Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འབོད་སྐུལ་ལེ་ཚན་ལྔ་ཐང་།

Posted on 2012-07-23 By ཁ་བརྡ་ 39 Comments on འབོད་སྐུལ་ལེ་ཚན་ལྔ་ཐང་།

དོལ་སྨྱོན།

ཤཱཀ་ཐུབ་གཤེན་རབ་ཕྱི་མི་ཡིན་མིན་ཁྱོད་དང་ང་ཡི་རྩོད་གཞི་མིན།།
བན་ཆོས་བོན་ཆོས་གང་ཞིག་ཡག་མིན་ཁྱོད་དང་ང་ཡི་གླེང་གཞི་མིན།།
བསྟན་པ་འདི་ཡི་དོན་སྙིང་བསམ་ནས་ཉམས་ལེན་ཐུགས་ཀྱི་སྙིང་པོར་ལོངས།།
རིག་གཞུང་འདི་ཡི་ཡང་སྙིང་དགོངས་ནས་རླབས་ཆེན་སྤྱོད་པའི་རྒྱ་མཚོར་ཞུགས།།

སྟོན་པ་གཤེན་རབ་གང་དུ་འཁྲུངས་མིན་ཁྱོད་དང་ང་ཡི་བརྗོད་གཞི་མིན།།
ཤཱཀྱ་ཐུབ་པ་གང་དུ་བལྟམས་མིན་ཁྱོད་དང་ང་ཡི་ཐོབ་ཤོར་མིན།།
གང་གིས་བསྟན་པའི་དམ་པའི་ལམ་ལ་ཁྱོད་དང་ང་གཉིས་ལེགས་ཞུགས་དང་།།
འདི་ཕྱིའི་ལེགས་ཚོགས་ངང་གིས་འབྱུང་བ་སྨྱོན་པ་ང་ཡི་ཁ་ཕོ་མིན།།

ཞང་ཞུང་དམར་ཡིག་ཇི་ལྟར་བྱུང་མིན་ཁྱོད་དང་ང་ཡི་རྒྱལ་ཕམ་མིན།།
ཐོན་མིས་བོད་ཡིག་ཇི་ལྟར་བཟོས་མིན་ཁྱོད་དང་ང་ཡི་དབྱེ་ཞིབ་མིན།།
རིག་གཞུང་གཅིག་པའི་ངོ་བོར་བསམ་ནས་འཛིན་སྐྱོང་སྤེལ་ལ་རབ་ཏུ་བརྩོན།།
མི་རིགས་གཅིག་པའི་ལ་རྒྱར་བསམ་ནས་མཐུན་པའི་ལག་དང་མཉམ་དུ་སྦྲེལ།།

དཔལ་ལྡན་རྒྱུད་བཞི་བཀའ་བསྟན་གང་ཡིན་ཁྱོད་དང་ང་ཡི་ལས་འགན་མིན།།
རྒྱུད་བཞི་འབུམ་བཞི་གང་ལས་བྱུང་མིན་ཁྱོད་དང་ང་ཡི་དཔྱད་གཞི་མིན།།
རིག་གཞུང་འདི་ཡི་དོན་སྙིང་བསམ་ནས་མི་ཉམས་གོང་འཕེལ་བྱེད་ལ་བརྩོན།།
ཚིག་དང་དོན་གྱི་ཟེགས་མ་རེ་རེ་མ་འདྲེས་བློ་ཡིས་འབྱེད་ལ་འབུངས།།

བན་བོན་ཕན་ཚུན་དགྲ་རུ་འཛིན་པ་ཁྱོད་དང་ང་ཡི་བྱ་བཞག་མིན།།
སྤུན་ཟླ་ནང་ཁུལ་འགལ་ཟླ་བཟོ་བ་ཁྱོད་དང་ང་ཡི་དོན་སྙིང་མིན།།
ཤ་ཁྲག་གཅིག་པའི་འདུ་ཤེས་བཟུང་ནས་ཕུ་ནུ་ལྟ་བུར་མཛའ་ཞིང་བརྩེ།།
རུས་རྐང་གཅིག་པའི་འདུ་ཤེས་བཟུང་ནས་ཕན་ཚུན་བྱམས་དང་བརྩེ་བས་སྐྱོངས།།

སྙན་ངག

Post navigation

Previous Post: ལྷ་རྒྱལ་རིར་ཆོས་འཁོར་དུས་ཆེན་ཉིན་མཆོད་འབུལ་དང་བསང་གསོལ།
Next Post: དམིགས་བསལ་ཚོགས་ཆེན་ལ་ཁྲིམས་ལུགས་གྱི་ནུས་པ་ལྡན་དགོས།

Comments (39) on “འབོད་སྐུལ་ལེ་ཚན་ལྔ་ཐང་།”

  1. རང་དབང་ཨ་རྡུ་མན་ says:
    2012-07-23 at 5:38 am

    དུལ་སྨྱོན་ཁྱེད་ཀྱི་རྣམ་དཔྱོད་མཁའ་ལྟར་ཡངས། །རྗེས་མ་མུ་མཐུད་རྩོམ་བྲིས་སྤེལ་གནང་རོགས།།

  2. དོལ་སྨྱོན། says:
    2012-07-23 at 6:10 am

    སྐུ་ཉིད་ཕེབས་པར་དགའ་བསུ་ཞུ།

  3. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-07-23 at 6:40 am

    དོལ་སྨྱོན་གྱིས་ལེགས་པར་གསུངས་འདུག ཡི་གེའི་དག་ཆར་སྐྱོན་ཡོད་པ་ཞིག་མ་མཐོང་།
    བན་ཆོས་བོན་ཆོས་གང་ཞིག་ཡག་མིན་ཁྱོད་དང་ང་ཡི་གླེང་གཞི་མིན།། འདིའི་ནང་གི་ཡག་ཅེས་པ་ལ་ལེགས་ཞེས་པ་བཀོད་ན། སུས་ཀྱང་གོ་ཐུབ། ཡག་ཅེས་པ་དབུས་སྐད་ལ་ཡོངས་གྲགས་ཆེ་ཡང་། བོད་ཡོངས་ཀྱིས་གོ་ཐུབ་མིན་མི་ཤེས། ལ་དྭགས་པས་འདིལ་ཇག་ཅེས་འབོད།
    མཉམ་དུ་སྦྲེལ། ཞེས་པ་བྱ་ཡུལ་ཡོད་པའི་བྱ་ཚིག་བཀོལ་སྤྱོད་མཆོག་ཏུ་གྱུར། བྱ་ཡུལ་མེད་པའི་བྱ་ཚིག་ལ་འབྲེལ་ཞེས་པ་ཡིན། བོད་ཀྱི་བརྡ་ལ་ལེགས་པར་སྦྱངས་མེད་པ་དག་གིས་འདི་འདྲ་བའི་སྒྲའི་རྣམ་གཞག་རྟོགས་པ་ཤིན་ཏུ་དཀའ། དེ་ཡང་འགའ་ཞིག་བཀོད་པ་འདི་ལྟ་སྟེ། འགྱོན་པ། སྐོན་པ། འགྱུར་བ། སྒྱུར་བ། ཉེ་བ། སྙེན་པ། ཐུང་བ། སྟུང་བ། འཕེལ་བ། སྤེལ་བ། ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །ནོར་སྐྱོན་ལ་དག་སེལ་མཛད་གྲོགས་ཞུའོ།།

  4. གནམ says:
    2012-07-23 at 6:47 am

    སྨྱོན་པས་སྨྱོན་པར་ཐུག་ན། སྨྱོ་ལ་ལ་དྭངས་ནས་བུད་འགྲོ་ཟེར་བ་དེ་ཅི་མ་བདེན། དེ་རིང་དོལ་སྨྱོན་སྨྱོན་པའི་སྨྱོ་དྭངས་ཡོད་ས་རེད། ཧ་ཧ་ཧ།

  5. མགོན་པོ་ཕྱག་གཉིས་པ། says:
    2012-07-23 at 6:57 am

    ཨེ། འགྱོན་པ། སྐོན་པ་ཡིན་རྒྱུ་མ་རེད་པ། ༡ གོན་རྒྱུ། གྱོན་པ། གོན་པ། སྐོན་པ། ༢ ཐག་པ་སྐེ་ལ་ཁོན་པ། སྐོན་པ

  6. མེ་ཏོག་དཀར་པོ། says:
    2012-07-23 at 7:02 am

    རེད། སྐད་ཆ་སྙན་པོ་འདྲ་བཤད་ནས་འཆམ་མཐུན་བྱུང་ན་ལེགས།

  7. ཁ་ཚ་ར། says:
    2012-07-23 at 7:10 am

    ང་ཡིན་ཁོ་ཡིན་ཟེར་བའི་མི་རྒན་དེ་ཚོ་ལས། གཞོན་སྐྱེས་འདི་ཚོའི་སེམས་པ་དྭངས་གཙང་དུ་གནས་འདུག་ག ཡང་ན་ཀླུ་སྨྱོན་དང་དོལ་སྨྱོན་འདི་ཚོ་མ་སྨྱོས་པ་དག་ལས་སེམས་པ་ཐང་ང་མི་འདུག་གམ།

  8. ནག་ཐར་སྐྱིད། says:
    2012-07-23 at 7:26 am

    ཧུ་ཧུ་ཧུ་་་་ཨ་ལགས་ཀླུ་སྨྱོན་གྱིས་ཉན་དགོ་རྒྱུ་རེད།

  9. དོམ་ཁྲ says:
    2012-07-23 at 7:56 am

    དོལ་སྨྱོན་ལགས་ཀྱིས་གསུང་དེ་ཅི་འདྲ་བཟང་། ངོ་མ་དོན་སྙིང་ཡོད་པའི་སྐད་ཆ་ཞིག ཕྱི་ཕྱོགས་ནས་དགྲ་བོས་སྒོ་བརྡུང་སྤྲད་བཞིན་པའི་དུས་འདིར་ནང་ལོག་ནས་ཕུ་ནུའི་སེམས་པ་མི་མཐུན་པའི་སྐད་ཆ་དེ་ཚོ་ངོ་མ་ཅི་འདྲའི་ཡ་ང་བའི་གནས་ཤིག

  10. དེ་ཕོ། says:
    2012-07-23 at 7:58 am

    དྲ་གྲོགས་ལ་དྭགས་པ་བློ་བཟང་འཇམ་དཔལ་ལ་ཞུ་རྒྱུར།
    ཁྱོད་ནི་བོད་ཀྱི་བརྡ་དག་རྣམས་ལ་བྱང་ཞིང་ཆུབ་པ་རེད་འདུག
    གནའ་བོའི་ཡིག་སྐད་མ་ཉམ་པ་དེ་ལ་དྭགས་སོགས་སུ་ཡོད་པ་འདྲ།
    དེས་ན་ཁྱེད་ཀྱིས་བོད་ཀྱི་བརྡ་གསར་རྙིང་གི་ཚིག་མཛོད་ཅིག་སྒྲིག་པར་རེ་སྐུལ་ཞུས་པ་ཡིན།
    བོད་ཀྱི་ལོ་རྒྱུས་ཞིབ་འཇུག་པ་རྣམས་མཁོ་དགོས་ཤིན་ཏུ་ཆེ་བས་
    དེ་ལུགས་དགོངས་བཞེས་གནང་རོགས་ཞུ།

  11. བན་དེ་བ། says:
    2012-07-23 at 8:18 am

    ཨེ་མ།
    སྙིགས་མ་ལྔ་བདོ་དུས་ཀྱི་བསྐལ་པ་འདིར་སྨྱོན་པའི་ངག་ལས་ཕྱུངས་པའི་ཚིག་ནི་སྨྱོན་པ་མིན་པའི་ངག་ལས་བཏོལ་པའི་བརྗོད་ཚིག་ལས་ཀྱང་ཤིན་ཏུ་ནས་ཟབ་ཅིང་གོ་དོན་དང་ལྡན་པ་ཞིག་ཡོང་བཞིན་འདུག མི་འདི་རིགས་ནི་སྨྱོན་པའི་མིང་གིས་གཡོགས་ཀྱང་སྨྱོན་མིན་རྒྱལ་བའི་སྲས་ཀྱི་གདམས་པ་བཞིན་དུ་ཅི་སྨྲས་བདེན་པར་མཐོང། སྨྱོན་པ་མིན་དང་་མཁས་མཛངས་དྲང་བདེན་ཟུ་གནས་ཡིན་ཞེས་འབྲུག་ལྟར་སྐད་གསང་མཐོན་པོར་སྒྲོགས་པའི་དྲ་འབུ་འགའ་ཡིས་བཤད་པ་དག་ནི། སྨྱོན་པའི་ཚིག་ལས་ཀྱང་བརྗོད་བྱས་སྟོང་ཞིང་གཞན་སེམས་དུམ་བུར་གཏོང་བའི་ངང་ཚུལ་འདི་ལ་བསམ་ན་དུས་ཀྱི་སྙིགས་མ་ནི་སྙིགས་མ་རང་རེད། གང་ལྟར་དོལ་སྨྱོན་དང་ཀླུ་སྨྱོན་མགོན་པོ་ཕྱག་གཉིས་པ་ལས་སོགས་ཁྱེད་དག་ནི་དྲ་རྒྱ་འདི་ཡི་ནང་གི་སྟག་སེང་ལྟ་བུའི་རྣམ་དཔྱོད་ཀྱི་ཁོ་ལག་ཡོངས་སུ་རྫོགས་པའི་ཤེས་རབ་མིག་ལྡན་གྱི་སྐྱེ་བོར་ཀུན་གྱིས་ཤེས་ཀྱང་སྨྲ་འདོད་བརྗོད་འདོད་མེད། ཁྱེད་ཅག་གི་རྣམ་དཔྱོད་ལ་ཡི་རངས་དང་བསྔགས་བརྗོད་ཡོད།

  12. འཇམ་དབྱངས། says:
    2012-07-23 at 9:02 am

    དོལ་སྨྱོན་གྱི་རྩོམ་ཡིག་འདི་རིན་ཐང་ཅན་ཞིག་རེད། ཤེས་ལྡན་པ་རྣམས་ལ་མཚོན་ན་ཡང་རང་རང་གི་ལྟ་གྲུབ་དང་བསམ་བློའི་འཁྱེར་སོ་མི་འདྲ་བ་རེ་ལ་ཁ་གཡར་ནས་རང་རང་ས་ནས་འགྱིང་སྡོད་པ་ལས། བསམ་ཚུལ་བརྗེ་རེས་དང་ལྷག་པར་མཉམ་འབྲེལ་གྱིས་བོད་མི་རིགས་ཀྱི་རྨོངས་པ་སེལ་བར་ཤུགས་རེ་བརྒྱབ་ན་ལེགས་པ་ཀུན་གྱི་ཡང་རྩེ་རེད་སྙམ།

    ཡག་ཅེས་པའི་ཚིག་འདི། དཔེར་ན། ཁམས་ཕྱོགས་སུ། གནས་ཚུལ་ཡག་མོ་འདུག་དང་། ཨ་མདོའི་ཕྱོགས་སུ། བུ་མོ་ཇེ་ཡག་ཇེ་ཡག་རེད། དབུས་ཕྱོགས་སུ། མི་དེའི་གཤིས་ཀ་ཡག་པོ་འདུག་སོགས་བོད་ཆོལ་ཁ་གསུམ་གྱི་སྤྱི་ཚོགས་ཁྲོད་ཀྱི་ཉིན་རེའི་འཚོ་བའི་ནང་གི་སྤྱོད་ཚིག་གཅིག་གྱུར་པ་ཞིག་ཡིན་པས་རྒན་ལ་དྭགས་པ་ཐུགས་གཡེང་གནང་དགོས་པར་འདུག

  13. amdo baglab says:
    2012-07-23 at 9:06 am

    བན་དང་བོན་གཉིས་མཐུན་པར་རེ་ན་ནམ་མཁའི་མེ་ཏོག་ཅིས་མི་བཞད། །
    ཆོས་དང་ཆོས་མིན་མཚུངས་པར་དགོས་ན་ཟན་དང་སྐྱག་པ་མཉམ་པར་གྱིས། །
    བཟང་དང་ངན་ལ་ཁྱད་པར་མེད་ན་ཕྱི་པ་ནང་པ་ག་ལ་རྩོད། །
    འདི་དང་ཕྱི་མར་ཕན་བདེ་དགོས་ན་རྒྱལ་བའི་བཀའ་ལ་གཙུག་ཏུ་བཀུར། །
    ནང་པ་ཡིན་ན་སྐྱབས་འགྲོའི་བསླབ་བྱ་འགལ་བ་མེད་པ་ཉམས་སུ་ལེན། །
    སློབ་དཔོན་དང་ནི་ཞི་བ་འཚོ་ཡི་བཀའ་དྲིན་མ་བརྗེད་ཡིད་ལ་ཟུངས། །
    ཆོས་རྒྱལ་ཆེན་པོས་ཏ་ར་ཀླུ་གོང་བཀྱོན་ཕབས་དགོས་པ་ཤེས་སམ་ཅི། །
    བན་བོན་གཉིས་ནི་ཡེ་ནས་མི་མཐུན་སྔར་ནས་སྤྲེལ་སླག་ཡུལ་དུ་སྤྱུག །

  14. གཟེེ་མ་ར་མགོ་ says:
    2012-07-23 at 10:00 am

    ཨ་མདོ་བག་ལེབ་སྐམ་པོའི་སྟེང་ན་དོན་གནད་སྣུམ་ཞིག་བྱུག་རྒྱུ་ལ།
    ནང་པ་ཕྱི་པའི་སྐད་ཆ་བཤད་ན་ཚིག་དོན་མཐུན་པར་བཤད་དགོས་ན།
    བན་དྷེའི་ངོས་ལ་བོན་པོ་དེ་ཚོ་ཕྱི་པ་ཡིན་པ་བཤད་དོན་ལྟར།
    བོན་པོའི་ངོས་ལ་བན་ཆོས་པ་་ཚོ་ཕྱི་པ་ཡིན་པ་ཐག་གིས་ཆོད།
    གང་ལགས་ཤེ་ན་ཕྱི་དང་ནང་ཞེས་སོ་སོའི་རིགས་མཐུན་ཡིན་མིན་ལས།
    གཞན་པའི་ཁྱད་པར་ཕྱི་དང་ནང་གི་ཐ་སྙད་བདེན་པ་སུ་ཡིས་འཇོག
    ནང་ཚང་གཅིག་ལས་གཞན་པ་དག་ལ་ཕྱི་མི་ཟེར་སྲོལ་ཡོད་པ་ལྟར།
    རང་གི་ཆོས་ལུགས་ལས་གཞན་ཆོས་པར་ཕྱི་པ་ཡིན་པ་མངོན་པར་གྲུབ།
    བྷུད་དྷི་སི་དང་ནང་པའི་ཚིག་གཉིས་བརྗོད་བྱར་བརྟགས་ན་གནམ་སའི་ཁྱད།
    ཆོས་ལུགས་གང་དེ་སངས་རྒྱས་ཆོས་ལུགས་ཡིན་མིན་གཞུང་ལུགས་དག་ལ་དཔྱོད།
    ནང་པ་ཕྱི་པའི་ཁྱད་པར་དག་ནི་སོ་སོའི་རིགས་མཐུན་ཡིན་མིན་འབྱེད།
    ཕྱི་ནང་ཞེས་པའི་བོད་སྐད་འདི་ཡི་བརྗོད་བྱའི་ཁྱབ་ཚད་ཤེས་པར་གྱིས།

  15. རྨུ་ཐག་གི་བུ་རྒྱུད། says:
    2012-07-23 at 10:03 am

    amdo baglap ལགས། འོ་མའི་རྒྱ་མཚོར་ཁྲག་གི་ཐིགས་པ་འདེབས་པ་ལ་ཁྱོད་ཡ་མི་ང་ཡང་ངེད་རྣམས་སྐྱི་འཇིགས། འོན་ཏེ་ལོ་རྒྱུས་དང་འབྲེལ་བའི་གཏམ་ཞིག་སྨྲས་པ་ལ་ལན་འདི་འདྲ་ཞིག་བྱེད་པར་འདོད་དེ། ཏ་ར་ཀླུ་གོང་ལ་བཀྱོན་ཕབས་སྟངས་དེ་སངས་རྒྱས་ཀྱི་དགོངས་པ་དང་མི་མཐུན་པར་མ་ཟད་འཇིག་རྟེན་ཡ་རབས་ཀྱི་སྤྱོད་ལམ་དང་ཡང་གཏན་ནས་འགལ་བ་ཞིག་རེད། དེར་བརྟེན་ལས་རྒྱུ་འབྲས་དཔང་དུ་འཇོག་མཁན་ཞིག་ཡིན་ཕྱིན་བཀྱོན་འབེབ་མཁན་དང་འབེབ་ས་གཉིས་ལས་སུ་ཞིག་ལ་བཀྱོན་འབབ་འོས་པ་ཤེས་ཐུབ།

  16. བན་དེ་བ། says:
    2012-07-23 at 10:10 am

    འཇམ་དབྱངས་མཁྱེན་དབང་བེ་རོ་ཙ་ན་སོགས།
    ཆོས་དང་བོན་གཉིས་མཉམ་པར་སྤྱད་པས་ན།
    ནམ་མཁའི་མེ་ཏོག་ཁྱོད་ཀྱི་མགོ་རིལ་སྟེང་།
    སྐྱེས་པའི་མྱ་ངམ་ངུ་གླུ་ཁྱོད་ཀྱིས་ལོང་།

  17. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-07-23 at 10:37 am

    མགོན་པོ་ཕྱག་གཉིས་པ་ལེགས་ཀྱི་བཞེད་པ་བདེན། གྱོན་ལ་འ་ཡིག་སྔོན་འཇུག་བྲིས་པ་ནོར། ལ་དྭགས་ཁ་སྐད་དུ། གོན་ཟེར་ཡང་། དེ་ལ་ཚིག་མཛོད་དུ་ཨང་གཉིས་པ་མ་གཏོགས། ཨང་དང་པོ་རག་མི་འདུག ཡག་པོ། ཞེས་པ་ལ་དྭགས་སུ་ཡོད་ཀྱང་། ཁ་རུ་བཀོལ་བ་ན། ཇག་པོ་ཟེར། དེ་ལྟར་ཡང་འབྲི་བ་ན། ཡག་པོ། ཞེས་འབྲི་དགོས། ཡོངས་གྲགས་ཀྱི་གཞུང་དཔེ་རྣམས་སུ། ཡག་པོའི་སྐད་དོད། བཟང་པོ། ལེགས་པ། རབ། ཅེས་པ་རྣམས་བྲིས་པ་མཐོང་།
    ང་ནི་བོད་ལུགས་ཀྱིས་ལོ་ངོ་བརྒྱད་ཅུར་ཟིན་ཡོད། གཞོན་དུས་ཧིན་སྐད་སྦྱོང་དུས་སུ། ཧིནད་སྐད་བོད་སྐད་ཚིག་མཛོད་ཅིག་༡༩༦༠དག་གི་སུ་བཟོས། ལོ་མང་རྗེས་སུ། ལ་དྭགས་མཐོ་རིམ་སློབ་གྲྭ་ནས་༢༠༠༤སྤར། གཞན་ཡང་། ཨ་རིའི་ཀོ་ལམ་བིཡ་སློབ་གྲྭ་ཆེན་མོར་ལྷག་པའི་སློབ་དཔོན་གྱི་སློབ་སྦྱོང་སྐབས་སུ། བདག་གིས་སློབ་སྟོན་པ་སློབ་དཔོན་ཆེན་པོ། ཨ་ལེགས་ཝཡ་མན་མཆོག་དང་མཉམ་དུ། ཁོང་གིས་ལེགས་སྦྱར་ཚིག་རྣམས་ལ་ཨིན་ཇིའི་སྐད་དོད་དང་། བདག་གིས་ལེགས་སྦྱར་རྩ་བ་དང་། དེ་ཉིད་སྔོན་ཞ་ལུ་ལོ་ཆེན་གྱིས་བསྒྱུར་ཀྱང་མ་དག་པ་མང་བས། བོད་ཚིག་རྣམས་ལ་ཞུས་དག་བྱས། ལེགས་སྦྱར་དང་བོད་སྐད་གཉིས་སྐད་གཉིས་ཤན་སྦྱར་གྱི་ཚུལ་དུ་བཀོད་དེ། ཚོལ་སླ་བའི་ཕྱིར་དུ། བོད་ཚིག་རྣམས་དང་། དེ་དག་གི་སྐད་དོད་ལེགས་སྦྱར་ཚིག་རྣམས་ལ་ཨང་གི་བྲིས་ཏེ། བདག་གི་བཟོ་བསྐྲུན་དེབ་གཉིས་དང་། གོང་གསལ་སློབ་དགེའི་དེབ་གཅིག་བཅས། བསྡོམས། མངོན་དརྗོད་ཀྱི་བསྟན་བཅོས་སྣ་ཚོགས་གསལ་བ། རྒྱ་གར་གྱི་སྔོན་གྱི་སློབ་དཔོན་དཔལ་འཛིན་སྡེས་མཛད་པ། ཉི་ཧོང་གི ན་རི་ཏ་སན་ཞེས་པའི་སློབ་གྲྭ་ཆེན་མོ་ནས། ༡༩༩༤ སྤར། དིང་དུས་ཛམ་གླིང་སྤྱི་འཛོམས་སློབ་གྲྭ་ཆེན་པོ་ཞིག་ཏུ། ཤྲཱི་ལངཀ་དང་། བལ་ཡུལ། མྱན་མར། ཐེ་ལདན། ལ་ཨོས། ཀམ་བོ་ཌི་ཡ། རྒྱ་ནག ཨ་རི་བཅས་མང་ཆེ་བ་གནས་བརྟན་སྡེ་པའི་དགེ་སློང་རྣམས་ལ་བོད་ཀྱི་རིག་གཞུང་ངོ་སྤྲོད་བྱེད་པ་དང་། བོད་སྐད་ནས་ཨིན་སྐད་དུ་སྒྱུར་བར་གྲོགས་བྱེད་དགོས་པ་སོགས་བྱེད་ལས་མང་བས། སླར་ཚིག་མཛོད་བཟོ་བའི་བྱ་བ་རྩོམ་མི་ཐུབ་པ་ལགས། དེས་ན། བོད་གཞོན་ནུ་རྣམས་ཀྱིས་བཀའ་བསྟན་གསུང་འབུམ་སོགས་བརྡ་སྤྲོད་དང་ཚིག་རྣམས་ལ་ལེགས་པར་སྦྱངས་ཏེ། བོད་རྒྱ་ཚིག་མཛོད་ཆེན་མོ་སོགས་རང་རེ་རྣམས་ལ་མེད་པའི་ཐབས་མེད་ཀྱང་། དེ་དག་ཀྱང་མིས་བཟོས་པ་ཡིན་པས། བཀའ་བསྟན་གསུང་འབུམ་སོགས་ཀྱི་དག་ཆ་ལ་གནོད་པ། ལྡང་ལ་འདང་། སྩོལ་བའི་འདས་ཚིག སྩལ་ལ་བསྩལ་བྲིས་པ་སོགས་ལ་ཞུས་དག་མཛད་དེ། བོད་ཀྱི་རིག་གཞུང་ཉམས་པ་སོར་ཆུད། མི་ཉམས་གོང་འཕེལ་ལ་འབད་དགོས་པར་འཚལ་ལོ།།

  18. ཟུར་གནས། says:
    2012-07-23 at 10:43 am

    དོལ་སྨྱོན་འདི་ངོ་མ་བློ་རྒྱ་ཆེ་ལ་རང་རེའི་མི་རིགས་ལ་མེད་དུ་མི་རུང་བའི་མི་ཞིག་རེད་འདུག། ཕོ་ཁྱོ་ཀ་ཟེར་མཁན་འདི་འདི་འདྲ་ཞིག་ལ་ཟེར། བོད་ནང་ལ་རང་ལུས་ཚུན་ཆད་མེ་ལ་བསྲེགས་ནས་མི་རིགས་འདིའི་སྡུག་བསྔལ་ཕྱི་ལ་བཏོན་དུས། ཁ་བརྡའི་ནང་ལ་ཆོས་ལུགས་ཀྱི་རྩོད་པ་བརྒྱབ་ནས་མི་རིགས་ནང་ཁུལ་ཁ་བྲལ་འགྲོ་བའི་བྱ་བ་བརྩམས་པ་མཐོང་སྐབས། ཡི་ཐང་དབང་མེད་དུ་ཆད་ཡོང་གི་འདུག།

    རྒྱ་དགྲ་དེའི་མེ་མདའི་ཁ་ལ་བན་བོན་དབྱེ་བ་མེད་པ་ཤེས་བཞིན་དུ། ནང་དམེ་ཕྱོགས་གང་ས་ནས་སྤར་ཡོང་བ་དེ་ངོ་མ་སེམས་སྐྱོ་དགོས་པ་ཞིག་རེད། ལྷག་པར་དུ་ནང་དམེ་དེ་ཡོང་ས་ནི་རྒྱ་གར་ནང་གི་བན་བོན་དགོན་པ་དེ་དག་དང་། དགོན་པ་དེ་དག་དོར་ནས་ནུབ་ཕྱོགས་ལ་རང་གི་ལྟོ་གོས་གཅིག་པུ་སྒྲུབ་མཁན་གྱི་གྲ་ལོག་དེ་ཚོ་རེད། འདིའི་ནང་ལ་རྩོད་པ་རྒྱག་མཁན་ཚང་མ་སྤྱི་ཚོགས་ལ་ད་བར་ཞབས་ཞུ་སྒྲུབ་མཁན་གྱི་མི་གཅིག་ཀྱང་མཐོང་མ་སོང་། ཚང་མ་ལྟོ་ཁ་གང་ཙམ་རག་རྗེས། སྐྱིད་པོ་འཇོན་པོ་ཡིན་བསམས་ནས་ཆོས་ལུགས་ཐེན་ཁྱེར་བཤད་ནས་རང་བསྟོད་གྲུབ་མཁན་གྱི་མི་ཤ་སྟག་རེད། ཤིན་དུ་སེམས་ཕམ་པོ་རེད།

    ཁ་བརྡའི་འགན་འཛིན་ཚོ་ཡང་། ད་རེས་ཀྱི་བན་བོན་རྙོག་འདྲ་འདི་དག་ལ་ཅི་ཡང་མ་གསུངས་པ་འདི་སེམས་ཕམ་པོ་རེད། དགེ་འདུན་རབ་གསལ་དང་ཁོང་གི་ལས་རོགས་ཚོ་ཉིན་ལྟར་ཁ་བརྡ་ཀློག་གི་ཡོད། ཡོངས་སུ་གློད་ནས་བཞག་པ་ལྟ་བུ་མཐོང་སོང་། རྗེས་མ་རྩོད་རྙོག་འདི་འདྲ་མི་ཡོང་བར་འགན་ཞིག་འཁུར་རོགས་ཅེས་དགེ་འདུན་རབ་གསལ་མཆོག་དང་ཁོང་གི་ལས་རོགས་རྣམས་ལ་རེ་བ་ཞུ།

  19. ར་འཇཱའ་པུ་རཱ། says:
    2012-07-23 at 11:11 am

    རིག་པ་སུ་རྣོ་ངག་གི་སྦྱོར་བས་ཤེས།།
    བློ་རྩ་སུ་དྲང་རྒྱུན་གྱི་སྤྱོད་པས་ཤེས།།
    སྨྱོན་པ་སུ་ཡིན་ཁ་དང་ལག་པས་ཤེས།།
    གླེན་པར་སྨྱོན་པར་འབོད་པ་ཀྱེ་མ་མཚར།།

  20. མེ་ཏོག་དཀར་པོ། says:
    2012-07-23 at 11:19 am

    ད་དྲྭ་གྲོགས་དོལ་སྨྱོན་དཔག་ཚད་གཅིག་མཁའ་ལ་བཀྱགས་སོང་། ད་གཟབ་དགོས་མ་གཏོགས་མར་ཟག་ན་རྐུབ་རུས་ཆགས་ཡོང་། ཧ་ཧ་ཧཧ

  21. བན་དེ་བ། says:
    2012-07-23 at 11:55 am

    ཨོ་དགེ་འདུན་རབ་གསལ་སྔོན་མ་དུས་བབ་རྩོམ་སྒྲིག་པ་རེད་དེ་དུས་ཁོང་ལ་འདི་དང་འབྲེལ་བའི་གནད་དོན་ཅིག་ལྷགས་པ་རེད། དེ་ཡིན་དུས་ཐུགས་ཁག་ཡོད་རྒྱུ་མ་རེད། མི་ཟེར་དུས་དེ་འདྲ་རེད། ཁ་བརྡའི་དྲ་བདག་ནས་ཀྱང་ཆོས་ལུགས་ལས་མི་སྒེར་རྩིགས་ཆེ་བ་བྱེད་ཀྱི་རེད། མི་སྒེར་ལ་སྐྱོན་བརྗོད་བྱས་ན་དེ་ཁྲིམས་འགལ་རེད། ཆོས་ལུགས་ལ་དམའ་འབེབས་ཁ་ནས་ཐོན་ཚད་བྱས་ཀྱང་འགྲིག་པ་རེད། དེ་ཚོར་ཁ་ཆེའི་ཆོས་དམག་དགོས་པ་རེད།
    གང་ལྟར་སྔོན་མ་ཞིག་ལ་ལ་སྟོད་བུ་ཟེར་བ་ཞིག་ཡོང་གི་ཡོད་དེ་ཡང་ཕྱིར་འཐེན་བྱས་སོང། དེ་མིན་དཔལ་དགྱེས་དང་སྤོབས་མཐའ་སོགས་ཀྱང་རང་གི་སྨྱུག་མིང་འོག་ནས་ཕྱིར་འཐེན་བྱས་སོང། ད་ང་ཡང་མགྱོགས་མྱུར་འདི་ནས་ཕྱིེར་འཐེན་བྱེད་དགོས་བསམ་པ་ཡོད། འདི་ན་སླེབ་དུས་སྐད་ཆ་མི་སྙན་པ་ཞིག་མ་གཏོགས་གོ་རྒྱུ་མེད། དེ་ཡིས་མི་སྙིང་ན་རྒྱུ་ལས་ཅང་ཕན་པ་མི་འདུག་དེ་རིང་ཨ་མ་ཚ་ནའང་་ཚ་གོ་ཆོད་པའི་མི་བུ་དོལ་སྨྱོན་གྱིས་སྐད་ཆ་ཞིག་བཤད་སོང། དེ་ལ་ཅུང་དགའ་ནས་སླེབས་པ་ཡིན། ཡིན་ནའང་མི་རིགས་འཆམ་མཐུན་དང་ཆོས་ལུགས་མཐུན་བསྒྲིལ་དགོས་ཞེས་བཤད་པ་དེར་སེམས་གཟས་པའི་སྟེང་ནས་ལས་སུ་མ་རུང་པ་ཆགས་སྡང་གིས་བཟི་བ་རེ་བཟུང་གིས་རྣམ་རྟོག་སྐྱག་དྲི་ཐུལ་ལེར་སླང་ཡོང་གི་འདུག ཡིན་ནའང་མང་ཆེ་བས་ཡག་པོ་བྲིས་ཤག་དེ་ཡང་དམངས་གཙོའི་རིང་ལུགས་ཀྱི་དུས་རབས་འདིར་དེ་ལ་རྒྱལ་ཁ་ཐོབ་པ་རེད་བསམ།
    ཁ་བརྡ་དྲ་བས་ད་བར་དུ་ང་ཡི་བསམ་ཚུལ་ཤོད་དུ་བཅུག་པར་བཀའ་དྲིན་ཆེ། ཡིན་ནའང་ང་ཡི་མཐའ་མའི་བསམ་ཚུལ་དེ་ཕལ་ཆེར་འདི་ཡིས་ཆོག་གི་ཡོད་བསམ། ངོ་མ་མི་རིགས་འཆམ་མཐུན་དང་ཆོས་ལུགས་མཐུན་བསྒྲིལ་༸་གོང་ས་མཆོག་གི་བཀའ་སློབ་དེ་ཚོར་རིན་ཐང་ཅན་ཞིག་ཏུ་གཟིགས་ཀྱི་ཡོད་ན་རྩོད་རྙོགས་འདི་རིགས་ནམ་མ་བཞག་པ་ཡིན་ན་ཤིན་ཏུ་ལེགས། ཡིན་ནའང་མི་ཆུང་ང་ཡི་བསམ་ཚུལ་ཙམ་ཡིན། སྤྱི་ཚོགས་ནང་དུ་ཁ་བརྡའི་དྲ་རྒྱ་ནི་ཆོས་ལུགས་དང་ཆོལ་ཁའི་དམག་འཁྲུགས་བྱེད་པའི་གཞི་རེད་ཅེས་གླེང་པ་མང་དུ་ཐོས་པའི་རྒྱུ་མཚན་གྱིས་ཞུས་སོ།
    good by take care all of my freinds,

  22. མེ་ཏོག་དཀར་པོ། says:
    2012-07-23 at 12:06 pm

    ཨེ་བན་དེ་བ། ད་སེམས་ཆུང་དེ་འདྲ་མ་བྱེད། རྟག་པར་འདི་འདྲ་མ་རེད། ལ་སྟོད་ཀྱང་བཤོལ་ཀྱང་མ་ཉན་པར་ཕྱིན་སོང་། ཉིན་ཤས་ངལ་གསོ་ནས་ལོག་ཕེབས་ཤོག

  23. པདྨ says:
    2012-07-23 at 12:09 pm

    དེས་སྨྱོན་ནས་ལེགས་པོ་གསུངས་བཞག ཡི་རང་ཡོད། དེ་འདྲ་རེད། འདི་དག་ཚང་མ་ཁ་བརྡ་དྲ་བའི་དགེ་མཚན་ཡིན་པ་ནི་ངེས་པར་ཤེས་དགོས།
    སྙིང་ཉེ་བའི་བོད་རིགས་སྤུན་ཟླ་ཡོངས་ལ་ཞུ་འབྲས།
    ང་ཚོ་ཚང་མ་བོད་ཡིན། སོ་སོར་ལ་རང་གི་བསམ་བློ་དང་དད་པ་ཡོད་ཆོག བན་བོན་གཉིས་ནི་བོད་པའི་ཆོས་ཡིན། ང་ཚོས་གཅིག་གིས་གཅིག་ལ་རྒྱབ་སྐྱོར་དང་ཡིད་ཆེས་གནང་དགོས། གང་ལྟར་འཇིག་རྟེན་ནི་རྟེན་ཅིང་འབྲེལ་བ་ཡིན་པས། ཕན་ཚུན་མེད་དུ་མི་རུང་། ང་ཚོ་སྔར་ནས་གྲུབ་མཐའ་དང་ས་ཁུལ་ཕྱོགས་རིས་ཀྱིས་དེ་རིང་ཁ་འཐོར་ར་ཐོར་གྱི་ཉམས་དམས་ཀྱི་གནས་སུ་ལྷུང་། རིགས་ལ་ཞེན་པའི་དམ་པས་བལྟས་ན་མིག་ཆུ་དབང་མེད་ཤོར། ཡིད་ཀྱི་རྟེན་གཞི་ལྷོ་རུ་བཞུད།། གཞིས་བྱེས་སྤུན་ཟླ་མཐའ་རུ་བྲལ།། ཁྱིམ་གཞིས་དྲོན་མོ་འདྲེ་ཡིས་བཟུང་།། ང་ཡི་མི་རིགས་སྙིང་རེ་རྗེ།། ད་ལྟར་ང་ཚོས་མཐུན་པའི་ལག་ཟུང་དམ་དུ་སྦྲེལ་ནས་གཞིས་བྱེས་སྤུན་ཟླ་ལྷན་དུ་འཛོམས་པའི་གོ་སྐབས་ཉུག མུན་ནག་ནས་ཉུག འོད་གསལ་ལས་ཉུག

  24. ཁ་ཚ་ར། says:
    2012-07-23 at 12:12 pm

    དགེ་འདུན་རབ་གསལ་དུས་བབ་རྩོམ་སྒྲིག་པ་ཡིན་དུས་གནས་ཚུལ་ག་རེ་ལྷག་པ་རེད། གཅིག་ཤེས་འདོད་འདུག དེ་དག་དང་འདི་ཚོ་དང་འབྲེལ་བ་ག་རེ་ཡོད་རེད། དངོས་ཡོད་གནས་ཚུལ་ཡིན་ན་གསལ་པོ་བྱས་ནས་བཤད་རོགས།

  25. amdo baglab says:
    2012-07-23 at 12:20 pm

    རྨུ་ཐག་དང་་་་་་་་་་་་་བན་དེ་་་་་་་་་་་གཉིས་ནས་གསན་དང་།་་་་་་་་་་་་་་ངས་རྒྱུ་མཚན་དང་ལོ་རྒྱུས་བཤད་པས་ཁྱེད་རྣམས་ཡིད་མི་ཆེས་པས། ལུང་འདི་ལེགས་པར་གསན་ནས་ཕྱིན་ཆད་ཧོལ་གཏམ་རྣམས་ཅུང་ཟད་སྨྲ་བ་ཉུང་ན་མི་མཛེས་སམ། ང་ལ་ཁྱོད་ཀྱིས་འོ་མའི་ནང་དུ་ཁྲག་ཐིག་རླུག་མཁན་གྱི་ཉེས་ཆེན་གྱི་མི་སྣ་ཞིག་ལ་ངོས་འཛིན་གནང་འདུག འོ་ན་ལུང་འདི་དག་ཀྱང་ཁྲག་ཐིག་ཡིན་ནམ་དཔྱོད་ཅིག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ་་་་་ཛི་ན་མི་ཏྲ་ཤི་ལེནྡྲ་བོ་དྷིཿ བལ་པོ་ཤི་ལ་མཉྫུ་བ་སུ་དྷརཿ ཆོས་ཀྱི་བདག་པོ་ག་ག་ཀིརྟི་དངཿ ཞང་ཞུང་ཡུལ་ནས་གཤིན་ལི་ཤི་ལྟག་རིངཿ ཐང་ནག་བོན་པོ་ཚེ་མི་གཡུང་དྲུང་འབྱུངཿ གཤེན་བོན་དྲན་པ་བོད་སྤུངས་བྱ་བ་དངཿ མི་ལུས་བསམ་ལྷག་སྟག་ལྷ་མེ་འབར་དངཿ ཐར་བོན་གྲུ་བསྐྱིལ་རྟ་བོན་བྱོན་ཁྲི་ནགཿ འཕྲུལ་བོན་གསང་བ་ངངས་རིང་ལ་སོགས་བོསཿ ཨྱར་པ་ལོའི་གླིང་བཞག་བོན་བསྒྱུར་བཅུགཿ དེ་དུས་རྒྱལ་པོ་སྐུ་ཡི་རིམ་གྲོ་ལཿ བོན་དུ་ཤ་བ་ར་རྒྱས་བྱེད་དགོས་ཟེརཿ བོན་པོས་ཤ་བ་གསོན་མ་བཟུང་ནས་ཁྱེརཿ ལྷ་ཆ་དགོས་ཟེར་བོན་པོས་གཡག་ལུགས་གསོདཿ དེ་ལ་སོགས་པའི་སྡིག་པ་གང་ཞིག་ལཿ ལོ་པན་རྣམས་ཀྱིས་བོན་པོས་ལས་ལ་གཟིགསཿ པཎྜི་ཏ་རྣམས་གྲོས་མེད་བློ་གཅིག་ཏུཿ ལོ་ཙཱ་བརྒྱུད་ནས་རྒྱལ་པོའི་སྙན་གསོལ་པཿ ཆོས་ཀྱི་ཁྲིམས་དང་མི་མཐུན་བོན་ལུགས་འདིཿ མི་དགེ་ཕལ་གྱི་ཐུན་མོངས་མ་ཡིན་གྱིཿ འདི་འདྲ་བྱེད་བཅུག་ངེད་རྣམས་རང་ཡུལ་འགྲོཿ བསྟན་པ་གཅིག་ལ་སྟོན་པ་གཉིས་མི་འོངསཿ ཆོས་ལུགས་གཅིག་ལ་བྱེད་ལུགས་གཉིས་མི་འཐདཿ སྡིག་པའི་གྲོགས་དང་བསྐལ་བར་འགྲོགས་མི་བྱེདཿ དེ་སྐད་བསྲིངས་པས་རྒྱལ་པོར་ལན་ཕུལ་བཿ ཆོས་བོན་གཉིས་ནི་གཤེད་མ་ཕྲད་མ་བཞིནཿ གཅིག་ལ་གཅིག་ནི་དག་པ་མི་སྟེར་བསཿ ཆོས་ནི་དར་ཁ་ཆུང་ཞིང་བོན་ཁ་དྲགཿ ལོ་ཙཱ་མཁས་པ་མང་པོ་སྤྱུག་དགོས་བྱུངཿ བོན་ཆོས་གཉིས་ཀ་དར་འཇུག་བཞུགས་ཞུས་པསཿ ཞུ་བསྲིང་པཎྜི་ཏ་རྣམས་ལན་མི་སྟེརཿ ཆོས་གསུངས་ཞུ་བ་ཕུལ་ཀྱང་ཆོས་མི་གསུངསཿ དེ་དུས་རྒྱལ་བའི་བློ་གྲོས་ཨ་མ་དངཿ བློན་པོ་ཏ་ར་ཀླུ་གོང་ཤི་བ་ལཿ བོན་ཆོས་གཉིས་ཀས་བུམ་ཆོག་བྱས་པའི་ཚེཿ རྒྱལ་པོ་ཆོས་ལ་ཡིད་ཆེས་བོན་ཐེ་ཚོམཿ དོན་མཁར་ཐང་ལ་ངག་ནུས་འགྲན་བཅུག་པསཿ རྒྱལ་པོ་ཆོས་ལ་ཡིད་ཆེས་བོན་ཐེ་ཚོམཿ སློབ་དཔོན་པདྨ་ཐང་ནག་བོན་པོ་གཉིསཿ གྲུབ་མཐའ་བཟུང་ནས་འགེགས་རེས་བྱེད་བཅུག་པསཿ རྒྱལ་པོ་ཆོས་ལ་ཡིད་ཆེས་བོན་ཐེ་ཚོམཿ་བོ་དྷི་ས་ཏྭ་ཤཱ་རིའི་དབུ་ཆེན་གཉིསཿ གྲུབ་མཐའ་བཟུང་ནས་འགེགས་རེས་བྱེད་བཅུག་པསཿ རྒྱལ་པོ་ཆོས་ལ་ཡིད་ཆེས་བོན་ཐེ་ཚོམཿ བི་མ་མི་ཏྲ་ལི་ཤི་སྟག་རིང་གཉིསཿ གྲུབ་མཐའ་བཟུང་ནས་འགེགས་རེས་བྱེད་བཅུག་པསཿ རྒྱལ་པོ་ཆོས་ལ་ཡིད་ཆེས་བོན་ཐེ་ཚོམཿ བོན་གྱི་ཐེག་དགུ་ཆོས་ཀྱི་ཐེག་དགུ་གཉིསཿ ལོ་ཙཱ་རྣམས་ལ་འགེགས་རེས་བྱེད་བཅུག་པསཿ རྒྱལ་པོ་ཆོས་ལ་ཡིད་ཆེས་བོན་ཐེ་ཚོམཿ ཞེས་སོགས་གསུངས་པས་ཁྱོད་རྣམས་ཐུགས་ཁྲོ་བ་གཏན་ནས་མ་གནང་བར་ངེས་པར་དུ་དོན་དངོས་ཐོག་བདེན་འཚོལ་གནང་རྒྱུ་དང་། ཡང་ད་ལྟའི་བོན་རྣམས་སྔར་བཞིན་ཡིན་ནམ་སྙམ་ན་མ་ཡིན་ཏེ་དེ་དུས་བོན་རྣམས་སྤྱུགས་པའི་ཚེ་ལྷ་གཡང་སྐོར་གསུམ་ནི་བོད་དུ་བཞག་པས་ད་ལྟའི་བོན་པོ་རྣམས་ལྷ་གཡང་སྐོར་གསུམ་གྱི་རྗེས་འབྲང་པ་ཡིན་པར་གདོན་མི་ཟ་བས་དེ་དག་ཆོས་རྒྱལ་ཆེན་པོ་མཆོག་ནས་ལེགས་པར་གཟིགས་ཏེ་བཞག་པ་ལགས་སོ།

  26. མེ་ཏོག་དཀར་པོ། says:
    2012-07-23 at 12:29 pm

    ཡང་གཅིག་མ་བཤད་ཁ་ཟ་ཁྲུག་ལངས་སོང་། བག་ལེབ་ཀྱིས་དྲངས་པ་དེ་སུས་བཤད་པ་རེད། ངའི་ཨ་མ་ཆོས་ཅན། ཡག་པོ་ཡོད་དེ། ང་ལ་བྱམས་པའི་ཕྱིར་ཞེས་པ་དང་མཚུངས་པས་དེ་འདྲའི་ལུང་གིས་དོན་མི་འགྲུབ་བོ། ཡང་བོན་པོས་མེས་དབོན་རྣམ་གསུམ། མཁན་སློབ་སོགས་བདུད་སྤྲུལ་དུ་བཤད་པའི་ལུང་དྲངས་ན་བག་ལེབ་ཁྱོད་ཀྱིས་ཁས་ལེན་ཐུབ་བམ།
    ད་ཁ་རོགས་སྡོད།
    ངས་ཀྱང་ཁ་སྡིག་དགའ་རབ་བསགས་སོང་། ད་འདི་ནས་དགོངས་པ་ཞུ་གི་ཡིན། ཚིག་མཐོ་དམན་ཤོར་བ་ཚང་མ་སྦྲུལ་མདུད་རང་ཞིག་གི་དཔེ་ལྟར་རང་ཞིར་ཤོག

  27. ལུང་རྟོགས། says:
    2012-07-23 at 12:40 pm

    ཨམ་མདོ་བག་ལེབ་ལགས། སྔ་མོ་སྔ་མོ་རེད་ད་ལྟ་ད་ལྟ་རེད། སྔ་མོ་བན་བོན་བར་ལ་མི་མཐུན་པ་བྱུང་འདུག་པས་ད་ལྟ་ཡང་འཆམ་ཐབས་ཡོད་པ་མ་རེད་ཟེར་ན་ལྐུགས་པའི་སྐད་ཆ་རེད། ང་ཚོས་ད་བར་དུ་ལོ་རྒྱ་ཕྲག་མང་པོའི་རིང་ལ་ཆོས་ལུགས་ཆོས་རྒྱུད་ནང་ཁུལ་རྩོད་པ་རེད་སྟེ་དེས་གྲུབ་འབྲས་བཟང་པོ་ཅི་ཞིག་ཐོན་འདུག འདས་པའི་ཉམས་མྱོང་ལས་སླབ་བྱ་བླང་སྟེ་ད་ནི་བོད་ཀྱི་ཆོས་ལུགས་ཆོས་རྒྱུད་ཚང་མ་རྡོག་རྩ་གཅིག་སྒྲིལ་བྱེད་རྒྱུ་ཤིན་ཏུ་གལ་ཆེ། རྒྱ་གཞུང་གིས་བོད་མི་རིགས་ཆོས་རིག་དང་བཅས་པ་རྩ་མེད་བཟོ་རྒྱུས་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་བྱེད་བཞིན་པའི་དུས་འདིར། ང་ཚོས་འདིར་བན་བོན་རྩོད་སྡད་ན་ཅི་འདྲ་ཞིག་འདུག བསམ་བློ་གཏོང་དགོས་ངེས་རེད། དོལ་སྨྱོན་གྱི་སྐད་ཆ་དེ་མི་སྐད་ངོ་མ་རེད།

  28. རྨུ་ཐག་གི་བུ་རྒྱུད། says:
    2012-07-23 at 1:16 pm

    ཨ་མདོ་བག་ལེབ་ཡ་ཨ་མདོ་བག་ལེབ། ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་དང་བཀའ་ཐང་སོགས་ལུང་འདི་འདྲ་རྒྱུ་མཚན་གྱི་ཁུངས་སུ་འདྲེན་པ་ལ་བག་མི་ཚ་བ་ཡ་མཚན། དེང་གི་དུས་སུ་ལོ་རྒྱུས་སྨྲ་བ་ཚོས་ལུང་འདིའི་རིགས་ཕྱི་སའི་དོང་དུ་དོར་ཚར་བ་ལ་ཁྱོད་ཀྱིས་གཅེས་གཅེས་བྱེད་པ་འདི་ལས་མཚར་བ་ཅི་ཡོད། ངས་ཁྱོད་ལ་ལུང་འདིའི་ཚིག་གཅིག་རང་འཆད་ཆོག མི་ལུས་བསམ་ལེགས་དང་སྟག་ལ་མེ་འབར། འཕྲུལ་བོན་གསང་བ་ངང་རིང་སོགས་གཉའ་ཁྲིའི་སྔོན་གྱི་མི་སྣ་ཞིག་རེད། དེ་བོན་པོའི་ལོ་རྒྱུས་ཁྲོད་ཡོངས་སུ་གྲགས་པ་ཞིག་རེད། གཞན་པ་མང་དུ་བཟླས་པས་ཁྱོད་ལ་གོ་བ་ཞིག་སྐྱེ་མི་ཐུབ་པར་མགོ་རྨོངས་པའི་རྒྱུ་རུ་འགྱུར་འགྲོ་བ་སྟེ། མཁྲིས་ནད་ཅན་ལ་སྣུམ་བྱིན་པའི་དཔེ་དང་མཚུངས། དེར་ཞིབ་ཏུ་སོམས་ཤིག

  29. གངས་དཀར་ཤ་མེད།ཡ says:
    2012-07-23 at 1:27 pm

    བག་ལེབ་འདི་ཚ་བ་ལུང་པར་ཉིན་མང་པོ་སོང་བའི་བག་ལེབ་རུལ་དྲི་ཐུལ་ལེ་ཞིག་རེད་ཞག འདི་འདྲ་རིགས་བན་བོན་སུ་ཞིག་གི་
    ཡ་མ་བྱོས། མེ་དཀར་གྱིས་རྒྱུ་མཚནབགྲངས་པར་ཁོས་ཉན་ནི་མི་ཤེས་ད་དེ་ལས་རང་དགར་ཡུག་ཞོག

  30. གཡུ་འབྲུག་དཀར་པོ། says:
    2012-07-23 at 1:32 pm

    རབ་ཡངས་ཀྱི་སྐྱེ་བའི་ས་ཆའི་ཁྱད་པར་ནི། ས་སྐྱ་པ་འོད་གསལ་ལྷ་ནས་བབས་པའི་ས། གཡའ་སྤང་སྐྱེས་ཅིག་བྱ་བའི་ཤར་ཕྱོགས་སུ། ལུང་ཆེན་ཐར་མ་གཞུགན་ཞེས་བྱའི་ནང་གི ཁྲ་མོ་སྦུ་ལུང་ཞེས་བྱ་བར། ཤིང་ཕོ་རྟའི་ལོ་ལ། ཡབ་གོ་རིབ་དཔལ་རིལ་དང་། ཡུམ་བོན་མོ་ནམ་ལངས་སྐྱིད་གཉིས་ཀྱི་བུར་སྐྱེས་སོ། །གོ་རིབ་ཞེས་བྱ་བ་ནི། བོན་ལུགས་ཀྱི་མིའུ་བྲམ་ཆགས་ཞེས་བྱའི་ནང་དུ། བོད་ལ་མིའུ་ལུགས་དྲུག་ཏུ་བྱེད་དོ། །དབར་གྲུ་འདོང་གསུམ། དགའ་དང་བཞི། ནུ་བོ་དབལ་རྟ་གཉིས་དང་དྲུག་ཅེས་འབྱུང་བའི། རིགས་གཉིས་པ་འགྲུའི་ནང་ཚན་ལ་གུ་རུབ་ཅེས་འབྱུང་བ་ཡིན་ཞིང་། དུག་མཚོར་རུ། བོན་སྐུ་ཀུན་བཟང་དང་འཇལ། ཞང་ཞུང་སྙན་རྒྱུད་ཅེས་བྱ་བའི་ཁྲིད་ཐོབ་རྗེས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བླ་མ་མཛད། གུ་རུབ་ཀྱི་སྟོང་སྡེ་ཡང་། ཡར་ལུང་དུ་ཁྲིད་ནས། དེ་ཚོའི་དཀྱིལ་དུ་ཡང་། གུར་སྒོམ་སྒྲ་བོ་དང་། གུར་སྒོམ་དར་རེ་ཞེས་བྱ་བས། ཡར་ལུངས་སྨུག་པོ་རི་ལ་སྒྲུབ་པ་མཛད་པས། གྲུབ་པ་ཐོབ་སྟེ་དགུན་རྟ་བའི་ཟླ་བ་ལ། སྨུག་པོ་རི་ལ་མེ་ཏོག་མང་དུ་སྐྱེས་ཞེས་གྲགས་སོ། །སྔ་དུས་སུ། གུ་རུབ་སྣང་བཞེར་ལྷོང་པོ་ལ། བོན་བཙུན་རྣམས་ཀྱིས་དད་པ་ཆེན་པོ་བྱེད་པའི་སྲོལ་ཡོད་ཅིང་། གུ་རུབ་ཀྱི་མི་རྒྱུད་ལ་ཡང་དད་པ་ཆེན་པོ་བྱེད་པའི་སྲོལ་འདུག་གོ །བན་སྡེའི་ཕྱོགས་ལ། རྗེ་བཙུན་མི་ལ་དང་དུས་སྙམ་དུ། གྲུབ་ཐོབ་བཞི་འབྱུང་སྟེ། རྒྱ་གར་ན་དརྨ་བོ་དྷི། བལ་པོ་ན་ཤི་ལ་བྷ་རོ། བོད་ཀྱི་སྟོད་དུ་གུ་རུབ་ཚེམས་ཆེན། སྨད་དུ་མི་ལ་རས་པ་ཞེས་འབྱུང་བའི། གུ་རུབ་ནི་རུས་ཀྱི་མིང་ཡིན་ཏེ། གུ་རུབ་དང་། གོ་རིབ་ཞེས་གང་འཐད་ཟེར་བ་ཡིན་པས། རྗེ་བཙུན་མི་ལའི་རྣམ་ཐར་དུ། སྟོད་དུ་གུ་རུ་ཚེམས་ཆེན་ཞེས་འབྱུང་བ་ནི། ཡི་གེ་པས་གང་འབྲི་རྣམ་དབྱེ་མ་ཆེད་པར། གུ་རུ་ཞེས་བྲིས་པའོ། །ཡང་གུ་རུབ་ཀྱི་རྒྱུད་འདི་ལ། བཏང་པ་ལོ་ཙྪ་བ་ག་རོད་ཚུལ་ཁྲིམས་རྒྱལ་མཚན་གྱིས། འདུལ་བ་མདོ་རྩའི་རང་འགྲེལ་སྒྱུར་ཞེས་འབྱུང་བའི། ག་རོད་ཅེས་པ་དེ་ཡང་། གུ་རུབ་ཀྱི་རྒྱུད་པ་ཡིན་ནོ། །གུར་མགོན་གྱི་རྒྱུད་པ་ལ། བྲག་སྟེངས་པ་ཡོན་ཏན་ཚུལ་ཁྲིམས་ཞེས་འབྱུང་བ་དང་། དེའི་ཅུང་པོ་ལོ་ཆུང་བསོད་ནམས་རིན་ཆེན་ཞེས་འབྱུང་བ་དང་། དེ་ཚོ་ཡང་རུས་གུ་རུབ་ཡིན་ཏེ། གུ་རུབ་འདི་རུས་གྱེས་པ་སྔ་མོ་ཡིན་པས། འདི་ལ་བོན་ལུགས་ཀྱི་གྲུབ་ཆེན་མང་དུ་འབྱུང་ཞིང་། བན་སྡེའི་སྲོལ་འཛིན་ཡང་། ལོ་ཆེན་དང་། གྲུབ་ཐོབ་དང་། མཁས་པ་མང་དུ་བྱུང་ངོ་། །དེས་ན་རབ་ཡངས་ནི་གུ་རུབ་ཀྱི་རིགས་སུ་སྐྱེས་ནས། ལོ་བརྒྱད་པའི་དུས་སུ། འཆམས་བདེ་ཆེན་གྱི་མཁན་པོ་ནམ་མཁའ་དཔལ་སྐྱོང་པས་མཁན་པོ་མཛད། སྐྱེད་ཚལ་གྱི་མཁན་པོ་ཆོས་རྗེ་ཆོས་གྲགས་པས་སློབ་དཔོན་མཛད་དེ། རབ་ཏུ་བྱུང་བ་དགེ་ཚུལ་གྱི་སྡོམ་པ་བླངས། ་་་་་་་་་་་་་་་་་་

    འདིར་སྔར་བན་བོན་མཐུན་པའི་ལོ་རྒྱུས་ཤིག་ཀྱང་འདུག་པས་འདིར་ཁྱེར་ཡོངས་པ་ལགས། འདི་ནི་གཏེར་མ་མིན་པས་ཡིད་ཆེས་ཀྱི་ཁུངས་བཙུན་པ་སྟེ་རྒྱལ་རབས་པས་ཆ་བཞག་ཐུབ་པའི་ཡིག་ཆ་ཞིག་ལགས་སོ༎

  31. amdo baglab says:
    2012-07-23 at 2:37 pm

    རྨུ་ཐག་དང་་་་་་་་་་་་་ལུང་རྟོགས་སོགས་ལ་ཞུ་རྒྱུ། ངས་བན་བོན་གཉིས་ནམ་ཡང་འཆམ་ཐབས་མེད་པ་ག་དུས་བཤད་སོང་། དོན་དངོས་ལ་ང་རང་ཡང་བོན་རྒྱུད་ཡིན། འོན་ཀྱང་ལོ་རྒྱུས་ནག་བསུབ་དུ་བཏང་ན་ཨེ་འགྲིག སྔར་གྱི་བོན་དེ་སྡིག་བོན་དང་། ད་ལྟའི་བོན་རྣམས་ཆོས་བོན་ཡིན་པའི་རྒྱུ་མཚན་ཤེས་དགོས་པ་གལ་མི་ཆེའམ། སྔར་གྱི་སྡིག་བོན་དེ་དང་ཆོས་གཉིས་མི་མཚུངས་པར་སྨྲས་པ་ཙམ་གྱིས་ཁྱོད་ཞེ་སྡང་གི་མེ་འབར་དགོས་དོན་འདུག་པས། བོན་སྔ་ཕྱི་ཁྱད་པར་མེད་པར་ཐམས་ཅད་གཅིག་ཏུ་འདྲེན་ན་འཐུས་གི་འདུག་པས་བློ་གཟུ་བོར་གནས་ནས་སྐད་ཆ་བཤད་ན་མི་བཟང་ངམ། ང་ཚོ་བོད་མི་ཚོས་བོན་པོ་ལབ་དུས་འོ་དེ་ནི་སྔར་ཆོས་རྒྱལ་གྱི་སྐབས་མེད་པ་བྱས་པ་རེད། ཟེར་ནས་འུར་ལུངས་པ་ཁེངས་བར་བྱས་ནས་བཤད་གི་འདུག་པ། དེ་ཚོ་ལ་ལྷ་གཡང་སྐོར་གསུམ་སོགས་བོན་ལུགས་ཆོས་དང་འདྲེས་པ་རྣམས་བཞག་ཡོད་པའི་རྒྱུ་མཚན་གསལ་ཁ་བཤད་ན་བཟང་གི་རེད་པ། དེ་མིན་ངས་བན་བོན་གྱི་ཁྱད་པར་དང་དཀྲུག་ཤིང་རྒྱབ་དགོས་དོན་མེད་ལ་རྒྱབ་ཀྱང་མི་རྒྱབ། འོན་ཀྱང་ཕ་མེས་ཀྱི་ཆོས་དང་ཁྱད་པར་དུ་རང་གི་ཕ་མས་དད་ཡུལ་གྱི་ཆོས་དེ་གཙང་སེལ་ཡིན་པ་བཤད་རྒྱུ་དང་། དེ་ཡང་རྒྱུ་མཚན་དྲངས་པོར་བཤད་པ་ལས་བོན་ཡིན་ན་བཟང་པོ་ཡིན་པའི་ཁྱབ་མཐའ་འཆའ་དགོས་ན་ཁག་པོ་རེད། ནང་ཆོས་ལ་ཡང་ཐེག་ཆེན་དང་ཐེག་དམན་བར་རྩོད་པ་སོགས་ག་འདྲ་འདུག དེ་རིགས་གསལ་བཤད་བྱ་རྒྱུ་འོས་འགན་ཙམ་ལས་འོ་མར་ཁྲག་ཐིག་རླུགས་པའི་ཉེས་པ་བདག་ལ་མེད་དོ། བན་བོན་ཙམ་མ་ཟད་རྒྱལ་བས་འཛམ་གླིང་ཆོས་ལུགས་ཡོངས་རྫོགས་མཐུན་སྒྲིལ་དགོས་པ་གསུངས་ན་བོད་ཀྱི་ཆོས་ལུགས་བར་མཐུན་སྒྲིལ་དེ་བས་ཀྱང་ལོས་དགོས། དེ་འདྲ་རེད་དམ་མ་རེད་དཔྱོད་ལྡན་ཁྱེད་རྣམས་ཀྱིས་སོམས་ཤིག

  32. ཀརྨ་ཡེ་ཤེས says:
    2012-07-23 at 3:48 pm

    ཧ ཧ ཨ་མ་མདོ་སྐྱག་ཤོར། གོང་དུ་ཁྱོས་་་་
    ༡༣༽ amdo baglab ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༣ གི་ཆུ་ཚོད་ ༩ སྐར་མ་ ༠༦
    བན་དང་བོན་གཉིས་མཐུན་པར་རེ་ན་ནམ་མཁའི་མེ་ཏོག་ཅིས་མི་བཞད། །
    ཆོས་དང་ཆོས་མིན་མཚུངས་པར་དགོས་ན་ཟན་དང་སྐྱག་པ་མཉམ་པར་གྱིས། །
    བཟང་དང་ངན་ལ་ཁྱད་པར་མེད་ན་ཕྱི་པ་ནང་པ་ག་ལ་རྩོད། །
    འདི་དང་ཕྱི་མར་ཕན་བདེ་དགོས་ན་རྒྱལ་བའི་བཀའ་ལ་གཙུག་ཏུ་བཀུར། །
    ནང་པ་ཡིན་ན་སྐྱབས་འགྲོའི་བསླབ་བྱ་འགལ་བ་མེད་པ་ཉམས་སུ་ལེན། །
    སློབ་དཔོན་དང་ནི་ཞི་བ་འཚོ་ཡི་བཀའ་དྲིན་མ་བརྗེད་ཡིད་ལ་ཟུངས། །
    ཆོས་རྒྱལ་ཆེན་པོས་ཏ་ར་ཀླུ་གོང་བཀྱོན་ཕབས་དགོས་པ་ཤེས་སམ་ཅི། །
    བན་བོན་གཉིས་ནི་ཡེ་ནས་མི་མཐུན་སྔར་ནས་སྤྲེལ་སླག་ཡུལ་དུ་སྤྱུག །

  33. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-07-23 at 11:42 pm

    ངས་ཐོས་པ་ལྟར་ན་བོན་གྱིས་སངས་རྒྱས་ཤཱཀྱ་ཐུབ་པ་གུས་བཀུར་ཞུ། ཁམས་ཕྱོགས་ནས་བོན་གྱི་གྲྭ་པ་མང་པོ་གདན་ས་ཁག་ཏུ་སངས་རྒྱས་པའི་ལུགས་ཀྱི་མདོ་བསྟན་བཅོས་ལ་སློབ་སྦྱོང་བྱེད། དེས་ན་ཕྱིའི་རྣམ་འགྱུར་ཙམ་མ་གཏོགས་ནང་དོན་བན་བོན་གཉིས་ཡན་ལག་འགའ་རེ་མི་འདྲ་བ་ཡིན་སྲིད། དོན་དུ་གཅིག་པ་ཉིད་ཀྱིས་ཕན་ཚུན་ལ་མི་འདྲ་བ་ཆེར་མ་འཛིན་པར་ཅིག་ཏུ་བདེ་བར་གནས་ཏེ། རང་དབང་གི་དཔལ་ལ་སྤྱོད་པར་སྨོན་ནོ།།

  34. ལུང་རྟོགས། says:
    2012-07-24 at 12:18 am

    ཨམ་མདོ་བག་ལེབ་ལགས། “བན་དང་བོན་གཉིས་མཐུན་པར་རེ་ན་ནམ་མཁའི་མེ་ཏོག་ཅིས་མི་བཞད” འདི་བན་བོན་གཉིས་ནམ་ཡང་མཐུན་ཐབས་མེད་པའི་ཚིག་མིན་ནམ། ནམ་མཁའི་མེ་ཏོག་བཞད་མི་སྲིད་པ་སུས་ཀྱང་ལོས་ཤེས། ད་མང་པོ་མི་བཤད།

  35. ཨ་བུ་འབྲོག་ཕྲུག says:
    2012-07-24 at 12:36 am

    གོང་དུ་རྩོམ་རྙོག་མང་པོ་ཞིག་བྲིས་འདུག་ཡིན་ནའང་དེ་དག་གི་ནང་ནས་ལེན་རྒྱུ་ཞིག་ཡོད་པ་ནི་དོད་སྨྱོན་ཟེར་བའི་དྲ་གྲོགས་དེས་བྲིས་པའི་རྩོམ་ཡིག་དེ་རེད། དེ་མིན་གཞན་རྣམས་ལ་ཚིག་གི་ཚོགས་མང་པ་ལས་གད་རྙིག་རྐྱང་རྐྱང་རེད། ཁྱེད་ཅག་གི་བན་བོན་གཉིས་རྩོད་འདོད་ན་ཐོག་མར་དེ་གཉིས་ལ་སྦྱངས་བ་མི་དམན་པ་ཞིག་བྱས་དང་ད་བཟོད་རྩོད་རྒྱུ་ཞིག་ཡོད་ངེས་རེད། ད་དུང་ཐ་རྙེད་རྨོངས་མཁན་དག་ལ་མཚོན་ན་ཅི་ཡང་རག་རྒྱུ་མ་རེད།

  36. དོལ་སྨྱོན། says:
    2012-07-24 at 2:39 am

    དྲྭ་གྲོགས་སྤྱི་དང་ལྷག་པར་རྒན་ལ་དྭགས་པ་ཕེབས་ནས་དབྱེ་ཞིབ་གནང་བར་བཀའ་དྲིན་ཆེ་ཞུ་བ་ཡིན།

  37. དོལ་སྨྱོན། says:
    2012-07-24 at 2:42 am

    ད་དུང་གྲོགས་མེ་དཀར་ནས་དྲན་གསོ་གནང་བར་གནམ་མེད་ས་མེད་བཀའ་དྲིན་ཆེ་ཞུ་བ་ཡིན།

  38. མེ་ཏོག་དཀར་པོ། says:
    2012-07-24 at 2:52 am

    ཡིན་དང་ཡིན། འདི་ན་བསྟོད་ན་ཨ་སྔོན་གནམ། སྨད་ན་དོག་མོ་ས་རེད་པ། ཧ་ཧ་ཧ།

  39. དོལ་སྨྱོན། says:
    2012-07-24 at 3:03 am

    བདག་ལ་བསྟོད་པ་གཞན་ཡོད་ན།།
    སྨད་པས་མི་དགར་ཅི་ཞིག་ཡོད།།
    བདག་ལ་སྨད་པ་གཞན་ཡོད་ན།།
    བསྟོད་པས་བདག་དགར་ཅི་ཞིག་ཡོད།།

    ཞེས་གསུངས་པ་མ་ཡིན་ནམ། ཧ་ཧ་ཧ་ཧ་ཧ་ཧ་ཧ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme