Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཇིགས་མེད་བློ་གྲོས་སྔོན་མས་གསལ་བཤད།

Posted on 2013-09-152013-09-15 By ཁ་བརྡ་ 17 Comments on འཇིགས་མེད་བློ་གྲོས་སྔོན་མས་གསལ་བཤད།

སློབ་དཔོན་སྣ་ཚོགས་གཟུགས་ཅན།

ཁོ་བོ་རྩོམ་རིག་གི་ལམ་ལ་ཞུགས་ནས་ཧ་ལམ་ལོ་བཅོ་བརྒྱད་ལྷག་ཙམ་འགོར་ཟིན། བོད་དུ་སྡོད་སྐབས་སྦྲང་ཆར་དང་མཚོ་སྔོན་སློབ་གསོ་སོགས་ཀྱི་ཐོག་ཏུ་རྩོམ་ཡིག་མང་པོ་སྤེལ་མྱོང་བར་མ་ཟད། མཚོ་སྔོན་སློབ་གསོ་ཚང་གིས་ངས་བྲིས་པའི་དག་ཡིག་སྟོང་ཐུབ་སྤར་བཅང་མ་དམིགས་བསལ་གྱི་ལེ་ཚན་བྱས་ནས་པར་སྐྲུན་བྱེད་མྱོང་བས། འཇིགས་མེད་བློ་གྲོས་ཟེར་བའི་རྩོམ་འབྲི་མཁན་ཞིག་ཡོད་པ་མི་མང་པོས་ཤེས་ཡོད། དེ་ནས་རྒྱ་གར་དུ་སླེབས་རྗེས་རྩོམ་པ་པོ་གང་མང་ཞིག་གིས་བྲིས་པའི་དེབ་རྣམས་སོ་སོས་པར་སྐྲུན་བྱེད་པ་ལས་གཞུང་གིས་པར་སྐྲུན་མི་གནང་ཡང་། ངས་བྲིས་པའི་དེབ་རྣམས་བོད་གཞུང་ཆོས་རིག་དང་། ཤེས་རིག སྤྱི་དྲིལ་བཅས་ཀྱི་གཞུང་འབྲེལ་གྱིས་པར་སྐྲུན་གནང་བར་མ་ཟད་དེབ་དེ་དག་གི་མགོར་སྤྲོ་སེམས་འཁོལ་འོས་པའི་གླེང་བརྗོད་བྲིས་ཡོད་པ་དང་། རྒྱ་བལ་འབྲུག་གསུམ་གྱི་སློབ་གྲྭ་ཁག་དང་ཆོས་བརྒྱུད་རིས་མེད་ཀྱི་དགོན་པ་ཁག་ལ་གཞུང་འབྲེལ་གྱིས་འགྲེམ་སྤེལ་ཞུས་ཡོད་ཅིང་། དེ་དག་ཐམས་ཅད་འཇིགས་མེད་བློ་གྲོས་ཞེས་པའི་མིང་ཐོག་ཏུ་ཡོད།

དེ་ཙམ་དུ་མ་ཟད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཡང་ཡིག་ངག་གཉིས་ཐོག་ནས་རེ་བ་རྩ་བ་ནས་ཞུ་མྱོང་མེད་ཀྱང་། ཁོང་སྐུ་སྒེར་གྱི་ངོས་ནས་ང་ལ་ཕྱག་ཡིག་གནང་སྟེ། བསྟན་པ་ལ་དད་པ་དང་ཐོས་པའི་སྟོབས་དགེ་བ་འཇིགས་མེད་བློ་གྲོས་ཞེས་གཟེངས་བསྟོད་གནང་ཡོད་པར་མ་ཟད། ངས་བྲིས་པའི་རྩོམ་རྣམས་ལ་ལེགས་ཚོགས་ཆེ་ཚུལ་གྱི་བསྔགས་བརྗོད་ཀྱང་གནང་ཡོད། ད་དུང་དུས་དེབ་དང་ཚགས་ཤོག་སོགས་ཀྱི་སྟེང་དུ་འཇིགས་མེད་བློ་གྲོས་ཀྱི་མིང་ཐོག་ནས་སྤེལ་བའི་རྩོམ་རྣམས་འདིར་གླེང་དགོས་ཀྱང་གླེང་མི་ཚར་བ་ཙམ་ཞིག་ཡོད།
འོན་ཀྱང་སྟབས་ཅུང་མ་བདེ་བ་ཞིག་ལ། ཕྱིས་སུ་འཇིགས་མེད་བློ་གྲོས་ཞུ་བའི་རྩོམ་པ་པོ་གཞན་ཞིག་བྱུང་ཞིང་། ཁོང་གིས་བྲིས་པ་རྣམས་ཀྱང་འཇིགས་མེད་བློ་གྲོས་ཞུ་བའི་མིང་ཐོག་ནས་སྤེལ་མགོ་བཙུགས་སོང་། ཁོང་ལ་ཡང་ཅི་ཁག་སྟེ་ཁོང་གི་མཚན་ལ་ཡང་འཇིགས་མེད་བློ་གྲོས་ཞུ་བས་རེད།

འོན་ཀྱང་འཇིགས་མེད་བློ་གྲོས་ཟེར་བའི་མིང་འདི་རྩོམ་ཡིག་གི་ཐོག་ལ་བེད་སྤྱོད་བྱས་པ་ཁོང་ལས་ང་སྔ་བས་ཁོང་གིས་གང་བྲིས་པ་རྣམས་མི་མང་པོ་ཞིག་གིས་ངས་བྲིས་པ་ཡིན་པར་གཞིར་བཞག་བྱེད་ཀྱིན་འདུག ལོ་གཅིག་གི་སྔོན་ཙམ་དུ་ངས་ཁོང་ལ་དེ་ལུགས་ཞུས་པར་བརྟེན། ཁོང་གིས་རྗེས་སོར་ཁོང་གི་མཚན་ལ་རིག་སློབ་འཇིགས་མེད་བློ་གྲོས་ཞེས་བཀོལ་རྒྱུ་ཡིན་གསུངས་སོང་ཡང་། དེང་སང་ཡང་འཇིགས་མེད་བློ་གྲོས་རྐྱང་པ་བཀོལ་གྱིན་ཡོད་འདུག
འདིར་གསལ་བོར་བཤད་དགོས་པ་ཞིག་ལ། སྐུ་ཞབས་ཁོང་ནི་ཤེས་ཡོན་གཏིང་ཟབ་ལ་སྨྱུག་རྩལ་ཀྱང་ཧ་ཅང་ཡག་པོ་ཡོད་མཁན་ཞིག་རེད་འདུག་པས། ཁོང་གིས་བྲིས་པ་རྣམས་མི་གཞན་གྱིས་ངས་བྲིས་པ་ཡིན་པར་བསམ་ན་དེས་ངའི་སྣང་བརྙན་བཟང་དུ་འགྲོ་བ་མ་གཏོགས་ངན་དུ་འགྲོ་བར་མི་འདུག་ཀྱང་། མི་རེ་རེ་ལ་དམིགས་ཡུལ་དང་ལྟ་བ་མ་འདྲ་ཡོད་པས་སྟབས་མི་བདེ་ས་ཤིན་ཏུ་མང་། ང་རྡ་རམ་ས་ལར་སྡོད་སྐབས། ཐེངས་ཤིག་སྐུ་ཞབས་ཁོང་གིས་ཚགས་ཤོག་ཅིག་གི་ཐོག པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་སྐབས་བོད་ཀྱི་བུད་མེད་ཚོགས་པའི་འཕྲེད་དར་ལ་ཡིག་ནོར་ཚབས་ཆེན་ཡོད་ཚུལ་གྱི་རྩོམ་ཡིག་ཅིག་བྲིས་འདུག་སྟབས། ངའི་ཕ་ཡུལ་གཅིག་པ་ཞིག་གི་ངོ་ཤེས་བུད་མེད་ཚོགས་པའི་རྒན་མོ་ཞིག་གིས་ང་ལ་གཤེ་གཤེ་བཏང་།

རྒན་མོ་དེས་ང་ལ་ཁྱོད་དེ་འདྲ་ལྷག་བསམ་ཅན་ཞིག་ཡིན་ན་ང་ཚོའི་གདོང་ལ་ལབ་ནས་བཟོ་བཅོས་བྱེད་རོགས་གནང་དགོས་པ་ལས་ཚགས་པར་ཐོག་ཁྱབ་བསྒྲགས་བྱས་ན་ག་རེ་བྱེད་དམ། དགྲ་གཉེན་སྡུག་གི་ལས་ཀ་རེད་ཟེར། ངས་གསལ་བཤད་བྱས་ཀྱང་རྣ་བ་གཡར་རོགས་བྱས་མ་སོང་། ཐ་ན་ངའི་ཕ་ཡུལ་གཅིག་པའི་མི་དེས་ཀྱང་ངས་རྫུན་བཤད་སོང་བར་ཡིད་ཆེས་བྱེད་ཀྱི་འདུག འདི་ཐེངས་དང་པོ་རེད།

ཐེངས་གཉིས་པ་དེ་འདི་ལོའི་ལོ་མགོ་ཞིག་ལ་ཡོ་རོབ་ཏུ་གནས་སྡོད་བོད་མི་ཞིག་གིས་ངའི་ངོ་དེབ་རྙིང་པའི་ནང་ཡི་གེ་ཞིག་བཏང་ནས། ཁྱོད་ཀྱི་ཁ་བརྡའི་ནང་མཆན་བྲིས་ནས་རྙོག་དྲ་བཟོས་ཚུལ་མང་པོ་ལབ་སོང་།
ངས་ང་མིན་བྱས་ཀྱང་འཇིགས་མེད་བློ་གྲོས་ཟེར་བ་ཁྱོད་ཡིན་པ་མི་ཤེས་མཁན་ཞིག་ཨེ་ཡོད་ཟེར་ནས་ཚིག་ངན་བེད་སྤྱོད་བཏང་། དེའི་སྙིང་ནད་ཀྱིས་ངོ་དེབ་གཞན་པ་ཞིག་གི་ཐོག་ཏུ་(profile picture)ངའི་པར་བཀོལ་ནས་ངོ་དེབ་དེའི་བདག་པོ་ང་ཡིན་མདོག་དང་། ང་དོལ་ཚོགས་ཀྱི་ཁོངས་མི་ཡིད་མདོག་བྱས་ནས་དྲ་གྲོགས་མང་པོ་ཞིག་ལ་རྐང་བཙུགས་ནས་དྲ་འཛིང་བྱས་འདུག

ཐེངས་གསུམ་པ་ནི། ཉིན་ཤས་སྔོན་ཀླུ་སྨྱོན་རྩོམ་རིག་བྱ་དགའ་ཐེངས་གསུམ་པའི་ཁྱབ་བསྒྲགས་ཁ་བརྡའི་ནང་སླེབས་སྐབས། དེ་རང་ཡང་མཆན་ཞབས་པ་ཞིག་གིས་འཇིགས་མེད་བློ་གྲོས་ཀྱིས་ཁོ་རང་ལ་ཐོབ་མྱོང་བའི་རྩོམ་རིག་བྱ་དགའ་དེའི་རིན་ཐང་ཆེ་རུ་གཏོང་ཆེད། འདི་ལོར་བྱ་དགའ་དེ་འབྲི་གུང་ཆེ་ཚང་ལ་ཕུལ་དགོས་པར་བཤད་ཀྱི་འདུག་ཅེས་སོགས་ཡང་བསྐྱར་དོན་ལ་མི་གནས་པའི་བཀའ་བཀྱོན་གནང་གིན་འདུག
དེར་བརྟེན་རྒྱལ་ཕྱི་ནང་གང་སར་བཞུགས་པའི་ངའི་རྩོམ་ཡིག་ཀློག་མྱོང་མཁན་དང་ང་ངོ་ཤེས་མཁན་ཚོར་གསལ་བོར་ཞུ་རྒྱུ་ཞིག་ལ། ཕྱིན་ཆད་ང་རང་གིས་གང་བྲིས་པ་རྣམས་ཀྱི་མཇུག་དུ་སློབ་དཔོན་སྣ་ཚོགས་གཟུགས་ཅན་ཟེར་བའི་མིང་འདི་ཁོ་ན་བཀོལ་བ་ལས་འཇིགས་མེད་བློ་གྲོས་ཞེས་པའི་མིང་འདི་གཏན་ནས་བཀོལ་རྒྱུ་མིན་ལ། སྔོན་གྱི་དེབ་རྙིང་དང་རྩོམ་རྙིང་རྣམས་ཀྱང་ཕྱིས་སུ་བསྐྱར་པར་བྱེད་སྐབས་རྩོམ་པ་པོའི་མིང་བརྗེ་རྒྱུ་ཡིན། འཇིགས་མེད་བློ་གྲོས་ཟེར་བ་གཞན་རེ་ཡོད་ན་མི་ཤེས་མ་གཏོགས་ངའི་ངོས་ནས་འཇིགས་མེད་བློ་གྲོས་ཟེར་བའི་མིང་འདི་ད་ནས་བཟུང་སྐུ་ཞབས་ཁོང་གཅིག་པོ་ལ་གཏན་དུ་དབང་བ་ཡིན་ཞེས་ཞུ་རྒྱུ་ཡིན།

དེ་མཚུངས་ཁ་བརྡ་དང་། དུས་བབ། བང་ཆེན། སེང་རྡོར་དྲ་བ་སོགས་བོད་ཕྱི་ནང་གི་བོད་ཡིག་དྲ་ཚིགས་མང་པོ་ལ་རྒྱུན་དུ་ལྟ་ཀློག་བྱེད་ཀྱིན་ཡོད། རེད་དེ་ཆགས་སྡང་དང་འཁོན་འཛིང་གི་རྒྱུ་མ་གཏོགས་མི་འདུག་པས་མཆན་བཟང་ངན་ཡག་སྡུག་གང་ཡང་གཏན་ནས་འབྲི་གིན་མེད་ལ། མ་འོངས་པར་ཡང་ང་རང་གི་ངོ་དེབ་དང་ང་རང་ལ་དབང་བའི་དྲ་རྒྱའི་ཐོག་མ་གཏོགས། བོད་ཕྱི་ནང་གི་དྲ་ཚིགས་གཞན་པ་གང་གི་ཐོག་ཏུ་ཡང་ཇི་སྲིད་འཚོའི་བར་དུ་མཆན་གཏན་ནས་འབྲི་རྒྱུ་མིན་པས། དཔའ་རྟགས་དང་ཞབས་འདྲེན། རྙོག་དྲ་སོགས་བཟང་ངན་གང་བྱུང་ཡང་ང་དང་འབྲེལ་བ་རྩ་བ་ནས་མེད་ཅེས་ཞུ་རྒྱུ་ཡིན། དེ་བཞིན་ངས་སྨྱུག་གུ་ལག་པར་བཟུང་བ་ནས་བཟུང་དེ་རིང་གི་བར་དུ་རྒྱ་ནག་གཞུང་ལ་ཁ་རྡུང་ཅི་ཐུབ་ཅི་ནུས་བཏང་བ་མ་གཏོགས། ནང་ཁུལ་དུ་ཆོས་ཁ་དང་ཆོས་ལུགས་ལུང་ཚན་སོགས་ལ་རྙོག་དྲ་བཟོ་བྱེད་ཚིགས་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་ཡང་འབྲི་མ་མྱོང་སྟབས་ང་ལ་ནང་དགྲ་གང་ཡང་མེད།

འོན་ཀྱང་འཇིག་རྟེན་གྱི་ཁྲིམས་ལུགས་དང་ལས་རྒྱུ་འབྲས་ཀྱི་ཁྲིམས་ལུགས་གཉིས་ཆར་རྩ་བ་ནས་བརྩི་མི་དགོས་མཁན་འགའ་རེས། དགྲ་མ་ཐུབ་པའི་སྡུག་ཡུས་ཕ་རྒན་གྱི་ཐོག་ལ་བཀོལ་གྱིན་འདུག་ཀྱང་། དེ་ནི་དེང་སང་གི་བོད་མི་དྲ་ཐོག་པ་སྐོར་ཞིག་གི་གོམས་གཤིས་དང་ཀུན་སྤྱོད་ཀྱི་ཆ་ཤས་ཡིན་པ་ལས་ང་ལ་དགོས་སྡུག་མིན་པས་དེའི་ཕྱོགས་ལ་གང་ཡང་ཞུ་རྒྱུ་མེད། བཀྲ་ཤིས་ཞལ་དྲོ།

འཇིགས་མེད་བློ་གྲོས་སྔོན་མའམ་སློབ་དཔོན་སྣ་ཚོགས་གཟུགས་ཅན་གྱིས་ཕྱི་ལོ་༢༠༡༣ ཟླ་༩ ཚེས་༡༤ ལ་ཕུལ། ཡི་གེར་ཞུ་དག་བྱེད་ལོང་མ་བྱུང་བས་ཡིག་ནོར་མང་པོ་ཡོད་ངེས་ལ་དགོངས་པ་མ་ཚོམས་ཞུ་བ་ལགས།

གསལ་བསྒྲགས།

Post navigation

Previous Post: རོ་ལངས་བཏུལ་བ། ༼ཚན་པ་གཉིས་པ༽
Next Post: གཅོད་པ་གསུམ་གྱིས་གནོད་སྦྱིན་མོ་ཞིག་བཏུལ་བའི་སྒྲུང་།

Comments (17) on “འཇིགས་མེད་བློ་གྲོས་སྔོན་མས་གསལ་བཤད།”

  1. ས་སྒོ་བསམ་གཏན་སྒྲོལ་མ། says:
    2013-09-15 at 2:32 am

    ཁག་མི་འདུག་བསམ་བསམ་དྲན་སོང་།
    ཡག་པོ་བཤད་སོང་།
    ད་ཡིན་ན་ལམ་ཁ་དེ་མ་གཏོགས་མེད་པ་འདྲ།

  2. གསལ་གྲོལ། says:
    2013-09-15 at 3:01 am

    ༼དེ་བཞིན་ངས་སྨྱུག་གུ་ལག་པར་བཟུང་བ་ནས་བཟུང་དེ་རིང་གི་བར་དུ་རྒྱ་ནག་གཞུང་ལ་ཁ་རྡུང་ཅི་ཐུབ་ཅི་ནུས་བཏང་བ་མ་གཏོགས། ནང་ཁུལ་དུ་ཆོལ་ཁ་དང་ཆོས་ལུགས་ལུང་ཚན་སོགས་ལ་རྙོག་དྲ་བཟོ་བྱེད་ཚིགས་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་ཡང་འབྲི་མ་མྱོང་སྟབས་ང་ལ་ནང་དགྲ་གང་ཡང་མེད།༽ སྐད་ཆ་འདི་བློ་ལ་བབས་སོང་།

  3. འཇིགས་མེད་བློ་གྲོས། says:
    2013-09-15 at 3:25 am

    སློབ་དཔོན་སྣ་ཚོགས་གཟུགས་ཅན་ལགས་ནས་གསལ་བཤད་གནང་བ་ཐུགས་རྗེ་ཆེ། ངས་ཀྱང་ན་ནིང་ལོར་ཁ་བརྡ་དྲྭ་བའི་སྟེང་གསལ་བཤད་ཅིག་བྱས་ཡོད། འོན་ཀྱང་ཁྱེད་ནས་གཟིགས་ཁོམ་བྱུང་མེད་པ་འདྲ།

    སྐབས་དེ་དུས་ངས་གསལ་པོ་ཞུས་ཡོད། ཁྱེད་ནས་བར་སྐབས་སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ་མཚན་ཞུ་བའི་མཚན་ཐོག་ནས་ཁ་བརྡ་དྲ་བ་སོགས་སུ་རྩོམ་ཡིག་སྤེལ་བཞིན་འདུག་སྟབས། ངས་རང་མིང་གི་མགོར་གསལ་ཁ་གཏོད་དགོས་པའི་ཁྱད་ཚིག་དེ་འདྲ་མ་སྦྱར་ཡང་འགྲིག་གི་འདུག་ཅེས་ཞུས་ཡོད། རྩོམ་ཡིག་དེ་ན་ནིང་སྤྱི་ཟླ་དྲུག་པ་བདུན་པའི་གཡས་གཡོན་དུ་ཁ་བརྡ་དྲ་བའི་སྟེང་བཀོད་ཡོད་པས་ཁྱེད་ནས་ཅིག་གཟིགས་རོགས་ཞུ། འདིར་དྲ་ལམ་གྱི་རྒྱུ་བ་ཧ་ཅང་དལ་པོ་ཡིན་སྟབས་སྐྱར་འགོད་བྱ་ཐབས་མ་བྱུང་།

    ཁོ་བོ་སྤྱི་ལོ་ ༢༠༠༠ ལོ་དང་ ༢༠༠༨ སོ་སོར་༸གོང་ས་སྐྱབས་མགོན་ཆེན་པོའི་སྐུ་མདུན་ནས་དགེ་ཚུལ་དང་བསྙེན་རྫོགས་ཀྱི་སྡོམ་པ་རིམ་བཞིན་ཞུས་པའི་མིང་ལ་བསྟན་འཛིན་བཤད་སྒྲུབ་ཟེར་གྱི་ཡོད། འོན་ཀྱང་དེ་འབྲེལ་ཡོད་ཚོས་ཡོངས་ཁྱབ་ཀྱིས་འབོད་སྲོལ་མ་བྱུང་བ་རེད།

    འཇིགས་མེད་བློ་གྲོས་ཟེར་བའི་མིང་དེ་ང་རང་ལོ་ན་བཅུ་བཞིར་སོན་པ་སྤྱི་ལོ་༡༩༩༥ལོར་༸རྒྱལ་དབང་འབྲུག་པ་བཅུ་གཉིས་པའི་མདུན་སྐྲ་ཕུད་ཕུལ་ཏེ་རབ་བྱུང་གི་ཆས་གོས་ཐོག་མར་གོན་སྐབས་གནང་བའི་མིང་ཞིག་རེད། དེ་ནས་བཟུང་འབྲེལ་ཡོད་ཚོས་ཡོངས་གྲགས་སུ་འཇིགས་མེད་བློ་གྲོས་ཞེས་བོས་པ་རེད།
    འོན་ཀྱང་གསལ་པོར་དྲན་གསོས་པ་ཞིག་ལ། ད་ལྟ་བར་ཁ་བརྡ་དྲ་བའི་སྟེང་རྩོམ་ཡིག་དང་མཆན་སྤེལ་བའི་གོ་སྐབས་རེ་འགའ་བྱུང་བའི་ཁྲོད་རྒྱ་དགའ་བོད་སྡུག རང་གཞན་གཉིས་ཕུང་། རང་བསྟོད་གཞན་སྨོད་ཀྱི་རྩོམ་ཡིག་དང་མཆན་ཡིག་ཟེར་བ་ཡིག་འབྲུ་གཅིག་ཀྱང་བྲིས་མེད་ཅེས་སྐད་གསེང་མཐོན་པོས་ཞུ་བར་སྤོབས་པའི་མགོ་བོ་ཞུམ་དགོས་པ་གཏན་ནས་མེད་སྙམ། དེ་ཁ་བརྡ་དྲ་བའི་དྲ་དཔོན་རྣམ་པས་མཁྱེན་ཆུབ་ཡོད་ངེས།

    གོང་དུ་སློབ་དཔོན་སྣ་ཚོགས་གཟུགས་ཅན་གྱིས་བུད་མེད་ཚོགས་པའི་འཕྲེད་དར་གྱི་ཡིག་ནོར་སྐོར་རྩོམ་ཡིག་བྲིས་པའི་སྐོར་ཅིག་གསུངས་སོང་། ད་ལྟ་བར་རྡ་ས་རིགས་སློབ་ཏུ་བསྡད་པའི་ལོ་ངོ་བཅུ་བཞིའི་བརྒྱུད་རིམ་ཁྲོད་བུད་མེད་ཚོགས་པའི་འཕྲེད་དར་ལ་ཡིག་ནོར་ཡོད་པ་ཅིག་ཁོ་བོར་དོ་སྣང་གང་ཡང་མ་བྱུང་སྟབས་དེའི་སྐོར་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་ཅིག་འབྲི་མྱོང་མེད་ལགས། ད་ལྟ་བར་བྲིས་པའི་རྩོམ་ཡིག་རིང་ཐུང་ཉུང་ཤས་ཤིག་ཡོད་པ་ཁ་ཤས་དཔེ་དེབ་འགའ་ཞིག་ཏུ་འགོད་སྐབས་བྱུང་ཞིང་། རྩོམ་ཐུང་འགའ་ཞིག་དུས་བབ་དང་ཁ་བརྡ་དྲ་བ་གཉིས་སུ་སྤེལ་སྐབས་བྱུང་ཡོད་སྟབས་བུད་མེད་ཚོགས་པར་སྐྱོན་བརྗོད་བྱས་པའི་རྩོམ་ཡིག་ཅིག་ངས་བྲིས་ཡོད་མེད་དུས་བབ་དང་ཁ་བརྡའི་དྲ་དཔོན་ཚོས་མཁྱེན་རྟོགས་ཡོད་ངེས། དེ་ལས་གཞན་གྱི་དྲ་ཐོག་ཏུ་རྩོམ་ཡིག་འགོད་མྱོང་ཡོད་པ་དྲན་མི་གསོས། འཇིག་རྟེན་འདི་ཧ་ཅང་རྒྱ་ཆེན་པོ་ཡིན་སྟབས་ཁྱེད་དང་ང་གཉིས་མིན་པའི་ད་དུང་རྩོམ་པ་པོ་འཇིགས་མེད་བློ་གྲོས་ཟེར་བ་གཞན་ཞིག་ཀྱང་ཡོད་སྲིད་པས་དེ་དག་གིས་བྱས་པ་ཡིན་ཡང་སྲིད།

    དོལ་རྒྱལ་དང་དེའི་རྗེས་འབྲངས་ལ་ཕྱོགས་གཏོགས་དང་རྒྱབ་སྐྱོར་བྱེད་དགོས་པ་ཞིག་བསམ་བློའི་ནང་ལ་ཡང་མེད་སྟབས་དེ་ལ་དགའ་བ་དང་གུས་པ་ཕྱོགས་མཐུན་བྱེད་པའི་རྩོམ་ཡིག་ཟེར་བ་ཞིག་རྨི་ལམ་དུ་ཡང་བྲིས་པ་དྲན་གསོས་ཀྱི་མི་འདུག་ལགས། ལྷག་པར་རིགས་སློབ་པ་ཞིག་ཡིན་ན་རྒན་དམ་པ་བློ་བཟང་རྒྱ་མཚོའི་དངོས་བརྒྱུད་ཀྱི་རྗེས་འབྲངས་པ་ཞིག་མ་མཐའ་ཡང་ཡིན་དགོས་པས་རྒན་དམ་པའི་དགོངས་པ་རྫོགས་སྟངས་ལ་བསམ་བློ་བཏང་ན་དོལ་རྒྱལ་ལ་དགའ་གུས་རྒྱབ་སྐྱོར་ཡོད་པའི་རྩོམ་ཡིག་ཟེར་བ་ཞིག་ལས་འབྲས་ཁས་མི་ལེན་ཞིག་ཡིན་ན་མ་གཏོགས་ཕལ་ཆེར་འབྲི་མི་སྲིད་སྙམ།
    འདི་གསལ་བཤད་ཙམ་ཡིན། ཁྱེད་ནས་སྤྱི་ཚོགས་ནང་འཁྲུལ་གཞི་མི་འབྱུང་བའི་ཆེད་དུ་གསལ་བཤད་དང་སློབ་དཔོན་སྣ་ཚོགས་གཟུགས་ཅན་ཞེས་སུ་མཚན་སྒྱུར་གནང་བར་ཤིན་ཏུ་ལེགས། ངས་ཀྱང་རང་མིང་གི་འགོར་ཁྱད་ཚིག་ཅིག་སྣོན་དགོས་པའམ་ཡང་ན་མིང་སྒྱུར་ཅིག་བྱ་ཐུབ་མིན་ལྟ་རྒྱུ་ཡིན་ལགས།
    ཁྱེད་ནས་གསུངས་པའི་འབྲི་གུང་སྐྱབས་མགོན་ཆེན་པོར་རྩོམ་རིག་གི་བྱ་དགའ་ཕུལ་ན་ལེགས་པའི་བསམ་འཆར་ཤོད་མཁན་དེ་ནི་ཁོ་བོ་ཡིན།

  4. འཇིགས་མེད་བློ་གྲོས། says:
    2013-09-15 at 3:31 am

    ད་དུང་ཞུ་རྒྱུ་ཅིག་ལ། ད་བར་རང་མིང་བེད་སྤྱོད་ཀྱིས་རྩོམ་ཡིག་ཐབས་ཆག་འགའ་ཞིག་བྲིས་མོད། སུ་ལ་ཡང་འགྲན་བསྡོ་བ་དང་ཞེ་སྡང་བའི་བསམ་པས་མིན་ལ།

    ལྷག་པར་སློབ་དཔོན་སྣ་ཚོགས་གཟུགས་ཅན་ལགས་ཀྱི་རྣམ་དཔྱོད་ཕུལ་དུ་ཕྱིན་པའི་རྩོམ་ཡིག་ཁག་རང་གི་ཡིན་ཁུལ་བྱེད་པ་སོགས་ཅོལ་ཆུང་བྱས་པ་ཡང་མིན་ལགས།

  5. རྟ་བདུན་དབང་བོ says:
    2013-09-15 at 4:08 am

    འཇིགས་མེད་བློ་གྲོས་གཉིས་ཀའི་ཐུགས་གཤིས་དྲང་མོ་ཡིན་པར་མ་ཟད། སྙན་རྩོམ་ཀྱང་ལེགས་པོ་འདུག སླད་མར་ཁྱེད་རྣམ་གཉིས་ཀྱི་མཚན་ལ་འཁྲུལ་གཞི་མི་འབྱུང་བའི་ཆེད་དུ་གསལ་བོ་བྱས་པ་དེ་དགེ་མཚན་ཆེ།།

  6. འཇིགས་མེད་བློ་གྲོས། says:
    2013-09-15 at 4:48 am

    ཀླུ་སྨྱོན་རྩོམ་རིག་གཟེངས་རྟགས་གསལ་བསྒྲགས་ནང་མཆན་འགོད་པ་འཇིགས་མེད་བློ་གྲོས་ཟེར་བ་སློབ་དཔོན་སྣ་ཚོགས་གཟུགས་ཅན་ལགས་མིན་པའི་གསལ་བཤད་དང་དགོངས་སེལ་གསལ་བསྒྲགས་དེའི་མཆན་དུ་བཀོད་ཟིན།
    ངའི་མིང་དང་འབྲེལ་ནས་མཆན་འདེབས་པ་གཡག་ཟེར་བས་ཁྱེད་ལ་ཚིག་ངན་སྨྲས་པར་ངས་དགོངས་སེལ་ཞུ་བཞིན་ཡོད་ལགས།
    གཞན་བུད་མེད་ཚོགས་པར་སྐྱོན་བརྗོད་ཀྱི་རྩོམ་ཡིག་ཟེར་བ་དང་དོལ་རྒྱལ་དང་འབྲེལ་བའི་སྐད་ཆ་ཟེར་བ་སོགས་གཏན་ནས་བྲིས་པ་དང་བཤད་པ་ཅིག་ཇི་ཙམ་བསམས་ཀྱང་དྲན་གྱི་མི་འདུག རྩོམ་ཡིག་དེ་འདྲ་ཞིག་ངས་བྲིས་ནས་བསྐུར་ཡོད་མེད་དུས་བབ་རྩོམ་སྒྲིག་པ་མཆོག་ལ་ཡི་གེ་ཞིག་ཕུལ་ཡོད། གལ་ཏེ་རྡ་ས་རིགས་སློབ་དུ་སྡོད་པའི་ངས་དེ་འདྲ་ཞིག་བསྐུར་འདུག་ཟེར་ནས་དུས་བབ་རྩོམ་སྒྲིག་པས་ལན་ཞིག་འབྱོར་ཚེ། སྐབས་མཚམས་བུད་མེད་ཚོགས་པའི་རྒན་མོ་དེས་ཁྱེད་ལ་ཁ་བརྡུང་བཏང་བར་དགོངས་སེལ་ངེས་པར་ཞུ་རྒྱུ་ཡིན

  7. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-09-15 at 4:53 am

    འཇིགས་མེད་བློ་གྲོས་ཞེས་པ་འབྲི་བ་པོའི་མཆོག་གྱུར་ལྷན་རྒྱས་ལ་ཆེད་ཞུ།
    ལོ་རྒན་གཞོན་དབང་གིས་འཇིགས་མེད་བློ་གྲོས་དང་པོ་དང་། འཇིགས་མེད་བློ་གྲོས་གཉིས་པ་ཞེས་འགོད་ན། རྙོག་དྲ་དེ་སེལ་ཐུབ། རྒྱ་གར་དུ་ཡང་ཀླུ་སྒྲུབ་ཅེས་པའི་མིང་ལ་བརྟེན་ནས། དབུ་མའི་བསྟན་བཅོས་རྩོམ་མཁན་དང་། སྨན་གཞུང་རྩོམ་མཁན་གྱི་ཀླུ་སྐྲུབ་གང་ཟག་གཅིག་ཡིན་པ་དང་། སོ་སོ་ཡིན་པར་འདོད་མཁན་མི་འདྲ་བ་གཉིས་མཐོང་། ཀླུ་སྒྲུབ་ཀྱིས་བརྩམས་པའི་སྨན་གཞུང་དེ་ལེགས་སྦྱར་དུ་མིག་མཐོང་མེད་པ་ཡིན་ནམ། ཡི་གེའི་རྩོམ་སྟངས་ཀྱིས་དཔྱད་པ་བྱས་པ་ཞིག་མ་ཐོས།
    ད་ལྟའི་འཇིགས་མེད་བློ་གྲོས་གཉིས་ཀྱི་ཡི་གེ་མིང་མཐའ་འགོད་སྟངས་ཀྱིས་ཀྱང་གང་ཟག་སོ་སོ་ཡིན་པ་ཤེས་ནུས་ཏེ། དང་པོ་དེས། “འདིར་གསལ་བོར་བཤད་དགོས་པ་ཞིག་ལ།” ཞེས་དང་། གཉིས་པ་དེས། “སྐབས་དེ་དུས་ངས་གསལ་པོ་ཞུས་ཡོད།” ཅེས་གསལ་བོ་དང་གསལ་པོ་ཞེས་མིང་མཐའ་འདྲེན་ཚུལ་མི་མཐུན་པ་དང་། ཡི་གེ་གཞན་རྣམས་ཀྱི་འགོད་ཚུལ་གྱིས་ཀྱང་། རྣམ་དཔྱོད་ཀྱིས་བརྟག་ན། རྩོམ་ཡིག་འབྲི་བ་པོ་་མི་འདྲ་བ་ཡིན་པར་རྟོགས་ཐུབ་པར་ངེས་སོ།

  8. ཀ་ཁའི་རྫི་བོ། says:
    2013-09-15 at 8:18 am

    དེང་སང་བོད་ཀྱི་རྩོམ་པ་པོའི་མིང་ཐོགས་པ་རེ་ཟུང་གི་སྨྱུག་མིང་དང་དངོས་མིང་འདྲ་བོ་སྔ་ཕྱིར་བྱུང་འདུག ཉིན་ཤས་གོང་ཁ་བརྡ་དྲ་བར་འབྲོང་དཀར་པོའི་གསལ་བཤད་ཟེར་བ་ཞིག་བྲིས་འདུག

  9. བསོད་ནམས། says:
    2013-09-15 at 2:45 pm

    སློན་དཔོན་སྣ་ཚོགས་གཟུགས་ཅན་གྱིས་འགན་འཁུར་ལྡན་པའི་གསལ་བཤད་གནང་བ་དེར་རྗེས་སུ་ཡི་རངས་ཞུ། མིང་གསལ་བོ་བཀོད་མ་ཐུབ་ཚེ་དྲང་བོ་བརྩི་བཀུར་བྱ་ཐབས་མེད། དཔེར་ན་ཤར་ཕྱོགས་ཁུག་རྟའི་མིང་བཀོད་དེ་ལེགས་ཉེས་ཤོད་ཀི་ཡོད་པའིསྙིང་སྟོབས་དེ་འདྲ་བ་ལ་ཡི་རངས་ཡོད། དེ་མིན་མིང་སྦས་ཏེ་སྐད་ཆ་གང་འདྲ་བཤད་ན་དྲང་བོ་དང་གནས་ལུགས་སུ་མི་མཐོང་།

  10. སྤོབས་པ་མཐའ་ཡས། says:
    2013-09-15 at 7:13 pm

    འཇིགས་བློ་རྣམ་གཉིས་ཀྱིས་ཁ་མཆུ་དེ་འགྲིགས་སོང་བ་བཟང་། ཨོ་འདི་འདྲ་ལ་མ་གཟབ་ན་ད་བྱ་གོ་བོས་མི་བསད་ནས་མི་གོ་བས་སྟོང་འཇལ་བའི་དཔེ་དེ་འདྲ་ཡོང་སྲིད་པ་རེད།

  11. བཙག་རོང་འཇོལ་མོ། says:
    2013-09-15 at 8:42 pm

    འཇིགས་མེད་རྣམ་གཉིས་ཀྱི་མིང་རྩོད་ལ་གྲོས་འགྲིགས་པར་དགའ།

  12. ཆོས་ལྡན་དཔལ་མོ། says:
    2013-09-15 at 10:28 pm

    ཁ་བརྡའི་རྒྱུན་ལས་རྣམ་པ་སྐུ་ཁམས་བཟང་།

  13. གློག་ཀླད། says:
    2013-09-16 at 12:12 am

    འཇིག་མེད་བློ་གྲོས་རྣམ་པ་གཉིས་ནས་སོ་སོའི་མཚན་གནས་དང་བཞུགས་ཡུལ་སོགས་དབྱེ་འབྱེད་ཁ་གསལ་གནང་བ་ཐུགས་རྗེ་ཆེ།

  14. ཉི་ཟེར says:
    2013-09-16 at 6:59 am

    འཇིགས་མེད་བློ་གྲོས་བཟང་པོ་གཉིས་ཀྱི་དབར་ན་བསྟན་བཤིག་མཁན་ཕུང་གསུམ་དེ་སུ་ཡིན་ནམ།

  15. བྱང་དྲོན། says:
    2013-09-16 at 1:31 pm

    མིང་ལ་རྩོད་པ་ཆེན་པོ་འདི་འདྲ་གང་འདྲ། མིང་ག་རེ་བཏགས་བཏགས་རེད་པ། གཉིས་ཀས་དེ་ལས་ཡག་ཙ་མཞིག་བཏགས་ན་འགྲིགས་ཀྱི་རེད་པ།

  16. གཡག says:
    2013-09-20 at 8:40 am

    བླ་མ་འཇིགས་བློ་འདིས་ཁོས་སྦྲང་ཆར་ཅིག་ཅིག་མུག་མུག་གི་སྒང་ལ་རྩོམ་ཡིག་བཀོད་ཡོད་ཟེར། ནམ་གྱི་ལོ་ཡི་དེབ་རེད། སྤྱིའི་དེབ་གང་རེད།་རྩོམ་ཡིག་གི་ཁ་བྱང་གང་རེད་གསལ་པོ་ཞིག་གསངུས་དང་། ཀློག་འདོད་ཧ་ཅང་ཆེ།
    གསུངས་རྒྱུ་མེད་ན་རྫུན་ཕུགས་རལ་སོང་བ་ཡིན།་ཧ་ཧ་ཧ་་་་་་་་་་་་་་

  17. རྣོན་པོ་ཚང་། says:
    2013-09-27 at 11:24 am

    དངོས་གནས་སྦྲང་ཆར་ཚང་ནས་འཇིགས་མེད་བློ་གྲོས་ཞུ་བས་རྩོམ་ཅིག་བྲིས་པ་མཐོང་མ་སོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (15)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme