབུ་འཛུགས་བསྐྱངས་པའི་བོད་མིའི་ཆབ་སྲིད་ཀྱི་སྒྲོམ་གཞི་དང་། ཁོང་གི་ཞལ་གསུང་དྲོན་མོ་ལ་འགན་ཁུར་དགོས་པར་ནན་ཏན་དུ་བཤད་པ་ལས་སྲིད་སྐྱོང་ལས་ཐོག་ལ་འོས་འཕེན་དགོས་པའི་སྐུལ་སློང་གང་ཡང་བྱས་མེད་པ་དེ་རེ་རེ་བཞིན་ཉན་ན་གསལ་པོ་ཡོད་ཅེས་ཞུ་རྒྱུ་ཡིན། ཡིན་ནའང་ངས་དེ་འདྲ་ཞིག་གོ་གི་འདུག་ཟེར་བ་ཙམ་ཡིན་ན་ནི་གོ་བ་ལེན་ལོས་ཆོག ཡིན་ནའང་ངའི་སྐད་ཆའི་ནང་དོན་ལ་བློ་གཟུ་བོའི་སྒོ་ནས་ཉན་མི་འདུག་ཅེས་ཞུ་རྒྱུ་ཡིན། འདི་ཁྱེད་ཀྱིས་ཡིག་ཐོག་ཏུ་བྲིས་ཙང་ལན་འདེབས་འདི་ཡང་ཡིག་ཐོག་ཏུ་སྤེལ་བ་ཡིན།

  4. ནུབ་ཕྱོགས་གངས་ཕྲུག says:
    2016-03-30 at 2:21 am

    བློ་སེང་བོད་ཡིག་ཡག་པོ་མེད་དུས་གཏམ་བཤད་དེ་མི་མང་དཀྱུས་མའི་གོ་སླ་ལ་མི་མང་མང་ཆེ་བའི་འོས་བླུགས། ཚོགས་གཙོས་གཏམ་བཤད་དེ་མི་མང་དཀྱུས་མའི་ཅུང་གོ་དཀའ་བའི་མི་མང་གི་འདོད་པ་དེ་མ་ཚིམས་པར་འོས་གྲངས་ཉུང་། གང་ལྟར་བློ་སེང་གི་མགོ་བསྐོར་འོག་ལ་ཡང་བསྐྱར་ལོ་ལྔ་ཚུད་འདུག

  5. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-03-30 at 2:31 am

    ཡུལ་གྱར་བོད་མི་མང་ཤོས་དེ་༼ནུབ་ཕྱོགས་གངས་ཕྲུག༽ནང་བཞིན་སྤྱང་པོ་མེད་ཙང་མགོ་དངོས་གནས་འཁོར་འདུག་ཨང་་་་་་ད་ཆིག་སྒྲིལ་ལ་བསམ་མནོ་ཐོངས། འོས་བསྡུ་དེ་འདྲ་ནི་སྐབས་རེ་ལས་མེད་པས་ཐོབ་ཤོར་དེ་གནས་སྐབས་རེད། ཆིག་སྒྲིལ་ལས་འཐོར་ན་མི་རིགས་ཅིག་རྩ་མེད་འགྲོ་ཀི་ཡོད་པ་ཨེ་ཤེས་སམ།

  6. སྐལ་ཚེ། says:
    2016-03-30 at 3:08 am

    ནུབ་ཕྱོགས་གངས་ཕྲུག་ལགས་གདན་ས་སེར་འབྲས་དགེ་གསུམ་ཀྱང་བོད་སྐད་ཤེས་ཚད་ཁྱོད་ལྟར་མེད་ནས་བློ་སེང་ལ་འོས་བླུག་པ་རེད་དམ། ཧཧཧ་་་ད་དཀྲུག་བཤིག་མ་གནང་གཡུག་ཤོག

  7. སྐལ་ཚེ། says:
    2016-03-30 at 3:23 am

    རེད་འདོད་ཨ་རིག་འགྱུར་མེད་ཁྱོད་རང་གི་ཕྱོགས་གཏོགས་ནི་ཕམ་ཟིན་ད་ངུ་རྒྱུ་ལས་འོས་མེད་ཧཧཧ་་་སྐུ་རྩེད་ཡིན། བོད་མི་རིགས་འདི་སྐྱོབས་པའི་ཐབས་ལ་འབད་དགོས།

  8. ཏི་སི། says:
    2016-03-30 at 5:15 am

    ནུབ་ཕྱོགས་གངས་་ཕྲུག་རང་རེད། ང་ཚོའི་བོད་མའི་རྣམས་ནི་བྱང་ཕྱོགས་གངས་ཕྲུག་ཡིན།

  9. ལྷ་སྒང་ཆོས་གྲགས། says:
    2016-03-30 at 5:30 am

    སྲིད་སྐྱོང་ལས་ཐོག་པར་རྒྱལ་ཁ་ཐོབ་ཉེར་འཚམས་འདྲི་ཞུ་རྒྱུ་དང་། སླད་ཞལ་དང་ཕྱག་གཉིས་ཀྱི་མི་མངོན་པའི་བར་སྟོང་དེ་གསབ་ཐུབ་པའི་རེ་སྨོན་ཡང་ཞུ་རྒྱུ་ཡིན། དེ་བཞིན་ཁོང་ལ་ཞེན་པ་ནག་པོ་དང་དག་སྣང་ཁྲ་ཁྲའི་འོག་ནས་རྒྱབ་སྐྱོར་ཞུ་མཁན་དག་ལ་ཅང་ཞུ་རྒྱུ་མེད་ཀྱང་། རང་གི་རེ་བ་མཐོ་པོ་ཞིག་དང་མངོན་འདོད་ཆེན་པོ་ཞིག་གི་སྟེང་ནས་རྒྱབ་སྐྱོར་ཞུ་མཁན་རྣམས་ཀྱིས་དུས་ནས་དུས་སུ། རང་ཉིད་ཀྱི་བདམས་པའི་མི་དེས་རང་གི་རེ་བ་དང་མངོན་འདོད་དག་ཇི་བཞིན་བསྒྲུབ་མིན་མིག་ཆེ་ཙམ་གདངས་ནས་ལྟ་དགོས་པ་དེ་ཡང་། གལ་ཆེན་ནང་གི་དོན་ཆེན་རེད། དེ་མིན་འོས་འཕེན་པ་ཙམ་དང་རྒྱལ་ཁ་ཐོབ་པ་ཙམ་གྱིས། དེ་ནི་རེ་བ་དང་མངོན་འདོད་ཡོངས་རྫོགས་བསྒྲུབས་སོང་སྙམ་པའི་རྨོངས་དད་དང་ཆོག་ཤེས་ཕྲལ་ཕྲལ་ཞིག་གིས་འཚིམས་ནས་བསྡད་ན། ཁྱེད་ཀྱི་འོས་ཤོག་གི་ཐོབ་ཐང་བླངས་པ་ཙམ་ལས་ལས་འགན་ལ་སྣང་མེད་བཏང་པའི་ཉེས་པ་བསགས་པ་རེད།

  10. ཇུང་ཏོག་ says:
    2016-03-30 at 5:36 am

    དབུས་གཙང་དང་མངའ་རིའི་མི་མགོ་གཉིས་དེ་ཚོའི་
    རང་གི་ཉེ་སྤུན་བཀའ་བློན་ལ་ཐོན་ཐབས་སུ་བློ་སེང་ལ་
    སྤྲེ་ལས་ཁྲབ་ནས་རང་གི་ཕྱོགས་ཚང་མ་ལ་བརྒྱུད་བསྐུལ་བྱས་ནས་འོས་འཕངས་ནསཿབློྈསེང་ཐོབ་པ་རེད་ཡིན་ན་ཡང་ད་བཀའ་བློན་བསྐོ་རྒྱུ་ལ་ཁག་ཙམ་མིན་འགྲོ་
    མ་གཞི་སྤྱི་འཐུས་རྙིང་པ་སྤྱི་ཚོགས་དཀྲུགས་མཁན་
    ཚང་མ་རང་འཇག་རེད་ཟེར་འདའ་ད་གང་ཤེས་ངོ་མའི་ཧ་
    གོ་མ་ཐི་ལོ་ཨ་རོགས་ལོ་ཆུང་ཚོ་།

  11. བསོད་ནམས། says:
    2016-03-30 at 5:48 am

    ད་ཨ་རིག་ཟེར་བའི་སྨྱོན་པ་འདི་ཚོས་བར་འདུག་འདྲ་བཤད་ལེ་འདུག ངོ་མ་གད་མོ་གཏིང་ནས་ཤོརསོང་། ཆོལ་ཁའི་ཕྱོགས་ཞེན་དང་ཁེ་ཕན་གྱིས་བཟི་ནས་སྨྱོན་ཏེ་དྲ་ལམ་ནས་དཀྲུགས་ཤིང་དང་ལོ་རྒྱུས་ན་ནག་ཉེས་བསུབ་ཐབས་མེད་པ་བཞག་ཚར་དུས་གཞི་ནས་སྤྱི་བསམ་ཞིག་བཤད་ཁུལ་བྱེད་ཀྱི་འདུག ངོ་མ་སྙིང་རྗེ་ཞུའདོད། མི་ངན་ཁྱེད་ཚོས་ད་རེས་རྒྱལ་བ་རིན་པོ་ཆེས་ལོ་ངོ་དྲུག་ཅུ་ལ་བསྐྱངས་བའི་བོད་མིའི་ཆིག་སྒྲིལ་གཏོར་སོང་ཞུ་རྒྱུ་ཡིན།

  12. མིག་ཆུ། says:
    2016-03-30 at 6:19 am

    བོད་མི་རྣལ་མ་ཞིག་ཡིན་ན།་རྩོམ་ཡིག་འདི་ཅིས་ཀྱང་ཐེངས་གཅིག་ཀློག་ནས་རྩོམ་པ་པོའི་བསམ་ཚུལ་ངོས་ལེན་བྱེད་མིན་ལ་མ་ལྟོས་པར།རྩོམ་ཡིག་འདིའི་ནང་དུ་གླེང་བའི་གནད་དོན་གལ་ཆེན་ཁག་གི་ཐོག་ལ་མནོ་བསམ་ཟབ་མོ་བཞེས་དགོས་ཀྱི་འདུག་བསམ།   འོས་བསྡུ་ཚར་བ་དང་དྲ་འབུ་སྐྱག་ཞར་ཚོ་ཡང་ག་ལེར་ཡལ་འགྲོ་གི་རེད།  གང་ཡིན་ཟེར་ན་ཆབ་སྲིད་འབྲེལ་ལམ་རིག་པའི་ཁོངས་ནས་ཁོ་ཚོ་ལ་(Seasonal discussents) ཟེར་ལ།  ཁོང་ཚོ་རིགས་འོས་བསྡུ་སྐབས་འུར་འུར་ཟིང་ཟིང་ཡིན་ཡང་།་འོས་བསྡུ་གྲུབ་སོང་ན་འཇམ་ཅག་གེར་འགྲོ་ཟེར།  མི་འདི་ཚོའི་རིགས་ཀྱིས་སྤྱི་ཚོགས་ནང་གཞི་མེད་ཀྱི་གནས་ཚུལ་འཁྱམ་པོ་ལྡོམ་པོ་མང་པོ་འཁྱེར་ནས་དཀྲུག་གཀྲུག་གཏོང་བ་ལས།  དམངས་གཙོའི་འགན་དབང་ལ་ཏིལ་འབྲུ་ཙམ་ཡང་བསམ་བློ་མི་གཏོང་།་་་ཡིན་ཡང་བོད་མིའི་མ་འོངས་དམངས་གཙོའི་སྲ་བརྟན་སྐོར་ལ་སེམས་ཚབས་ཡོད་མཁན་ཚོས་འོས་བསྡུ་ཚར་མེད་ལ་མ་ལྟོས་པར་མུ་མཐུད་ནས་བོད་ཀྱི་ཆབ་སྲིད་་ལ་དཔྱད་ཞིབ་དང་དང་བགྲོ་གླེང་གནང་་ངེས་ལ།་ཁོང་ཚོས་མང་ཚོགས་ཡང་དག་པའི་ཁ་ཕྱོགས་ཤིག་ལ་ཁྲིད་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད།

  13. ཉི་འོད་གྲོང་། says:
    2016-03-30 at 6:38 am

    ད་དགོངས་དག་ཨ་རིག་གིས་ཆགས་སྡང་གི་སྐད་ཆ་མ་གཏོག་ཟུ་བོར་གནས་པ་དང་། གནས་ལུགས་མཐུན་པའི་གཏམ་གཅིག་མི་འདུག།

  14. དྲང་ཐིག says:
    2016-03-30 at 8:17 am

    ཨ་རིག་འགྱུར་མེད་ལགས་ཀྱི་དཔྱད་རྩོམ་དེའི་སྙིང་དོན་ནི། ཐེང་འདིར་ཚོགས་གཙོ་དང་ཁོང་གི་རྒྱབ་སྐྱོར་བ་ཚོར་བདེན་པ་གཡག་རོ་འདྲ་ཡོད་ཀྱང་ཕམ། བཟང་སྤྱོད་རི་འདྲ་ཡོད་ཀྱང་ཕམ་སོང་བ་དང་། སྲིད་སྐྱོང་དང་ཁོང་གི་རྒྱབ་སྐྱོར་བ་ཚོར་བདེན་པ་མེད་ཀྱང་རྒྱལ། བཟང་སྤྱོད་མེད་ཀྱང་རྒྱལ་བ་རེད། དེའི་འབྱུང་རྩ་ནི་ཁམས་པ་ཚོ་ཆོལ་ཞེན་ཆེ་བ་དང་ཨ་མདོ་བ་རྣམས་ནང་ཁུལ་ཕྲ་དོག་དང་འགྲན་སེམས་ཆེ་བ་དང་། དབུས་གཙང་བ་རྣམས་རིགས་ཞེན་མེད་པ་རྩ་མེད་ཚོར་མེད་ཡིན་པ་བཅས་ཀྱིས་རེད་ཟེར། སྐད་ཆ་དེས་བོད་ཀྱི་རྩ་དོན་དང་ཆིག་སྒྲིལ་ལ་ཕན་དང་གནོད་གང་ཡོད་བོད་རིགས་སྤུན་བློ་གཟུ་བོར་གནས་ཐོག་བསམ་གཞིག་གནང་གལ་ཆེ།

  15. བོད་ཀྱི་བུ། says:
    2016-03-30 at 10:18 am

    བདེན་བདེན་འདྲ་ཞིག་སྤེལ་འདུག

  16. རྣོ། says:
    2016-03-30 at 10:37 am

    ད་ལྟའི་སྲིད་སྐྱོང་གིས་མི་ལོ་ལྔ་འཐུས་ཤོར་གྱིས་བསྐྱལ་བས་་་་་་གོང་ས་མཆོག་གིས་ཀྱང་འཐུས་ཤོར་ཕྱིན་འདུག་ཅེས་གསུང་སྐད་དབང་མེད་ཤོར་ཡོད་ལ་་་་་་་་མ་འོངས་པའི་མི་ལོ་ལྔའི་རྗེས་སུ་་་་་་་་་གོང་ས་མཆོག་གིས་གསུང་སྐད་ཤོར་ཀྱང་་་་་་་་ཡོ་སྲང་མེད་པའི་ལོག་ལམ་ཞིག་ཏུ་ཕྱིན་ཚར་མེད་ན་་་་་་་ངས་བཤད་པ་མི་སྐད་མིན་ལ་ང་རང་ཡང་མི་ཞིག་མིན་པས་རྟགས་ཡིན་་་་་་དེ་དུས་བོད་མིའི་འཛུགས་འདི་ཆུ་སྒང་གསར་རྙིང་གི་རྩོད་ཉོག་ནང་བཞིན་འགྱུར་ངེས་རེད་་་་་་་་དེ་དུས་དཀའ་སྡུག་མྱོང་མཁན་ནི་བློ་སེང་གིས་མགོ་བསྐོར་གཏོང་ཡུལ་གྱི་གླེན་པའི་མི་དག་ཡིན་ངེས་་་་་དེ་དུས་སྡུག་སྐད་མ་ཤོར་ཨང་་་་་་་་ཧཧཧཧ

  17. ཨ་རིག་འགྱུར་མེད། says:
    2016-03-30 at 11:03 am

    འདིར་ཡོང་ནས་དགོངས་ཚུལ་ཞུ་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ། ངས་འདིར་ཆོལ་ཁ་རེ་རེའི་ཞན་ཆ་ངོས་འཛིན་ཙམ་བྱེད་པ་འཁྲུལ་བའི་བློ་ཡིས་ནོར་ཡོད་སྲིད་མོད། ཀུན་སློང་ལས་སྐྱོན་ལ་མཛུབ་མོ་མཛུབ་ན་ད་གཟོད་ཚང་མས་རང་སྐྱོན་ངོས་ཟིན་པར་རེ་བ་ཡིན་གྱིས། དམིགས་ཡུལ་གཞན་ཅི་ཡང་མེད།
    མི་རེ་རེའི་བསམ་ཚུལ་མི་མཐུན་པའི་དབང་གིས་སྐད་ཆ་བཟང་ངན་འཇམ་རྩུབ་ཅི་རིགས་བཤད་མཁན་ལ་བཀའ་དྲིན་ཞུ་བ་ལགས། ཁྱེད་ཚོས་བཀླགས་པ་ཙམ་གྱིས་འགྲིག་ཡོད།

  18. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    2016-03-30 at 12:18 pm

    འབྲི་རྩལ་འགྲིག་གི་འདུག འོན་ཀྱང་ཁོ་རང་གི་ཐུགས་ལ་གཟུར་གནས་ངོ་མ་ཡིན་བསམ་གྱི་ཡོད་མེད་མི་ཤེས་མོད། བལྟས་ཚོད་ལ་གཟུར་གནས་ཡིན་ཁུལ་ལམ་གཟུར་བཅོས་ཙམ་ཡིན་ངེས་ལས་གཟུར་གནས་ངོ་མ་ཞིག་ད་དུང་རེད་མི་འདུག་སྙམ། དཔེར་ནཿ “དབུས་པར་མཚོན་ན་བྱེས་སྐྱེས་གཞོན་རབས་པ་མང་མང་ཞིག་ལྷ་ཁང་མེས་འཚིག་ཀྱང་འཛུམ་ཤིག་ཤིག་དང་གཏོར་མ་ཁྱིས་ཁྱེར་ཡང་འཛུམ་ཤིག་ཤིག་ཅེས་པ་ལྟར། རྩ་དང་ཚོར་བ་བརླགས་པ་དང་ཐོབ་ཤོར་དང་སྐྱིད་སྡུག་ཅི་ཡིན་རུང་འགྲིག་བསྡད་པ་འདིས་ཕམ་ཡོད།”་ཞེས་པ་འདིས་ཕམ་ཁ་དེ་ད་དུང་འཇུ་ཐུབ་ཀྱིན་མེད་མཐོང་ཐུབ། ལྷག་པར་དུ་“རྩ་དང་ཚོར་བ་བརླགས་པ་”་ཞེས་པ་འདི་ནམ་རྒྱུན་མི་གཞི་ལ་དམའ་འབེབ་མ་བྱེད་ཅེས་ཡང་ཡང་བཤད་པ་དེ་དང་དངོས་འགལ་རེད།
    གང་ལྟར་སྲིད་སྐྱོང་མཆོག་ལ་གཞི་མེད་སྐྱོན་བརྗོད་འགའ་རེ་ཡོད་པ་དེ་ཚོ་བདེན་པ་ཡིན་ཤག་ཤག་གི་བསམ་བློ་ད་དུང་ཞི་མེད་པ་འམ་བདེན་པར་སྒྲོག་འདོད་ལ་དམིགས་པ་ཞིག་རེད་འདུག དཔེར་ན་“ཐེང་འདིར་ཚོགས་གཙོ་དང་ཁོང་གི་རྒྱབ་སྐྱོར་བ་ཚོར་བདེན་པ་གཡག་རོ་འདྲ་ཡོད་ཀྱང་ཕམ། བཟང་སྤྱོད་རི་འདྲ་ཡོད་ཀྱང་ཕམ་སོང་བ་དང་། སྲིད་སྐྱོང་དང་ཁོང་གི་རྒྱབ་སྐྱོར་བ་ཚོར་བདེན་པ་མེད་ཀྱང་རྒྱལ། བཟང་སྤྱོད་མེད་ཀྱང་རྒྱལ་བ་རེད།”་ཅེས་པར་བབ་ཀྱི་འདུག་ཅེས་གོང་དུ་མཆན་འདེབས་པོ་ཞིག་གིས་བཤད་པ་གནད་དུ་ཁེལ་འདུག་སྙམ།
    གང་ལྟར་ད་ལན་སྲིད་སྐྱོང་མཆོག་ལ་རྒྱལ་ཁ་ཐོབ་པ་དེ་ལས་བཟང་ཕྱོགས་ཀྱི་བསླབ་བྱ་ལེན་ཐུབ་མིན་དང་། བཟང་ཕྱོགས་ཀྱི་བེད་སྤྱོད་ལེགས་པོ་ཞིག་གཏོང་ཐུབ་མིན་མི་ཤེས་མོད། ང་ཚོས་ངོས་ནས་རྒྱལ་ཁ་འདི་བོད་མི་རིགས་དང་བོད་ཀྱི་དམངས་གཙོའི་རྒྱལ་ཁ་ཡིན་པར་ངོས་འཛིན་ཞུ་དགོས། དམའ་མཐར་ཡང་ད་ལྟའི་ཆ་ལ།

  19. རི་རྒྱལ་ཏི་སེ says:
    2016-03-30 at 6:48 pm

    ཁམས་རིགས་གླེན་པར་ཀླད་པ་མེད།།
    དབུས་གཙང་ལྕེ་དེར་གློ་སྙིང་མེད།།
    ཨ་མདོ་འཆལ་པོར་རིགས་ཞེན་མེད།།
    གསུམ་འཛོམས་དཔོན་པོར་བློ་སེང་བསྐོས།།

  20. ཀརྡོ་གཉེར་ཕྱག་པ་ says:
    2016-03-31 at 1:08 am

    མདོ་སྨད་མི་ཡིན་ངར་ནས་སྡོད། །
    མདོ་སྡོད་རྟ་ཡོད་ངར་ནས་སྡོད། །
    དབུས་གཙང་ཆོས་དད་བྱས་ནས་སྡོད། །
    སྲིད་སྐྱོུང་མགོ་སེར་ཅིག་ལ་བཅོལ། །

  21. ཀརྡོ་གཉེར་ཕྱག་པ་ says:
    2016-03-31 at 1:10 am

    མདོ་སྟོད་མི་རྣམས་བློ་ཁོག་ཆེ། །
    མདོ་སྨད་མི་རྣམས་ཤེས་རིག་བཀྲ །
    དབུས་གཙང་མི་རྣམས་ཆོས་དད་ཆེ། །
    སྲིད་སྐྱོང་སུ་ཡིས་བྱས་ཀྱང་ཆོག །

  22. རང་འཚོལ། says:
    2016-03-31 at 2:27 am

    གཞོན་སྐྱེས་ཤེས་ཡོན་པ་ཨ་རིག་འགྱུར་མེད་ལགས་ཀྱིས་བྲིས་པའི་རྩོམ་ཡིག འོས་བསྡུའི་རྒྱལ་ཕམ་ལས་ལེགས་ཆ་ལེན་ཐུབ་དགོས་ཞེས་པ་འདིའི་ཁ་བྱང་དེ་མཐོང་དུས། ད་ལོའི་འོས་བསྡུའི་སྐབས་ཆོལ་ཁ་གསུམ་གྱི་ལས་སྣེ་རེ་ཟུང་གི་གཡོ་སྐུལ་གྱི་བྱ་ངན་སྤེལ་བ་དང་། དེ་བཞིན་འོས་མི་གཉིས་པོའི་རྒྱབ་སྐྱོར་བ་མི་ཉུང་བ་ཞིག་གིས་ཆོལ་ཞེན་གང་མཚམས་བྱས་སོང་བས། ད་ཆ་ང་ཚོས་དེ་དག་ལས་ལེགས་ཆ་བླངས་ཏེ། མ་འོངས་པར། རང་འགན་དང་རང་དབང་རྣམས་འོས་བབ་དང་རང་དབང་དུ་ལོངས་སུ་སྤྱོད་དགོས་པ་དང་། ཆོལ་ཞེན་སྤངས་ཏེ་ཆོལ་གསུམ་ཆིག་སྒྲིལ་བྱ་རྒྱུའི་ལེགསགད་ཆ་ལེན་དགོས་སྐོར་སོགས་ཚུད་པའི་གལ་གནད་ཅན་མང་དག་ཅིག་གླེང་ཡོད་ཤག་བྱས་པ་ཡིན། འོན་ཀྱང་། དངོས་སུ་ཀློག་སྐབས། གནད་དོན་འགའ་རེ་ཡག་པོ་གསུངས་འདུག་ཀྱང་། རྩོམ་ཡིག་གི་སྙིང་དོན་གཙོ་བོ་དེ་ནི། ད་ལོའི་འོས་བསྡུའི་རྒྱལ་ཕམ་ལས་ལེགས་ཆ་བླངས་ཏེ་ཆིག་སྒྲིལ་དགོས་སྐོར་གླེང་རྒྱུ་དང་ཕ་རི་སྤང་ཁ་ཡིན་པས་མ་ཚད། དེ་ལས་ལྡོག་སྟེ་ངན་ཆ་བླངས་ནས། ད་ལན་ཚོགས་གཙོ་ལ་འོས་མ་ཐོབ་པ་དེ་ཆོལ་སྒྲིལ་དང་ཆོལ་ཞེན་ཕྱོགས་ལྷུང་ཤུགས་དྲག་མ་བྱས་པའི་ཉེར་ལེན་ཡིན་པར་གསུངས་འདུག་ལ། མ་འོངས་པར་འོས་ཐོབ་དགོས་ན་ངེས་པར་དུ་ཆོལ་ཞེན་དང་ཕྱོགས་སྒྲིལ་བྱ་དགོས་པའི་སྐུལ་མ་བཏང་འདུག་པ་གསལ་པོ་རེད་འདུག་པས། དངོས་གནས་གཞོན་་སྐྱེས་ཤེས་ལྡན་ཞིག་གིས་རིན་ཐང་མེད་ལ་བོད་མིའི་ཆིག་སྒྲིལ་དང་འཐབ་རྩོད་ལ་ཕན་ལས་གནོད་ཚབས་ཆེ་བའི་རྩོམ་ཡིག་འདི་འདྲ་གཅིག་སྤེལ་བ་མཐོང་དུས། བློ་ཕམ་དགོས་པ་དང་ཧང་སངས་བཅུག་པའི་གནས་སུ་གྱར་སོང་་་་ཨ་ཁ་ཁཁཁ

  23. རྫ་ཚེ་རིང་བཀྲ་ཤིས། says:
    2016-03-31 at 4:13 am

    ངས་ཀྱང་འོས་བསྡུ་ཚར་བ་དང་། སྤྱིར་འོས་བསྡུ་དང་འབྲེལ་འབྲེལ་བའི་སྐབས་དེའི་བསམ་ཚུལ་ཁྱད་པར་བདེ་སྐྱིད་ཆོས་དབྱིངས་ཀྱི་སྐོར་ལ་ངེས་པར་ཅིག་བྲི་འདོད་སྐྱེས་ཏེ། ད་སེམས་ཤུགས་བརླགས་གྲབ་འདུགཧཧཧཧ
    ཕལ་ཆེར་འབྲི་ཐུབ་ས་མ་རེད། དེའི་སྔོན་ལ་མི་འབྲི་དོན་གལ་ཏེ་ལྷག་བསམ་རྣམ་དག་གིས་བྲིས་ཀྱང་འབྲེལ་ལོག་བརྒྱབ་ནས་གོ་ལོག་སྐྱོན་རྒྱུ་ཉག་ཅིག་ཡིན་ཙང་བཞག་བཞག་པ་ཡིན།

  24. བདེན་པའི་རྒྱབ་ལངས། says:
    2016-03-31 at 7:32 am

    སྲིད་སྐྱོང་ལས་ཐོག་པར་རྒྱལ་ཁ་ཐོབ་ཉེར་འཚམས་འདྲི་ཞུ་རྒྱུ་དང་། སླད་ཞལ་དང་ཕྱག་གཉིས་ཀྱི་མི་མངོན་པའི་བར་སྟོང་དེ་གསབ་ཐུབ་པའི་རེ་སྨོན་ཡང་ཞུ་རྒྱུ་ཡིན། དེ་བཞིན་ཁོང་ལ་ཞེན་པ་ནག་པོ་དང་དག་སྣང་ཁྲ་ཁྲའི་འོག་ནས་རྒྱབ་སྐྱོར་ཞུ་མཁན་དག་ལ་ཅང་ཞུ་རྒྱུ་མེད་ཀྱང་། རང་གི་རེ་བ་མཐོ་པོ་ཞིག་དང་མངོན་འདོད་ཆེན་པོ་ཞིག་གི་སྟེང་ནས་རྒྱབ་སྐྱོར་ཞུ་མཁན་རྣམས་ཀྱིས་དུས་ནས་དུས་སུ། རང་ཉིད་ཀྱི་བདམས་པའི་མི་དེས་རང་གི་རེ་བ་དང་མངོན་འདོད་དག་ཇི་བཞིན་བསྒྲུབ་མིན་མིག་ཆེ་ཙམ་གདངས་ནས་ལྟ་དགོས་པ་དེ་ཡང་། གལ་ཆེན་ནང་གི་དོན་ཆེན་རེད། དེ་མིན་འོས་འཕེན་པ་ཙམ་དང་རྒྱལ་ཁ་ཐོབ་པ་ཙམ་གྱིས། ད་ནི་རེ་བ་དང་མངོན་འདོད་ཡོངས་རྫོགས་བསྒྲུབས་སོང་སྙམ་པའི་རྨོངས་དད་དང་ཆོག་ཤེས་ཕྲལ་ཕྲལ་ཞིག་གིས་འཚིམས་ནས་བསྡད་ན། ཁྱེད་ཀྱིས་འོས་ཤོག་གི་ཐོབ་ཐང་བླངས་པ་ཙམ་ལས་ལས་འགན་ལ་སྣང་མེད་བཏང་པའི་ཉེས་པ་བསགས་པ་རེད།

  25. བདེན་པའི་རྒྱབ་ལངས། says:
    2016-03-31 at 7:36 am

    གོང་གི་རྩོམ་བྲིས་འདི་དངོས་གནས་ཡག་པོ་འདུག་ཚང་མས་ཐེངས་རེ་ཀློག་དགོས་ཀྱི་འདུག

  26. རྡོ་སེངྒེ། says:
    2016-03-31 at 8:18 am

    བོད་ལ་རྒྱལ་ཁབ་ཅིག་ཡོད་མ་མྱོང་ཟེར་མཁན་གྱི་སྲིད་སྐྱིད་ཅིག ང་ཚོ་བོད་ལ་མི་རྫོགས་པ་འདྲ།

  27. ཅོ་རི་ཉི་མ། says:
    2016-03-31 at 9:08 am

    1 ཤར་ཁུམ་བུ། ཝ་ལུང་། ར་སུ་ཝ།(Nepal)
    2 ལྷོ་ཨ་ཧྥི་རི་ཁ། (South Africa)
    3 ཨོ་རི་ས། (India)
    4 ཀ་སྦུག (India)
    5 གློ་ཚེ་རོག (Nepal)
    གོང་གི་ས་ཁུལ་ལྔ་པོ་ནས་སྤེན་ཚེ་ལ་རྒྱབ་སྐྱོར་ཚད་པོ་བྱས་འདུག སྤེན་ཚེ་ལ་འོས་གྲངས་མི་མང་པོ་ཐོབ་འདུག ཡིན་ཀྱང་ནུབ་ཕྱོགས་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་གི་ནང་ནས་སྤེན་ཚེ་ལ་རྒྱབ་སྐྱོར་བྱས་མི་འདུག འདིས་ཅི་ཞིག་མཚོན་པ་རེད་དམ། ཧན་མ་ལ་ཡའི་རི་རྒྱུད་ཀྱི་བོད་མིའི་གཞི་ཆགས་ཁག་དང་ཨ་ཧྥི་རི་ཁའི་ཁུལ་གྱི་བོད་མི་རྣམས་ཀྱིས་སྤེན་ཚེའི་བདེན་པ་གཡག་རོ་འདྲ་བ་དེར་མཐོང་འདུག་ལ་རྒྱབ་སྐྱོར་ཡང་བྱས་འདུག
    xxxx

  28. གནམ says:
    2016-03-31 at 7:02 pm

    ཁམས་ཞེན་གྱི་ངན་གཡོ་ལྐོག་བཅོས་ཀྱི་བཙན་བཀའ་གོ་སྡུར་དང་འཇིགས་སྐུལ་མེད་ས་ལ། སྤེན་ཚེ་རྒྱལ་བས་མ་ཚད། བོད་རྒྱལ་ཁབ་ཡང་རྒྱལ་ཡོད་པ་རེད།
    སློབ་བཟང་སངས་རྒྱས་ཀྱི་རྐུབ་གཡོག་པ་ཚོ།

  29. ཀརྡོ་གཉེར་ཕྱག་པ་ says:
    2016-04-01 at 2:29 am

    བློ་སེང་ལགས་ལ། ཡོན་ཏན་ཅིག་ནི། ཆོལ་ཁ་ཐེན་འཁྱེན་དང་། ལྐོག་ས་རུལ་སྲུངས་བྱུང་མ་སོང་སྙམ་པ་འདི། བློ་བདེ་པོ་འདུག ད་དུང་རྒྱལ་སྤྱིའ་སྟེང་ལ་སྤོབས་པ་ཆེན་པོའི་སྒོ་ནས་བོད་དོན་ཤོད་ཐུབ་པ་འདི་ལ། ངའི་ཡིད་འཕྲོག་སོང་། རྒྱུ་མཚན་དེ་ལ་བརྟེན་ནས། ངས་ཁོང་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་དོ།།

  30. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    2016-04-01 at 7:31 am

    མཆན་༢༦་པ་རྡོ་སེང་གེ་ལགས་སུ།
    དྲང་མོས་བློས་བཤད་ན། བློ་སེང་གིས་བོད་ལ་རྒྱལ་ཁབ་ཅིག་ཡོད་མ་མྱོང་ཞེས་ནམ་ཡང་གསུང་མྱོང་མེད་པ་རེད། འདི་ཆེད་དུ་ཁོང་ལ་སྐྱོན་འཛུགས་ཆེད་དུ་སྐད་ཆ་དུམ་བུ་ཞིག་བཅད་ནས་བསྒྲགས་པ་ཞིག་རེད། …We Tibetans never had a country… དུམ་བུ་འདི་ཁོ་ནས་ལས་གཞན་སྔ་ཕྱི་སྔོན་རྗེས་གང་ཡང་མེད་ན་བདེན་པ་རེད། འོན་ཀྱང་དེ་འདྲ་མ་རེད། སྐད་ཆ་དུམ་བུ་འདི་ཁོ་ན་ཟུར་དུ་བཅད་ནས་བློ་སེང་གིས་འདི་ལྟར་བཤད་ཀྱི་འདུག་ཅེས་གསུང་ན་དྲང་མོ་མ་རེད། གང་ལྟར་ཚིག་རིས་ལ་དེ་འདྲ་ཞིག་ཡོད་སྟབས་གོ་ནོར་ཐེབས་སྲིད་པའི་སྐད་ཆ་དེ་ལ་གཞན་དག་ལྟར་མ་ཡིན་པར་གསལ་བཤད་ཀྱང་དུས་ལས་མ་ཡོལ་བར་གནང་ཡོད། ད་དུང་ཡང་མཐོང་རྒྱུ་ཡོད་པས་མ་འོངས་བར་དེ་འདྲ་ལ་འཇུ་ས་གང་ཡང་མེད་པ་བཟོས་ཟིན་ཡོད། https://mbasic.facebook.com/notes/kalon-tripa-of-tibet/clarification-on-a-recent-statement-by-kalon-tripa-to-a-german-newspaper-in-ital/325573184156678/ འདི་ནས་གཟིགས་ཐུབ། ལར་ནས་སྲིད་སྐྱོང་མཆོག་གིས་བོད་ལ་རྒྱལ་ཁབ་ཅིག་བྱུང་མྱོང་མེད་ཅེས་གསུང་དགོས་དོན་ཡེ་ནས་མེད། དྲི་བ་ལ་གང་ཡོད་དུ་ལན་ལ་དེ་ལྟར་དུ་འདེབས་པ་ལས་དྲི་བ་དང་མ་འབྲེལ་བ་ཞིག་གསུང་དགོས་དོན་ཅང་མེད། ང་ཚོ་བོད་མི་ཚོ་ལ་ཞེས་པའི་གོ་ས་དེ་བཙན་བྱོལ་དུ་ཡོད་པའི་བོད་མི་དག་ལ་གོ་རྒྱུ་ཡིན་པ་བལྟས་པ་ཙམ་གྱིས་ཤེས་ཐུབ་པ་ཞིག་རེད། དྲི་བ་དེ་བཙན་བྱོལ་ནང་གི་གནས་སྟངས་ཐོག་ནས་བྲིས་ཡོད་སྟབས་ལན་ཡང་དེ་བཞིན་དུ་བཏབ་པ་ཞིག་རེད།

  31. ཇ་མ་ says:
    2016-04-01 at 11:16 am

    བཙན་བྱོལ་བོད་མིའི་རྒྱལ་ས་གཉིས་པ་རྡ་རམ་ས་ལ་ནས་བློ་སངས་འོས་ཤོག་མ་ཐོབ་པ་ནི་གནད་འགག་ཆེན་པོ་དང་བློ་སངས་གི་བློ་སྙིང་བྲང་གསུམ་གང་འདྲ་ཡིན་པ་གསལ་བོར་བསྟན་ཡོད།

  32. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-04-01 at 11:33 am

    རྡ་ས་ནས་བློ་སེང་ལ་འོས་མ་འཕངས་པར་རྒྱུ་མཚན་ནི་སྐུ་དྲག་གསར་རྙིང་གཉིས་གཙོས་དེའི་ཕྱོགས་གཏོགས་པ་ཚང་མ་ལ་དབང་ཆ་མེད་པ་བཟོ་འོང་བསམ་ནས་རེད་མ་གཏོགས་གཞན་རྒྱུ་མཚན་ཡོད་མ་རེད་དོ།།

  33. རྒྱ་མཚོ་ཆེན་པོ། says:
    2016-04-04 at 12:31 pm

    ཡག་པོ་བྲིས་འདུག་ཁྱེད་མི་གཤིས་དྲང་ཚུགས་ཤིག་ཡོད་པ་འདྲ་དྲན་མ་ཟད་བློ་ཡངས་པོ་འདྲ་བོ་ཞིག་ཀྱང་མཐོང་། བཀྲིན་ཆེ་བསྔགས་བརྗོད་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme