Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འདི་ཡང་བླ་མ་དྲན་སྟངས་ཤིག་གོ།

Posted on 2020-01-06 By ཁ་བརྡ No Comments on འདི་ཡང་བླ་མ་དྲན་སྟངས་ཤིག་གོ།

རྫ་ཚེ་རིང་བཀྲ་ཤིས།
 
དེ་རིང་ནི་བླ་མ་བཀའ་དྲིན་ཅན་མཁན་ཆེན་དམ་པ་ཨ་ཁུ་ཤེས་རབ་རིན་པོ་ཆེ་སྐུ་གཤེགས་ནས་ལོ་ཧྲིལ་པོ་བཅུ་འཁོར་བའི་དུས་དྲན་དུ་ཁེལ་འདུག ། ད་ལྟ་རང་ངས་ཀྱང་རང་སློབ་འགའ་ཞིག་དང་མཉམ་དུ་མ་ཧཱ་གུ་རུའི་ཚོགས་མཆོད་སྟབས་བདེ་ཞིག་ཟིན་ཏེ་ད་ཆ་ནང་དུ་འབྱོར་ཙམ་ཡིན། མཁན་རིན་པོ་ཆེ་ཁོང་ནི་མཁན་ཆེན་པདྨ་ཆོས་དབྱིངས་ཁྱབ་བརྡལ་གྱི་ཐུགས་སྲས་དང་རྒྱལ་ཚབ་ཉིད་ཡིན་པར་མ་ཟད། ངའི་མི་ཚེ་འདིར་སྔ་འགྱུར་བསྟན་པའི་ཉིང་བཅུད་ཀློང་ཆེན་མཛོད་བདུན་གྱི་ཁྲིད་ལུང་ཡོངས་རྫོགས་ཞུ་ཡུལ་གྱི་བཀའ་དྲིན་ཅན་གྱི་རྩ་བའི་བླ་མའང་ཡིན། ཁོང་གི་འདས་མཆོད་དང་དུས་དྲན་ནི་ང་ལ་མཚོན་ན་གལ་ཆེན་པོ་ཞིག་ཡིན། ཡིན་ན་ཡང་། འདི་ནས་ངས་ཉིན་འདི་གར་དྲ་ཐོག་ནས་མཇལ་བའི་གཞུང་ལུགས་ཀྱི་དེབ་གསར་གཞན་ཞིག་དང་འབྲེལ་བའི་ཐོག་ནས་མཁན་རིན་པོ་ཆེ་གང་ཉིད་ལ་རྗེས་སུ་དྲན་པར་བྱེད། ངའི་ངོས་ནས་འདིའང་བླ་མ་རྗེས་སུ་དྲན་པའི་ངང་ཚུལ་གཞན་ཞིག་ཡིན།

དེ་ཡང་མཁན་སྤྲུལ་སྒྲིབ་བྲལ་མཆོག་གིས་བརྩམས་གནང་བའི་《དམ་པའི་ཆོས་མངོན་པ་མཛོད་ཀྱི་བརྗེད་བྱང་རིན་པོ་ཆེའི་སྒྲོན་མ་》ཞུ་བ་ཞིག་ལེགས་པར་གྲུབ་ནས་བླ་མའི་གདན་ས་གསེར་ལྗོངས་ལི་མདོ་ངེས་དོན་མདོ་སྔགས་ཆོས་འཁོར་གླིང་གི་ངོས་ནས་དཔར་སྐྲུན་འགྲེམ་སྤེལ་གནང་བ་ཞིག་ཁ་སང་རང་དྲ་ལམ་ནས་མཇལ་བྱུང་། དེ་མ་ཐག་ཏུ་ངས་མཁན་སྤྲུལ་སྒྲིབ་བྲལ་རིན་པོ་ཆེ་ཐོག་མར་ལི་མདོར་ཕེབས་སྐབས་ཀྱི་སྐབས་དེའི་སྣང་བརྙན་དང་འདས་དོན་མང་པོ་ཞིག་ལུ་གུ་རྒྱུད་དུ་དྲན་ཡུལ་དུ་འཁོར་བྱུང་། ཁོང་ལི་མདོར་ཕེབས་སྐབས་བླ་མ་ཚང་སྐུ་གཤེགས་ཟིན་ཙམ་ཡིན་པས་བླ་མའི་ཞལ་དངོས་སུ་མ་ཟིན་ན་ཡང་། ཁོང་རྫོགས་ཆེན་དུ་དཔལ་སྤྲུལ་གྱི་སྤྲུལ་སྐུར་ཁྲི་འདོན་གནང་བ་ནས་བླ་རུང་དུ་ཕེབས་ཏེ་བླ་རུང་གི་མཁས་པ་ཚོ་དང་རྩོད་པ་གནང་བ། མཐར་བླ་རུང་དུ་བཞུགས་ནས་མུ་མཐུད་གསན་བསམ་མཛད་པ་སོགས་མང་པོ་ཞིག་རྣ་ལམ་དུ་གོ་བཞིན་ཡོད། ང་ཚོ་སྐབས་དེའི་དཔེ་ཆ་གསར་བུ་པ་དག་གི་ངོས་ནས་ཞུས་ན་ཁོང་ནི་གྲགས་སྐར་ནང་བཞིན་ཞིག་རེད། དེ་ནས་ཁོང་མར་ལི་མདོར་ཕེབས་ཤིང་བཞུགས་པས་སྒར་གོང་འགབ་གཉིས་ཆར་ན་ཁོང་ལ་མཁས་གྲགས་ཧ་ཅང་ཆེ།

མ་གཞི་ཁོང་ཐོག་མར་གདན་ས་སེ་ར་རུ་བཞུགས་ནས་རི་བོ་དགེ་ལུགས་པའི་གཞུང་ལ་སློབ་གཉེར་གནང་འདུག་པས་ང་ཚོའི་སེམས་ནང་ལ་ཁོང་ནི་སེ་འབྲས་དགེ་གསུམ་ནས་མར་ཡོང་བའི་མཁས་པ་ཞེས་པ་དེ་རེད། ཚད་མ་སོགས་གཞུང་ཕལ་མོ་ཆེར་སྦྱང་བ་གནང་ཟིན་པར་མ་ཟད། བསྡུས་གྲྭའི་ཐད་ལ་དེ་བས་ཀྱང་སྐབས་དེར་གསེར་རྟ་ལུང་པའི་མཚན་ཉིད་ཀྱི་གྲྭ་ས་དེ་ཚོར་ཁོང་ཁོ་ན་སེང་གེ་སྲབ་མེད་ལྟ་བུ་ཞིག་ཡིན་རྒྱུ་རེད། ཡིན་ན་ཡང་། ཁོང་ཉིད་མཁན་ཆེན་ཚུལ་ཁྲིམས་བློ་གྲོགས་སོགས་ཀྱི་གཞུང་གི་གོ་བས་ཧ་ཅང་ཡིད་དབང་འཕྲོག་པ་ཡིན་སྐད་ལ། ཁོང་གི་ཐོས་རྟགས་ཞི་ཞིང་དུལ་བ་དང་། ཕྱི་ནང་མཚུངས་པའི་ཆོས་པ་རྣལ་མའི་རང་གཤིས་ལ་བླ་རུང་དང་ལི་མདོ་གཉིས་ཆར་ཁོང་ལ་རབ་ཏུ་འགུ །རིམ་གྱིས་གུས་པ་དང་ཡང་སེམས་ཐག་ཉེ་བའི་ཆོས་གྲོགས་སུ་གྱུར་པ་ནས་མཐར་ཆོས་ཀྱི་བཀའ་དྲིན་ཅི་རིགས་ཐོབ་པའི་བཤེས་གཉེན་དུའང་གྱུར། ཁོང་མཁན་རིན་པོ་ཆེ་ཨ་ཁུ་ཆོས་ཕུན་དང་མཉམ་དུ་བཞུགས་སྐབས་ཧོར་ཤུལ་ཡུལ་ཚོ་ནས་སྔོ་ཚལ་སོགས་ཅ་ལག་ཕྲན་ཚེགས་འདྲ་ཉོ་དགོས་ན་ང་དེ་སྐབས་ཧོར་ཤུལ་དགོན་དུ་བསྡད་ཡོད་སྟབས་ལམ་ཁ་ནས་ཉོ་རོགས་བྱས་ནས་མར་ལི་མདོར་ཆོས་ཁྲིད་དུ་ཡོང་ཞོར་ཁོང་ལ་སྤྲོད་ཀྱི་ཡོད།

དེ་ནས་ཨ་ཁུ་ཤེས་རབ་ཚང་གིས་མངོན་པ་མཛོད་གསུངས་ཤིང་། དེའི་ཁ་ཐུག་ཏག་ཏག་ཡིན་མིན་མི་དྲན་ཡང་། བར་སྐབས་ཤིག་ནས་མཁན་ཆེན་ཀུན་བཟང་བསྟན་འཛིན་ཚང་གིས་ཀྱང་ངོར་བློ་གཏེར་དབང་པོས་མཛད་པའི་མངོན་པ་མཛོད་ཀྱི་མཆན་འགྲེལ་གསུངས་པས་གུས་པས་ཀྱང་ཆ་ཚང་ཞུས། སྐབས་དེར་མཁན་སྤྲུལ་སྒྲིབ་བྲལ་ཁོང་ཚང་གིས་ཀྱང་མཉམ་དུ་ཞུས་པར་མ་ཟད། ཁོང་གིས་སྐྱོར་དཔོན་གནང་བས་ངས་ཀྱང་ཁོང་གི་ས་ནས་སྐྱོར་ཁྲིད་ཆ་ཚང་ཞུས། གུས་པས་ཚེ་འདིར་དམ་པའི་ཆོས་མངོན་པ་མཛོད་ལ་སྦྱངས་པའང་སྐབས་དེ་ཙམ་ནས་མགོ་ཚུགས་པ་ཡིན།

ད་དུང་ཁོང་གིས་བསྡུས་གྲྭ་རིགས་ལམ་འཕྲུལ་ལྡེ་ཁྲིད་གནང་མཛད་པའང་ཆ་ཚང་ཞུས། ལར་གུས་པ་མི་ཚེ་འདིར་བསྡུས་གྲྭ་དང་རྩོད་པ་ལ་མཁས་པ་ཞིག་མ་བྱུང་མོད། གཞུང་ལུགས་དཔྱད་བརྗོད་ཀྱི་ཡི་གེ་འགའ་རེ་བྲིས་པ་དེ་ཚོ་ལུང་དང་རིགས་པའི་རྒྱ་ལས་མི་བརྒལ་བ་ཙམ་རེ་འགྲོ་ཐུབ་པ་བྱུང་ཡོད་སྙམ་པའང་དེ་དག་གི་བརྒྱུད་འབྲས་རེ་ནི་ཡིན་སྲིད།

རྗེས་སུ་གུས་པ་ཨ་རིག་སྒར་དུ་ཡར་ཡོང་རྗེས་མཁན་ཆེན་བླ་མ་རིན་པོ་ཆེ་པདྨ་ཚེ་དབང་ལྷུན་གྲུབ་ཀྱིས་གུས་པར་བློ་གཏེར་མངོན་མཛོད་ཀྱི་བཤད་རྒྱུན་ཡོད་པ་གཟིགས་པ་དང་། བླ་མ་རིན་པོ་ཆེ་སྐུ་མ་འདས་པའི་སྔོན་ཙམ་ན་རྒྱ་ཡུལ་ནས་ཆེད་དུ་སྐུ་དངོས་ཀྱིས་བཀའ་གནང་ནས་བློ་གཏེར་མངོན་པ་ཆ་ཉི་ཤུ་ཙམ་ཞིག་བླུས་ནས་བཤད་གྲྭར་སྐུར་གནང་མཛད་པ་དང་འབྲེལ། དཔལ་གྱི་བསམ་ཡས་སུ་སྐུ་མདའ་ཁར་ཡང་གཞུང་དེ་ཚར་གཅིག་བཤད་ཚར་བ་དགོས་པའི་བཀའ་གནང་ནན་ཏན་མཛད་པ་ལྟར། བླ་མ་རིན་པོ་ཆེ་ཨ་རིག་མཁན་ཆེན་པདྨ་ཚེ་དབང་གང་ཉིད་སྐུ་གཤེགས་པའི་རྗེས་ཀྱི་དབྱར་ངོས་དེ་རང་ལ་གུས་པས་ཨ་རིག་བཤད་གྲྭ་ཆེན་མོར་ལི་མདོ་ནས་ཞུས་པའི་བཤད་རྒྱུན་དེ་ཉིད་གཞིར་བཞག་གིས་མངོན་པ་འཛིན་གྲྭའི་སློབ་གཉེར་བ་ཚོ་ལ་ཚར་གཅིག་ཁྲིད་པའི་ཁུལ་ཡིན།

མཁན་སྤྲུལ་སྒྲིབ་སྤྲུལ་མཆོག་གིས་དེབ་འདི་མཇལ་བའི་ཉེར་ལེན་ལྟ་བུ་བྱས་ཏེ་འདས་སོང་གི་དོན་དག་དེ་ཚོ་སེམས་ནང་དུ་ལམ་ཙམ་འཁོར་དུ་བཅུག་བྱུང་སྟེ། མ་གཞི་ད་ཆ་བསམས་ན་དེ་དག་ཐམས་ཅད་ཀྱང་ཧ་ཅང་གཞོན་དུས་ཀྱི་བྱ་བ་ཞིག་དང་། ཡང་ན་མི་ཚེའི་བརྒྱུད་རིམ་གཞན་ཞིག་ཆགས་ཟིན་པ་ལྟར་སྣང་།

དེ་ནས་སྤྱི་ལོ་༢༠༠༥ ལོའི་སྟོན་དུས་ལྷ་ས་ནས་མཁན་ཆེན་སྒྲིབ་བྲལ་ཚང་དང་མཇལ་འཛོམས་བྱུང་། སྐབས་དེར་ཁོང་གིས་ཡབ་ཡུམ་གང་རུང་ཞིག་ཁྲིད་ནས་ལྷ་སར་གནས་སྐོར་དུ་ཕེབས་པ་ཡིན་འདུག་སྟེ་གསལ་པོ་ཞིག་མ་དྲན། དེ་ནས་ད་བར་ཞལ་མཇལ་གསུང་ཐོས་གང་ཡང་མེད། ཁོང་གིས་དེ་དུས་གུས་པ་ལོ་གཉིས་ལྷག་བཙོན་དུ་བསྡད་དགོས་བྱུང་སྟབས་དཔེ་ཆ་ལྟ་རྒྱུར་འཐུས་ཤོར་ཆེན་པོ་ཕྱིན་ཡོད་ངེས་རེད་གསུངས་ནས་ཐུགས་འཚབ་ཆེན་པོ་གནང་བར་མ་ཟད། ད་མུ་མཐུད་དཔེ་ཆ་ཡག་པོ་ལྟོས། ཡར་མར་འཁྱམས་རྒྱུ་མ་དྲན། དཔེ་ཆ་བསྐྱུར་མ་འཇོག་ཅེས་ཨ་ནས་ཡང་དུ་གསུངས་པས་གུས་པ་དེ་སྐབས་བློ་ཐག་རྦད་ཆོད་ཀྱིས་ས་མཐར་འགྲོ་གཏན་ཁེལ་བ་རང་སེམས་ལ་གསལ་ཡང་ཁོང་ལ་ཞུ་ནི་མ་སྤོབས། སེམས་ལ་འཚེར་སྣང་ཆེན་པོ་བྱུང་ཡང་བྱ་ཐབས་གཞན་གང་ཡང་མེད། གང་ལྟར་ཁོང་ནི་ཞལ་ཞེ་གཉིས་མེད་ཀྱི་ཆོས་པ་ཚད་ལྡན་དང་། སྤྲུལ་མིང་སོགས་རྒྱུ་མཚན་དུ་བྱས་ནས་འཇིག་རྟེན་ཆོས་བརྒྱད་ལ་དབུ་མི་འཁོར་བར་ཉམ་ཆུང་བྱ་བྲལ་གྱི་མཛད་པ་འབའ་ཞིག་གནང་ཞིང་། རང་ཉིད་ཐོས་པ་ལ་དགའ་བ་བཞིན་ཆོས་གྲོགས་དང་སློབ་མ་གཞན་གྱི་ཐོས་བསམ་ལ་ཧ་ཅང་གིས་ཐུགས་སྣང་ཆེ་བ། སྐུ་ཚེ་ཐོས་པ་ལ་བསྐྱལ་བའི་ངེས་པ་དོན་གྱི་ཆོས་སྨྲ་བ་དང་། མཁས་བཙུན་བཟང་གསུམ་ཡ་མ་བྲལ་བའི་བླ་མ་རྣམ་པའི་ཐུགས་སྲས་ངོམ་རིན་ཆོག་པ་ཞིག་བཅས་ཡོད། །

གུས་པ་ནི་རླུང་གིས་ཁྱེར་བའི་རྫས་བཞིན་དུ་གཏད་མེད་དུ་འཁྱམས་ཤིང་། ལུགས་གཉིས་གང་ཡང་མ་འཁྱོངས་པའི་ངང་ཐ་མལ་དུ་ལུས་པ་དེ་ལྟ་ན་ཡང་། ཐོག་མར་འཕགས་པའི་ཡུལ་དུ་འབྱོར་དུས་ཀྱང་། དགོན་ཆུང་རེའི་ནང་དུ་དཔེ་ཆ་ཐར་ཐོར་རེ་འཁྲིད་རྒྱུ་སོགས་ལ་ཧེབ་མ་ལངས་པར་དེང་གི་བཤད་སྟངས་ལྟར་བྱས་ན་སློབ་གཉེར་གྱི་མཁའ་དབུགས་ཧ་ཅང་ལེགས་པོ་ཡོད་པའི་དཔལ་རྫོང་སར་བཤད་གྲྭར་ལོ་ངོ་ལྔ་ལྷག་ལ་བསྡད་དེ། ཐོས་བསམ་སློབ་གཉེར་ལ་ཡར་རྒྱས་ངོམ་རིན་ཆོག་པ་ཞིག་མ་བྱུང་ན་ཡང་མར་ཞན་དུ་མ་སོང་ཙམ་བྱས་པ་ཡིན།

དེ་ནས་ཐའེ་ཝན་སོགས་སུ་ཕྱིན་ཅིང་རྒྱ་བླ་སོགས་ཀྱི་མིང་ཁུར་བར་མ་ཟད། མི་ཚེ་ལ་འགྱུར་ལྡོག་ཅི་རིགས་བྱུང་ན་ཡང་ཡུལ་དུས་གང་དུའང་རང་ཉིད་མི་ཚེ་འདིར་ཤེས་རབ་ལ་དགའ་ཞེན་བྱེད་པའི་དཔེ་ཆ་བ་ཞིག་ཡིན་སྙམ་པའི་འདུན་པ་མ་དོར་བ་ཙམ་འདི་ཁོ་ན་ཁོང་དང་ཁོང་ལྟ་བུའི་ཐོས་སྒོམ་ཡ་མ་བྲལ་བའི་མཆེད་གྲོགས་གོང་མ་དག་གི་ཐུགས་རྗེ་དང་བརྩེ་བས་མི་འདོར་བའི་རྒྱུ་རུ་འགྱུར་བའི་གསོལ་འདེབས་ཙམ་ཞུ་ཞིང་ཡོད།

མ་ཟད་སྒྲིབ་བྲལ་རིན་པོ་ཆེ་ཁོང་ནི་ད་ལྟའང་ལི་མདོ་སྒར་སོགས་སུ་བཞུགས་ནས་བྱ་བྲལ་རྣལ་འབྱོར་གྱི་དབང་ཕྱུག་པདྨ་ཆོས་དབྱིངས་ཁྱབ་བརྡལ་དང་། མཁན་ཆེན་དམ་པ་ཨ་ཁུ་ཤེས་རབ་སོགས་ཀྱི་བཀའ་དྲིན་གྱིས་བསྐྱངས་པའི་ཕྲིན་ལས་ཀྱི་རྒྱུན་བཟང་པོ་དེ་ཉིད་ལེགས་པར་བསྐྱངས་ནས་དོན་དམ་པའི་ཆོས་མཛད་ཀྱི་རྣམ་ཐར་འབའ་ཞིག་སྐྱོང་བཞིན་པར་ཐོས་ཏེ། ཁོང་གིས་བློ་གསལ་གྱི་སློབ་མ་དག་ལ་ལེགས་བཤད་ཀྱི་གྲུ་ཆར་འབེབས་བཞིན་པའི་ངོས་ནས་འདི་ལྟ་བུའི་ཕྱག་དེབ་ཅིག་བརྩམས་གནང་མཛད་པའང་ཐོས་པ་འཚོལ་བའི་སྐྱེ་བོ་དག་ལ་མཚོན་ན་ཕུལ་དུ་བྱུང་བའི་ལེགས་སྐྱེས་ཤིག་ཅི་ལ་མིན།

ད་དུང་ཉེ་ཆར་བརྙན་ཐུང་ཞིག་ཏུ་བྱང་འཇིགས་མེད་ཕྲིན་ལས་དར་རྒྱས་གླིང་ཞེས་པའི་མགོ་ལོག་ཏུ་ཡོད་པའི་བླ་རུང་གི་ཡན་ལག་བཤད་གྲྭ་ཞིག་གི་དགེ་འདུན་པས་ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་ཀྱི་སྐུ་བརྙན་ཞིག་ཁྱོགས་ལ་གདན་དྲངས་ནས་གླིང་བསྐོར་ལྟ་བུ་ཞིག་ལ་ཕེབས་བཞིན་པའི་སེར་སྦྲེངས་རིང་པོ་ཞིག་གི་སྣ་ལ་ཁོང་གིས་ཕྱག་ཏུ་དར་དཀར་དང་རྡོར་དྲིལ་བསྣམས་ཤིང་། གསེར་མདོག་གི་ཆོས་གོས་བཟང་པོ་ཞིག་སྐུ་ལ་གསོལ་ཏེ་ཕེབས་བཞིན་པའི་ཞི་ཞིང་དུལ་ལ་ཡིད་དབང་འཕྲོག་པའི་ཞལ་དབྱིབས་དང་སྐུའི་རྣམ་པ་སེམས་འགུལ་ཐེབས་པ་ཞིག་ལམ་ཙམ་མཇལ་བ་ཚར་འགའ་ལྟ་ཤོར་བ་དེའང་ཁོང་དང་འབྲེལ་བའི་གཏམ་ཐུང་འདི་འབྲི་བའི་ཉེར་ལེན་དུ་གྱུར།

ལར་བླ་མའི་ཐུགས་ཟིན་གྱི་བུ་སློབ་དང་ཆོས་གྲོགས་དག་ལ་མཉམ་འགྲོགས་ཀྱི་དབང་དུ་མ་གྱུར་བའི་དག་སྣང་དང་བརྩེ་དུང་གི་བསམ་པ་ཉག་མ་གཅིག་ཙམ་རེ་སྐྱེ་ཐུབ་པ་དང་། ཁོང་དང་ཁོང་ལྟ་བུ་དག་ལ་དོན་གནས་ཀྱི་བསྔགས་པ་ཆ་ཤས་ཙམ་ཞིག་ཡིད་ལ་དྲན་ཞིང་ཁ་ནས་ཐོན་ཐུབ་པ་ཞིག་བྱུང་ན་དེའང་དོན་དམ་པའི་བླ་མའི་རྗེས་དྲན་ཞིག་ཅི་ལ་མིན་ཏེ། བླ་མའི་སློབ་མ་བཟང་པོ་ཁོང་དང་ཁོང་ལྟ་བུ་དེ་དག་ཁོ་ནས་འཇིག་རྟེན་འདི་ན་ངེས་དོན་གྱི་བླ་མ་དམ་པ་དེ་རྣམ་པའི་ཐུགས་ལ་བརྣགས་པའི་བསྟན་པའི་དེ་ཁོ་ན་ཉིད་དམ་པར་གྱུར་པའི་བཤད་པ་དང་སྒྲུབ་པའི་བསྟན་པ་ཉིད་འཛིན་པར་མཛད་པ་ཡིན་པའི་ཕྱིར་རོ། །

མཇུག་ཏུ། ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་གང་ཉིད་སྐུ་ཚེ་ཡུན་ཏུ་བརྟན་ཅིང་བསྟན་འགྲོ་ལ་སྨན་པའི་དོན་མཐའ་དག་གེགས་མེད་ཡིད་བཞིན་དུ་འགྲུབ་པ་དང་། ཕལ་ཆེར་བླ་མའི་གདན་ས་རང་གི་མཁས་པ་ཞིག་གིས་བརྩམས་པའི་མངོན་པ་མཛོད་ཀྱི་འགྲེལ་ཆེན་ཐོག་མ་ཡིན་སྲིད་པའི་དམ་པའི་ཆོས་མངོན་པ་མཛོད་ཀྱི་བརྗེད་བྱང་རིན་པོ་ཆེ་འདི་ཉིད་ཀྱང་བློ་དང་ལྡན་པའི་སྐྱེ་བོ་དག་གི་ཤེས་རབ་ཀྱི་མེ་ཏོག་ལེགས་པར་འབྱེད་པར་བྱེད་པའི་ཉི་མ་དང་ཟླ་བ་ལྟ་བུར་གྱུར་ཅིག་གུ། །

ཅེས་པའང་ཨོ་གླིང་ནས་རྫ་ཚེ་རིང་བཀྲ་ཤིས་ཀྱིས་ (2020/1/5) དགུན་ཟླ་འབྲིང་པོའི་ཚེས་བཅུའི་དགུང་མོ་ཙམ་ལ་ཇ་འཐུང་ཞོར་ཚོར་བ་འདྲ་མིན་སྣ་ཚོགས་ཀྱིས་བསྒུལ་ནས་འཕྲལ་བྲིས་སོ། །

ལྷུག་རྩོམ།

Post navigation

Previous Post: མཁས་པ་ཟེར་བ་དེ།
Next Post: བདེན་ཐོབ་མཇུག་བསྡུ་མ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (37)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme