Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འབོ་ར་ས་ཁུལ་དུ་རྒྱ་གཞུང་ལ་སྔ་ཕྱི་ངོ་རྒོལ་བྱེད་པའི་རོམ་པ་ཁག་ཕྱོགས་བསྡུས།

Posted on 2012-05-23 By ཁ་བརྡ་ 17 Comments on འབོ་ར་ས་ཁུལ་དུ་རྒྱ་གཞུང་ལ་སྔ་ཕྱི་ངོ་རྒོལ་བྱེད་པའི་རོམ་པ་ཁག་ཕྱོགས་བསྡུས།

བསོད་ནམས་ཀྱིས།

ཕྲན་གྱིས་འབད་བརྩོན་གང་མང་བྱས་མཐར་དེ་རིང་གཞི་ནས་བདག་གི་ལག་ཏུ་ཕ་ཡུལ་མདོ་སྨད་ལྷོ་རྒྱུད་བླ་བྲང་བཀྲ་ཤིས་ཁྱིལ་གྱི་ལྷ་སྡེ། འབོ་ར་ས་ཁུལ་དུ་འཇིགས་ལ་ཉེ་བའི་རྒྱ་ནག་གུང་ཁྲན་སྲིད་གཞུང་གིས་ད་ལྟའི་བར་དུ་བོད་ས་ཡོངས་ལ་ཚུལ་མིན་གྱི་གཡོ་ཇུས་སྣ་ཚོགས་སྤྱད་དེ། བོད་ཀྱི་བླ་སྲོག་སྐད་ཡིག་གི་མཚོན་པའི་ཆོས་དང་། མི་རིགས་རང་གི་ཁྱད་ཆོས་ལྡན་པའི་སྣ་མང་རིག་གཞུང་རྩ་ཆེན་དག་རྩ་མེད་དུ་བཟོས་དང་བཟོ་བཞིན་པར། ས་གནས་འདིར་སྔ་ཕྱི་ངོ་རྒོལ་རིམ་པ་མང་བོ་བྱས་ཡོད། ལྷག་པར་ན་ནིང་ནས་ཤེས་གསལ་ལྟར་ཞི་བའི་ངོ་རྒོལ་གྱི་ངོ་བོ་ཤུགས་ཆེ་རུ་ཕྱིན་ཏེ། གཞི་བྱེས་གཉིས་ཀྱི་རྒྱལ་གཅེས་དཔལ་བོ་གང་མང་ཞིག་གིས་སྙིང་སྟོབས་ཆེན་པོས་གང་ལ་ཞུམ་པ་མེད་པར་གཅེས་པའི་ལུས་པོ་དམར་བོའི་མེ་ལ་སྒྲོན་ཏེ་ཞི་བའི་འཐབ་རྩོད་གནང་བར་རྒྱབ་སྐྱོར་ཡོད་པའི་མཚོན་བྱེད་ལ། ཉེ་ཆར་ཕྱི་ཟླ་༣པའི་ཚེས་༢༠ཉིན། ས་གནས་འདིར་ཉིན་རྒྱབ་ཆུ་ཚོད་༢བ་མ་ཟིན་ཙམ་ལ་གྲྭ་མང་གིས་ལག་ཏུ་༧གོང་ས་མཆོག་གི་སྐུ་པར་དང་རྒྱལ་དར་གང་མང་ཁྱེར་ཏེ་རྒྱ་ནག་གི་གདུག་རྩུབ་ཅན་གྱི་སྲིད་ཇུས་ལ། ས་གནས་སྲིད་གཞུང་གི་རྒྱ་སྒོའི་མདུན་ནས་(༧གོང་ས་མཆོག་ཕྱིར་བོད་དུ་ཕེབས་འཇུག་དགོས་པ་དང་། བོད་པར་འགྲོ་བ་མིའི་རང་དབང་སྤྲོད་དགོས་པ། མི་རིགས་དབྱེ་འབྱེད་ཀྱི་སྲིད་ཇུས་དག་མཚམས་འཇོག་དགོས་པ་)སོགས་ཀྱི་དགོས་འདུན་བཏོན་ཏེ་སྲིད་གཞུང་གི་སྒོ་དང་། སློབ་གྲྭ། སྲང་ལམ་སོགས་ནས་དེ་ལྟར་ཞི་བའི་སྐད་འབོད་བྱས་པར། དེ་མ་ཐག་དགོན་མཐའ་ཡོངས་དམག་གིས་སྐོར་ཏེ་ཕྱི་ནང་གི་འགྲོ་འོང་ཚང་མ་བཀག དགོང་མོའི་ཆུ་ཚོད་༡༢་དང་༣༠་ཙམ་ལ་ཁུལ་དང་རྫོངས་གི་དམག་མི་མང་བོ་དགོན་ནང་འཇབ་རྒྱུག་བྱས་ཏེ་དགེ་འདུན་པ་༤༠་ལྷག་ས་གནས་སྲིད་གཞུང་དུ་བཙན་ཁྲིད་བྱས་ཡོད་པས། གྲྭ་མང་ཚོགས་ཏེ་ད་ལྟ་མྱུར་དུ་གློད་བཀྲོལ་མ་བཏང་ན་ཁོ་ཚོས་ཡང་བསྐྱར་ངོ་རྒོལ་སྐད་འབོད་བྱ་རྩིས་བྱེད་པ་ངར་ཤུགས་ཆེ་རུ་སོང་བས། དགོན་པའི་དོ་དམ་མི་སྣས་སྲིད་གཞུང་ལ་གྲྭ་མང་ངར་ཤུགས་ཆེ་རུ་འགྲོ་བཞིན་འདུག་པས་ལམ་སེང་མ་བཏང་ན་གནས་ཚུལ་ཚབས་ཆེན་བྱུང་ན་འགན་ཡོད་ཚད་ང་ཚོས་འཁུར་མི་ཐུབ་པས་འཕྲད་དུ་བཏང་ན་དགའ་བའི་བརྡ་ལན་སྤྲད་དེ་ཛ་དྲག་ངང་ཡོད་པའི་སྐབས་དེར། གནས་ཚུལ་དེ་དགོན་པའི་བླ་ཆེན་རྒྱལ་མཁན་པོས་གསན་ཏེ་ཁོང་བླ་བྲང་ནས་ཆེད་ཕེབས་ཀྱིས་བར་འདུམ་མཛད་དེ་ཞི་འཇགས་སུ་བཏང་ཡོད་ནའང་། རྒྱ་གཞུང་ཚིག་ཐོག་ནས་མ་བསྡད་པར། ཉིན་གཉིས་ཀྱི་རྗེས་ཏེ་ཚེས་༢༣ཉིན་ཁུལ་ལམ་རྫོང་གང་ཡིན་མ་ངེས་པའི་བདེ་སྲུང་མི་སྣས་ས་གནས་སྲིད་གཞུང་དང་། དགོན་པའི་དོ་དམ་མི་སྣར་སྙན་ཞུ་མེད་པར་ཁྲིམས་འགལ་གྱིས་སྒོ་ནས་དགོན་པར་ཡང་བསྐྱར་གསང་སྟབས་ཀྱིས་འཛུལ་ཏེ། རང་ལོ༣༠ཡིན་པའི་ཀད་ཀྱ་སྡེ་བའི་གྲྭ་སངས་རྒྱས་རྒྱ་མཚོ་དང་། རང་ལོ་༢༣ཅན་གྱི་གོའུ་བརྡ་སྡེ་བའི་གྲྭ་སྐལ་བཟང་བློ་གྲོས། རང་ལོ་༢༠་ཅན་གྱི་ལུང་ཀྱོག་འགབ་མའི་གྲྭ་དགེ་འདུན་བསོད་ནམས། རང་ལོ་༢༢་ཡིན་པ་སྒྲོག་གོང་མའི་གྲྭ་བཀྲ་ཤིས་རྒྱ་མཚོ་བཅས་གྲྭ་བ་བཞི་འཛིན་བཟུང་བྱས། ཁོང་ཚོ་ཕར་ཁྲིད་སྐབས་གཞུང་ལམ་སྟེང་བསླེབས་པ་དང་ཁོ་ཚོའི་མགོ་ལ་རས་ཁུག་ནག་པོ་རེ་གོན་ཏེ་བཙོན་ཁང་ནང་མ་འབྱོར་བར་ཅི་ཡང་མི་མཐོང་བར་བྱས། བཙོན་ཁང་ནང་ནས་ཀྱང་སྤྱི་མཚུངས་ལྟར་གཉིད་ཁུག་ཏུ་མ་བཅུག་པ་དང་། བཟོད་པར་དཀའ་བའི་གཅར་རྡུང་སྣ་ཚོགས་བྱས་ཏེ། ཁ་ཤས་ཟླ་གཅིག་དང་། ཁ་ཤས་ཉིན་ཉི་ཤུ་ཡས་མས་ལ་བཙོན་འཇུག་བྱས་ཏེ་མཐར་བཙོན་གྲོལ་བཏང་། ཚུར་ཡོང་སྐབས་ཀྱང་སྔོན་ལྟར་དགོན་མཐའ་མ་སླེབས་པར་རས་ཁུག་ནག་པོས་མགོ་བོ་གཡོགས་ཡོད་པས་ཡུལ་མི་དང་ཕ་མ་ཕར་ཟད། ཁོ་ཚོས་ཀྱང་ཁོང་ཚོ་ས་གནས་གང་ཞིག་ཏུ་ཁྲིད་དེ་བཙོན་འཇུག་བྱས་པའང་ཤེས་མི་འདུག ནམ་རྒྱུན་རྒྱ་ནག་གིས་བྱེད་སྲོལ་ལྟར་ཁོང་རྣམས་དགོན་ནང་ནས་ཕྱི་ལ་འགྲོ་སྐབས་གཞུང་ལ་གང་ལ་གང་གི་ཆེད་དུ་འགྲོ་བཞིན་ཡོད་པའི་སྙན་གསེང་ཞུ་དགོས་པ་སོགས་ཀྱི་བཀའ་རྒྱ་འོག་ཏུ་ཡོད། ཉིན་འདི་དག་ལ་ས་ཁུལ་དུ་ཀློག་བཏང་མེད་པ་དང་། དགོན་མཐའ་ཡོང་དྲག་དམག་གིས་ཉིན་མཚན་གཉིས་ལ་སྐོར་ཏེ་གོམ་རེ་མཚམས་སུ་དམག་རེ་བཞག་ཏེ་དམ་དྲག་ཧ་ཅང་ཤུགས་ཆེན་བྱེད་ཡོད་པས། ཚེས་༢༡ཉིན། ནོར་ལུང་དང་གདར་བ་སྡེ་བ་གཉིས་ཀྱི་ནང་ནས་རྒན་རྒོན་གཉིས་གྲོངས་ཏེ་འདས་མཆོད་སྒྲུབ་པར་དགེ་འདུན་པ་གདན་འདྲེན་ཞུ་རུ་ཡོང་མཁན་ཚོ། དགོན་ནང་དུ་འགྲོར་མི་འཇུག་པ་མ་ཟད། ལེན་མཁན་ཚོར་མི་དགེ་བའི་འདྲི་གཅོད་སྣ་ཚོགས་བྱས་ཏེ་དགེ་འདུན་པ་ཚོ་འདས་མཆོད་སྒྲུབ་པར་ཉིན་རྒྱབ་བར་བཏང་མི་འདུག
གཞན་ད་ལོའི་ཆུ་འབྲུག་ལོའི་ཨ་མདོའི་ལོ་སར་སྐབས་ཀྱང་། ང་ཚོའི་གཤེགས་ཟིན་པའི་རྒྱལ་གཅེས་དཔའ་པོ་དཔའ་མོ་ཚོའི་ཆེད་བོད་རང་གི་ཐུན་མིན་འགྲོ་ལུགས་ལྟར་མྱ་ངན་གྱི་རྣམ་པའི་ཐོག་ནས་སེམས་ཁོངས་དྲོན་མོར་སྡུག་གིས་མནར་བཞིན་བོད་མི་ཚོས་ལོ་སར་བྱེད་ཀྱིན་ཡོད་པ་ལྟར། ས་གནས་འདིའི་སྐྱ་སེར་ཡོངས་ཀྱིས་ཀྱང་དེ་ལྟར་བྱེད་ཀྱིན་ཡོད་པ་སྨྲོས་མ་དགོས་མོད། རྒྱ་གཞུང་གིས་ཤོག་སྦག་རྒྱག་རྒྱུ་དང་རྒྱས་སྤྲོ་བྱེད་པར་ངན་སྐུལ་བྱས་པ་དང་། ལྷག་པར་གཞུང་ལམ་འགྲམ་གྱི་སྡེ་པ་ཁ་ཤས་ལ་གཞུང་གི་ལས་བྱེད་ཆེད་བཅར་གྱིས་མི་ཚང་རེར་རྒྱ་སྒོར་ལྔ་སྟོང་རེ་སྤྲད་དེ་ལོ་སར་གཏོང་དགོས་སྐོར་གྱི་གཡོ་ཐབས་སྣ་ཚོགས་བྱས་ཀྱང་། ལས་གནས་དང་དགོས་དབང་གིས་གནས་སྐབས་རྒྱ་གཞུང་ལ་མི་བསྟུན་ཐབས་མེད་ཀྱི་མི་ཚང་རེ་གཉིས་ཤིག་ལས་ལེན་མཁན་བྱུང་མི་འདུག
དེའི་རྗེས་བོད་ལོའི་ལོ་སར་སྐབས་ཡང་རྒྱ་གཞུང་གིས་སྔོན་མ་དང་ལྡོག་ཏེ་ཤོག་སྦག་སོགས་བརྒྱབ་ནས་ལོ་སར་ལ་རོལ་མི་ཆོག་པའི་བཀའ་བཏང་ཡོད་ནའང་། གྲྭ་བ་འགའ་ཤས་ཀྱིས་ཤོག་སྦག་སོགས་ཉོས་ཏེ་ལོ་སར་གྱི་རྟེན་འབྲེལ་ལ་གྲ་སྒྲིག་བྱས་ཀྱང་། གཞན་ཁ་ཤས་ཀྱིས་ད་ལོ་བོད་པ་ཚང་ལོ་ནག་ཡིན་པས་གཞི་བྱེས་གཉིས་སུ་མི་མང་གིས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཙམ་ལས་མེད་པས། ང་ཚོས་ཀྱང་དེ་མཐུན་བྱེད་ན་ལེགས་ཟེར་ནས་གྲྭ་བ་ཞིག་གིས་ཁོང་རང་སྒེར་ངོས་ནས་འགྲོ་སོང་བཏང་ཏེ་ཞག་སྒྲོན་མང་བོ་ཉོས་ཏེ་ལོ་སར་ཚེས་གཅིག་གི་དགོང་མོར་དགེ་འདུན་པ་ཡོངས་ཀྱིས་༧རྒྱལ་བའི་ཞབས་བརྟན་གསུང་བཞིན་མར་མེ་ཁྲོམ་སྐོར་བྱས། འདིའི་སྐོར་གྱི་པར་དང་བརྙན་ཐུང་ཞིག་ཀྱང་ཡོད་མོད་ད་དུང་ལེན་ཐུབ་མ་སོང་། ལེན་ཐབ་བྱེད་དང་བྱེད་བཞིན་ཡོད།
ད་དུང་ལོ་འདིའི་སྨོན་ལམ་སྐབས་ཀྱང་། སྨོན་ལམ་མ་རྫོགས་པར་ཉིན་མཚན་གཉིས་ཀར་དམ་དྲག་ཧ་ཅང་ཤུགས་ཆེན་བྱེད་པ་དང་། བཅོ་ལྔའི་དགོང་མོ་མེ་ཏོག་མཆོད་པའི་ནང་༧གོང་ས་མཆོག་གི་སྐུ་པར་བཞག་པའང་། སྲིད་གཞུང་གི་མི་སྣ་ཡོང་སྟེ་འཇོག་མི་ཆོག་པའི་བཙན་བཀའ་བཏང་བར་གྲྭ་བ་ཚོས་ཉན་འཇོག་མ་བྱས་པས། དགོན་པ་རང་ན་བཞུག་པའི་བླ་མ་ཞིག་སྐད་བཏང་སྟེ་ལེན་དགོས་པར་བཤད་ནའང་། ངོས་ལེན་མ་བྱས་པར་མཐར་༧གོང་ས་མཆོག་གི་སྐུ་པར་གྱི་མདུན་དུ་བླ་ཆེན་གཞན་ཞིག་གི་སྐུ་པར་བཞག་ཏེ་༧་རྒྱལ་བའི་སྐུ་བརྙན་མི་མཐོང་བར་བྱས་པའི་གནས་ཚུལ་ཡང་བྱུང་ཡོད།
ཁ་སང་དེ་རིང་གི་གནས་སྟངས། ངོ་རྒོལ་གྱི་ཉིན་དེ་ནས་བཟུང་ཁུལ་དང་རྫོང་ས་གནས་སྲིད་གཞུང་གི་མི་སྣ་ལས་གྲུབ་པའི་ལས་ཁུངས་ཤིག་དགོན་པའི་ནང་ཆེད་བཙུགས་ཀྱིས་དགོན་པར་ཚོགས་དང་ཆོས་གྲྭ་ཡོད་མེད་ལ་མ་ལྟོས་པར། གོང་གི་འཛིན་བཟུང་བྱས་པའི་གྲྭ་༤༠་ལྷག་ལ་ཉིན་ལྟར་སྔ་དྲོ་ཚོུད་༩:༣༠ནས་༡༡བར་དང་། ཕྱི་དྲོ་ཚོུད་༣:༣༠ནས་༥བར། གྲྭ་བ་རྒན་གྲས་ཚོ་ལ་བདུན་རེ་ནང་ཐེངས་གཅིག་རེ་དང་། དར་མའི་གྲས་ལ་བདུན་རེ་ནང་ཐེངས་གཉིས། གཞན་གྲྭ་མང་ཡོངས་བདུན་རེ་ནང་ཐེངས་གསུམ་རེ་བྱེད་དེ་འདི་ལྟར་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་དང་སྤེལ་གྱིན་ཡོད་འདུག
ཡང་ཟླ་༤པའི་ཚེས་༧ཉིན། སྔོན་མ་བཞིན་བློ་བུར་དུ་དགོན་ནང་ལ་རྒྱ་གཞུང་གི་འབྲེལ་ཡོད་མི་སྣ་ཡོང་ཏེ། རང་ལོ་༢༠ནང་ཡིན་པའི་ཚ་ངུ་ཐང་སྡེ་བའི་གྲྭ་དཀོན་མཆོག་རྒྱ་མཚོ། དགོན་པའི་དོ་དམ་མི་སྣར་མགོ་སྐོར་བཏང་ཏེ་འཛིན་བཟུང་བྱས་ནས་ད་ལྟའང་གར་ཡོད་ཤེས་རྟོགས་བྱུང་མེད།
གཞན་ད་ལོའི་ཨ་མདོའི་ལོ་སར་ཚེས་༦ཉིན་སྡེ་དཔོན་ཚོ་བསྡུས་ནས་ཚོགས་ཐོག་ཏུ་གསལ་བསྒྲགས་བྱས་ཟིན་པ་ལྟར། འཚོ་རྟེན་ཞིང་ལས་གཙོ་བོ་ཡིན་སའི་ས་གནས་འདིའི་གཞུང་ལམ་འགྲམ་གྱི་གྲོང་སྡེ་ཚོར། རྒྱ་གཞུང་གིས་མིང་སྙན་མོ་ཞིག་བཏགས་ཏེ་ཞིང་ནང་དུ་ལོ་ཏོག་འདེབས་སུ་མ་བཅུག་པར་དེའི་ཚབ་དུ་གཞུང་ལམ་འགྲམ་གྱི་ས་ཞིང་ཚང་མིའི་ནང་མི་འདོད་བཞིན་དུ་རྩྭ་བཏབ་དུ་བཅུག་ཡོད་པའི་གནས་ཚུལ་གསར་བ་དང་བཅས།
སྤྱིར་ས་གནས་འདིར་ང་བརྒྱད་ནས་དེ་རིང་གི་བར་ངོ་རྒོལ་རིམ་པ་མང་བོ་བྱས་ཡོད་པས་གཤམ་དུ་གལ་ཆེན་ཁག་ངོ་སྤྲོད་ཀྱིས་ཚུལ་དུ་འགོད་ན། ཕྱི་ལོ་༡༩༥༨ལོའི་ནང་ས་གནས་འདིར་ངོ་རྒོ་ཐེངས་ཁ་ཤས་བྱས་ཡོད་ཀྱང་། གཞི་རྒྱ་ཆེ་ཤེས་ཧོར་ཟླ་༢ བའི་ཚེས་༡༡ཉིན། སྐོང་ལུང་ཁག་ཏུ་འབོད་པའི་ལུང་ཆེན་ཞིག་ཡོད་པ་དེའི་ནང་ངོ་རྒོལ་དྲག་པོ་བྱས་མཐར་དམག་གི་མང་ཉུང་དང་ལག་ཆའི་བཟང་ངན་གང་གི་ཆ་ནས་མ་དོ་པས། ཕོ་སྐྱེས་དར་མ་༡༢༥་དང་རྟ་༡༢༥་བཅས་ཉིན་དེར་དུས་གཅིག་ཏུ་དམར་གསོད་དུ་བཏང་། ཕྱི་ལོ་༢༠༠༦ལོར་བོད་ཁམས་ཡོངས་ལ་པགས་རིགས་མེ་སྲེག་གི་ཚ་རླབས་ཆིལ་སྐབས་ས་གནས་འདིར་ཧོར་ཟླ་༢ཚེས་༡༡ནས་༡༤དང་༡༥ཉིན་གསུམ་རིང་རྩ་ཆེའི་རྒྱན་གོས་པགས་རིགས་རྒྱ་སྒོར་ཁྲི་ཆིག་སྟོང་བརྒལ་བའི་པགས་རིགས་མེར་བསྲེགས་བཏང་བའི་ལས་འགུལ་ཞིག་སྤེལ་ཏེ་སྐབས་དེའི་ལམ་འགྲོ་བ་ཤེས་ལྡན་ཚོ་སྤོབས་པ་བྱེད་འོས་པ་ཞིག་དང་། གཞན་རྣམས་འགྲམ་ཆུ་ལྡང་སའི་ལས་འགུལ་རླབས་ཆེན་ཞིག་སྤེལ་འདུག
ཕྱི་ལོ་༢༠༠༧ལོའི་ཟླ་༩ བའི་ཚེས་༥ ཉིན། ས་གནས་ཉེན་རྟོག་པའི་སྒོ་ངོས་དང་། སློབ་གྲྭའི་གྱང་ངོས། ད་དུང་ཁྲོམ་སྲང་གཡས་གཡོན་སོགས་ལ་”བོད་རང་བཙན་ཡིན་ཞེས་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་མྱུར་ཏུ་ཆིབས་སྒྱུར་བསྐྱང་དུ་འཇུག་དགོས་པ” སོགས་ཀྱི་ཡིག་ཆ་ཁག་སྦྱར་འགྲེམས་བྱས་པར་རྐྱེན་བཅས་ཏེ། འབོ་ར་སློབ་འབྲིང་གི་སློབ་མ་ཕ་ཡུལ་ཨ་མཆོག་ནས་ཡིན་པའི་རང་ལོ་༡༧མ་ཟིན་པའི་གཅོད་པ་སྐྱབས། ཚེ་ཁོ། རྟ་མགྲིན་སྐྱབས། ལྷ་མོ་ཚེ་བརྟན། མགོན་བྷེ། སྒྲོལ་མ་སྐྱབས། རྟ་མགྲིན་བཅས་སློབ་མ་བདུན་ཉིན་༢༠ རིང་འཛིན་བཟུང་བཀག་ཉར་བྱས་ཏེ་གཅར་རྡུང་དྲག་པོ་བཏང་ནས་མཐར་མི་རེར་རྒྱ་སྒོར་༤༠༠༠ རེའི་ཆད་པ་བཅད་ཡོད་པ་མ་ཟད། མུ་མཐུད་དུ་སློབ་གྲྭར་འགྲོ་རུ་བཅུག་མེད།
ལྷག་པར་༢༠༠༨ལོའི་ཟླ་༣པའི་ཚེས་༡༨ཉིན། ང་ཚོས་ཤེས་གསལ་ལྟར་ས་གནས་འདིའི་མི་དམངས་ཚོས་སྐབས་དེའི་བོད་ཁམས་ཡོང་ལ་མཆེད་བཞིན་པའི་ཞི་བའི་ངོ་རྒོལ་ལ་རྒྱབ་སྐྱོར་རམ་ཆ་ཤས་སུ་ཚེས་༡༥ དང་༡༨ ཉིན་གཉིས་ལ་རྟར་ཞོན་ཏེ་ཞི་བའི་ངོ་རྒོལ་བྱེད་སྟངས་རྒྱལ་སྤྱིའི་གསར་ལམ་BBC. CNN. CTV རང་རེའི་བོད་ཀྱི་ཁྱེད་ཅག་གི་གསར་ལས་ཁང་གི་གཙོས་པས། བོད་ཀྱི་དུས་བབས་སོགས་ཕྱི་ནང་གི་གསར་འགྱུར་བརྒྱུད་ལམ་ཆེ་ཆུང་ཀུན་ནས་དུས་ལྟར་སྤེལ་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། སྐབས་འདིའི་ངོ་རྒོལ་གྱི་དགོས་འདུག་ཁག་ང་ཚོས་བརྙན་འཕྲིན་ནང་ཐོས་པ་བཞིན། དང་བོ། ༧གོང་ས་༧སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། གཉིས་པ། པཎ་ཆེན་སྣང་བ་མཐའ་ཡས་བཙན་དབང་གི་ལྕགས་སྒྲོག་འོག་ནས་གློད་གྲོལ་གཏོང་དགོས་པ། གསུམ་པ། བོད་ཆོལ་ཁ་གསུམ་པོ་རྒྱ་ནག་གིས་གཉའ་གནོན་འོག་ནས་ལོ་ངོ་༤༩་འགོར་བ་རེད། ད་ཚང་མའི་མགོ་བོ་ཡར་འགྱོག་དགོས་འདུག ཅེས་སོགས་ཀྱི་འབོད་ཚིག་འདི་གསུམ་སྒྲོག བརྙན་འཕྲིན་ནང་མཐོང་བཞིན་པའི་སྐད་འབོད་བྱེད་མཁན་གྲྭ་ཚུལ་ཁྲིམས་རྒྱ་མཚོ་ད་ལྟའང་གར་ཡོད་ཤེས་ཀྱིན་མེད། གཞན་སྐབས་འདིའི་ལས་འགུལ་ནང་ཞུགས་མཁན་སློབ་དགེ་ལྷ་གོ་སྐྱབས་ཀྱི་ལག་ནས་དགེ་རྒན་གྱི་བྱ་བ་བླངས་ཡོད། གཞན་བཙོན་འཇུག་བྱས་པ་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་སྐབས་སྐབས་སུ་བརྒྱུད་ལམ་ཁག་ནང་བསྟན་ཟིན་པས་བསྐྱར་འབྲིའི་ངལ་བ་མ་བྱས།༢༠༠༦ལོར་པགས་རིགས་མེ་སྲེག་གི་ལས་འགུལ་གྱི་རྗེས་ནས། ༧གོང་ས་མཆོག་གི་ཞབས་བརྟན་དང་བོད་བསྟན་སྲིད་མི་རིགས་དང་། སྤྱི་མཐུན་བསོད་ནམས་སླད། དུ་ཆང་བཅད་པ་དང་། རང་ཁྱིམ་ནས་དགོན་པའི་ནང་། ཡང་ཁ་ཤས་ཀྱིས་བླ་བྲང་བར་རྐྱང་ཕྱག་འཚལ་ཏེ་མཆོད་འཇལ་དུ་འགྲོ་བཞིན་ཡོད་འདུག རྐྱང་ཕྱག་འཚལ་མཁན་ས་ཆ་གཞན་ནའང་ཡོད་པའི་གནས་ཚུལ་འདུག དེ་རིང་འབོ་རའི་ས་ཁུལ་འདིར་གཉེན་སྟོན་དང་། ཁང་སྟོན་སོགས་གཞན་པའི་སྤྲོ་ཚོགས་གང་ཞིག་ཚོགས་ཀྱང་དུ་ཆང་གི་སྡེར་ཁ་གཤམ་རྒྱུ་མེད་པའི་སྲོལ་བཟང་ཞིག་གམ་མིག་དཔེ་བཟང་བོ་ཞིག་དར་ཡོད།
ན་ནིང་རྡོར་གདན་དུས་དབང་སྐབས་༧གོང་ས་མཆོག་གིས་(ཕྱིའི་རྒྱན་ཆ་ལས་ནང་བསམ་བློའི་རྒྱན་ཆ་གལ་ཆེ་བ་དང་། ནང་ན་ཤེས་བྱ་ཡོན་ཏན་མེད་ན་ཕྱི་ལ་རྒྱན་ཆ་ཅི་ཙམ་བཏག་ཀྱང་དེ་ལྐུག་པའི་ལས་ཀ་ཡིན་) པའི་བཀའ་གསུང་ནན་མོ་གནང་བས་ད་ལྟའི་སྐབས་ས་ཁུལ་འདིར་གསེར་དངུལ་གཡུ་བྱུར་གྱི་རྒྱན་ཆའི་རིགས་འདོགས་རྒྱུར་སྡེ་བ་དང་སྡེ་བ་བྱེད་ནས་བཅད་དང་གཅོད་བཞིན་པའི་སྒང་ཡིན།
མཇུག་ཏུ་བཤད་འདོད་པ་ནི། ཁོང་རྣམ་པའི་རྒྱ་ནག་གི་རྔམས་ཐུགས་པའི་དམག་དཔུག་དང་འཇིགས་ཡེར་བའི་མེ་མདའི་སོ་ཁ་ནས། རང་རེའི་མི་རིགས་འདིའི་ལས་དབང་ལ་གཞིགས་ཏེ་གྱི་ལིང་རྟ་བོའི་བང་རྩལ་དང་བསྡོངས་ནས་སེང་དར་མཐོན་པོར་བསྒྲེངས་ཏེ། དཔའ་གཏམ་སྒྲོག་བཞིན་དཔའ་རྩལ་ངོམ་བཞིན། གང་ལ་མ་འཇིགས་པར་རྒོལ་ལན་སློག་པ་ཁག་ཆུད་ཟོས་སུ་མི་འགྲོ་ཆེད་དམ། རྒྱ་ཆེའི་མང་ཚོགས་ཀྱིས་ཤེས་རྟོགས་སླད། སྔོན་མ་སྐབས་སྐབས་སུ་བརྒྱུད་ལམ་ཁག་ནས་སྤེལ་མིན་ལ་མ་ལྟོས་པར་ཕྱོགས་གཅིག་ཏུ་བཀོད་པ་ལགས་སོ།།
ཁ་པར་ཨང་། ༩༩༠༠༩༧༡༩༣༡
ཀློག་འཕྲིན་ཁ་བྱང་། borso2250@gmail.com

https://docs.google.com/open?id=0B6ML7rcv-wk9aG96bWZacS0ySUk
འདིའི་ནང་ན་ངོ་རྒོལ་བྱས་པའི་པར་ཡོད།

https://www.transferbigfiles.com/8925bb0f-7396-497d-9042-53e39f3681c2?rid=8GWUmg-V0EwcJceQZxoIPw2
འདིའི་ནང་དུ་སྨོན་ལམ་ནང་བཅོ་ལྔ་མཆོད་པའི་བརྙན་ཐུང་ཞིག་ཡོད།

གསར་འགྱུར།

Post navigation

Previous Post: དཔྱིད། དབྱར། སྟོན། དགུན་དང་དཔྱིད།
Next Post: མི་རིང་བར་ང་གང་དུ་འགྲོ་སྲིད།

Comments (17) on “འབོ་ར་ས་ཁུལ་དུ་རྒྱ་གཞུང་ལ་སྔ་ཕྱི་ངོ་རྒོལ་བྱེད་པའི་རོམ་པ་ཁག་ཕྱོགས་བསྡུས།”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-05-23 at 9:53 pm

    མདོ་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ་དེ་བོད་ཀྱི་རིག་གཞུང་གི་ལྟེ་བ་ལྟ་བུ་ཡིན་པ་བོད་དུ་སློབ་གཉེད་བྱེད་སྐབས་སུ་ཐོས། ༢༠༠༦ ལོར་དངོས་སུ་མཇལ་བའི་སྐལ་བ་བཟང་། བོད་ཁམས་ཡོངས་་ལ་མཆེད་པའི་ཆུ་ཤིང་གི་བསྟན་བཅོས་རྩོམ་པ་པོ་རྗེ་གུང་ཐང་བསྟན་པའི་སྒྲོན་མ་ཡང་དགོན་པ་འདིར་བཞུགས་ཏེ་གཞུང་རྩོམ་མང་དུ་མཛད། ད་ལོར་ཨ་རི་སློབ་གྲྭ་ཆེན་མོ་ཀོ་ལམ་བི་ཡ་ཞེས་པར་རྒྱ་ནག་ཤང་ཧེར་སྐྱེས་པ་སློབ་མ་ཞིག་ལ་སོགས་ཛམ་གླིང་སློབ་མ་བཞི་ལྔ་ཙམ་གྱིས་ཆུ་ཤིང་གི་བསྟན་བཅོས་སྒྲོགས་ཤིང་། མིང་སྒྲ་རེ་རེ་བཞིན་ཨིན་སྐད་དུ་བསྒྱུར་པའི་སྐལ་བཟང་ཤར། རྗེ་གུང་ཐང་པས་མཛད་པའི་ཚིགས་བཅད་རྒྱལ་བ་མ་ལུས་མ་ཞེས་པ་དེ་བདག་གིས་ཆུང་ངུའི་དུས་སུ་བློ་ལ་བཟུང་། རྗེའི་བསྟན་པ་རྒྱས་པའི་སྨོན་ལམ་དེ་བོད་དགེ་ལུགས་གདན་ས་དང་། གཞིས་དགོན་དག་ཏུ་གད་རྒྱངས་ཆེན་པོས་སྒྲོགས་ཤིང་། ཚོགས་སུ་ཡང་འདོན། རྗེ་གུང་ཐང་པའི་བྱིན་རླབས་ཀྱིས་ཛམ་གླིང་དུ་ཉེས་མེད་ལྕགས་སྒྲོག་གིས་བཅིངས་པ་ཀུན་མྱུར་དུ་གྲོལ་བར་གྱུར་ཅིག བོད་ཡོངས་སུ་བོད་ཀྱི་རིག་གཞུང་རྒྱས་པར་ཤོག །

  2. ཀརྡོ་གཉེར་ཕྱག་པ་ says:
    2012-05-24 at 3:18 am

    རྒན་འཇམ་དཔལ་ལགས།
    ཆུ་དང་ཤིང་གི་བསྟན་བཅོས་ལ། ཆུ་ཤིང་གི་བསྟན་བཅོས་ཟེར་ན་ཅུང་མི་འགྲིགས་སྙམ་མོ།

  3. མེ་ཏོག་དཀར་པོ། says:
    2012-05-24 at 4:28 am

    ཆུ་ཤིང་བསྟན་བཅོས་ཟེར་རོགས།

  4. ཀརྡོ་གཉེར་ཕྱག་པ་ says:
    2012-05-24 at 5:07 am

    ཆུ་དང་ཤིང་གི་བསྟན་བཅོས་ནི། ཆུ་དང་ཤིང་ལ་དཔེ་སྦྱར་ནས་ལུགས་ཀྱི་བསྟན་བཅོས་ཅིག་ལ་གོ་དགོས་པ་ལ། ཆུ་ཤིང་ནི། ཤིང་བྱེ་བྲག་པ་གཅིག་གི་མིང་ཡིན་པ་དང་། དེ་ཡང་ཤིང་དམན་པ་འབྲས་བུ་ཐེངས་གཅིག་སྐྱེས་རྗེས་སྐམ་འགྲོ་བས། གོ་དོན་འཆོལ་འགྲོ་བའི་ཉེན་ཆེ།

  5. གནམ says:
    2012-05-24 at 5:34 am

    ཁ་བརྡ་ཚང་ལ་ཁ་ཡག་མ་འབྱོར་ན།།
    ཁ་བརྡ་ཙམ་གྱི་མཆན་དེ་བསུབས་ཚར་འདུག།
    ཁ་བརྡ་སྙད་པའི་རང་དབང་མི་སྤྲད་ན།།
    ཁ་བརྡ་ཚང་གི་ཁ་ལས་སྒུར་རྒྱུ་རེད།།

  6. རྒྱ་གྲོལ་གངས་རི་ says:
    2012-05-24 at 8:15 am

    འཇིགས་སྣང་དང་ཐེ་ཚོམ་བྲལ་བའི་འབོ་ར་བ།
    ང་ཁྱེད་ཅག་གི་མདུན་དུ་ཡོད་པའི་དབང་དུ་བཏང་ན། ངའི་མཐེ་བོང་གནམ་ལ་སྒྲེང་བཞིན་སྐད་གསང་མཐོ་པོས་འདི་ལྟར་བསྒྲག་ན་འདོད། རྒྱལ་གཅེས་རིང་ལུགས་པ་དང་བསམ་བློ་བས་མེས་རྒྱལ་གྱི་ཆེད་དུ་བྱ་གཞག་འབའ་ཞིག་བསྒྲུབས་སོང་། ཁྱེད་ཅག་ནམ་ཡང་ཕམ་མི་སྲིད་ཞེས་ཡང་ནས་ཡང་དུ།

  7. རྒྱ་གྲོལ་གངས་རི་ says:
    2012-05-24 at 8:27 am

    གྲོགས་བསོད་ནམས་ལགས་ཁྱེད་ཀྱིས་འབད་བརྩོན་གང་མང་བྱས་ནས་གནས་ཚུལ་འདིར་བཀོད་པ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ།

  8. མཚོ་བུ་དཀར་པོ། says:
    2012-05-24 at 10:21 am

    ངོ་ནས་སེམས་སྟེང་ནས་བསོད་ནམས་ལ་ཐུགས་རྗེ་ཆེ་ཞུ།
    མི་རེ་ངོ་ནས་འདི་ལྟར་འབད་ན་ཅི་མ་རུང་།

  9. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-05-24 at 10:52 am

    ཆུ་ཤིང་བསྟན་བཅོས་ཞེས་བཅོས་པར་ཐུགས་རྗེ་ཆེ། དངོས་གནས་དག་པར་འབྲི་བ་དང་འདོན་དགོས་ན། བྱ་ཚིག་གང་གི་མཇུག་ལ་རོགས་ཞེས་སྐད་ཆག་སྐྱོགས་མ་ཡིན་པར་གྲོགས་ཞེས་འབྲི་ན། བོད་ཀྱི་སྐད་ཡིག་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ལ་ཕན།
    ༢༣༽ མེ་ཏོག་དཀར་པོ་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༢ གི་ཆུ་ཚོད་ ༢༢ སྐར་མ་ ༡༡
    ལ་དྭགས་ལུང་ལུང་པ་ཆུང་ཆུང་ཡིན་ཀྱང་འབྲི་དུས་ཡིན་ཞེས་པ་འདི་ལ་ད་བཤུལ་ལམ་ད་དྲག་འཐོབ་ཚུལ་གསུངས་འཚལ།འོ་ན་གོང་གི་ཚིག་ལ་ལན་གདབ་པའི་སྔོན་དུ། ཁྱེད་ཀྱིས་འདི་ལ་ལན་འདེབས་དགོས། དོན་ཅེས་བྱ་སྟེ། ཞེས་དང་། དོན་ཞེས་བྱའོ། བོད་ཀྱི་ཉེ་དུས་ཀྱི་མཁས་པ་ཆེན་པོས་བརྩམས་པའི་བསྟན་བཅོས་ན་གསལ་ལོ།།
    ༢༩༽ མེ་ཏོག་དཀར་པོ་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༣ གི་ཆུ་ཚོད་ ༢ སྐར་མ་ ༤༠
    བདག་གིས་མ་ཤེས་ནས་ཉིད་ལ་དྲིས། ཉིད་ཀྱིས་ཤེས་བཞིན་ང་ལ་དྲིས། ད་ཅི་བྱེད།
    དངོས་གནས་བྱས་ན། ཡིན་ཀྱང་ཞེས་པའི་ཡིན་སྒྲ་དེ་འདས་ཚིག་ཡིན་པའི་རྒྱུ་མཚན་ཅི་ཡིན་ནམ། ཞེས་འདྲི་ན། བོད་ཀྱི་བརྡ་སྤྲོད་དུ་མ་གྲགས་པའི་རང་བཟོས་བརྗོད་པ་ཞིག་འབྲི་བ་ལས། མངོན་རྟོགས་རྒྱན་དུ།
    ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་།
    ས་བོན་མི་རུང་མི་འཁྲུངས་ལྟར།
    སངས་རྒྱས་རྣམས་ནི་བྱུང་གྱུར་ཀྱང་།
    སྐལ་བ་མེད་པས་བཟང་མི་མྱོང་།།
    འདིའི་ནང་གི་ཕབ་ཞེས་པ་འདས་ཚིག་གི་ཚབ་ཏུ། འབེབས་ནའང་། ཞེས་དང་། དབབ་ཀྱང་། ཞེས་དང་། བྱུང་གྱུར་ཀྱང་གི་ཚབ་ཏུ་འབྱུང་འགྱུར་ཡང་། ད་ལྟ་བའམ་མ་འོངས་པ་མི་བཀོལ་བ་གང་ཡིན་ནམ། ཨིན་སྐད་དུ། འདིའི་རིགས་ལ་བརྡ་སྤྲོད་ཀྱི་བཤད་པ་ཞིག་ཡོད་ཚོད། བདག་གིས་ཤེས་བཞིན་དྲིས་པ་མ་ཡིན། ཤེས་འདོད་མཆིས་སོ།།

  10. ཇ་མ་ says:
    2012-05-24 at 11:21 am

    ལ་དྭགས་བློ་འཇམ་ལགས་རྩྭ་ནང་དུ་རྩྭོ་མ་སྲེ་རོགས།

  11. དབྱངས་འཛོམས། says:
    2012-05-24 at 1:57 pm

    འབོ་རའི་དཔའ་བོ་ཚོའི་འགུལ་སྟངས་འདི་ངོ་མ་རླབས་ཆེན་པོ་རེད།

  12. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-05-24 at 3:35 pm

    ཇ་མ་ལེགས།
    ངས་ཡི་གེ་འབྲི་བ་ན་སྔོན་མ་ནས་མ་དག་པ་མང་དུ་འབྲི། ད་ལྟ་ལོ་བརྒྱད་ཅུར་སླེབས་ཀྱང་། བགས་ཆགས་དེ་ཡོད་ངེས། འོན་ཀྱང་ལོ་རྒན་ཡིན་མ་སེམས་པར་བོད་ཀྱི་རིག་གཞུང་དང་སྐད་ཡིག་ལ་ཞབས་འདེགས་ཞུས་དང་ཞུ་བཞིན་པ་ཡིན། བདག་གི་ལོ་མཉམ་ལ་དྭགས་པ་ལྟ་ཅི། ཨ་རི་མི་དག་གིས་ཀྱང་གློག་ཀླད་མི་སྦྱང་ཟེར། འདི་ལོ་ཉི་ཤུ་ཙམ་སྔོན་གྱི་གཏམ་ཡིན།
    ཁྱེད་རང་ལོ་གཞོན་ཡིན་ངེས། གནའ་བོའི་ལུགས་ལ་རྩྭ་བ་ཞེས་པའི་ཝ་ཡིག་ཀྱང་འཐོན་པར་འབོད། ངའི་ལུང་པར་རྩ་ཟེར་བ་མ་གཏོགས་རྩྭ་ཞེས་མི་འབོད། རྗེས་སུ་ཨ་རིར་པ་ཀི་སྟཱན་ལ་སྐྱེས་པའི་བུ་མོ་ཞིག་གིས་རྩྭ་ཞེས་བསོད་ནམས་རྩེ་མོས་གསུངས་པ་འབོད། བསོད་རྩེ་ནི་ལོ་ངོ་༡༡༤༢ནས་༡༨༢བར་བཞུགས་ཏེ་ལོ་མང་པོར་བོད་ཀྱི་རིག་གཞུང་ལ་དོན་གཉེར་མཛད།
    ཁྱེད་ཀྱིས་རྩྭོ་མ་ཞེས་བྲིས་པ་དེའི་དོན་མི་གོ ཁྱེད་ལ་རྣམ་དཔྱོད་ཡོད་ན། ཝ་ཟུར་འབྱུང་སྟངས་སྐོར་འགོད་དགོས་པར་མཐོང་། གྲངས་ཀ་བཅོ་ལྔ་དང་བཅོ་བརྒྱད་གཉིས་ལ་མཚོན་ན། བཅུ་ཞེས་པ་བཅྭ་ལ་འགྱུར། དེ་ནས་ཝ་ཟུར་ཨོ་ལ་གྱུར་ཏེ། ད་ལྟ་བཅོ་ལྔ་དང་བཅོ་བརྒྱད་ཅེས་འབྲི། འོན་ཀྱང་བཅྭོ་ལྔ་དང་། བཅྭོ་བརྒྱད་སོགས་ནི་མ་དག་པ་ཡིན་པ་བསྟན་དར་ལྷ་རམ་པའི་ཡི་གེའི་བཤད་པ་ལ་བལྟས་ན་རྟོགས་ཐུབ་བོ།།
    ༡༠༽ ཇ་མ་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༤ གི་ཆུ་ཚོད་ ༡༡ སྐར་མ་ ༢༡
    ལ་དྭགས་བློ་འཇམ་ལགས་རྩྭ་ནང་དུ་རྩྭོ་མ་སྲེ་རོགས།

  13. བསོད་ནམས། says:
    2012-05-24 at 4:18 pm

    རང་དབང་མེད་སའི་རང་ཡུལ་གངས་ལྗོངས་སུ།།
    རང་རིགས་སྤུན་ཟླས་རང་སྲོག་མ་འཛེམས་པར།། 
    རང་དབང་སླད་དུ་རང་གཏམ་སྒྲོག་པ་ཀུན།། 
    རང་དབང་ལུང་བར་རང་གིས་མ་སྤེལ་ན།། 
    རང་དབང་ཡུལ་འདིར་རང་ཉིད་དོན་རེ་ཆུང་།།

  14. ཀརྡོ་གཉེར་ཕྱག་པ་ says:
    2012-05-25 at 2:42 am

    ལ་དྭགས་བློ་བཟང་འཇམ་དཔལ་ལེགས།
    དགུང་ལོ་ བརྒྱད་བཅུར་ ཕེབས་ནས་ཀྱང་། བོད་ཡིག་ལ་ ལ་རྒྱར་ དགོངས་ནས། ཁ་བརྡར་ཕེབས་པ་ནི། བཀའ་དྲིན་ ཤིན་ཏུ་ཆེན་པོ་ རེད་སྙམ་ཞིང་། ད་དུང་ དགུང་ལོ་ བརྒྱ་ལྷག་ བཞུགས་ཐུབ་པའི་ སྨོན་འདུན་ ཡོད་ལགས།

  15. མེ་ཏོག་དཀར་པོ། says:
    2012-05-25 at 3:53 am

    ད་དུང་ལོ་བརྒྱ་ལྷག་བཞུགས་ན་ལོ་བརྒྱ་དང་བརྒྱད་ཅུ་བཞུགས་དགོས་པ་ཆགས་གི་རེད། སྐལ་བ་བཟང་ངོ་།།

  16. ཀརྡོ་གཉེར་ཕྱག་པ་ says:
    2012-05-25 at 5:48 am

    མེ་དཀར་ལགས། ཁྱོད་བདེན། ངས་ ཡར་བཅུག་ ཚར་བ་དང་ དེ་རང་ དྲན་བྱུང་། རྟེན་འབྲེལ་བཟང་།

  17. མེ་ཏོག་དཀར་པོ། says:
    2012-05-25 at 11:34 pm

    རྒན་ལེགས། ཕྱག་འཚལ། བློ་སྐྱེད་གང་མང་གནང་བར་ཡིད་དགའ། ངས་ཡི་གེའི་སྦྱོར་ཀློག་སྦྱོང་སྐབས་སྐྱེ་གནས་སྐོར་གང་མ་སྦྱངས། དེས་ན་ཉིད་ཀྱིས་རྩྭ་མི་ཟེར་རྩ་ཟེར་ཞེས་སྒྲ་གདང་སོ་སོ་ཡོད་པར་བསྟན་པས་བདག་ཡིད་བློང་བློང་པོར་གྱུར།
    བདག་གིས་ནི་རྩ་སྩ་ཙ་སོགས་སྒྲ་གཅིག་ཏུ་ཀློག་གིན་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (99)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (85)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (34)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (17)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme