Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཇིགས་ལ་ཉེ་བའི་ཕ་ཡུལ་གཅན་ཚའི་མཛེས་ལྗོངས།

Posted on 2012-04-262012-04-26 By ཁ་བརྡ་ 11 Comments on འཇིགས་ལ་ཉེ་བའི་ཕ་ཡུལ་གཅན་ཚའི་མཛེས་ལྗོངས།

གཅན་ཡུ་མོ།

འཛམ་གླིང་གོ་ལའི་ཡང་རྩེར་གནས་བའི་བོད་གངས་ཅན་ལྗོངས་ཀྱི་ཡ་གྱལ་སྟེ་བདག་གི་ཕ་ཡུལ་མདོ་སྨད་ཁམས་རྭ་ནགས་རྫོང་ནི་མཐའ་སྐོར་ཏེ་རྫ་རི་མཐོན་པོས་གཡོགས་པ་དང་། དེའི་ཐོག་ནགས་ཚལ་སྟུག་པོ་འཁྱིལ་བའི་ཁྲོད་ན་རི་སྐྱེས་སྣ་ཚོགས་བག་ཡངས་སུ་རྒྱུ་ལ། དམའ་མོའི་སྔོ་ལྗང་སྤང་གི་ལྟོ་བར་རྟ་ནོར་ལུག་གསུམ་གྱི་བཀང་ཏེ་གྲམ་ཆུ་སྔོན་མོའི་ཤག་ཤག་གི་འབབ་རྒྱུན་དང་བདེ་ལྡན་ཞིང་གི་བཀོད་པ་ས་ལ་འཕོས་འདྲའི་མཛེས་སྡུག་བསིལ་མོ་ལྗོངས་ཞེས་བརྗོད་ན་མི་ཆོག་རྒྱུ་མེད་ལ། གནས་འདིར་བྱིན་རླབས་ཀྱི་མགོན་སྐྱོབ་གནང་མཁན་སྲིན་པོ་རྫ་རྒན་སྟོད་ན་བཞུགས་པ་དང་། གཞོན་ནུའི་ཡིད་དབང་འཕྲོག་བྱེད་ཀྱི་ཙོང་ཁ་རྫ་རི་སྨད་ན་འགྱིང་བ། དེའི་དཀྱིལ་དུ་རྫོང་ཆེན་བཅོ་བརྒྱད་ཀྱི་གྲུབ་པའི་ཁམས་རྭ་སྟེ། མདོར་ཙམ་བརྗོད་ན་སྟོད་ན་དཀར་པོ་ལྷ་ཡི་རྫོང་དྲུག བར་དུ་དམར་པོ་བཙན་གྱི་རྫོང་དྲུག སྨད་ན་སྔོན་མོ་ཀླུ་ཡི་རྫོང་དྲུག་སོགས་ཡོད་པ་ལས་ཨ་ཆུང་གནམ་རྫོང་ནི་རྗེ་གུ་རུ་རིན་པོ་ཆེ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་པའི་གནས་ཆེན་ཞེས་རྫོང་ཀུན་གྱི་དབང་བོར་གྱུར་བ། གངས་ཅན་བསྟན་པའི་མེ་རོ་གསོ་སའམ་བསྟན་པ་ཕྱི་དར་བྱེད་ས་ཞིག་དང་རུས་མེད་སྐྱེ་ཆེན་དུ་མས་སྒོམ་སྒྲུབ་གནང་ས། ཁྱད་པར་དུ་༧རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་ཕེབས་པའི་ལོ་རྒྱུས་ངག་རྒྱུན་ཏུ་གྲགས་ས་སོགས་ཞིིང་ཁམས་འདི་མཐོང་བ་ཙམ་གྱི་མིག་དབང་འཕྲོག་པ། ཉན་པ་ཙམ་གྱི་ཡིད་སེམས་འགུལ་བ། མཁས་ཅན་རི་མོ་བས་བྲིས་ན་བྲིས་མི་ཚར་བའི་ཁྱད་ཆོས་ཕུན་སུམ་ཚོགས་པ་ཞིག་ལྡན་པ་མ་ཟད། གནམ་རྫོང་རྩེ་ནི་ལྷ་བསང་དུད་སྤྲིན་དགུང་ལ་
འཕྱུར་ས་ཞིག་དང་གྲྭ་བཙུན་སྔགས་གསུམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་སའི་གནས་འགངས་ཆེན་ཞིག་ཡིན།

ཁམས་ཪྭ་ནགས་རྫོང་འདི་བྱ་དང་བྱེའུ་འཕུར་ལྡིང་གར་གྱི་རྩེད་འཇོ་རོལ་ས་ཞིག་དང་། སྨན་ཤར་བུ་མོས་བཞོ་དབྱངས་ངག་གི་སྙན་མོ་འགུགས་ས། ཕ་དང་ཨ་ཁུའི་མཛད་རྗེས་རྡོ་ལ་བརྐོ་ས། མ་དང་སྲུ་མོས་སྤྲོས་བའི་འཛུམ་ཆུང་སྟོན་ས་ཞིག་ཡིན་ཏེ་ཡུལ་འདིར་ཀུན་ལས་ལྷག་པའི་ཁྱད་ཆོས་ཕུན་སུམ་ཚོགས་པ་ཞིག་འཛོམས་ཡོད་མོད། འདིར་མཛེས་ཤིང་སྡུག་པའི་ཡུལ་ལྗོངས་འདིའི་བཀོད་པ་རེ་ཞིག་བརྗོད་མཚམས་བཞག་ཏེ་ཉམས་རྒུད་དུ་འགྲོ་བཞིན་པའི་ཡིད་སྐྱོ་བའི་རྒྱ་ནག་གིས་སྲིད་ཇུས་ངན་པའི་འོག་འཕྲོག་བཅོམ་དང་གཏོར་བརླག་གཏོང་བཞིན་པའི་གནས་ཚུལ་ཙམ་འགྲེལ་བཤད་རྒྱབ་ན། དུས་རབས་གསར་བའི་འགྲོས་དང་བསྟུན་ནས་སྨན་ལྗོངས་འདི་འང་སྔར་དང་མི་འདྲ་བར་ཉམས་རྒུད་དུ་ཕྱིན་ཡོད་པ། ཐོས་བ་ཙམ་གྱི་སེམས་ལ་ལྕགས་གསིར་བྱས་པ་དང་འདྲ་བའི་ན་ཟུག་སྐྱེས་ལ། མཐོང་བ་ཙམ་གྱི་མིག་ལ་ཚེར་མས་བརྩེགས་པ་ལྟ་བུའི་མིག་ཆུ་དབང་མེད་དུ་ཤོར་འགྲོ་བ། དེ་ཡང་འདྲ་པར་ཞིག་གི་ངོ་བོ་ལས་ང་ཚོས་རྙེད་ཐུབ་པ་ནི་སྐྱ་ཐང་ངེར་གནས་བའི་བྲག་རི་ཡིན་ལ།དེ་ནི་ཡུལ་ལྗོངས་འདི་མེ་ལ་ཚུགས་པ་ལྟ་བུའི་སྣང་བ་སྟེར་བ། ལྷུང་ལྷུང་དུ་འབབ་པའི་རྨ་ཀླུང་སྔོན་མོ་བཞུར་རྒྱུན་བཀག་པ་དེ་ཕར་བལྟས་ཚོད་ལ་ཆུ་ལོག་གིས་རང་བྱུང་ཁམས་སྣུབ་པ་ལྟ་བུའི་འཇིགས་སྣང་ཞིག་མངོན། རྒྱ་དམར་གྱིས་ཡུལ་ཚོ་འདིའི་མི་མང་ལ་རང་དབང་དང་མཛེས་སྡུག་བདག་སྐྱོང་སོགས་ཀྱི་གོ་གནས་ཅི་ཡང་མ་སྤྲད་པས་ཁོང་ཚོའི་སེམས་པ་འཚུབ་ཆ་དང་ཟང་ཟིང་ཁྲོད་འཚོ་དགོས་ཏེ། འགྲོ་སའི་ལམ་བཀག་པ་དང་འདུག་སའི་ས་འཕྲོག་པ་སོགས་ཀྱི་ཡུལ་ཚོ་འདི་རེ་རེ་བཞིན་ཡུལ་སྤོར་བྱེད་དགོས་བའི་བཙན་གནོན་འོག་གྲོང་ཚོ་མང་པོ་ས་སྟོང་གང་སར་བཀྲམ། དེ་བཞིན་ལག་གི་ཕོར་བ་འཕྲོག་པ་ལྟར་ཞིང་སར་ཚེར་མ་འདེབས་འཛུགས་བྱེད་པ་སོགས་ཀྱིས་ལོ་རེའི་འབྲུ་རིགས་ཀྱི་འབབ་སྒོ་ཇེ་ཉུང་ཏུ་སོང་ཡོད་ལ། མཛེས་མའི་དབུ་སྐྲ་བྲེགས་པ་ལྟར་ནགས་ཚལ་སྟུག་པོ་གང་འདོད་དུ་བཅད་ཏེ་སྐྱ་ཐིང་ངེར་གནས་བ། དུས་རབས་ཉེར་གཅིག་པའི་ནང་ནུབ་ཕྱོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས་བ་དང་། ཁམས་རྭ་ཞེས་པའི་ཡུལ་གྲུ་འདིར་(རྒྱལ་སྤྱིའི་ནགས་ཚལ་སྤྱི་གླིང་)ཞེས་པའི་མིང་ཞིག་བཏགས་ཏེ། རྒྱ་རིགས་མི་མང་ཡུལ་སྐོར་སྤྲོ་འཆམ་བྱེད་པ། དེ་བཞིན་ཡུལ་གྲུ་འདིའི་མི་མང་གི་འགྲིམ་འགྲུལ་སྟབས་བདེ་བཟོས་པ་ཡིན་ཞེས་ཚིག་མཚོན་རྫུན་མའི་འོག་སྔོ་ལྗང་གི་སྤང་རི་སྔོགས་ཏེ་ལམ་ཁ་བཟོས་བ། མ་ཚད་གཏེར་ཁ་སྔོགས་འདོན་བྱས་པ་བཅས་ཀྱི་གཉའ་གནོན་འོག་མི་ལོ་རེ་རེ་བཞིན་འདས་ཀྱིན་ཡོད།

རང་བྱུང་དང་མཛེས་སྡུག་གི་གྲུབ་པའི་ཡུལ་གྲུ་འདིའི་ངོ་མཚར་བའི་བཀོད་པ་མང་པོ་ཀླུ་ཡུལ་ལ་འདྲེན་པ་བཞིན་ས་ཡི་དཔལ་དང་ཆུ་ཡི་སྟོབས་ཀྱང་ཉམས་ཏེ་བག་འཁུམས་སྒྱིད་ལུག་གི་རྒད་པོ་མགོ་དཀར་ཞིག་དང་འདྲ་ནའང་། འདི་ནི་ཡུལ་མི་ཚོའི་ལེ་ལོ་དང་སྒྱིད་ལུག་གིས་དོར་བ་མིན་ལ། སྣོད་བཅུད་ཀྱི་ཟས་སུ་བརྗེ་བའང་ག་ལ་ཡིན་ཏེ། འདི་ནི་རྒྱ་དམར་བོས་དུས་རབས་གསར་བའི་འཕེལ་རྒྱས་ཀྱི་བཀོད་པ་ཞེས་པའི་གཡོ་སྒྱུའི་འོག་གློག་འོད་དང་། ཁང་བརྩེགས། གྲོང་ཁྱེར་སོགས་ཀྱི་ས་ཆ་དང་ཁ་དབུགས་གཙང་སར་རྒྱ་མི་ཚོ་རང་ཉིད་ལ་གཞི་ཁྱིམ་གསར་བ་ཞིག་བསྐྲུན་ཏེ་ས་ཁོངས་འདིའི་རང་བྱུང་གི་སྣོད་བཅུད་མེད་པར་བཟོ་བ་དང་། བོད་ཀྱི་སྲོལ་རྒྱུན་རིག་གནས་གཏོར་བརླག་གཏོང་བའི་ངན་ཇུས་ཞིག་ཡིན་པའང་ཀུན་གྱི་མཁྱེན་གསལ་རེད།
ཆར་བ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ཀྱི་དཔེ་བཞིན་རྒྱ་ནག་གཞུང་ལ་བོད་ཡུལ་འཕྲོག་ཐུབ་པ་དེས་ཁོང་ཚོའི་རང་གི་ལྟོ་བ་མ་འགྲེང་བའི་ཡུལ་མི་གསོ་བྱེད་ཀྱི་གནས་ཡུལ་ངེས་ཅན་ཞིག་རག་ཏེ་འདི་ཁོང་ཚོའི་ལག་ཆ་ཡག་པོ་ཞིག་ཏུ་གྲུབ་ཡོད་ལ། གྲོང་ཚོ་འདིར་གནོད་པའི་སྒྲིག་ཁྲིམས་མང་པོ་ཞིག་གཏན་ལ་ཕབ་ཏེ་བག་ཡོད་ཚུལ་མཐུན་མ་བྱས་ན། རིན་ཆེན་སྲོག་ལ་ཐར་བ་མེད་ཞེས་པའི་མདེའུ་འོག་མི་རབས་རེ་རེ་རྫོགས་ལ་ཉེ།

དེ་ལྟར་གནའ་བོའི་དུས་སུ་ང་ཚོའི་མིག་འབྲས་བཞིན་བདག་སྐྱོང་བྱས་པའི་རང་བྱུང་ཁམས་འདི་རྒྱ་དམར་གྱིས་ཁོར་ཡུག་སྲུང་སྐྱོབ་དང་མི་རིགས་འཕེལ་རྒྱས་ལ་ཁ་གཡར་ཏེ་ས་རྐོ་རྡོ་སློག་དང་། རྩི་ཤིང་གཅོད་འབྲེག སེམས་ཅན་དམར་གསོད་སོགས་ཀྱི་ལས་ཀུན་ཉར་ཏེ་ཁ་དཔེ་ལ་མཐོ་རི་དྭགས་ཉེས་མེད་ལ་ཐོད་མདའ་རྒྱག་པ། དམའ་ཉྭ་མོ་ཉེས་མེད་ལ་ལྕགས་ཀྱུ་འཕང་བ་ཞེས་པ་བཞིན་ཉམ་ཆུང་གི་འགྲོ་བ་འདི་ཚོ་དོན་མེད་ལ་འཛིན་བཟུང་བྱེད་པ་དང་དམར་གསོད་བྱས་ཏེ་རྫོགས་ལ་ཉེ། སེམས་པ་ཁ་བ་ལྟར་དཀར་ལ་སྤྱོད་པ་ཁ་བཏགས་བཞིན་གཙང་བའི་བོད་མི་རིགས་ཀྱི་རྒྱུད་ལ་ཐུན་མིན་ལྷན་སྐྱེས་ཀྱི་བྱམས་སྙིང་རྗེ་ཆེན་པོ་མངའ་བ་ལྟར་ཁ་བ་རི་བོའི་འཇིག་རྟེན་གྱི་གཟི་བརྗིད་ལེགས་ན་ཡང་གཞན་གྱི་རིམ་གྲོ་ལྟ་བུ་ཆགས་ཏེ་ཚར་ལ་ཉེ་བའི་སྐབས་འདིར། བྱམས་ལྡན་གྱི་མི་རིགས་འདིའི་རྫོགས་བཞིན་པའི་ཕ་ཡུལ་དེར་ལྟ་བཞིན་ལག་ཏུ་ཕྲེང་བ་ཞིག་འདྲེན་ཤོར་ཚིལ་དྲགས་ཆགས་པའི་ཕུ་ཐུང་དེའི་མིག་ཆུ་འབྱིན་རྒྱུ་ལས་ཐབས་ཟད། འདི་ལྟར་སྔ་རབས་བྱུང་བ་དོན་དང་ལྡན་པའི་ཡུལ་ལྗོངས་ཀྱི་བཀོད་པ་དང་། སྲིད་འབྱོར་རིགས་གསུམ་དར་པའི་ཡུལ་མི་ཚོའི་ལོ་ངོ་དུ་མར་དཀའ་སྡུག་དང་དྲག་གནོན་གྱི་འཚོ་བ་འོག ད་ནི་རང་དབང་གི་བར་སྣང་དུ་གཤོག་རྩལ་མངོན་མ་ཐུབ་པའི་བྱ་གླག་ཞིག་དང་མཚུངས་བར་དགུང་ནམ་འཕང་བསྟད་འདོད་ཀྱི་འདུན་པ་དྲག་ཏུ་འཕྱོ་བའི་ངང་ཚུལ་ཞིག་མཐོང་ཡོང་བ་ཕྱིར་རྒྱ་གཞུང་ལ་ངོ་རྒོལ་བྱེད་སྟངས་ལས་མངོན་ཐུབ།

རྒྱ་ནག་གི་གཡོ་སྒྱུའི་ཅན་གྱི་སྲིད་ཇུས་འོག་མི་མང་གི་འཚོ་བར་སྔར་བྱུང་མ་མྱོང་བའི་དཀའ་སྡུག་མང་པོ་འཕྲད་ཀྱིན་པ་ཡུལ་ཚོ་འདིར་གཅིག་པུ་མ་ཡིན་པར་བོད་གངས་ཅན་གྱི་ལྗོངས་ཡོངས་སུ་ཡོད་པ་ཚང་མས་ཤེས་གསལ་ལྟར་རེད་ལ། ལྷག་པར་དུ་འདྲ་པར་ཐོག་གི་ཕ་ཡུལ་གྱི་རྣམ་པ་དེ་མཐོང་རྗེས་ཡུད་ཙམ་ལ་འདང་རྒྱག་ཞིག་གི་ནང་དུ་ལྷུང་ཏེ་ཐོག་དང་པོ་འཇིག་རྟེན་འདིར་གོམ་པ་སྤོ་སའི་ཕ་ཡུལ་འདི་ལྟར་འཇིགས་སོང་སྙམ་པའི་གདུང་བ་ཞིག་གི་སྡུག་བསྔལ་ཕོད་སའི་ཕྲེང་བ་འདི་སྤེལ་བ་ཡིན། ཡིན་ཡང་། མཛེས་སྡུག་རྫོགས་སོང་། ཕ་ཡུལ་འཇིགས་སོང་་་་་་་་་་་་་་་་་་་་་་་་་
།

སྣ་ཚོགས།

Post navigation

Previous Post: རྣམ་གྲྭ་སྒྲ་བརྙན་སྡེ་ཚན།
Next Post: ཕ་ཡུལ་དུ་ལོག་འགྲོ།

Comments (11) on “འཇིགས་ལ་ཉེ་བའི་ཕ་ཡུལ་གཅན་ཚའི་མཛེས་ལྗོངས།”

  1. ཇ་མ་ says:
    2012-04-26 at 11:20 am

    ཡིད་དུ་མི་འོངས་པ་མཐོང་ན་མི་འདོད་པའི་ས་ཆ་ཡིད་སྐྱོ་བ་ཞིག་འདུག ཁོ་རེ།

  2. སྟག་ལྷ་འབུམ says:
    2012-04-26 at 12:40 pm

    འཇིགས་ལ་ཉེ་བ་དང་མཛེས་ལྗོངས་གཉིས་ར་སུག་ལུག་སྦྱར་ལྟ་བུ་རེད།

  3. ཨ་རིག་དགེ་མཐོང་། says:
    2012-04-26 at 12:57 pm

    མཛེས་སྡུག་ལྡན་པའི་ཁྱེད་ཀྱི་ཕ་ཡུལ་དེ་སྙན་མོ་ངག་གི་ཕྲེང་བར་བརྒྱུས་ཏེ་ཀློག་པ་པོའི་སྤྱན་ལམ་དུ་བསྟར་བ་ལེགས། ཞིབ་བཀླགས་ཟིན། མགོ་ནས་ཐོག་མར་ཀློག་དུས་ཕ་ཡུལ་གྱི་རྒད་པོ་ཁ་བདེ་ཞིག་གིས་བཤད་པ་དང་མཚུངས་ས་འདུག མཐར་རྫོགས་ལ་ཉེ་སྐབས་ཆབ་སྲིད་པ་ཞིག་གིས་སྐད་ཆ་བཤད་སྟངས་དང་འདྲ་ས་མང་ངོ་། ། ཀུ་རེ། ཡག་པོ་འཁྱོངས་འདུག

  4. དཔལ་སྟུག says:
    2012-04-26 at 2:09 pm

    པར་དེ་དག་ལ་མཛེས་ལྗོངས་ཞེས་བརྗོད་ན་འོས་འཚམས་ཁྱོན་ནས་མི་འདུག་དེ་ལས་སྟེ་ཡུལ་ལྗོངས་ཞེས་བྲིས་ན་ལེགས་པར་སྙམ་སྟེ་འདྲ་པར་འདིའི་སྟེང་གི་རི་འདི་དག་ལ་རྩ་སྐྱེས་མེད་པས་ལྟོས་པ་ ཙམ་གྱིས་ཡིད་འཕྲོག་པ་གང་ཡང་མེད་པས་སོ།།

  5. སྲིན་པོ་རྫ་རྒན། says:
    2012-04-26 at 2:33 pm

    ལོ་གཉིས་ཀྱི་གོང་ལ་ཕ་ཡུལ་དུ་སོང་ནས། སྲིན་པོ་རྫ་རྒན་གྱི་འདབས་ནས་ཁམས་ར་སྤྱི་གླིང་བར་འགྲུལ་བཞུད་ཐེངས་གཅིག་བྱས་པའི་ལམ་བར་ནས་འཇིགས་སུ་རུང་བ་མང་པོ་ཞིག་དང་། ཕ་ཡུལ་གྱི་མི་ཚོའི་གླེང་སྟངས་འཇིགས་སུ་རུང་བ་མང་པོ་ཞིག་ཐོས། གཅན་ཡུ་མོ་ཁྱེད་རང་རྩོམ་པ་པོ་ཞིག་ཡིན་པ་འདྲ་བས། མུ་མཐུད་ནས་ཕ་ཡུལ་སྐོར་གླེང་རོགས། ཡིན་ནའང་། ང་ཚོ་གཅན་ཚ་བ་ཚོར་ཡིག་ནོར་འབྲི་བའི་སྐྱོན་ཞིག་འདུག འདི་ཡང་འཇིགས་སུ་རུང་བ་ཞིག་རེད། ང་ཚོ་༼ཕ་དང་ཨ་ཁུའི་མཛད་རྗེས་རྡོ་ལ་བརྐོ་ས།༽ནས་ཡོང་བ་རེད། དེ་བརྗེད་མི་འོས།

    གཅན་ཚ་བ་སྲིན་པོ་རྫ་རྒན་ནས།

  6. གཞོན་ནུ་ཟླ་མེད། says:
    2012-04-26 at 9:13 pm

    འ་ལ་ལ་ལ། ད་ཡིན་ན་གཅན་ཚའི་ལས་བྱེད་པ་ཚང་མ་འཁོར་གི་འཁོར་གི་ཐོན་བསྡད་ཡོད་ཀི སོ་ཡི་སྟེང་དུ་དུད་དྲེག་ཙིག་ཆགས་ནས་བསྡད་ཡོད་ནོ་འདི། ས་ཆ་དེའི་སྟེང་ན་རི་ལ་རྩྭ་མེད་འདྲེ་མོ་གཅེར་ལངས། ཆུ་ལ་ཉྭ་མེད་ཡུག་མོའི་སྐྲ་ཤད། མི་ལ་རྐང་མེད་གླེན་པ་ཁ་ནག ད་དུང་སྔོན་ཆད་སྔོན་ཐོན་མང་བོས་ལྷ་ཁང་གཤིག་ས། ད་ལྟ་སྔོན་ཐོན་མང་པོས་དད་པ་གཤིག་ས། ས་ཆ་འདི་ལྟ་བུ་ལ་སློབ་དཔོན་རིན་པོ་ཆེ་ཕེབས་རུང་རབ་གནས་མ་བྱས། མཁས་པ་མི་གསུམ་བཞུགས་རུང་བྱིན་གྱིས་མ་བརླབས། བོད་རྒྱལ་ཨ་དུམ་བཙན་གསོད་པའི་དམེ་བོ། ལྷ་ལུང་དཔལ་རྡོར་གྱིས་དམེ་གྲུབ་ཕོག་ས། དེ་སོགས་མང་པོ་ཡོད་ན་ཡང་མང་པོ་མི་བཤད་ཡ།

  7. རུ་ཤུལ་བུ་ says:
    2012-04-26 at 11:49 pm

    ཁ་མང་བླུན་པོ་རིགས་ལ་མཁས་པ་མི་ཟེར།།
    ཕ་གསོད་ལག་དམར་རིགས་ལ་དཔའ་པོ་མི་ཟེར།།
    མདོ་མེད་འཕྱོན་མའི་རིགས་ལ་མཛངས་མ་མི་ཟེར།།
    རྩྭ་མེད་མྱ་ངམ་ཐང་ལ་མཛེས་ལྗོངས་མི་ཟེར།།

  8. ལུང་རྟོགས། says:
    2012-04-26 at 11:50 pm

    ད་ཡིན་ན་སྲིན་པོ་རྫ་རྒན་ཡང་རྒྱ་ནག་གི་བཙན་གནོན་མ་བཟོད་པར་བཙན་བྱོལ་ལ་སླེབས་འདུག མི་ལ་ཁག་ཅི་ཡོད།

  9. ཐུབ་པ། says:
    2012-04-27 at 12:42 am

    མཛེས་སྡུག་ལྡན་པའི་ཁྱེད་ཀྱི་ཕ་ཡུལ་དེ་སྙན་མོ་ངག་གི་ཕྲེང་བར་བརྒྱུས་ཏེ་ཀློག་པ་པོའི་སྤྱན་ལམ་དུ་བསྟར་བ་ལེགས། ཞིབ་བཀླགས་ཟིན། མགོ་ནས་ཐོག་མར་ཀློག་དུས་ཕ་ཡུལ་གྱི་རྒད་པོ་ཁ་བདེ་ཞིག་གིས་བཤད་པ་དང་མཚུངས་ས་འདུག མཐར་རྫོགས་ལ་ཉེ་སྐབས་ཆབ་སྲིད་པ་ཞིག་གིས་སྐད་ཆ་བཤད་སྟངས་དང་འདྲ་ས་མང་ངོ་། ། ཀུ་རེ། ཡག་པོ་འཁྱོངས་འདུག
    དེ་རེད

  10. ཨ་རིག་དགེ་མཐོང་། says:
    2012-04-27 at 8:10 am

    མཛེས་ལྡན་ན་མེ་ཏོག་སྐྱེ་དགོས་པ་གང་ནས་ཤེས།

  11. མཁན་པོ་ཉི་མ། says:
    2012-04-27 at 12:37 pm

    སྟོད་ར་ལུང་བ་གང་འཐེན་འདུག མ་གཞི་གཅན་ཚའི་མོ་འདི་ཚོ་འུར་བཤད་རྒྱག་པར་ཅུང་ཟད་དགའ་བོ་ཡོད། འདིར་གཅན་སྣང་བ་ཟེར་བའི་ཕོ་སར་ཞིག་ཡོད། འུར་ཞིག་བརྒྱངས་དུས་གནམ་ས་མགོ་སྟིང་སློག་ལ་ཁད་ཅིག་བཤད་རྒྱུ་ཡོད།

    དེ་མིན་ས་ཆར་གནོན་ཤུགས་ཕོག་པར་གདུང་སེམས་ཡོད་དོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme