Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འབྲུག་གི་སྐོར་གྱི་དྲིས་ལན།

Posted on 2023-03-15 By ཁ་བརྡ No Comments on འབྲུག་གི་སྐོར་གྱི་དྲིས་ལན།

ཚངས་དབང་དགེ་འདུན་བསྟན་པ།

ལྗགས་ནག་པ། (དྲི་བ་འདྲི་མཁན།) རྒན་ལགས། བོད་ཀྱི་སྒོ་ཆེན་དང་མཆོད་ཁང་སོགས་ཀྱི་པ་ཏྲར་འབྲུག་གི་རི་མོ་བརྐོ་བ་འདི་རྒྱ་གར་གྱི་སྲོལ་རེད་དམ་བོད་རང་གི་སྲོལ་རེད། ཡང་ན་རྒྱ་ནག་གི་སྲོལ་རེད། ལན་བསྡུས་པ་ཞིག་གསུངས་རོགས།        

ཚངས་དབང་དགེ་འདུན་བསྟན་པ། (དྲིས་ལན་འདེབས་མཁན།) གྲོགས་ལྗགས་ནག་པ་ལགས། ཁྱེད་ཀྱི་དྲི་བ་དེ་ནི་གཏིང་ཟབ་ཅིང་རྒྱ་ཆེ་བ་དང་། རྙོག་དྲ་ལྡན་ཞིང་རྩོད་གཞི་ཆེ་བ་སོགས་ཀྱི་བརྗོད་བྱ་ཞིག་ཡིན་པས། ལས་སླ་མོའི་སྒོ་ནས་འགྲེལ་བཤད་བྱེད་ནུས་པ་ཞིག་དང་། ཡང་ན་ཚིག་གསུམ་བཤད་པ་ཙམ་གྱིས་གསལ་ཐག་ཆོད་ཐུབ་པ་ཞིག་མིན་ཡང་། རང་གི་ཤེས་ཚོད་དང་ལྕོགས་ཚོད་ཀྱིས་ལན་ཞིག་བཏབ་ནའང་མི་ཆོག་པ་ཅི་ཡོད་སྙམ། 

སྒོ་ཆེན་དང་མཆོད་ཁང་སོགས་ཀྱི་མགོར་འབྲུག་རིས་བརྐོས་པའི་གོམས་སྲོལ་དེའི་ལོ་རྒྱུས་ནི་ཧ་ཅང་རིང་བོ་ཞིག་ཡིན་ཕྱིན། ལུགས་སྲོལ་དེ་རྒྱ་ནག་

ནས་དར་བ་རེད་དམ། ཡང་ན་རྒྱ་གར་དང་བོད་བཅས་ས་གནས་གང་ནས་དར་ཚུལ་གྱི་འབྱུང་ཁུངས་ཐད་བཤད་ཚུལ་མི་འདྲ་བ་ཅི་རིགས་ཡོད་པས་མཐའ་གཅིག་ཏུ་བཤད་དཀའ་སྟེ། རྒྱ་ནག་གི་ལོ་རྒྱུས་དང་། འཚོ་བའི་ཡོ་བྱད་སོགས་སུ་འབྲུག་དང་འབྲུག་རིས་དང་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་པ་མང་དུ་མཆིས་པ་དང་། རྒྱ་ནག་དང་བསྡུར་ན་དེང་སང་བོད་དང་རྒྱ་གར་སོགས་ལ་འབྲུག་གི་རིག་གནས་དེ་དེ་འདྲ་ཁྱབ་རྒྱ་མི་ཆེ་བ་དང་། རྒྱ་ནག་པ་རང་གིས་ཀྱང་། ཁོ་ཚོ་ནི༼འབྲུག་བརྒྱུད༽ཡིན་ཚུལ་གྱི་དྲིལ་བསྒྲགས་ག་ས་གང་དུ་བྱས་དང་བྱེད་བཞིན་པས། ད་ཆར་བལྟོས་ན། འབྲུག་གི་རིག་གནས་ནི་དངོས་གནས་རྒྱ་ནག་གི་མིན་ན་སུའི་ཡིན་གྱི་བག་ཆགས་ཟབ་མོ་ཞིག་ཀུན་གྱི་སེམས་ལ་བཞག་ཚར་བ་རེད། ད་ནི་དེ་འདྲ་ཞིག་མིན་ཚུལ་གྱི་ལྟ་བ་གཞན་ཞིག་བཤད་ཀྱི་ཡིན་ཟེར་ན། ཡིག་ཚང་གི་ཁུངས་ལུང་དང་། གནའ་རྫས་ཀྱི་བདེན་དཔང་སོགས་མིག་མཐོང་ལག་ཟིན་མིན་ཚེ། སུས་ཀྱང་ཡིད་ཆེས་དང་རྣར་འགྲོ་དཀའ་བ་ཞིག་ཡིན་པ་སྨོས་མ་དགོས་སོ།།

རྒྱ་ནག་གི་གནའ་དཔྱོད་ཉམས་ཞིབ་པ་ཚོས་བལྟས་ན། འབྲུག་བྱ་བའི་སེམས་ཅན་དེའི་ཐོག་མའི་འབྱུང་ཁུངས་ནི། ཀླུ་བྱ་བ༼龙༽དང་ཐད་ཀར་འབྲེལ་བ་ཡོད་པར་བཤད་པ་དང་། ཀླུའི་འབྱུང་ཁུངས་ནི༼སྲིད་པའི་མཚོ།混沌水  ༽དང་འབྲེལ་བ་ཏག་ཏག་ཡོད་ཚུལ་བཤད་འདུག་ལ། ༼སྲིད་པའི་མཚོ༽བྱ་བ་གང་ཡིན་གྱི་ངོས་འཛིན་ཡང་མཁས་པ་སོ་སོ་མི་གཅིག་པས་རྙོག་དྲ་ཤིན་ཏུ་ཆེ་བ་ཞིག་རེད་འདུག་གོ། དེ་ཡང་རྒྱ་ནག་རང་གི་ཡིག་ཚང་རྙིང་བར་འབྲུག་གི་སྐོར་འཁོད་ཡོད་པ་ཆེས་སྔ་ཤས་ནི། ༼创世篇༽དང་༼易༽དང་༼山海经༽དང་༼楚辞༽སོགས་ཡིན་ཞིང་། གོང་གི་ཡིག་ཚང་དེ་དག་ཏུ་འབྲུག་དང་འབྲེལ་བའི་གནས་ཚུལ་དུ་མ་ཞིག་འཁོད་ཡོད་ཀྱང་། འདིར་རེ་རེ་ནས་གསལ་བཤད་མི་བྱེད་པར་གོང་དུ་བཤད་པའི་དཔེ་རྙིང་དེ་དག་ཏུ་ཇི་ལྟར་འཁོད་པའི་ནང་དོན་རྣམས་ཕན་ཚུན་བསྡུར་ནས་མདོ་ཙམ་གླེང་ན།  ཡིག་ཚང་དེ་དག་ཏུ། འབྲུག་ནི་ལུས་པོ་ཤིན་ཏུ་རིང་ཞིང་མགོ་ནི་མི་མགོ་འདྲ་བོ་ཡིན་ཞིང་། རྒྱ་མཚོ་ལ་གནས་པའི་སེམས་ཅན་གྱི་རིགས་ཤིག་ཡིན། ཐོག་མའི་དུས་སུ༼སྲིད་མཚོར༽གནས་ཞེས་འཁོད་ཡོད་པས། རྒྱ་ནག་གི་མཁས་པ་ཚོས་དེ་ནི་རིག་བྱེད་ཀྱི་གཞུང་ལས་བཤད་པའི་ནྰ་ག་བྱ་བ་དང་འབྲེལ་བ་ཡོད་པར་འདོད་ཅིང་། ༼楚辞·天文༽ ལས་བཤད་པའི་འབྲུག་ནི། རང་རེའི་འཇམ་དཔལ་ནྰ་ག་རཀྵའི་ལོ་རྒྱུས་བཞིན་རི་བོ་ཞིག་ལ་དཀྲིས་ནས་གནས་པར་བཤད། ཚིག་ཟུར་ཙམ་ལས་སྤྱིའི་ཆ་ནས་ནང་དོན་ཤིན་ཏུ་འདྲ།  ༼རིག་བྱེད་ཀྱི་གཞུང༽ ལ་ལར། མཚོ་ནང་གི་ཀླུ་གདེངས་ཀ་ཅན་དེ་ནི་ལྷ་ཁྱབ་འཇུག་གི་སྤྲུལ་བ་ཡིན་ཚུལ་བཤད་འདུག་པ་དང་། རྒྱ་ནག་གི་དཔེ་རྙིང་ཁག་ཏུའང་དེ་ལྟར་འཁོད་འདུག། རང་རེའི་ཆོས་གཞུང་དག་ལས། དེ་ནི་ཀླུ་མ་དྲོས་པ་བྱ་བ་ཡིན་པར་བཤད། འོན་ཏེ། འདི་དག་གི་སྐབས་སུ་འབྲུག་གི་རྣམ་པ་དེ་སྦྲུལ་གྱི་རྣམ་པ་ཅན་ཡིན་ལ། སྦྲུལ་ནས་འབྲུག་གི་རྣམ་པར་འགྱུར་བའི་གོ་རིམ་ནི་ཧ་ཅང་རྙོག་དྲ་ཅན་ཞིག་རེད། འདི་དག་ནི་རྒྱ་ནག་དང་རྒྱ་གར། བོད་བཅས་ཀྱི་དུས་རབས་རིམ་བྱུང་གི་འབྲུག་རིས་རྣམས་ལ་བསྡུར་ནས་ཤེས་དགོས་པ་ལས། ཡིག་ཚང་ཁོ་ནར་བརྟེན་ནས་ཤེས་ཐུབ་པ་ཞིག་མ་རེད་སྙམ། རང་རེའི་ཆོས་དཔེ་དག་ཏུ། ཀླུ་མ་དྲོས་པའི་གཟུགས་རིས་ནི་མོ་ལུས་ཤིག་འབྲི་གིན་འདུག་ལ། དེ་ནི་ལྷ་མོ་ཨུ་མ་ལ་འབྲེལ་བ་ཡོད་པར་བཤད་པ་ལས་ཁྱབ་འཇུག་ལ་འབྲེལ་བ་ཡོད་པའི་སྐོར་ངས་མཐོང་མ་མྱོང་། རྒྱ་ནག་གི༼山海经༽ ནང་དུ། སྦྲུལ་མགོ་དགུ་ཅན་གྱི་གཏམ་རྒྱུད་ཅིག་མཆིས་པ་དེ་དང་། རང་རེའི་ཀླུ་མ་དྲོས་པའི་མགོར་སྦྲུལ་གྱི་གདེངས་ཀ་བརྒྱད་ཡོད་པར་བཤད་པ་དེ་དག་གི་ཐོག་མའི་འབྱུང་ཁུངས་ནི་གཅིག་ཡིན་པར་གསལ་ཡང་། ལོ་རབས་ཁྲི་ཕྲག་མང་པོའི་སྔོན་གྱི་གཏམ་རྒྱུད་དེ་དག་ལ་ཕྱིས་སུ་ཁོར་ཡུག་མི་འདྲ་བའི་མི་དག་གིས་རང་རང་གི་འཚོ་བའི་གནས་བབ་དང་དགའ་ཁ་འཁྱེར་ཕྱོགས་ཀྱི་དབང་གིས་འགྲེལ་བཤད་སྣ་ཚོགས་བྱུང་འདུག་པ་ནི་བཤད་མ་དགོས་སོ།།

ཧན་རྒྱལ་རབས་ཀྱི་ས་འོག་ནས་བྱུང་བའི་འབྲུག་རིས་དང་བོད་བཙན་པོའི་དུས་ཀྱི་འབྲུག་རིས་ལ་ལར་གཤོག་པ་ཡོད་པའང་མཆིས་པ་དང་། དུས་རབས་རིམ་བྱུང་གི་འབྲུག་རིས་རྣམས་ལ་རྣམ་འགྱུར་མི་འདྲ་བ་མང་དུ་མཆིས་པས། འབྲུག་བྱ་བ་ནི་མཐའ་གཅིག་ཏུ་འདི་རེད་ཅེས་སུས་ཀྱང་བཤད་དཀའ་འོ།། དཔེར་ན། ཀླུ་བྱ་བ་སྦྲུལ་གྱི་གདེངས་ཀ་ཅན་དེ། དུས་ནམ་ཞིག་གི་སྐབས་སུ་འབྲུག་གི་རྣམ་པ་ཅན་དུ་འགྱུར་བའི་ལོ་རྒྱུས་ཐད་ད་དུང་གནའ་དཔྱོད་མཁས་པ་རྣམས་ལ་རྩོད་གཞི་ཤིན་ཏུ་ཆེ་བ་མ་ཟད། འབྲུག་བྱ་བ་ནི་དང་ཐོག་སྦྲུལ་གྱི་རྣམ་པ་ཅན་དང་། དེ་ནས་དེང་སང་གི་གོ་བ་ནང་བཞིན་ཆུ་སྲིན་གྱི་མགོ་དང་། སྦྲུལ་གྱི་ལུས། བྱའི་རྐང་བ་ལྟ་བུ་ཞིག་ཏུ་ཆགས་པའི་བརྒྱུད་རིམ་ནི་ཤིན་ཏུ་མི་གསལ་བ་དང་། རབ་རིབ་ཅན་དང་ལྐོག་གྱུར་རང་བཞིན་ཞིག་ཏུ་གནས་ཡོད་པས། མི་རེའི་སེམས་ངོ་ན་གནས་པའི་འབྲུག་བྱ་བའི་སེམས་ཅན་དེ་མཐར་གཏུགས་ན་འཆར་སྣང་ཞིག་དང་། ཡང་ན་རྣམ་རྟོག་གི་ངོར་གྲུབ་པའི་ངང་ཚུལ་ཙམ་ལས་དངོས་ཡོད་གནས་ཚུལ་དུ་མེད་པར་འདོད་ཡོད། དེ་ཡང་མཐར་གཏུགས་ན་ཞིབ་འཇུག་གི་ཐབས་ལམ་ཞན་པའི་ངང་ཚུལ་ཞིག་ལས་མ་འདས་སོ་སྙམ། ཐོག་མའི་སྐབས་སུ་འབྲུག་ནི་སྦྲུལ་ལ་གོ་ན་ཕྱིས་སུ་ཇི་ལྟར་མི་གོ་བའི་གནས་ཚུལ་ཡང་བཤད་དཀའ་བ་དང་། ལྷག་པར་དུ།༼ ལོ་འཁོར་བཅུ་གཉིས༽སུ་སྦྲུལ་དང་འབྲུག་གཉིས་སོ་སོར་བཀར་ཡོད་པ་དང་། གལ་ཏེ། འབྲུག་བྱ་བའི་སེམས་ཅན་ཞིག་མེད་ན། ལོ་འཁོར་བཅུ་གཉིས་ལས་གཞན་ཚང་མ་ཡོད་པས་འབྲུག་གཅིག་པུ་མེད་པའི་རྒྱུ་མཚན་ཅི་ཡིན་ཧ་ཅང་དཔྱད་དཀའ་བའི་གནས་སུ་གྱུར་ཡོད།  ང་ཚོས་གནའ་རབས་ཀྱི་མི་དག་ནི་འདི་ཙམ་ཡང་མི་ཤེས་པས་གླེན་པ་གཏི་ཐུག་ཅན་འབའ་ཞིག་རེད་བསམ་ན་ནི་ཧ་ཅང་ནོར་འཁྲུལ་ཞིག་སྟེ། དོན་དུ་རང་ཉིད་དེ་ལྟར་ཡིན་པ་ཙམ་ནས་གཞན་ཅི་ཡང་མ་ཡིན་ནོ།།  
       དེ་ཅི་ཡིན་ཞེ་ན། གནའ་རབས་ཀྱི་བཤད་རྒྱུན་ལས་བྱུང་བའི་གནས་ཚུལ་ལ་ལ་ནི་དེང་སང་ཡོངས་སུ་ཉམས་ཟིན་པས། དེང་གི་ཚན་རིག་པ་ཚོས་ཀྱང་སྤྱི་བསྡོམས་ཙམ་ཞིག་བཤད་ཡོད་པ་ལས་ཡོད་ཚད་མཐར་ཕྱིན་པ་ཞིག་ཤེས་པའི་ངེས་པ་ནི་མེད། དཔེར་ན། ད་སྐབས་བཤད་པའི་ཁུང་ལུང༼恐龙༽ བྱ་བ་ལ་རིགས་མི་འདྲ་བ་སྟོང་ཕྲག་ལྷག་འདུག་ཟེར་བ་དང་། དེ་དག་ལས་ལ་ལར་གཤོག་སྒྲོ་ཡོད་པ་དང་། ཁ་ཅིག་ལ་སྡེར་མོ་ཡོད་པ་སོགས་མི་འདྲ་བ་ཡོད་པ་དེ་འདྲ་རེད། དོན་དུ་དེ་དག་ལས་ང་ཚོས་བཤད་པའི་འབྲུག་བྱ་བ་དང་རུས་ཚིགས་གཅིག་པ་མང་དུ་འདུག་ཟེར་ཡང་། འབྲུག་བྱ་བ་དངོས་ནི་འདི་རེད་ཅེས་བཤད་དཀའ་བར་ཆགས་ཡོད། དེ་ཡང་གཙོ་བོ་ང་ཚོས་གོང་དུ་བཤད་པ་ལྟར་འབྲུག་བྱ་བའི་སེམས་ཅན་དེར་གཏན་འཁེལ་གྱི་ངོས་བཟུང་མེད་པའི་རྐྱེན་མ་ཡིན་ནམ།

བོད་ཀྱི་སྤྱི་ཚོགས་སུའང་འབྲུག་དང་འབྲུག་གི་གཟུགས་བརྙན་དང་འབྲེལ་བའི་ནང་དོན་ཤིན་ཏུ་མང་ཞིང་། དེའི་ཐད་ཀྱི་གོམས་སྲོལ་ཡང་ཐུན་མོང་མ་ཡིན་པ་ཅི་རིགས་ཤིག་མཆིས་ཏེ། ༼བརྟན་མ་བཅུ་གཉིས༽ ནང་དུ་འབྲུག་ལ་ཆིབས་མཁན་ཞིག་ཡོད་པ་དང་། ༼ཛམ་ལྷ་རིགས་ལྔ༽ ལས་ཛམ་དཀར་འབྲུག་ལ་ཞོན་པ་སོགས་ལྷ་རིགས་ཁག་ཏུའང་འབྲུག་ལ་ཆིབས་མཁན་དུ་མ་ཞིག་ཡོད་པ་དང་། གཞན༼ རླུང་རྟ་སྡེ་བཞིའི༽ ནང་གསེས་ཀྱི་འབྲུག་ནི།  བོད་ལ་གནའ་བོའི་སྐབས་ནས་བཟུང་ཡོད་པར་སྣང་ཡང་། ཉེ་ཆར་མཁར་རྨེ་བསམ་གཏན་ལགས་ཀྱིས་བརྩམས་པའི༼རླུང་རྟའི་དཔྱད་པ༽ བྱ་བའི་ཆེད་རྩོམ་དེར། འབྲུག་གི་གོ་དོན་ཐད་དང་འབྱུང་ཁུངས་སྐོར་ལ་རྒྱ་ནག་ནས་ཤུགས་རྐྱེན་ཐེབས་ཚུལ་བཤད་ཡོད་པས། དེང་སང་བོད་པའི་ཤེས་ཡོན་པ་མང་ཤོས་ཤིག་ཀྱང་འབྲུག་དང་འབྲེལ་བའི་རིག་གནས་ཡོད་ཚད་རྒྱ་ནག་གི་ཡིན་པར་ངོས་འཛིན་བྱེད་ཀི་ཡོད་ས་རེད། གནའ་དུས་སུ་བོད་ཀྱི་༼ རླུང་རྟ་དར་བོ་ཆེ༽ དང་༼སྲིད་པ་ཧོ༽ཡི་སྟེང་སྟག་སེང་ཁྱུང་འབྲུག་གི་གཟུགས་རིས་བྲིས་ཡོད་པ་མང་ཞིང་། ལྷག་པར་དུ། ༼ཀོང་ཙེའི་རླུང་རྟ༽ བྱ་བ་རུ། ཀོང་ཙེ་འཕྲུལ་རྒྱལ་རུས་སྦལ་སྟེང་བཞུགས་ཏེ། ཕྱོགས་བཞི་ལ་སྟག་སེང་ཁྱུང་འབྲུག་གིས་བསྐོར་བའི་རྣམ་པ་དེ་འདྲ་ནི། གནའ་ནས་ད་ལྟའི་བར་མདོ་དབུས་ཁམས་གསུམ་གང་སར་མཐོང་རྒྱུ་ཡོད།  ཀོང་ཙེ་འཕྲུལ་རྒྱལ་ནི་སྟོན་པ་གཤེན་རབ་ཀྱི་དངོས་སློབ་ཡིན་ལ། དེང་གི་ལ་དྭགས་དང་སྦལ་ཏིའི་ས་མཚམས་རྒྱ་ལག་འོད་མའི་གླིང་བྱ་བ་དེར་འཁྲུངས་ནས་ནག་རྩིས་དང་མདོས་ཆོག་མང་དུ་མཛད། ཁོང་གི་སྐོར་ལ་རྩོད་པ་མང་ཡང་ངེད་ཀྱིས་ནི་གོང་ལྟར་འདོད་ཡོད།  མཐར་གཏུགས་ན། འབྲུག་དང་འབྲེལ་བའི་ལོ་རྒྱུས་རིག་གནས་ཀྱི་འབྱུང་ཁུངས་ཀྱང་། བན་བོན་གྱི༼ ས་བདག་འཁྲུགས་བཅོས༽ དང༼ མདོས་ཆོག༽དང༼ ནག་རྩིས༽ སོགས་སུ་ཅུང་ཟད་གསལ་བོར་ཡོད་པ་ལས་གཞན་གང་དུ་ཡང་མི་གསལ་བའི་རྒྱུ་མཚན་ཡང་དེ་རེད། ང་ཚོས་འབྲུག་ལ་ཞིབ་འཇུག་བྱེད་བསམ་ན་གོང་དུ་བཤད་པའི་དཔེ་ཆ་དེ་དག་གི་སྣེ་མོར་འཇུས་ནས་དཔྱད་པ་གཏོང་ནུས་ན་ཅུང་ཟད་ངེས་ཤེས་འདྲོངས་ཐུབ་པ་ལ་ཕན་ཐོགས་མངོན་གསལ་ཡོད་དམ་སྙམ།

 སྒོས་སུ། ༼མདོ་གཟེར་མིག༽ ཏུ། ཀོང་ཙེ་འཕྲུལ་རྒྱལ་ལ་སྟག་སེང་ཁྱུང་འབྲུག་གིས་བསྐོར་བའི་ལོ་རྒྱུས་གསལ་བོ་ཞིག་འདུག་པས། དེས༼ ཀོང་ཙེའི་རླུང་རྟ༽དང་། ༼རླུང་རྟ༽ གཞན་དག་ལས་བྱུང་བའི་སྟག་སེང་ཁྱུང་འབྲུག་གི་སྐབས་ཀྱི་ཐོག་མའི་འབྱུང་ཁུངས་དང་མཚོན་དོན་ཅི་ཡིན་ཤེས་པ་ལ་ཕན་ནུས་ཆེན་པོ་ཡོད། གཞན་རླུང་རྟའི་སྐབས་ཀྱི་འབྲུག་གི་མཚོན་དོན་ཅི་ཡིན་ནམ་མཁའི་ནོར་བུ་དང་མཁར་རྨེ་སོགས་ཀྱིས་ཅུང་ཞིབ་གསལ་དུ་བཀོད་ཡོད་པས་དེར་གཟིགས་པར་ཞུ། འདིར་བསྐྱར་ཟློས་མི་བྱའོ།།

 ཨ་ལགས་དོར་ཞིའི༼བོད་རྒྱའི་བརྡ་འབྲེལ་གཅིག་ཚུལ་གྱི་སྐོར༽གྱི་དཔྱད་རྩོམ་ཞིག་ཏུ། རྒྱ་ནག་གི(周朝)བྱ་བ་ནི། བོད་སྐད་དུ་འབྲུག་རྒྱལ་རབས་ཟེར་བ་དང་། (周朝)ཡི་འབྲུག་རྒྱལ་རྒྱུད་ནས་བཟུང་འབྲུག་གི་རྒྱུད་པ་དེར(龙太子)ཞེས་པའི་མགོ་ཚུགས་ཚུལ་དང་། དེའི་སྒྲུབ་བྱེད་དུ། འབྲུག་རྒྱལ་བོ་ཚང་གི་མྱི་རྒྱུད་ནི་ཆང་(羌)ངམ་སྤྱང་ཡིན་ཚུལ་དང་། ཆང་དང་སྤྱང་ནི་བོད་ཀྱི་རུས་རྒྱུད་ཚོ་ཁག་ཆེ་ཞིག་ཡིན་ཚུལ་དང་། བོད་རྒྱ་གཉིས་སྐད་ཁུངས་གཅིག་པའི་རྒྱུ་མཚན་དེ་འདྲ་ཞིག་ལ་ཐུག་པ(汉藏语系)སོགས་ཀྱི་སྒྲུབ་བྱེད་བཀོད་ཡོད་པ་དེས། རྒྱ་ནག་གི་ལོ་རྒྱུས་སུ། (周)ཞེས་པའི་ཐ་སྙད་དེར་རྒྱ་ནག་རང་གི་མཁས་པ་ཚོས་འགྲེལ་བཤད་གསལ་བོ་ཞིག་བཤད་ཤེས་ཀྱི་མེད་པ་དང་། ཁོང་གིས་དེ་ནི་བོད་སྐད་ཀྱི་འབྲུག་དང་འབྲེལ་བ་ཡོད་པར་བཤད་པར་འདུག་པས། དེ་ལའང་ངེས་པར་དུ་བརྟག་དགོས་པ་ཞིག་སྣང་། བོད་ཡུལ་ཤར་ཕྱོགས་སུ་འབྲུག་ཆུ་བྱ་བའི་གཙང་བོ་ཞིག་ཡོད་པ་དེའི་བཞུར་རྒྱུན་དང་གཡས་གཡོན་དུ་ལྡོང་སྤྱང་གི་མི་རྒྱུད་ནི་དུས་དེང་སང་བར་མང་དུ་མཆིས་པ་ནི་མིག་མཐོང་ལག་ཟིན་དང་དངོས་ཡོད་གནས་ཚུལ་ཞིག་ཡིན་ནོ།། གཞན་“འབྲུག་ཡུལ”བྱ་བའི་མིང་གི་གོ་དོན་ཐད་ལའང་། ཁ་ཅིག་གིས་འབྲུག་པ་བཀའ་བརྒྱུད་ཀྱི་གྲུབ་མཐའི་མིང་ནས་ཐོགས་པའི་ཚུལ་ཞིག་དང་། ཡང་ལ་ལས་དེ་ལྟར་མིན་པར་ཡུལ་དེ་གའི་མི་རྒྱུད་ནི་འབྲུག་བྱ་བའི་སེམས་ཅན་དེའི་མི་བརྒྱུད་ལས་མཆེད་ཅེས་ལོ་རྒྱུས་བཤད་ཕྱོགས་འདུག་པ་དེ་དག་ལའང་ཞིབ་འཇུག་ཡང་དག་པ་ཞིག་བྱེད་ནུས་ན་སྔར་མེད་ཀྱི་གོ་དོན་ཆེན་པོ་ཞིག་ཤེས་ཐུབ་བམ་སྙམ།

 མདོར་ན། འབྲུག་དང་འབྲེལ་བའི་རིག་གནས་གོམས་སྲོལ་དུ་མ་ཞིག་ཡོད་པ་དེ་དག་ནི་རྒྱ་དཀར་ནག་དང་བོད་སོགས་གང་ནས་དར་བའི་གོམས་སྲོལ་ཞིག་ཡིན་པར་ད་དུང་དཔྱད་གཞི་ཆེ་བས་ངས་འདིར་ཕུ་ཐག་གཅོད་མི་ནུས་ཀྱང་། འོན་ཏེ། ངེད་ཀྱི་སེམས་ལ། རྒྱ་ནག་དང་བོད་ཀྱི་ཡིག་ཆ་རྙིང་བ་ཁག་ལ་གཞིགས་ན་འབྲུག་དང་འབྲེལ་བའི་རིག་གནས་ཀྱི་ཐོག་མའི་འབྱུང་ཁུངས་ནི། ཁུ་ནུ་རི་བརྒྱུད་དུ་གནས་པའི་ཚོ་བའམ་མི་རྒྱུད་ནས་མཆེད་པ་ཞིག་རེད་འདོད་དོ།། 

རེབ་གོང་བློ་གྲོས་སྣང་བས༼ གཟི་དམར༽དེབ་ལས་བཤུས་ཏེ་བཀོད། 

བཅར་འདྲི།

Post navigation

Previous Post: གཏེར་གྱི་རྣམ་བཤད་ཆེན་མོ་ལག་ཏུ་འབྱོར་བ།
Next Post: དགེ་ཆོས་སམ་ G.C.ཟེར་བའི་སྒྱུ་རྩལ་པ་ཞིག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (61)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme