Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཛམ་གླིང་གི་སྟོན་པ། —གོང་ས་ཏཱ་ལའི་བླ་མ།

Posted on 2015-06-212015-06-21 By ཁ་བརྡ་ No Comments on འཛམ་གླིང་གི་སྟོན་པ། —གོང་ས་ཏཱ་ལའི་བླ་མ།

Dalai-Lama-pic-1འབྲས་སྒོ་མང་དགེ་བཤེས་བསྟན་འཛིན་རྒྱ་མཚོ།

 
སྐུ་ཡིས་འཛམ་གླིང་ཟླུམ་པོར་ཞབས་ཀྱིས་བཅགས། །
གསུང་གིས་ཆོས་སྲིད་འཁོར་འདས་ལེགས་ལམ་སྟོན། །
མཁྱེན་པས་རྟེན་འབྱུང་ཆོས་རྣམས་མངོན་གཟིགས་པའི། །
བརྩེ་ཆེན་བྱམས་པས་འགྲོ་འདུལ་རྒྱལ་གྱུར་ཅིག །

རྒྱལ་ཀུན་བརྩེ་བའི་སྙིང་པོ་སྙིང་རྗེའི་གཏམ། །
འཛམ་གླིང་ཆོས་ལུགས་ཀུན་གྱི་བསླབ་བྱར་གདམས། །
ནང་བསྟན་ཆོས་ཀྱི་སྙིང་པོའི་རྟེན་འབྱུང་དོན། །
འཛམ་གླིང་ཆོས་སྲིད་ཀུན་གྱི་སྲོག་ཏུ་གདམས། །

བདེ་འདོད་སྡུག་བསྔལ་མི་འདོད་འགྲོ་བ་ཀུན། །
ནམ་ཡང་བདེ་བར་སྲེད་ནས་མངོན་རྒྱུག་པ། །
རྨོངས་པའི་ཆགས་སྡང་ལས་ཀྱི་འདུ་བྱེད་ལས། །
སྡུག་གིས་མནར་ཕྱིར་ཁྱོད་ཐུགས་བརྩེ་བས་བཅིངས། །

གླིང་འདིར་དམངས་ཀྱི་འདོད་དོན་བསྒྲུབ་པོ་ཞེས། །
འཚེ་བའི་ཐབས་དང་ལས་ཀྱིས་རྒྱལ་ཁབ་སྐྱོང་། །
ཁྱོད་ཀྱིས་རང་གཞན་བདེ་འདོད་མཚུངས་པའི་ཕྱིར། །
ཞི་བའི་ཐབས་བསྟན་ཞི་བདེའི་གཟེངས་རྟགས་བསྩལ། །

བསྟན་ལ་སློབ་རྣམས་མཐར་ཐུག་ཐར་བར་ཁྲིད། །
འཇིག་རྟེན་པ་ལ་བྱམས་སོགས་ཞི་བའི་ཐབས། །
སྟོན་པའི་བསླབ་བྱ་ནོར་བུའི་མཛོད་ཕྱེ་བས། །
ཁྱོད་ནི་ཐར་བའི་ས་མཁན་འཇིག་རྟེན་ནོར། །

གཞི་ཡི་ཆོས་ཀྱི་གནས་ལུགས་བདེན་པའི་གཏམ། །
ཆོས་མིན་སྨྲ་ཡང་གཟུ་བོའི་བློས་དཔྱོད་པས། །
ཕན་ཚུན་བྱམས་པའི་ཡིད་ཆེས་རྟེན་འབྱུང་ལས། །
སྒྲུབ་པའི་ལམ་སྟོན་ཁྱོད་ནི་ཤིང་རྟ་པ། །

མ་ཡིས་བུ་ལ་བྱམས་པའི་བརྩེ་བ་དང་། །
བུ་ཡིས་མ་ལ་བརྩེ་བའི་ཡིད་ཆེས་བློ། །
སུས་ཀྱང་མ་བསླབ་བློ་ཡང་མ་སྦྱངས་མོད། །
ངང་གིས་འབྱུང་བ་མ་བུའི་གཤིས་ལ་གྲུབ། །

དེའི་ཕྱིར་ཆོས་ལུགས་ཀུན་གྱི་བསླབ་བྱ་ཡང་། །
གླིང་འདིའི་སྐྱེ་འགྲོ་འཚོ་བའི་འཕོ་འགྱུར་ཁྲོད། །
ངང་གིས་འབྱུང་བའི་བྱམས་བརྩེ་ཡིད་ཆེས་བློ། །
ཀུན་ལ་སྤེལ་བའི་ཐབས་སུ་འཁྱེར་དགོས་གསུང་། །

ཆོས་ལུགས་ཁས་མིན་ལེན་པའི་འགྲོ་བ་ཡང་། །
བྱམས་བརྩེས་ཕོངས་པས་ཕན་ཚུན་ཡིད་ཆེས་བྲལ། །
དེ་ཕྱིར་ཁྱོད་ཀྱིས་འཛམ་གླིང་ཆོས་ལུགས་ཀྱི། །
མཚམས་ལས་བརྒལ་བའི་བྱམས་བརྩེ་སྤེལ་ཐབས་གསུང་། །

རྒྱལ་བས་ཇི་སྙེད་བཀའ་བསྩལ་དགོངས་པའི་དོན། །
ཇི་བཞིན་གཟིགས་པས་གསུང་གི་ཆ་རེར་ཡང་། །
དངོས་དང་གདུལ་བྱའི་ཁམས་ཀྱི་དབང་བྱས་པའི། །
དོན་གཉིས་ཕྱེ་བས་དམངས་ཀྱི་རྨོངས་མུན་སེལ། །

དེ་ལྟར་གདུལ་བྱའི་བསམ་པའི་ངོར་གསུང་བ། །
དེ་དུས་མོས་པའི་ཁམས་ཀྱི་དབང་ཙམ་ལས། །
ཁས་བླངས་མི་རུང་ཕྱིར་ན་སྟོན་པས་ཀྱང་། །
བརྟག་དགོས་གསུང་གི་གུས་ཕྱིར་མིན་པར་གསུང་། །

རིགས་བཞིས་དཔྱད་པའི་ནང་པའི་ཚན་རིག་དང་། །
ནུབ་ཕྱོགས་ཚན་རིག་ཟུང་གི་དཔྱད་ཐབས་ལས། །
འགྲོ་བའི་བདེ་སྐྱིད་མཐར་ཐུག་སེམས་ཀྱི་ཁམས། །
ཇི་བཞིན་འཚོལ་ཕྱིར་མཁས་མང་བགྲོ་བ་མཛད། །

དེ་དུས་གཟུར་གནས་ཚན་རིག་མཁས་པ་དག །
བརྟག་དཔྱད་གྲུབ་དོན་དངོས་དང་ཚོད་དཔག་གིས། །
གོ་ལའི་ཆགས་འཇིག་ཕྲ་རྡུལ་ནུས་ཤུགས་དང་། །
ཚེ་སྲོག་སྐྱེ་འཕེལ་མིག་འཕྲུལ་བཞིན་དུ་བསྟན། །

ཁྱོད་ཐུགས་མཁྱེན་པའི་མྱོང་བ་ཟབ་མོ་དང་། །
དབུ་ཚད་རིགས་པའི་རྣམ་དཔྱོད་ཞིབ་ཕྲ་ཡིས། །
ཚེ་གང་ཚན་རིག་སྦྱངས་པའི་སློབ་དཔོན་ཡང་། །
རང་གིས་གྲུབ་དོན་བཞག་ལ་ཐེ་ཚོམ་ཟ། །

དེ་ཕྱིར་ཁྱོད་ཀྱིས་བསྟན་ལ་ཐོས་བསམ་གྱིས། །
བཤད་པས་གཞུང་ལ་ངེས་པ་འཚོལ་བ་ལ། །
ཚན་རིག་ལྟ་བའི་གསང་བའི་མཐིལ་རྟོགས་ན། །
རྒྱལ་བསྟན་ནོར་བུའི་རང་འོད་འཕྲོ་བར་གཟིགས། །

དེ་ལྟ་ན་ཡང་རིག་གསར་འཕྲུལ་རིག་དང་། །
ལྷན་ཅིག་སྡོང་བས་ཕྱི་ནང་གཟུགས་ཅན་ལ། །
དཔྱད་པས་གྲུབ་དོན་དངོས་ཀྱི་འཚོ་བ་དང་། །
བསྲེས་པའི་འཕོ་འགྱུར་བསམ་བརྗོད་ཡུལ་ལས་འདས། །

འོན་ཀྱང་དཔྱད་པའི་ཐབས་དེས་འབུ་སྲིན་ནས། །
འགྲོ་བ་མི་ཡི་འདུ་ཤེས་འཛིན་སྟངས་པར། །
ཕྲ་ཕུང་རྫས་རྡུལ་འགྱུར་འགྲོས་འབའ་ཞིག་ལས། །
ཕན་ཚུན་བརྡ་ལན་སྐྱེལ་བའི་ནུས་པར་སྨྲ། །

གཞན་ཡང་རྡུལ་ཕྲན་ནུས་ཤུགས་བསགས་པ་ལས། །
གྲུབ་པའི་གོང་བུ་འབར་གས་ནུས་པའི་རླབས། །
འཕྱུར་བའི་ཤུགས་ཀྱིས་གོ་ལ་རིལ་བོ་ཡང་།
སྐད་ཅིག་འཇོམས་པའི་མཚོན་ཆ་འཇིགས་སུ་རུང་། །

འདི་ལྟར་གྱུར་ན་འཛམ་གླིང་སྐྱེ་བོ་ཀུན། །
བདེ་བའི་སྐབས་མེད་གསོན་པའི་གོ་སྐབས་ཕྲ། །
དེ་ཕྱིར་སེམས་ཀྱི་རྨོངས་པའི་ཆགས་སྡང་སོགས། །
སེམས་ཀྱིས་འཇོམས་པའི་ཐབས་ཚུལ་གསལ་བར་གསུང་། །

ཤར་ནུབ་ལྷོ་བྱང་ཀུན་ན་སྟོབས་འབྱོར་གྱིས། །
འཚོ་བའི་འཛམ་གླིང་འབྱོར་ཕྱུག་ཅན་དག་ཀྱང་། །
ཡིད་ཀྱི་སྡུག་བསྔལ་ཕྱི་ཡིས་མ་སེལ་བས། །
ནང་གི་སེམས་བདེ་འཚོལ་ལ་ཕྱོགས་བསླད་གྱུར། །

ཐུབ་གསུང་བཀའ་དང་དགོངས་འགྲེལ་བཅས་པ་ལས། །
ཐོབ་བྱའི་འབྲས་བུ་ལམ་གྱིས་ཐོབ་པ་ལ། །
གཞི་ཡི་གནས་ལུགས་གསུང་བའི་གདམས་པའི་མཐིལ། །
གཟིགས་ནས་ཚན་རིག་ལྟ་གྲུབ་ཁོལ་དུ་ཕྱུངས། །

དེ་ལྟར་གཞི་ཡི་གནས་ལུགས་སྟོན་པའི་གཞུང་། །
སྦྱོང་བའི་འགྲོ་བ་བདེ་བའི་ཐབས་བཟང་པོ། །
འཛམ་གླིང་ཡངས་པོར་ཁྱབ་པའི་མཛད་བཟང་ཅན། །
ཞི་བདེའི་དེད་དཔོན་འཛམ་གླིང་སྟོན་པ་ཉིད། །

འདི་ལྟར་ཁྱོད་ཡོན་འཛད་འཕྲིན་རྒྱ་མཚོ་ལས། །
བདག་བློ་ཆུ་བུར་མིག་ལ་སྣང་བ་འགའ། །
མགོན་ཁྱོད་དགོང་ལོ་བརྒྱད་ཅུར་ཕེབས་པའི་ཉིན། །
སྙན་ཚིག་མེ་ཏོག་ཕྲེང་བའི་སྐྱེས་སུ་བཏེགས། །

ཞེས་པ་འདི་ནི་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་སྐུའི་དགོངས་གྲངས་བརྒྱད་ཅུར་ཕེབས་པའི་སྐལ་བཟང་གི་ཉིན་མོར།གནས་མཆོག་རྡ་རམ་ས་ལའི་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འཁྲིས་སུ་༸མགོན་པོ་གང་གི་མཛད་འཕྲིན་རྒྱ་མཚོ་ལྟ་བུ་ལས་རང་གི་ཐ་མལ་ཆུ་བུར་མིག་ལ་སྣང་བ་འགའ་ལས་བརྩམ་པའི་སྙན་ཚིག་མེ་ཏོག་གི་ཕྲེང་བའི་ལེགས་སྐྱེས་སུ།
བོད་རྒྱལ་ལོ་ ༢༡༤༢ ཟླ་ ༥ ཚེས་ ༥ དང་། ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༡ ཉིན་འབྲས་སྒོ་མང་ཀླུ་འབུམ་དགེ་བཤེས་བསྟན་འཛིན་རྒྱ་མཚོས་དང་པའི་དད་པ་བླ་ན་མེད་པས་ཕུལ། ། ། །

སྙན་ངག

Post navigation

Previous Post: སྐུའི་གྱ་སྟོན་ལ་ཞུགས་པ།
Next Post: ༧སྐུའི་གྱ་སྟོན་ཉིན་སློབ་མཐར་ཕྱིན་པའི་བོད་ཀྱི་བུ་མོ་གཉིས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme