Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འབེལ་རྩོམ་མེ་ལྕེ་དགུ་མཆེད།

Posted on 2010-04-20 By དབང་ཕྱུག་ 13 Comments on འབེལ་རྩོམ་མེ་ལྕེ་དགུ་མཆེད།

བོན་རྒྱ་བསྟན་འཛིན་རབ་རྒྱས།

གཡག་ལ་སེར་བོ་གོང་ཁ་བརྒལ་བ་ན། །
འབྲི་ཆུ་སྔོན་མོ་ཐད་ཀྱིས་བཅད་པ་ན། །
ས་ཆེན་གོང་བ་ཡིན་པའི་ཡུལ་ལྗོངས་སྟེ། །
དགའ་བ་སྐྱེ་རྒུའི་ཐུ་ལ་འབྱོར་ཚོད་ཡིན། །

འདི་ནས་ལོ་རྒན་བཅུ་ཡི་ཡར་སྔོན་དུ། །
རྒ་བ་སྐྱེ་རྒུར་ཐེངས་འགར་སོང་ན་ཡང་། །
ཁྲོ་ཐུང་སྒར་ས་ཡིན་པའི་གཏམ་རྒྱུད་ལས། །
སྤུན་ཟླའི་དུར་ས་ཡིན་པ་མ་ཤེས་ཐལ། །

ལྷུན་ཆགས་རི་དང་མཛེས་པའི་བྲག་རི་དང་། །
དྭངས་གཙང་ཆུ་མོ་ཀྱ་ཀྱུར་འབབ་པ་སོགས། །
ལྷ་ཡི་བརྩེ་བ་ཡིན་པའི་སྣང་བ་ལས། །
གཤིན་རྗེ་ལག་པ་ཡིན་པ་མ་ཚོར་རོ། །

བྱིས་པ་དབང་ལོག་མལ་ལས་མ་ལྡང་གོང་། །
ཉི་མའི་བརྩེ་བ་ས་ལ་མ་ཕོག་གོང་། །
བདུད་ཀྱི་ཉུལ་མ་ཡིན་པའི་སྲིན་པོ་ཁྱོད། །
ཁྲོ་གཉེར་འདི་ལྟར་བསྡུ་བ་ག་ལ་རྟོགས། །

ས་ཡོམ་ཟེར་བའི་སྲིན་པོ་ལག་རིང་ཁྱོད། །
གཙང་ཆེན་རབ་ཁ་ཐོལ་གྱིས་བརྡོལ་བ་བཞིན། །
ཁང་བརྩེེགས་རྟ་ཁྱུ་བཞིན་དུ་འདེད་དུས་སུ། །
མི་ཚོགས་ནས་སྔོན་བཞིན་དུ་བརྔོ་དུས་སུ། །

ཡུལ་ལྷ་གཞི་བདག་ཟེར་བའི་སྐྱག་གཟན་ཚོ། །
མེ་ལྷ་རླུང་ལྷ་ཟེར་བའི་འདྲེ་རྒན་ཚོ། །
རྒྱ་དམར་གུང་ཁྲན་ལའང་མ་འགྲན་ན། །
སྨན་པ་ཐེབས་ཆག་ཅིག་ལའང་མ་ཞོག་ག །

ལྡོག་མེད་ལས་ཀྱིས་ས་བ་འཛམ་བུ་གླིང་། །
ལས་ངན་འཕང་འབྲས་ཡིན་པའི་ཁ་བ་ཅན། །
ལས་ལན་ཅི་ཞིག་ཆད་སོང་སྐྱོ་བ་ལ། །
བསགས་པ་ཅི་ཞིག་སྡུག་སོང་ནོངས་བ་ལ། །

ཕ་མའི་པང་ནས་བུ་ཆུང་བཀོག་ནས་སོང་། །
བུ་ཆུང་ཁ་ནས་ནུ་མ་བཅད་ནས་སོང་། །
ས་ཡི་སྙིང་རྩིད་བསུག་འབལ་བྱས་ན་ཡང་། །
བདག་གི་སྙིང་ནད་ཇི་ལྟར་སངས་དགོས་སམ། །

མིག་ཁ་མཆི་མས་རབ་རིབ་བྱས་ན་ཡང་། །
སྙིང་ཁ་རླུང་གིས་གཡུག་གཡུག་བྱས་ན་ཡང་། །
འབྲོང་རྒོད་བདག་པོ་ཡིན་པའི་སྤུན་ཟླ་ཀྱེ། །
དམར་པོ་རྒྱ་ཡི་སྔུན་ནས་དཔའ་མ་ཞུམ། །

འདུ་འབྲལ་སྐྱེ་འཆི་འཁོར་བའི་རང་མདངས་དང་། །
དངོས་པོ་སོ་ན་མེད་པའི་གཏན་ཚིགས་སོགས། །
ཆོས་ཀྱི་བསླབ་བྱ་དག་ཀྱང་དྲན་མཛོད་དང་། །
རྐྱེན་ངན་ལམ་འཁྱེར་བྱེད་ལ་ཅུང་ཙམ་ཕན། །

ཉི་ཟླ་དཔང་དུ་འཇོག་ལ་མནའ་ཞིག་བསྐྱལ།
ལྷ་ཡི་གཅེས་ཕྲུག་ཡིན་པའི་སྤུན་ཟླ་ཚོ། །
དམ་པ་དཀོན་མཆོག་གིས་ཀྱང་མ་སྐྱབས་ཐལ། །
སྐྱབས་འགྲོ་གསོལ་འདེབས་ཀྱིས་ཀྱང་མ་ཕན་ཐལ། །

འུ་ཅག་དད་པ་ལོགས་པ་མ་རེད་དེ། །
དཀོན་མཆོག་ནུས་མཐུ་མེད་པ་མཐོང་སོང་ང་། །
ལས་འབྲས་དྲང་བོ་མིན་པ་རིག་སོང་ང། །
ད་ནི་དྲང་དོན་བཤད་ཀྱང་མ་ཕན་ན། །

རྩིབས་རུས་བྲང་ལ་སྦྱར་བ་རིག་སོང་ང་། །
གློ་སྙིང་ཕྱི་ལ་བཏོན་པ་མཐོང་སོང་ང། །
མགོ་ཁྲག་སྙིང་ཁྲག་མཉམ་དུ་གཏོར་སོང་ང་། །
མི་འདོད་གདུག་རྩུབ་ང་ཚོར་བཏང་སོང་ང། །

ནམ་མཁའ་རྡིབ་ཀྱང་ས་གཞི་འཐོར་དུས་ཀྱང་། །
ཆོས་སྐྱོང་ཞེས་པའི་འབོད་ས་མེད་སོང་ན། །
དཀོན་མཆོག་ཅེས་པའི་སྐྱོབས་མཁན་མེད་སོང་ན། །
བདག་ཉིད་བདག་གི་མགོན་པོ་ཡིན་སོང་ང་། །

ཁོག་གི་སྙིང་ཆུང་ཡིན་པའི་སྤུན་ཟླ་ཀྱེ། །
སྙིང་ལ་གས་ཁ་ཤོར་བའི་སྡུག་བསྔལ་འདིས། །
གློ་ལ་རྡེག་ཅིང་སྙིང་ལ་བསྣུན་ན་ཡང་། །
བཙན་པོའི་སྙིང་སྟོབས་མ་འདོར་ཨ་མའི་བུ། །

ཉེས་པ་ཆུང་ངུས་མིག་ཆུ་ཤུར་རུ་རུ། །
འཇིགས་པ་ཕྲ་མོས་སྙིང་ཆུང་འདར་ར་ར། །
རྒྱ་དང་སྡར་མའི་གཤིས་ཀ་མ་སྟོན་རོགས། །
གནད་ལ་ཐུག་དུས་བུ་རྟགས་སྟོབས་ཀྱིས་ཞོགས། །

ཁྱེད་ཅག་སྙིང་ལ་བུ་ག་ལོས་ཡོད་དེ། །
སྡར་མ་རྒྱ་ཡི་རིགས་དག་ཧང་སང་བ། །
ཕྱི་རབས་འཛམ་བུ་གླིང་ཡང་ངོ་མཚར་བ། །
བྱང་ཆུབ་སེམས་བསྐྱེད་བྱས་པའི་རྟགས་ཤིག་སྟོན། །

ས་མཐར་དྲོད་ཁོལ་མེད་པ་དེ་ཡི་སྟེང་། །
གསོན་པོར་ཁ་འཐོར་ཡོད་པ་འདི་ཡི་སྟེང་། །
སྤུན་ཟླ་སྡེབ་གསོད་བྱེད་པའི་ངང་ཚུལ་འདིས། །
བདག་གི་བྲང་གཞོང་གདུང་བས་བསྲེག་དང་ཐལ། །

རང་ས་རང་ལ་མེད་པ་དེ་ཡི་སྟེང་། །
ཕ་མར་མཉམ་དུ་མེད་པ་འདི་ཡི་སྟེང་། །
སྤུན་ཟླ་སྡེབ་གསོད་བྱས་པའི་གོད་ཆག་འདིས། །
བདག་གི་བྲང་གཞུང་བསྲེག་ཅིང་གཞོབ་ཐལ་ཡ། །

དམར་པོའི་གདུག་རྩུབ་ལྕི་བ་དེ་ཡི་སྟེང་། །
བླ་སློབ་ཁ་ཁར་ཕྲལ་བ་འདི་ཡི་སྟེང་། །
རང་ས་དགྲ་རུ་ལངས་པའི་ངང་ཚུལ་འདིར། །
བདག་སེམས་ཤིན་ཏུ་སྐྱོ་སོང་གནམ་རྒན་མ། །

གོད་ཆག་ཆུ་བོ་བཞིན་དུ་བྲུག་ཤོག་ཡ། །
ལན་ཆགས་འབྲས་སྐྲན་བཞིན་དུ་སྨིན་ཤོག་ཡ། །
ནམ་མཁའ་སྔོན་མོ་ད་ལྟ་རྡིབ་ཅིག་ཡ། །
ས་གཞི་ལེབ་མོ་ད་ལྟ་གས་ཤིག་ཡ། །

གཤིན་རྗེ་ཟེར་བའི་ཁྲེལ་མེད་གཏུམ་པོ་ཁྱོས། །
བསྟན་རབ་སྨྱོན་པ་ད་ལྟ་ཁྲིད་ཅིག་ཡ། །
གདོང་ལ་མཛུབ་མོ་ཚུགས་དང་བཤད་རྒྱུ་ཡོད། །
གནས་ལུགས་གྲངས་ཀ་དྲིས་དང་བརྩི་རྒྱུ་ཡོད། །

བོད་སྐྱེ་དགུ་མདོ་རུ་ས་ཡོམ་བྱུང་བའི་ཉིན་གཉིས་པ་སྟེ་སྤྱི་ལོ༢༠༡༠ ཟླ༠༤ ཚེས༡༦ ཉིན་བརྙན་འཕྲིན་ནང་གི་གནས་ཚུལ་དག་ལ་བལྟས་ཀྱིན་བལྟས་ཀྱིན་སྙིང་ལ་ཟུག་གཟེར་ལངས་ཤིང་། ཅི་བྱ་བརྟོལ་བྲལ་གྱི་ཚོར་སྣང་ཤིག་གིས་ལུས་སེམས་ཡོངས་སུ་རྫོགས་པ་མེ་ནང་ན་ཡོད་པ་དང་། ཚེར་མའི་གདན་ན་ཡོད་པ་ལས་ཀྱང་མི་བདེ་བ་ཆེན་པོ་ཞིག་བྱུང་རྐྱེན་འཕྲལ་དུ་གློག་ཀླད་ནང་གཏགས་པའོ། །

སྙན་ངག

Post navigation

Previous Post: ཕྱི་སྡོད་ཡུལ་ཤུལ་བས་བདུན་ཚིགས་སྨོན་ལམ་གསུངས་པ།
Next Post: གནོད་ཐེབས་མང་ཚོགས་ཀྱིས་ྋསྐྱབས་མགོན་རིན་པོ་ཆེར་རེ་སྒུག

Comments (13) on “འབེལ་རྩོམ་མེ་ལྕེ་དགུ་མཆེད།”

  1. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-04-20 at 11:37 pm

    ཁ་བརྡའི་སྒང་ལ་ས་ཡོམ་དང་འབྲེལ་བའི་རྩོམ་ཡིག་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་འཚང་ཁ་ཤིག་ཤིག་གིས་ཡོང་བཞིན་པ་ནི་དགའ་འོས་བ་ཞིག་རེད།
    དེ་རིང་སང་ཉིན་ཁ་བརྡའི་ངོ་གདོང་ཀྱང་མྱ་ངན་གྱིས་མནན་ནས་འདུག འོན་ཀྱང་། ངས་ད་ཕན་བྐླགས་པའི་རྩོམ་ཡིག་གི་ཁྲོད་ནས། ལྟ་ཚུལ་མི་མཐུན་པ་འགའ་རྙེད།
    དེ་ནི། རྩོམ་འདིའི་ཁོངས་སུ་ཡང་བྲིས་འདུག
    ས་ཡོམ་བརྒྱབ་རྗེས། ང་ཚོས་ས་ཡོམ་གྱི་ཉེས་སྐྱོན་ཚང་མ་ཡུལ་ལྷ་དང་གཞི་བདག། ཆོས་སྲུང་། དཀོན་མཆོག་གསུམ་སོགས་ཀྱི་སྒང་ལ་འགེལ་གྱི་འདུག
    བསམ་བློ་གཏོང་སྟངས་འདི་ཅུང་ཙམ་ཁྱད་མཚར་རེད། དད་པ་དད་པ་རེད། འབྱུང་བའི་གནོད་འཚེ་འབྱུང་བའི་གནོད་འཚེ་རེད།
    ང་ཡིན་ན། ཡུལ་ལྷ་དང་གཞི་བདག ཆོས་སྲུང་། དཀོན་མཆོག་གསུམ་སོགས་ལ་སྡུག་དམོད་བྱེད་པ་ལས།
    རྒྱ་ནག་གཞུང་ལ་སྡུག་ས་རེད། རྒྱ་ནག་གཞུང་གིས་བོད་མི་ཉམ་ཆུང་རྣམས་ཞིང་གྲོང་དང་རྩ་ཐང་ནས་སྡོད་མ་བཅུག་པར་གྲོང་ཁྱེར་དུ་དེད་པ་དེར་སྡུག་ས་རེད།
    བོད་ཡུལ་གྲོང་ཁྱེར་ཅན་ཏུ་བསྒྱུར་བཞིན་པའི་སྲིད་ཇུས་དེར་སྡུག་ས་རེད། ད་དུང་དེས་ག་ལ་ཚད། བོད་ཡུལ་གྱི་འབྱུང་བའི་ནུས་ཁུངས་དག་བེད་སྤྱོད་ཚད་ལས་བརྒལ་བ་གཏོང་བཞིན་པ་དེར་སྡུག་ས་རེད། གཙང་བོ་རེ་རེའི་སྒང་ལ་གློག་བེད་འཛུགས་བསྐྲུན་གྱི་ལས་གཞི་རེ་རེ་སྤེལ་བཞིན་པ་དེར་སྡུག་ས་རེད། འདི་ཚོར་ཏན་ཏན་སྡུག་ཆོག་པ་ཞིག་རེད་ལ།
    དེ་ནི་དངོས་ཡོད་གནས་ཚུལ་གྱི་སྒང་ནས་ར་སྤྲོད་་ཀྱི་ཡོད་པ་ཞིག་ཀྱང་རེད། འོན་ཀྱང་། བོད་རིགས་རྩོམ་འབྲི་བ་མང་པོས་ཡུལ་ལྷ་དང་གཞི་བདག། སྲུང་མ། དཀོན་མཆོག་གསུམ་བཅས་ལ་སྡུག་སྟངས་འདིས་ང་ཅུང་ཙམ་འཐོམས་བཅུག་སོང་། ད་མི་ཤེས། ཁྱེད་ཚོ་བདེན་ན་ཐང་། དེ་ཙམ་ཡིན།

  2. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    2010-04-21 at 1:25 am

    རིག་འབྱུང་ལགས། ཁྱེད་རང་རྩོམ་ཡིག་འདིར་གོ་བ་ལེན་སྟངས་ཅུང་ནོར་འདུག ངས་འདི་རུ་བུས་ཕ་མར་འཁང་ར་བྱེད་པ་བཞིན་དཀོན་མཆོག་ལ་འཁང་ར་ཞིག་བྱས་པ་ལས་སྡིགས་དམོད་བཏང་ཡོད་པ་མ་རེད། ཡིད་ཆེས་ཀྱི་ཟབ་ས་ནས་བློ་བཀལ་ཡོད་པ་རེད། དཔེར་ན།
    འདུ་འབྲལ་སྐྱེ་འཆི་འཁོར་བའི་རང་མདངས་དང་། །
    དངོས་པོ་སོ་ན་མེད་པའི་གཏན་ཚིགས་སོགས། །
    ཆོས་ཀྱི་བསླབ་བྱ་དག་ཀྱང་དྲན་མཛོད་དང་། །
    རྐྱེན་ངན་ལམ་འཁྱེར་བྱེད་ལ་ཅུང་ཙམ་ཕན། །

    ཁྱེད་ཅག་སྙིང་ལ་བུ་ག་ལོས་ཡོད་དེ། །
    སྡར་མ་རྒྱ་ཡི་རིགས་དག་ཧང་སང་བ། །
    ཕྱི་རབས་འཛམ་བུ་གླིང་ཡང་ངོ་མཚར་བ། །
    བྱང་ཆུབ་སེམས་བསྐྱེད་བྱས་པའི་རྟགས་ཤིག་སྟོན། །

    ཞེས་པ་ནང་ཆོས་སྲོག་དང་བླ་ལ་དད་གུས་དང་ཡིད་ཆེས་བྱས་པ་དེ་ལྟར་རེད། ཡུལ་ལྷ་གཞི་བདག་དང་མེ་ལྷ་ཆུ་ལྷ་སོགས་ལ་སྡིགས་དམོད་བཏང་ཡོད་མོད། དེ་བཏང་ན་ཆོག་གི་རེད། ་དེ་དག་ལ་ང་ནམ་ཡང་སྐྱབས་སུ་འགྲོ་གི་མ་རེད། དེ་དག་ལ་རབ་བྱུང་བ་ཞིག་སྐྱབས་སུ་སོང་ན་སྡོམ་པ་སྟོང་བའི་ཉེན་ཁ་ཡོད་པ་རེད། སངས་རྒྱས་དཀོན་མཆོག་ལ་སྐྱབས་སུ་སོང་བས། འཇིག་རྟེན་པའི་ལྷ་དང་སྐྱབས་མ་ཡིན་པ་དག་ལ་སྐྱབས་སུ་མི་འགྲོ་བ་རྩ་བའི་དམ་ཚིག་ཅིག་རེད། ཡིན་ནའང་། ཆོས་བཤད་མང་དུ་མི་རྒྱག་ནི་བྱེད། ཧ་ཧ་་

  3. རྩམ་དགའ། says:
    2010-04-21 at 2:06 am

    ཕག་རྒོད་བཞིན་དུ་གསོས་པ་ཡི། །
    ལྷ་ཀླུ་གཉན་གསུམ་འདི་དག་ནི། །
    དགོས་པའི་དུས་ལ་བརྡར་མ་བཞིན། །
    གང་ལ་བྲོས་སམ་ལས་ངན་པོ། །

  4. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    2010-04-21 at 3:01 am

    ཕག་རྒོད་བཞིན་དུ་གསོས་ཡོད་ན། །
    ཟས་ལྷག་འཐུང་ལྷག་སྟེར་ས་རེད། །
    དེ་ཙམ་བསྐང་རྒྱུ་མེད་ན་ཡང་། །
    ཟས་ཕུད་ཇ་ཕུད་ཕུལ་ཕུལ་ནས། །
    ད་ལྟ་བར་ཏུ་བཀུར་ན་ཡང་། །
    དགོས་དུས་མེད་པའི་གནས་བབ་འདིར། །
    བསམ་གྱིན་བསམ་གྱིན་སྐྱོ་བ་་ལ། །

  5. དཔལ་དགྱེས་པ་རྡོ་རྗེ says:
    2010-04-21 at 3:50 am

    བོན་རྒྱ་བོད་ལ་རྒྱུས་ཆེ་ཡང་། །
    རྐྱེན་ངན་ཐོག་ཏུ་བབས་པའི་ཚེ། །
    དཀོན་མཆོག་ལྷ་ལ་ཡིད་མ་ཆད། །
    རྒྱུ་མེད་འབྲས་བུ་འབྱུང་མི་སྲིད། །

    སྙིང་གི་གྲོགས་པོ་བོན་རྒྱ་ལགས། །
    ཕྱི་སྣོད་འཇིག་རྟེན་ཆགས་འཇིག་དང་། །
    ནང་བཅུད་འགྲོ་བའི་སྡུག་བསྔལ་ཉིད། །
    ལས་ཉོན་བག་ཆགས་མཐུ་ལས་བྱུང་། །

    སྙིགས་དུས་བསམ་སྦྱོར་ལོག་པའི་མཐུས། །
    ས་གཡོ་མེ་རླུང་འབྱུང་བ་འཁྲུགས། །
    སྐྱེ་རྒུའི་བླ་སྲོག་གྱི་ན་བ། །
    སྙིང་པོ་མེད་པར་སྟོན་པ་ལགས། །

    ད་དུང་མུ་མེད་མཐོང་དུ་འོང་། །
    མཁྱེན་པའི་ཡེ་ཤེས་མ་རྟོགས་ན། །
    རྟོག་པའི་འཁྲུལ་བ་མ་ཟད་བར། །
    འཁོར་བའི་སྡུག་བསྔལ་ཨ་ཙ་མ། །

    སྟོན་པར་ཆོས་ཀྱི་ལོ་རྒྱུས་དང་། །
    འཕགས་པར་མ་ཎི་འགྲེལ་བཤད་ལྟར། །
    མཆོག་ལ་ཞུ་འོས་མ་ཡིན་ཀྱང་། །
    རྨོངས་པའི་འཆར་ཆ་མདོར་བསྡུས་ཡིན། །
    སྙིང་ནད་པས་་་་་

  6. ཐུབ་བསྟན། says:
    2010-04-21 at 4:02 am

    ངས་ཚེས་༡༣ ཉིན་རྒྱ་ནག་ས་ཡོམ་ལྷན་ཚོགས་དང་རྒྱ་ནག་ས་ཡོམ་དྲ་གནས་ལྟེ་གནས་ཁང་གཉིས་ལ། ཚེས་༡༣ དང་༡༧ གྱི་བར་དུ་ཡུལ་ཤུལ་ས་ཁུལ་དུ་ས་ཡོམ་རྒྱག་ས་རེད་ཅེས་སྔོན་བརྡ་བཏང་ནས། སྔོན་བརྡ་འབྱོར་བའི་ལན་ཡང་བསླེབས་སོང་ཡང། གཞུང་གིས་དུས་ཐོག་ཁྱབ་བསྒྲགས་བྱས་མི་འདུག་ཅེས། རྒྱ་ནག་གི་ས་ཡོམ་ཞིབ་འཇུག་པ་ཡཱུས་ཤན་ཀུང་གིས་བརྗོད་ཡོད་པ་རེད།
    ཟླ་འདིའི་ཚེས་༢༠ ཉིན་ཨ་རིའི་ཨི་པཱོ་ཆི་དུས་བབས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ས་ཡོམ་ཞིབ་འཇུག་པ་ཡཱུས་ཤན་ཀུང་གིས། ཡུལ་ཤུལ་དུ་ས་ཡོམ་མ་བརྒྱབ་པའི་སྔོན་དུ་ཉེན་བརྡ་བཏང་ཡོད་རུང། དབུས་གཞུང་གིས་དུས་ཐོག་ཁྱབ་བསྒྲགས་བྱས་མེད་པ་དང། དེ་བཞིན་༢༠༠༨ ལོར་ས་ཡོམ་ཞིབ་འཇུག་པ་ཧྲང་ཌི་ལིང་གིས། ས་ཡོམ་མ་བརྒྱབ་པའི་སྔོན་དུ་དེ་བཞིན་དུ་ཉེན་བརྡ་བཏང་ཡོད་རུང། འབྲེལ་ཡོད་ལས་བྱེད་ཚོས་སྣང་མེད་དུ་བཞག་པ་རེད་ཅེས་འཁོད་ཡོད་པ་རེད།
    ས་ཡོམ་ཞིབ་འཇུག་པ་གཉིས་ཀྱིས་གསར་འགོད་པར་བརྗོད་དོན། སྒྲིག་ཁྲིམས་ལྟར་བྱས་ན་ས་ཡོམ་གྱི་ཉེན་བརྡ་ཁྱབ་བསྒྲགས་དེ། དབུས་གཞུང་དང་ས་ཡོམ་ལྷན་ཚོགས་ཀྱིས་བྱེད་དགོས་པ་མ་གཏོགས། གང་ཟག་བྱེ་བྲག་པ་དང་ཚོགས་པ་བྱེ་བྲག་པས། ཁྱབ་བསྒྲགས་བྱེད་ཆོག་གི་མ་རེད་ལ་བྱེད་ཀྱང་ཐུབ་ཀྱི་མ་རེད་མོད། ༢༠༠༨ དང་༢༠༡༠ ལོའི་ས་ཡོམ་གྱི་ཆག་སྒོ་ཆེན་པོ་གཉིས་དེ་མ་བྱུང་བའི་སྔོན་དུ་ཉེན་བརྡ་བཏང་ཡོད་ རུང། དོན་ཕན་གང་ཡང་བྱུང་མེད་པའི་ཐོག གཞུང་གི་དབང་འཛིན་པ་ཚོས་ཉེན་བརྡ་ལ་རིན་ཐང་འཇོག་གི་མེད་པས། རྒྱ་ནག་གི་སྲིད་འཛིན་དང་འབྲེལ་ཡོད་དཔོན་རིགས་ཆེ་ཁག་ལ་སྙན་ཞུ་འབུལ་རྒྱུའི་ འཆར་གཞི་སྒྲིག་བཞིན་ཡོད་ཅེས་བརྗོད་འདུག།།

  7. བོད། ལྷ་ཀླུ་གཉན་གསུམ། says:
    2010-04-21 at 4:37 am

    ལམ་འགྲོ་རྒྱུགས་དུས་ལྷ་ཀླུའི་དྲིན་ཡིན་ཟེར།།
    གོད་ཆག་བྱུང་དུས་ལྷ་ཀླུ་ནུས་མེད་ཟེར།།
    འདི་དང་འདི་འདྲ་གསུང་ནས་བསྡོད་པ་ལས།།
    རང་རིགས་འདས་པོའི་ཆེད་དུ་སྙིང་རྗེ་བསྒོམ།།

    མིག་ཟུང་བཙུམ་འདོད་མེད་ཀྱང་བཙུམ་དུ་བཅུགས།།
    རང་ལུས་སྐྱུར་འདོད་མེད་ཀྱང་བཞག་ནས་ཐལ།།
    ཤུལ་དུ་ལུས་པའི་འོ་འབོད་དྲགས་པོ་དེ།།
    ང་ཚོས་རྒྱང་ནས་ཐོས་པ་བདེན་པ་རེད།།

    དད་པ་དག་སྣང་ཟེར་ནས་ཁག་མ་འགེལ།།
    ལག་ལེན་དངོས་ལ་ཞུགས་མིན་བསམ་བློ་ཐོངས་།།
    དེ་ལས་འབྱུང་བཞིའི་གནོད་པ་འགོག་མེད་ལ།།
    དང་ལེན་མི་བྱེད་འགྲོ་བ་སུ་ཞིག་ཡོད།།

    མི་རྟག་སྒྱུ་མའི་གཡོག་ལ་རྒྱུགས་རྒྱུགས་མཐར།།
    འཆི་སྟངས་མི་གཅིག་བར་ཆད་གོད་ཆག་འདིས།།
    འགྲོ་བ་མི་ལ་རྒྱུ་འབྲས་བརྡ་ཞིག་བརྒྱབ།།
    བརྡ་དེས་ཕན་ཚུན་ཉེ་བར་སྐྱོང་གྱུར་ཅིག།

  8. ཆོས་འཕེལ says:
    2010-04-21 at 5:12 am

    ཁྲོ་ཐུང་སྒར་ས་ཡིན་པའི་གཏམ་བརྒྱུད་ལས། ཟེར་བའི་དོན་གང་ཡིན། ངས་ཐོས་ཚོད་ལ། ང་དགུ་ལོར། དགྲ་ལ་ཐད་གཏུག་ཕོད་ནས། ཕོ་མཚན་ཐོག་ཚད། མདའ་ཁར་དང་། མནར་སྤྱོད་ཀྱི་འོག་ཏུ་འཆི་བའི་དཔའ་བོའི་དུར་ས་ཞིག་ཡིན་པར་ཐོས། སྡར་མའི་བྲོས་ས་ཡིན་པའི་གཏམ་རྒྱུད་ཞིག་ཀྱང་ཡོད་དམ།

  9. སྤོབས་པ་མཐའ་ཡས། says:
    2010-04-21 at 6:22 am

    ལྷ་ལ་བསྡིགས་དམོད་བྱེད་པའི་རྩོམ་ཡིག་འདྲ་བོ་དེ་བོད་ཕྱི་ནང་གཉིས་ཀའི་མིས་བྲིས་འདུག ང་ནི་ཧང་འདྲ་ཞིག་སངས་སོང་། ལྷ་ལ་ཡི་ཆད་ལེ་བརྡ་བྱེད་པ་དེ་རྨོངས་དད་ཆེ་བའི་རྟགས་ཤིག་ཡིན་པ་འདྲ། རྒྱ་དཀར་ནག་གི་མིའི་ཁྲོད་ན་ལྷ་ལ་བརྡིགས་དམོད་བྱེད་སྲོལ་འདུག་མོད་བོད་མི་ཞིག་གིས་ལྷ་ལ་བརྡིགས་དམོད་བྱེད་པ་ད་ཕན་མཐོང་མ་མྱོང་། མ་གཞི་ལྷ་ལ་བརྡིགས་ནས་ག་རེ་ཕན་པ་ཡིན་ནམ། ལྷ་མ་མཆོད་ན་ཡང་ས་ཡོམ་ནི་བརྒྱབ་རྒྱུ་རེད། ལྷ་མཆོད་མ་མཆོད་འདྲ་ལ་འབྲེལ་བ་ག་རེ་ཡོད།

  10. ཀརྨ་རྡོ་རྗེ་ says:
    2010-04-21 at 7:19 am

    མཚོ་འགྲམ་ཆུས་དང་། ས་ལ་སྡོད་མཁན་སས་འཇིགས་ཚུལ་ཡོད་པ་ནི། གནས་ཚུལ་གསར་པ་གང་ཡང་མ་རེད། ལྷ་མིའི་དམ་ཚིག་གནོད་གཞིར། ཡུལ་ལྷར་བསྡིགས་པ་ལས། ལས་འབྲས་བསམས་ན་འདི་ཕྱི་གཉིས་ཕན་རེད། འོ་ན་ལྷ་ལ་མངོན་ཤེས་ཡོད་པས་ལུང་བསྟན་དུས་ཐོག་ཏུ་མ་གནང་བ་ཅི་ཡིན་ཟེར་ན། དེ་ཡང་ལྷའི་ཕྱོགས་ནས་ནོར་རམ། ང་ཚོ་མིའི་ཕྱོགས་ནས་ནོར་འདུག དེ་ལ་ཡང་ང་ཚོས་བསམ་བློ་ཡང་བསྐྱར་བཏང་དགོས་འདུག དཔེར་ན། སློབ་དཔོན་རིན་པོ་ཆེའི་ལུང་བསྟན་ལ་ཡང་ཁ་ཤས་དགག་པ་བརྒྱབས་པ་དང་། འགའ་ཤས་ཡིད་མི་ཆེས་བཞིན་ནོ། འཆི་གསོན་ཐམས་ཅད་ཕྲལ་ཕུགས་དོན་ལྡན་ཡོང་བའི་སྨོན་འདུན་ཞུ།

  11. རྩེ་སྐར། says:
    2010-04-21 at 7:45 am

    རྒྱ་ནག་ལ་སྡིགས་དམོད་བྱས་ན་སྡུག་བསྔལ་སེལ་འགྲོ་བ་དང་རེ་བ་རེག་ཐུབ་པ་ཞིག་ཡིན་ན་འུ་ཚོའི་ཕ་གཞིས་དགྲ་ལ་ཤོར་བ་ནས་རྒྱ་ནག་སྲིད་གཞུང་ལ་ཆེ་འབྲེང་ཆུང་གསུམ་གྱིས་རང་རང་གི་མནར་སྡུག་མ་འཁྱོག་པར་སྡིགས་དམོད་བྱས་ཡོད་པས། སྡིགས་ཀྱིན་སྡིགས་ཀྱིན་རྒྱ་ནག་གི་བྱས་ཉེས་ཇེ་ཐུ་ནས་ཇེ་ངན་ཡིན་པ་ཅི་བྱུང་སོང་བ་རེད། ཁྱོད་ཀྱི་བཤད་སྟངས་དེ་ནོར་བ་རེད། དེ་ནི་སྨྱུ་གུ་འཛིན་མཁན་ཞིག་གི་བསམ་བློའི་རྟོག་འཆར་དུ་བྱིས་བློའི་ཟུར་ངོས་ཤིག་གཡའ་མ་དག་པར་ཡོད་པའི་རྟགས་རེད། མིའི་རིགས་ཚང་མ་བསྟོད་ན་དགའ་བ་སྨད་ན་མི་དགའ་བའི་བདག་འཛིན་ཀུན་གཤིས་ཤིག་སྐྱེས་དུས་ནས་མངའ་ཡོད་སྟབས། སྡིགས་སྡིགས་དམོད་དམོད་ཀྱིས་རེ་བ་འགྲུབ་ཡོང་བ་ལས་རེ་བས་ཕོངས་འགྲོ་བ་ཁོ་བོས་ཁ་ཚོན་བཅད་ནས་བཤད་ཐུབ།
    གཞན་ད་རེས་ས་ཡོམ་དང་འབྲེལ་རྩོམ་པ་པོ་ཡིན་ཟེར་བ་མང་པོ་ཞིག་གིས་བོད་ཡུལ་གྱི་ཡུལ་ལྷ་གཞི་བདག་སོགས་ལ་སྡིགས་ཡོད་པ་འདིས། ཁོ་ཚོ་ལྷ་ལ་དད་པ་དང་ཆོས་ལ་ལྟ་བ་ལོག་སོང་བ་ཞིག་གཏན་ནས་མ་ཡིན་པར། ལྷ་ལ་རེ་རྒྱུ་ཡོད་ན་ཆོག་གི་མེད་ན་ཆོག་གི་ད་ལྟའི་བར་རེ་རེ་བཅོལ་བཅོལ་དང་མཆོད་མཆོད་བཀུར་བཀུར་བྱས་ཀྱང་རེ་འབྲས་ཆུ་ནང་ལ་ནས་བཏབ་པ་དང་རྒྱ་མཚོར་རྡོ་འཕངས་པ་ལྟ་བུ་ཞིག་ཡིན་ན་སུ་ཡིན་ཡང་ལེ་བདའ་དང་འཁང་ར་ལོས་བྱེད། ཐ་ན་དུས་རྒྱུན་ལྷ་ཀླུ་གཞི་བདག་གི་ཚོགས་ལ་བློ་སེམས་གཏད་ཅིང་དཀར་པོ་ཆོས་ཀྱི་ཕྱོགས་ལ་དད་སྟོབས་མེ་རི་བཞིན་འཕྱུར་བའི་བོད་པའི་ལོ་ལོན་དད་ལྡན་ཚོས་ཀྱང་ཁ་སང་གི་ཆག་འཇིག་དེའི་སྣང་ཚུལ་ལ་ལེ་བདའ་ཁྲི་ཕྲག་གིས་ལྷ་ཀླུ་གཞི་བདག་ཚོའི་ཕོར་བ་དགུང་ལ་བཏེགས་ནས་ཁྱོད་ལ་རེ་རྒྱུ་མི་འདུག་ཟེར་ནས་ས་ལ་བརྡབས་ཡོད་སྲིད། དེ་ནི་བརྩེ་བ་ལ་བརྩེ་བར་བཟུང་། སྐྱབས་ལ་སྐྱབས་སུ་རེ་ཡང་རེ་འབྲས་རི་བོང་གི་རྭ་ཡིན་ན་སུ་ཡང་མི་དགའ་མི་འདོད་པའི་རྣམ་འགྱུར་ཀུན་གཤིས་དེ་ལྟ་བུ་ནི། ཆགས་སྡང་གི་གཡའ་མ་དག་པའི་མིའི་རིགས་ཀྱི་གློ་བུར་བའི་ཚོར་འདུ་ཞིག་ཡིན་པ་ལས་རྨོངས་དད་ཡིན་མ་ཡིན་དང་འབྲེལ་བ་གཏན་ནས་མེད།
    ཁོ་བོས་ཀྱང་ད་རེས་བོད་པའི་ཆག་འཇིག་འདི་འབྲེལ་གནའ་ནས་ད་ལྟའི་བར་འུ་ཚང་གི་བོད་པ་ཚོས་མཆོད་མཆོད་བཀུར་བཀུར་གྱིས་རི་བོས་བརྟས་དང་མཚུངས་པའི་རྒྱུ་དངོས་མང་པོ་ཞིག་མེ་ལ་བསྲེགས་ཤིང་རླུང་ལ་བསྐུར་ནས་ཐལ་བར་བཏང་ཚར་སོང་བར་ཕངས་སེམས་སྐྱེ་གི རྒྱུ་དངོས་དེ་དག་ད་རེས་ཀྱི་ས་ཡོམ་ཁྲོད་ལུས་བཅག་ཤི་འགྱེལ་གྱི་སྤུན་ཟླ་དེ་ཚོར་ཕུལ་ཡོད་ན་ཅི་མ་རུང་བསམ་གི ད་ལྟ་སྤུན་ཟླ་ཚོ་གང་མེད་ཅི་མེད་དུ་གྱུར་པའི་དཀའ་སྡུག་གི་སྐབས་ཐོག་འདི་ལ། ལྷ་སྲུང་ཚོ་གོང་དུ་བཀུར་ནས་མཆོད་འབུལ་གྱི་ཞིམ་པོའི་ཟས་རེ་ཡོད་ན། དྲོན་མོའི་གོས་རེ་ཡོད་ན་ཕ་བྲལ་བུ་བྲལ་དང་ནང་བྲལ་གནས་མེད་ཀྱི་རིགས་མཐུན་སྤུན་ཟླ་ཚོའི་ཕྱོགས་ལ་ཕུལ་ན་དཀར་པོ་དགེ་བའི་ཆོས་རེད། རྣམ་དག་བརྩེ་བའི་སེམས་རེད་ཟེར་བ་ཡིན།
    ཁྱོད་ཚོ་ཁ་ཅིག་གི་ཁ་དེ་འབར་འབར་ཆོག་ཆོག་གི་དཔའ་སྐྱ་དང་འདྲ་བར་ཆོས་ལ་ལྟ་བ་ལོག་མིན་དང། ལྷ་ལ་དད་པ་ཡོད་མེད། ཀུན་གཤིས་ན་རྨོངས་དད་ཡོད་མེད་ཀྱི་འཆལ་གཏམ་རབ་རིབ་ཏུ་སྨྲ་བ་དེ་དགོད་བྲོ་བ་ཞིག་རེད། ཁོ་བོ་ཡང་ཆུང་དུས་ནས་རང་རེའི་གསེར་དང་མཚུངས་པའི་ཆོས་དང་རིག་གཞུང་གི་ཟ་ཟུར་ལ་འཇུས་ནས་མནར་སོན་པ་ཞིག་ཡིན་སྟབས། ང་ལའང་ང་རང་གི་ཚོད་ཀྱི་ལྟ་བ་དང་དམིགས་གཟས་ཀྱི་ཀུན་གཤིས་ཤིག་ཅིས་ཀྱང་ཡོད་ངེས་པས། ཁྱོད་ཚོས་ལྷ་ལ་སྡིགས་དམོད་བྱེད་མཁན། ཆོས་ལ་ལོག་ལྟ་བྱེད་མཁན་གྱི་གྲས་སུ་་བཞག་སྟེ་ཅི་ཞིག་ལབ་ཀྱང་ཆོག ཁོ་བོའི་གྲོགས་པོ་ཞིག་ལབ་པ་བཞིན་ཁྱོད་ཚོ་ལའང་༼མི་ཤེས་ཤེས་ཁུལ་དང་མ་ཡིན་ཡིན་མདོག་གི་གཏམ་སྤྱོད་དག་གནས་སའི་བར་སྟོང་ལེབ་མོ་ཙམ་རེ་ཅིས་ཀྱང་ཡོད་༽པས་འཁང་རྒྱུ་ཅི་ཡོད།
    སྤྱིར་ཡིན་ན་ཁོ་བོ་འཐེན་འཐེན་སྤྲུགས་སྤྲུགས་ཀྱི་གཏམ་ཡན་རླུང་ལ་བསྐུར་བར་ཡི་ག་དུས་རྒྱུན་ནས་མེད་ནའང་། ད་རེས་དགོས་མེད་ཀྱི་ཚིག་འདི་ཙམ་ཞིག་གི་སྣེ་མོ་ནས་སྐད་ཆ་འདི་དག་ཐལ་སོང་བས་དྲ་གྲོགས་ཚོར་ཕོག་ཐུག་རེ་བཟོས་ཡོད་ན་དགོངས་པ་མ་ཚོམ་རོགས་ཟེར་རྒྱུ་ཡིན།

  12. ལྷགབསམ་རྒྱ་མཚོ། says:
    2010-04-21 at 8:36 am

    ཆོས་ལ་དད་མོས་ཡོད་མེད་རང་དབང་རེད། འོན་ཀྱང་དད་པ་ཅན་ལ་དགག་པ་དང་མ་དད་ལ་སྨོད་པ་གཉིས་ག་རང་དབང་ལ་རྩིས་མེད་བྱེད་པའི་ངོས་ནས་འདྲ་མཉམ་རེད། ལྷས་མ་སྐྱོབས་དང་མིས་མ་འཇོན་ཟེར་བ་གཉིས་རེ་བ་གཞན་ལ་བཅོལ་བའི་ངོས་ནས་འདྲ་མཉམ་རེད། ཉེན་ཁ་བྱུང་ཚེ་གདོང་ལེན་ལས་ཡུས་བསྔོ་བྱས་ན་ཐབས་ཟད་རེད། བོད་ལ་མཐའ་དམག་གིས་འཇིག་པ། འབྱུང་བཞིའི་འཇིག་ས་སོགས་གུ་རུ་པདྨ་དང་མ་ཅིག་ལབ་སྒྲོན་སོགས་གྲུབ་ཐོབ་མང་པོས་གསུང་པ་རེད། འོན་ཀྱང་དེ་དག་གིས་ཉེན་བརྡ་སྐབས་དེར་དཀྲོག་གཏམ་དུ་གླེང་ནས་དམག་བཟློག་གི་ཐབས་མང་པོ་བྱེད་མ་བཅུག་པ་རེད། དཔེར་ན་པདྨ་བཀོད་ཀྱི་ལམ་ཡིག་ཆེ་ཆུང་། ཞིག་གླིང་གི་དམག་བཟློག་ཉེར་ལྔ་། ཨོ་རྒྱན་གླིང་པའི་བཀའ་ཐང་ཆེ་ཆུང་། ས་སྐྱ་གོང་མའི་དམག་བཟློག ཚེ་ནོར་ཀྱི་བསྟན་པ་སྤྱི་ལུང་། རྡོ་གྲུབ་ཀྱིས་བསྟན་པ་སྤྱི་ལུང་། ལྕགས་མདུད་པདྨ་བདུད་འདུལ་གྱི་ལུང་བསྟན་སོགས་ན་བོད་འཇིག་པའི་དུས་ཚོད་ཉེན་བརྡ་། བཟློག་ཐབས་བཅས་གསལ་བོར་གསུང་འདུག འོན་ཀྱང་སྐབས་དེ་དག་ཏུ་ཛ་ཡ་པཎྜི་ཏ། དབལ་མང་པཎྜི་ཏ། མེར་རྒེན་ཡོངས་འཛིན། ཕ་ཝང་ཁ་བ། རྡོ་སྦིས་ཤེས་རབ་སོགས་ཀྱིས་དགག་པ་བརྒྱབ་འདུག སྐབས་དེར་ཁོང་ཚོའི་ལུང་བསྟན་བཤད་པ་དེ་མི་ཕལ་མོ་ཆེའི་བློ་ཡུལ་དུ་མི་ཤོང་བ་ཞིག་རེད། དགག་པ་བྱེད་པར་ཡང་ཁག་མི་འདུག་དྲན་གྱིས་ཡོད། གང་ལྟར་ཡང་ལོ་རྒྱུས་ཀྱིས་བདེན་རྫུན་ཐག་བཅད་ཚར་བ་རེད། དེ་ལ་ཡུས་བསྔོས་པས་ཅི་ལ་ཕན། ལྷ་ལ་ཡིད་ཆད་བྱ་རྒྱུ་ཡང་མེད། དཔེར་ན་མི་ཞིག་ཉེན་ཁ་ཆེ་བའི་གནས་སུ་འགྲོ་བར་གཞོལ་ཚེ། རྒྱུས་ཡོད་མཁན་ཞིག་གིས་ཁོ་ལ་དེར་འགྲོ་མི་རུང་ཚུལ་བཤད། ལོ་འདི་དང་ཟླ་བ་འདི་ལྟ་བུར་ཉེན་ཁ་ཡོད་ཚུལ་སྨྲས། དེ་ལས་སྐྱོབས་ཐབས་བཤད་ཀྱང་འགྲོ་མཁན་དེས་བསླབ་བྱ་ཐབས་ཆད་རྫུན་མར་གོ། གོ་བ་ལོག་པར་འགྲེལ་ནས་རྒོལ་བ་བྱས་ན། བསླབ་བྱ་གནང་མཁན་དེས་སྒུག་ནས་སྡོད་རྒྱུ་ལས་འོས་མེད། དེ་ཕྱིར་དབང་ཆེན་རྣམས་ཀྱིས་མི་སེར་ཕལ་མོ་ཆེར་བདག་ནི་བདེན་ནོ། གཞན་ནི་རྫུན་ནོ་ཞེས་ལུང་བསྟན་སོགས་ལོག་འགྲེལ་གནང་པའི་བྱས་རྗེས་ལྷ་ལ་བཀལ་ན་འཚམ་མིན་དཔྱད་པར་བྱ། ཕྲན་ནི་བློ་གྲོས་ཆུང་ཞིང་སྦྱང་བ་དམན་པ་ཞིག་ཡིན་པས་མཐའ་གཅིག་ཏུ་ཁ་ཚོན་གཅོད་པའི་སྦོབས་པ་ག་ལ་མཆིས། མཁས་དབང་རྣམས་གྱིས་རྒན་པོའི་བསམ་ཚུལ་འདིར་དགོངས་ཁྲེལ་མི་གནང་བར་འཚལ།

  13. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-04-21 at 11:34 am

    དགོངས་དག། ངེད་ཀྱི་བསམ་ཚུལ་དེས་རྩོད་ཀྱི་འགོ་བསླངས་ཚར་འདུག
    གནས་སྐབས་ལ་ངེད་ཚོས་རྩོད་མི་རྒྱག རྩོད་རྗེས་ལ་ཡིན། ཉིན་འདི་དག་གི་རིང་ལ་རྩོད་མི་རྒྱག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme