Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཇིགས་པ་མེད་པའི་འཆི་བ།

Posted on 2011-05-312011-05-31 By ཡེ་ཤེས་ 5 Comments on འཇིགས་པ་མེད་པའི་འཆི་བ།

stupa
ཀླུ་སྨྱོན།
ཨ་རིའི་ནང་པ་སྐོར་ཞིག་ལ་འཆི་བའི་སྐོར་འཆད་ཁྲིད་བྱས་པའི་ཟིན་བྲིས།
སྐྱེ་འཆི་གཉིས་ནི་ཆུ་དང་ཟམ་པ་འདྲ། །འགྲོ་བ་ཐམས་ཅད་འདི་གཉིས་བརྒྱུད་དགོས་འདུག །
འཇིག་རྟེན་ཁམས་ཀྱི་དངོས་པོ་ཐམས་ཅད་ཀྱིས་མེད་པ་ནས་ཡོད་པ། ཡོད་པ་ནས་རྙིང་པ། རྙིང་པ་ནས་མེད་པ་ཆགས་དགོས་པའི་གོ་རིམ་འདི་བརྒྱུད་དགོས་པ་ནང་བཞིན། འགྲོ་བ་མིའི་རིགས་སོགས་ས་སྟེང་གི་སྲོག་ཆགས་སུ་ཡིན་ཡང་མ་སྐྱེས་པ་ནས་སྐྱེས་པ། སྐྱེས་པ་ནས་གནས་པ། གནས་པ་ནས་རྒས་པ་དང་ན་བ། རྒས་པ་དང་ན་བ་ནས་འཆི་བའི་གོ་རིམ་འདི་མ་བརྒྱུད་པར་སྡོད་ས་ཡོད་པ་མ་རེད།

མི་མང་པོ་ཞིག་འཆི་བ་ལ་མི་འཇིགས་པ་དང་། དེ་ཡང་མི་དེ་ཚོའི་སེམས་ནང་འཆི་བ་ནི་གཡོལ་ཐབས་མེད་པ་ཞིག་ཡིན་པ་དང་། ཤི་བའི་རྗེས་སུ་ག་རེ་ཆགས་མིན་ཤེས་ཀྱི་མེད་པ་དང་། ཆོས་པ་ཡག་པོ་ཞིག་ཡིན་ན་མི་ཚེ་གང་བོར་ཚོགས་བསག་སྒྲིབ་སྦྱོང་བྱས་ཡོད་པས་ཤི་རྗེས་སྐྱེ་གནས་བཟང་པོ་ཞིག་ཏུ་སྐྱེ་བའི་ཡིད་ཆེས་གཙང་མ་ཡོད་པས་འཆི་བ་ལ་མི་འཇིགས་པ་དང་། ཡང་ན་རང་གི་སྐྱབས་གནས་དེས་རང་ཉིད་སྐྱེ་བ་རྗེས་མར་སྐྱབས་གནས་དེའི་དག་ཞིང་དུ་འཁྲིད་པའི་ཡིད་ཆེས་ཡོད་པས་འཆི་བ་ལ་དགའ་མོས་ཆེན་པོ་ཡོད་པ་དང་། སྐྱེ་བ་རྗེས་མ་ཁས་མི་ལེན་མཁན་ཞིག་ཡིན་ན་ཤི་རྗེས་གློག་ཤི་བ་ནང་བཞིན་ཡིན་པས་འཆི་བ་ལ་འཇིགས་དགོས་དོན་མེད་པར་འདོད།

མི་མང་པོ་ཞིག་འཆི་བ་ལ་འཇིགས་སྐྲག་སྐྱེ་གི་ཡོད་པ་རེད། དེ་ནི་ཆོས་ལུགས་གང་ཞིག་ནས་བཤད་པའི་སྡིག་སྤོང་དགེ་སྒྲུབ་ལ་བརྩོན་མ་ཐུབ་པས་ཆོས་ལུགས་དེ་དང་དེའི་གཞུང་ནས་བཤད་པའི་དམྱལ་བ་ལ་འགྲོ་དགོས་པར་ཞེད་ནས་འཆི་བ་ལ་འཇིགས་སྐྲག་སྐྱེ་གི་ཡོད་པ་དང་། ཡང་ན་ཚེ་འདིའི་དཔལ་འབྱོར་སོགས་ལ་ཞེན་ཆགས་ཆེན་པོ་སྐྱེས་ཏེ་ཤི་བའི་རྗེས་སུ་དེ་ཚོ་དང་ཁ་འབྲལ་བའི་འཇིགས་སྣང་ཡོང་གི་ཡོད་པ་རེད།

ནང་པའི་གཞུང་ལུགས་དག་ལས་འཆི་བ་ལ་ཇི་ལྟར་བསམ་བློ་གཏོང་དགོས་པའི་སྐོར་ཧ་ཅང་མང་པོ་ཞིག་གསུངས་ཡོད་ཅིང་། རྗེ་ཙོང་ཁ་པའི་ལམ་རིམ་ལྟ་བུར་མཚོན། འཆི་བ་མི་རྟག་པ་བསམ་པའི་སྐོར་ལ་རྩ་བ་གསུམ། རྒྱུ་མཚན་དགུ། ཐག་བཅད་པ་གསུམ་ཞེས་པའི་ལེ་ཚན་མི་འདྲ་བར་བགོ་བཤའ་བརྒྱབ་ནས་འཆི་བ་མི་རྟག་པ་བསམ་པའི་སྒྲོམ་གཞི་ཞིག་བཟོས་གནང་ཡོད་པ་རེད།

དེ་ཡང་ཁོང་གིས་གསུངས་པའི་རྩ་བ་གསུམ་ནི། ངེས་པར་འཆི་བ་བསམ་པ། ནམ་འཆི་ངེས་མེད་བསམ་པ། འཆི་བའི་ཚེ་ཆོས་མ་གཏོགས་གཞན་གང་གིས་ཀྱང་མི་ཕན་པར་བསམ་པ་འདི་གསུམ་རེད། ནང་པའི་ཆོས་པ་ཞིག་ཡིན་ན་བསམ་བློ་འདི་གསུམ་མ་བཏང་ཐབས་མེད་ཡིན་ཞིང་། རྗེ་མི་ལ་རས། ང་འཆི་བས་འཇིགས་ནས་རི་ལ་བྲོས། །ཡངས་མེད་རི་ལ་བསྒོམས་བསྒོམས་ནས། །རི་ནས་སྐྱེ་མེད་བཙན་ས་ཟིན། །ཞེས་གསུངས་པ་བཞིན། ནང་པ་ཞིག་ཡིན་ན་ཐོག་མར་འཆི་བ་ལ་འཇིགས་སྐྲག་མེད་ན་ཆོས་རྣམ་དག་ཅིག་བསྒྲུབ་ཐུབ་ཀྱི་ཡོད་པ་མ་རེད།

དེ་ཡང་སྐྱེ་བ་ཞིག་བླངས་ཕྱིན་ཆད་ནས་བཟུང་སྟེ་འཆི་བའི་ཕྱོགས་སུ་ཉི་མ་རེ་རེ་བཞིན་ཐག་ཇེ་ཉེ་ཡིན་པས་སྡོད་ས་མེད་པར་ཉི་མ་གཅིག་ངེས་པར་འཆི་དགོས་པ་འདི་ལ་བསམ་བློ་གཏོང་དགོས་ཤིང་། དེ་ཡང་རང་ཉིད་གཅིག་བུ་མ་ཡིན་པར་ས་སྟེང་གི་སེམས་ཅན་ཚང་མས་སྐྱེས་ནས་འཆི་བའི་གོ་རིམ་འདི་བརྒྱུད་དགོས་པ་ལ་བསམ་བློ་གཏོང་དགོས་པ་རེད།

དེ་ཡང་ང་ཚོས་ཉི་མ་རེ་རེ་བཞིན་ཚགས་པར་ཀློག་གིན་ཡོད་པ་དང་གཟུགས་མཐོང་རླུང་འཕྲིན་ལ་ལྟ་གིན་ཡོད་དུས། དེ་བཞིན་རླུང་འཕྲིན་ལ་ཉན་གི་ཡོད་དུས་སོགས་སུ་ས་ཆ་འདི་འདྲ་ཞིག་ནས་མི་དེ་འདྲ་ཞིག་རླངས་འཁོར་བརྡབས་སྐྱོན་གྱིས་གྲོངས་པ་དང་། ཁང་པ་མེར་ཤོར་བ་དང་། གནམ་གྲུ་ས་ལ་ཟགས་པ་དང་། དམག་འཁྲུག་བརྒྱབ་པ་དང་། ན་ཚ་སྡུག་པོ་བྱུང་བ་དང་། ས་ཡོམ་དང་ཆུ་རུད་བརྒྱབ་པ་སོགས་ཀྱིས་མི་ཧ་ཅང་མང་པོ་ཞིག་འདས་གྲོངས་སོང་པའི་གསར་འགྱུར་མཐོང་རྒྱུ་ཡོད་པ་དང་། མི་དེ་ཚོ་དང་ང་རང་ཚོ་ནང་བཞིན་འཆི་ན་མི་འདོད་ཅིང་གསོན་ན ་འདོད་པ་ཤ་སྟག་ཡིན་ཡང་། འཆི་བ་མི་རྟག་པ་དེ་བསླེབས་དུས་སྡོད་ས་མེད་པར་འགྲོ་དགོས་བྱུང་བ་རེད་ཨང་སྙམ་པའི་བསམ་བློ་གཏོང་དགོས་པ་རེད།

ནང་པ་ཞིག་ཡིན་ན་ཚེ་འདིའི་རྒྱུ་ནོར་དང་ནང་མི། སྤུན་ཟླ། མཚན་སྙན་གྲགས་སོགས་མ་ཤི་བའི་གོང་ལ་རང་དང་མཉམ་དུ་ཡོད་པ་མ་གཏོགས། ཤི་ཚར་བའི་རྗེས་ལ་འདི་དག་གཅིག་ཀྱང་རང་དང་མཉམ་དུ་འཁྱེར་ཐབས་དང་འཁྲིད་ཐབས་མེད་པར་རང་ཉིད་ཀྱི་རྣམ་ཤེས་གཅིག་པོ་སྐྱེ་བ་རྗེས་མར་འགྲོ་དགོས་པ་དང་། དེ་དུས་རང་དང་མཉམ་དུ་འགྲོ་མཁན་ནི་དགེ་བའི་ལས་དང་སྡིག་པའི་ལས་གཉིས་ལས་མེད་པ་དང་། ཧ་ཅང་ཐུང་ཐུང་ཡིན་པའི་མི་ཚེ་འདིའི་རིང་ལ་དགེ་སྡིག་གང་ཞིག་བྱས་ཡོད་མེད་རང་ཉིད་ཀྱིས་ཤེས་པ་ཡིན་པས། གལ་སྲིད་སྡིག་པ་མི་དགེ་བ་ཆེན་པོ་ཞིག་བསགས་ཡོད་ན་འཆི་བ་ལ་འཇིགས་སྐྲག་སྐྱེ་གི་ཡོད་པ་དང་། ཡང་ན་དགེ་བ་རྒྱ་ཆེན་པོ་ཞིག་བསྒྲུབས་ཡོད་ན་འཆི་བ་ལ་འཇིགས་སྐྲག་སྐྱེ་དགོས་དོན་ཡོད་པ་མ་རེད། དེ་ལ་བོད་པ་ཚོས། ཚེ་འདི་ལ་སྡིག་པ་མ་བྱས་ན། སྐྱེ་བ་ཕྱི་མ་ལ་འཇིགས་དོན་མེད་ཟེར་གི་རེད།

གལ་སྲིད་ཚེ་འདི་ལ་དགེ་བ་རང་གི་འདོད་པ་ཁེངས་པ་ཞིག་བསྒྲུབས་མ་ཐུབ་ན་ཡང་། དམ་པའི་ཆོས་ཀྱི་ཕན་ཡོན་རྒྱ་ཆེན་པོ་ལ་ཡིད་ཆེས་རྣམ་དག་ཅིག་ཡོད་ན། འཆི་དུས་འཇིགས་པ་སྐྱེ་དགོས་ཀྱི་ཡོད་པ་མ་རེད། རྒྱུ་མཚན་ནི་མགོན་པོ་འོད་དཔག་མེད་ཀྱི་མཚན་སྔགས་ལན་གཅིག་འདོན་པའམ། མ་ཎི་ཡིག་དྲུག་ཚར་གཅིག་བགྲངས་པའི་ཕན་ཡོན་ཡང་སྐྱེ་བ་འབུམ་ཕྲག་དུ་མར་བདེ་འགྲོ་ལྷ་མིའི་གོ་འཕང་འཐོབ་པར་གསུངས་ཡོད་པས། ཉི་མ་རེ་ལ་འོད་མཚན་ཚར་རེ་དང་མ་ཎི་ལན་གཅིག་ལས་འདོན་མ་ཐུབ་ན་ཡང་། རང་ཉིད་ཆོས་ཀྱི་ཕན་ཡོན་ལ་ཡིད་ཆེས་བརྒྱ་ཆ་བརྒྱ་ཡོད་ན་སངས་རྒྱས་ཀྱི་གསུང་ལ་བསླུ་བ་མེད་པས་སྐྱེ་བ་རྗེས་མ་གཅིག་པོ་ཙམ་མ་ཡིན་པར་སྐྱེ་བ་རྗེས་མར་འབུམ་ཕྲག་མང་པོར་བདེ་སྐྱིད་དང་འཕྲད་ཐུབ་པས། དེ་རེས་ཀྱི་འཆི་བ་འདི་ལ་འཇིགས་སྐྲག་སྐྱེ་དགོས་ཤིག་ཡོད་པ་མ་རེད།

དེ་ཡང་ཚེ་འདིའི་དགེ་བ་སྒྲུབ་པའི་གནས་སྐབས་སུ་རིག་པ་ཡག་པོ་ཞིག་སྒྲིམ་མ་ཐུབ་ན་ཡང་། རང་ཉིད་འཆི་བའི་གནས་སྐབས་དེར་དཀོན་མཆོག་གསུམ་ལ་གསོལ་བ་དྲག་པོ་ཞིག་འདེབ་ཐུབ་ན། གང་ལ་མོས་པ་གཙོ་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །གསུངས་པ་བཞིན། དཀོན་མཆོག་གསུམ་རང་ཉིད་ཀྱི་མདུན་དེ་རང་དུ་བཞུགས་ནས་སྐྱེ་བ་རྗེས་མའི་ལམ་སྣ་འདྲེན་པ་ལ་ཐེ་ཚོམ་མེད་པས། བསམ་བློ་ཡག་པོ་ཞིག་གཏོང་ཤེས་ན་འཆི་བའི་གནས་སྐབས་དེ་ནི་སྒོམ་ཉམས་ལེན་ཡག་པོ་བྱེད་པའི་གོ་སྐབས་ཡོད་ན་མེད་ན་ཞིག་རེད།

དེ་ཡང་རང་ཉིད་གསོན་པོའི་གནས་སྐབས་སུ་འཆི་སྲིད་སྦྱོང་བ་(Practice of Death)ཞེས་པའི་ཉམས་ལེན་འདི་བྱེད་ཐུབ་ན་ཡག་པོ་ཡོད་པ་རེད། དུས་ཚོད་ཡོད་དུས་སུ་བླ་མ་དང་ཡི་དམ་གྱི་ཐང་ཀ་སོགས་བཤམས་པའི་མདུན་དེར་མཆོད་པ་ཕུལ། རང་ཉིད་གཅིག་པོ་ཙོག་བུར་སྡོད་པའམ་ཡང་ན་ཉལ་ཁྲིའི་སྟེང་དུ་ཉལ། བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་སོགས་བཏབ། དེ་ནས་མིག་གཉིས་བཙུམས་ཏེ་རང་ཉིད་འཆི་བཞིན་པའི་རྣམ་པ་ཡིད་ལ་སྒོམ་ནས་བླ་མ་དང་ཡི་དམ་ལ་གསོལ་བ་དྲག་པོ་འདེབ་དགོས། འདི་ལྟར་ཡང་དང་ཡང་དུ་བྱེད་ཐུབ་ན། རང་ཉིད་འཆི་བའི་ཉི་མ་དེར་ཡང་སྔོན་ཆད་ཀྱི་འཆི་སྲིད་སྦྱོང་བའི་ཉམས་ལེན་དེ་ཞེད་སྣང་དང་འཚབ་འཚུབ་མེད་པར་བྱེད་ཐུབ་པའི་ཁྱད་པར་ཆེན་པོ་ཞིག་ཡོད་པ་རེད།

བོད་ཀྱི་འཆི་བའི་གཞུང་ལུགས་གྲགས་ཅན་བར་དོ་ཐོས་གྲོལ་ཞེས་པ་དེའི་ནང་དུ་གསུངས་པའི་འབྱུང་བཞིའི་ཐིམ་རིམ་དང་སྣང་མཆེད་ཐོབ་གསུམ་འཆར་རིམ། ཀུན་རྟོག་བརྒྱད་ཅུའི་འགག་རིམ་སོགས་ཀྱི་སྐོར་ལ་ཡང་ཐོས་གྲོལ་རང་ནས་གསུངས་པ་ཇི་ བཞིན་སེམས་ཅན་ཀུན་ལ་འཆར་གིན་ཡོད་མེད་གང་ལྟར་ཡང་། ཐོས་གྲོལ་རང་ལ་སློབ་སྦྱོང་དང་ཉམས་ལེན་བྱེད་མྱོང་མཁན་དག་གིས་མ་ཤི་སྔོན་ནས་ ཐོས་གྲོལ་གྱི་འཆར་ལུགས་དེ་ཚོར་ཡང་ཡང་ཤར་སྒོམ་བྱེད་དགོས་ལ། འཆི་བའི་སྐབས་སུ་ཡང་བར་དོ་ཐོས་གྲོལ་དེ་བླ་མ་དང་ཆོས་གྲོགས་སོགས་ཀྱིས་རང་གི་ རྣ་ལམ་དུ་སྒྲོག་ཐུབ་ན་ཉམས་ལེན་ལ་བོག་ཐོན་པའི་ཕན་རླབས་ཧ་ཅང་ཆེ།

དེ་བཞིན་གལ་སྲིད་རང་ཉིད་ཀྱིས་གསོན་པོའི་གནས་སྐབས་སུ་མགོན་པོ་འོད་དཔག་མེད་དང་མཁའ་སྤྱོད་མ་སོགས་ཀྱི་འཕོ་བའི་རིགས་ལ་ཉམས་ལེན་བྱས་ཡོད་ན། འཆི་བའི་གནས་སྐབས་དེར་འཕོ་བའི་སྒོ་ནས་རང་ཉིད་ཀྱི་རྣམ་ཤེས་མགོན་པོ་འོད་དཔག་མེད་དང་མཁའ་སྤྱོད་མ་སོགས་ཀྱི་ཐུགས་ཀར་འཕོ་དགོས་པ་རེད། འདི་ལ་བླ་མ་གོང་མ་དག་གིས། འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །རྣལ་འབྱོར་སངས་ཆུང་རྒྱ་བ་ཡིན། ན། །ཞེས་གསུངས་ཡོད་པ་རེད། འདི་དུས་ཚེ་འདི་ལ་ཞེན་ཆགས་ཕྲ་མོ་ཙམ་ཡང་མེད་པ་ཞིག་དགོས་པ་མ་གཏོགས། འཆི་ཁར་རྒྱུ་ནོར་དང་ནང་མི་སོགས་ལ་ཞེན་ཆགས་བྱེད་པ་འདི་ནི་ནང་པའི་ཆོས་པ་ཞིག་ལ་མཚོན་ན་ཧ་ཅང་ཐབས་སྐྱོ་བོ་ཞིག་རེད།

དེ་ཡང་འཆི་ཁའི་དུས་སུ་རང་གི་མདུན་ཐད་དེར་མགོན་པོ་འོད་དཔག་མེད་དང་འཕགས་པ་ཐུགས་རྗེ་ཆེན་པོ། མཁའ་སྤྱོད་མ་སོགས་རང་ཉིད་ཀྱི་ཡི་དམ་དང་རང་གི་རྩ་བའི་བླ་མ་གང་ཡིན་དེའི་བྲིས་སྐུ་དང་འབག་སྐུ་སོགས་བཤམས། དེའི་མདུན་དུ་མཆོད་པ་བཤམ་དུ་བཅུག དེ་ནས་རང་གིས་ཁ་ནས་གསོལ་བ་འདེབ་ནུས་ན་དེ་བཞིན་དང་། མི་ནུས་ན་ཐང་ཀ་སོགས་ལ་མིག་གིས་ལྟ་བཞིན་ཡིད་ནས་གསོལ་བ་རྩེ་གཅིག་ཏུ་འདེབས། དེ་ཡང་། མགོན་པོ་འོད་དཔག་མེད་ལ་གསོལ་བ་འདེབས། །ནུབ་ཕྱོགས་བདེ་བ་ཅན་དུ་དྲང་དུ་གསོལ། །ལྟ་བུ་ཚིག་ཉུང་ལ་དོན་འདུས་པ་དེ་འདྲའི་སྒོ་ནས་གསོལ་བ་རྩེ་གཅིག་ཏུ་འདེབས་ཤིང་། རང་ཉིད་ཀྱི་རྣམ་པར་ཤེས་པ་བླ་མ་དང་ཡི་དམ་གྱི་ཐུགས་ཀར་ཐིམ་པའི་དམིགས་པ་ཡང་ཡང་བྱ་དགོས།

རྗེ་བཙུན་མི་ལ་རས་པས། ཆོས་པ་རབ་ཅིག་འཆི་བ་ལ་དགའ། ཆོས་པ་འབྲིང་ཞིག་འཆི་བ་ལ་མི་སྐྲག གསུངས་པ་བཞིན་འཆི་བ་ལ་དགའ་བ་མེད་ན་ཡང་འཆི་བ་ལ་འཇིགས་སྐྲག་མེད་པ་ཞིག་གསོན་པོའི་གནས་སྐབས་སུ་སྒྲུབ་དགོས་པ་རེད། དེ་མིན་གསོན་པོའི་གནས་སྐབས་སུ་རྣམ་གཡེང་གི་དབང་དུ་སོང་སྟེ་ཚེ་འདི་རྐྱང་རྐྱང་གི་དོན་དག་ལ་མགོ་འཁོར་ནས་བསྡད། འཆི་བ་བསླེབས་དུས་འཇིགས་སྐྲག་སྐྱེ་བ་དེ་ནི་ཆོས་པ་ཡག་པོ་ཞིག་གི་བྱེད་སྟངས་མ་རེད།

རང་ཉིད་མ་ཤི་གོང་དེར་སྨན་ཁང་གི་སྨན་པ་དང་ནད་གཡོག་སོགས་དང་། རང་གི་ནང་མི་དང་གྲོགས་པོ་སོགས་ལ། རང་ཉིད་འཆི་དུས་སུ་སྐད་ཆེན་པོས་ངུ་བ་དང་ལུས་པོར་གློག་བཏང་ནས་ཕྱིར་གསོན་པའི་ཐབས་ཤེས་གཏོང་བ་སོགས་གང་ཡང་མ་བྱེད་རོགས་ཞེས་བཅོལ་གདམ་བྱེད་དགོས་ཤིང་། ཤི་ནས་ཀྱང་ཞག་གསུམ་བར་དུ་ལུས་པོར་སྒུལ་སྐྱོག་མེད་པར་འཇོག་པ་དང་། དེ་ནས་ཐོག་མར་ལུས་པོའི་སྟོད་ཕྱོགས་ཤིག་ལ་འཇུས་ནས་གཟུགས་པོ་ཕྱི་རོལ་ཏུ་འཁྱེར་རོགས་ཞེས་བརྗོད་དགོས། རྒྱུ་མཚན་ནི་བར་དོ་ཐོས་གྲོལ་སོགས་ལས་ཤི་བོའི་བེམ་པོའི་གང་དུ་ལག་པ་འཆང་ས་དེ་ནས་རྣམ་ཤེས་ཕྱིར་ཐོན་འགྲོ་ཞིང་། རྣམ་ཤེས་ལུས་སྟོད་ནས་ཐོན་ན་བདེ་འགྲོ་དང་། ལུས་སྨད་ནས་ཐོན་ན་ངན་འགྲོར་འགྲོ་བའི་ཉེན་ཁ་ཡོད་པར་གསུངས་པ་ཡིན།

རང་ཉིད་ཀྱི་རུས་པ་ཡང་ཐོག་མར་རུས་ཆོག་ཅེས་པའི་ཆོ་ག་ཞིག་ཡོད་པ་དེ་ཚད་ལྡན་ཞིག་བྱེད་དགོས་ཤིང་། དེ་ལྟར་གྲུབ་རྗེས་གཞི་ནས་རུས་པ་དེར་སཙྪྰ་འདེབ་ཆོག་པ་མ་གཏོགས། རུས་ཆོག་མ་བྱས་པའི་རུས་ཐལ་ལ་སཙྪྰ་འདེབ་ཆོག་གི་མ་རེད། སཙྪྰ་ཡང་མགོན་པོ་མི་འཁྲུག་པ་ལྟ་བུ་ངན་སོང་སྦྱོང་བ་ལ་མཆོག་ཏུ་བསྔགས་པའི་སངས་རྒྱས་ཀྱི་སྐུ་གཟུགས་སཙྪྰ་འདེབ་ཐུབ་ན་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པས་དེ་ཡང་ཁ་ཆེམས་སུ་འབྲི་ཐུབ་ན་ཡག་པོ་རེད།

དོན་དག་རྡོག་རྡོག་དེ་ནི་སྐྱེ་བ་ཡོད་ན་འཆི་བ་ཡོད། འཆི་བ་ཡོད་ན་ཡང་སྐྱར་སྐྱེ་བ་ཡོད་པའི་ནང་པའི་ལྟ་བ་འདི་ལ་ཡིད་ཆེས་ཡོད་དགོས་ཤིང་། དེ་བཞིན་ཚེ་འདི་ལ་ཞེན་ཆགས་ཆེན་པོ་ཞིག་མེད་པ་དེ་ག་དུས་ཡིན་ན་ཡང་སེམས་ནང་ཉར་དགོས། དེ་བཞིན་རང་ཉིད་ཀྱིས་རང་ཉིད་ལ་དུས་ཚོད་སྤྲད་དེ་ཆོས་སྒྲུབ་དགོས། བོད་ཀྱིས། ཆོས་བསྒྲུབས་པའི་བུ་ལ་ངན་སོང་མེད། །མནའ་ཟོས་པའི་བུ་ལ་ཐར་བ་མེད། །ཟེར་བ་དང་། དེ་བཞིན། སྔ་མ་གར་སྐྱེས་ད་ལྟའི་ལུས་ལ་ལྟོས། །ཕྱི་མ་གར་སྐྱེས་ད་ལྟའི་ལས་ལ་ལྟོས། །ཞེས་ཀྱང་གསུངས། དགེ་སྡིག་གང་བྱེད་རང་གི་ལག་པར་ཡོད་དུས་འདིར་རང་ཉིད་ཀྱིས་རང་ཉིད་ལ་ལམ་ཁ་བཟང་པོ་ཞིག་འཚོལ་རོགས་གནང་།
སྨྲས་པ།
སྐྱེས་ནས་འཆི་བ་འཁོར་བའི་ཆོས་ཉིད། །
སྐྱེ་འཆི་གཉིས་ཀ་རང་གི་ལག་ཡོད། །
སྐྱེ་བ་རྗེས་མར་གང་དུ་སྐྱེ་བ། །
སྐྱེ་བ་འདི་ཡི་ཉམས་ལེན་རག་ལས། །

དཔྱད་རྩོམ། Tags:ཨཨ

Post navigation

Previous Post: ཁྱི་དང་ཁྱིའི་བདག་པོ་ཚོའི་གཏམ་རྒྱུད།
Next Post: ལག་འཁྱེར་ཁ་པར་གྱིས་ཀླད་པའི་འབྲས་ནད་(ཀན་སར་)སློང་སྲིད།

Comments (5) on “འཇིགས་པ་མེད་པའི་འཆི་བ།”

  1. འདོད་ལྷ་ཁམས་པ། says:
    2011-05-31 at 11:54 pm

    ཨི་ཧུ་ལགས།བླ་མ་མཁྱེན། ཨ་ལགས་་་ལགས། ཚིག་འདི་་་་སྔ་མ་གང་བྱས་ད་ལྟའི་ལུས་ལ་ལྟོས། །
    ཕྱི་མ་གང་འགྲོ་ད་ལྟའི་ལས་ལ་རག །
    གོ་ནོར་ཐེབས་པ་མིན་ན་འདི་འདྲ་ཞིག དགོངས་དག་་་་ཨ་ལགས་ལ་འོ་རྒྱལ་སྟབས་སོང་།
    ཨ་ལགས་མཁྱེན་་་་ཕྱི་མར་དག་པའི་ཞིང་ལ་ཅིག་འདྲེན་རོགས་གནང་། ཐུགས་རྗེ་གཟིགས།

  2. སློབ་དཔོན་ཀརྡོ་ says:
    2011-06-01 at 5:07 am

    སྔ་མ་གང་བྱས་ད་ལྟའི་ལུས་ལ་ལྟོས། །
    ཕྱི་མ་གང་འགྲོ་ད་ལྟའི་སེམས་ལ་ལྟོས། །ཞེས་གསུང་ཚུལ་ཡང་ཡོད།

  3. ལ་སྟོད་བུ། says:
    2011-06-01 at 8:43 am

    ཨ་ཁུ་ཀླུ་སྨྱོན་ཚང་འདི་ཟླ་ཤས་གོང་ནས་ཁ་བརྡའི་ནང་དུ་ཕེབས་མ་སོང་ད་བྱེད་དུས་མགོ་སེར་ཚོར་འཆི་བ་མི་རྟག་པ་དགུ་ཕྲུགས་ཁྲིད་བསྡད་པ་ཡིན་ས་རེད།
    ཕྱི་རྒྱལ་བ་ཚོར་འཆི་བ་མི་རྟག་པ་ལས་སོགས་འཇིག་རྟེན་འཁོར་བའི་སྡུག་བསྔལ་མ་ཁྲིད་ན་ལེགས།
    ཁོང་ཚོར་སྡུག་བསྔལ་གོ་འདོད་དང་ཐོས་འདོད་དྲན་གསོ་བྱེད་རྒྱུར་ཞེད་སྣང་ཆེན་པོ་བྱེད་ཀྱི་རེད།
    ང་ལ་དེ་ཡི་སྐོར་ལ་ཉམས་མྱོང་ཡོད།
    ཉིན་གཅིག་ངས་བློ་ལྡོག་རྣམ་བཞིའི་སྐོར་ལ་ཁྲིད་ཅིག་བྱས་ཡིན།
    སྐབས་དེར་བུད་མེད་ཅིག་གིས་ང་ནི་བདུན་རེའི་དགོངས་གསེང་ལ་སེམས་སྐྱིད་པོ་ཞིག་བྱུང་ན་བསམ་ནས་འདིར་དཔེ་ཁྲིད་ལ་སླེབས་ཡིན་ད་བྱེད་དུས་སེམས་སྐྱིད་པོ་ཕར་ཞོག་སྡུག་བསྔལ་རྐྱང་བཤད་ནས་ང་ནི་ཉིན་མཚན་ཀུན་ཏུ་འཇིགས་འདར་གྱི་སེམས་འཚབ་སྐྱེ་བཞིན་འདུག་པར་མ་ཟད།
    ད་ནི་སྡུག་བསྔལ་ཆེ་རུ་འགྲོ་སོང་བཅས་བཤད་བྱུང།
    གཟབ་གཟབ་གནང་དགོས།
    ང་ཚོ་བོད་པ་ཚོར་ཞེད་སྣང་ཚ་བོ་ཞིག་བསླང་ན་ཁོང་ཚོས་བླ་མ་མཁྱེན་དཀོན་མཆོག་མཁྱེན་སྐྱོབས་རོགས་གནང་ཟེར་ནས་འབུལ་བ་ཕུལ་གྱི་རེད།
    ཁོང་ཚོ་ནི་དེ་འདྲ་མ་རེད།
    ད་ང་ལ་སྔར་མེད་པའི་འཇིག་སྐྲག་བསླངས་སོང་བླ་མ་དེ་ཁྲིམས་ལ་སྦྱོར་དགོས་ཞེས་བསམ་བློ་སྐྱེ་གི་རེད།
    དེ་བཞིན་ཁྱེད་ཀྱིས་དཔེ་ཁྲིད་སར་ཡོང་མཁན་བུད་མེད་ལོ་བྱུང་འདྲ་ཡོད་ན་ཆགས་གཏམ་དེ་ཚོ་མ་བཤད་ན་ལེགས།
    ཁོང་ཚོས་ཡིན་མདོག་གིས་ཆགས་པའི་རྣམ་འགྱུར་སྟོན་སྲིད་རྗེས་སུ་ཁྲིམས་ལ་སྦྱོར་ངེས་རེད།
    དཔེར་ན་བསོད་རྒྱལ་རིན་པོ་ཆེར་གནས་ཚུལ་བྱུང་བ་ལྟ་བུ་རེད།
    ད་གཟབ་གཟབ་གནང་དགོས།
    ཁོང་ཚོར་སེམས་སྐྱིད་པོ་ཆགས་རྒྱུའི་བསླབ་བྱ་དང་རྣམ་འགྱུར་སྟོན་དགོས།
    ང་ཚོ་བོད་མི་ཚོར་དཔེ་ཁྲིད་བྱེད་པ་བཞིན་དཔེ་ཆར་གཟིགས་ནས་ཚིག་འབྲུ་རེ་རེ་བཞིན་བཀླག་ནས་དཔེ་ཁྲིད་བྱེད་ཚེ་སློབ་མ་ཡོང་མཁན་དཀའ་མོ་རེད།
    ཕྱི་ནང་གི་མི་ལ་དཔེ་ཁྲིད་བྱེད་སྟངས་འདི་ཤིན་ཏུ་ནས་སོ་སོ་བ་རེད།

  4. ལ་སྟོད་བུ། says:
    2011-06-01 at 8:52 am

    ཡང་རྣམ་ཤེས་དེ་རང་གི་ལག་པ་གར་འཆང་བའི་ས་ནས་ཕྱིར་དོན་གྱི་རེད་གསུངས།
    ད་གང་ཤེས་སྐབས་རེར་རྣམ་ཤེས་ནི་སྣང་མེད་གཟུགས་མེད་ཐོགས་མེད་ཀྱི་ཤེས་པ་ཤིག་ཏུ་ངོས་བཟུང་སྐབས་རེ་རྣམ་ཤེས་དེ་ཐོགས་བཅས་སུ་ངོས་བཟུང་བ་འདི་འདྲ་འདུག
    ནམ་རྒྱུན་བྱེད་ན་འཆི་བའི་ཚེ་ན་རྣམ་ཤེས་དེ་ཉིད་ཕོ་རྣམས་ཀྱི་ཤེས་མིག་གཡས་ནས་ཐོན་པ་དང་མོ་རྣམས་ཀྱི་རྣམ་ཤེས་མིག་གཡོན་ནས་ཐོན་པར་བཤད་འདུག
    ལག་པ་གར་འཆང་ནས་ཐོན་ན་ལག་པ་རང་གི་གྲོགས་མོའི་ནུ་མར་འཆང་དེ་ཤི་ན་དེ་ནས་ཐོན་དགོས་པ་ཡིན་རྒྱུ་རེད།
    ཨ་ལགས་ཀུ་རྩེད་ཞུས་ཡིན།
    ཁྱེད་ཀྱིས་འཆི་བ་མི་རྟག་པའི་སྐོར་ལ་ཡག་པོ་ཅིག་ཁྲིད་ཡོད་པར་ཡིད་ཆེས་ཡོད།
    ད་ཁོང་ཚོ་ཚང་མ་ནམ་འཆི་ཆ་མེད་པར་ཤེས་དུས་ཁོང་ཚོའི་རྒྱུ་དངོས་མཁར་དབང་དེ་ཚོ་སུ་ལ་སྤྲོད་མིན་དེ་ལ་བསམ་བློ་གཏོང་ངེས་རེད།
    གཅིག་བྱས་ན།

  5. མིག་བརྒྱད་པ། says:
    2011-06-02 at 12:02 pm

    ཨ་ཁུ་གླུ་སྨྱོན་གྱིས་འཆི་བ་མི་རྟག་དྲན་པའི་སྐོར་ལ་ཡག་པོ་བྲིས་འདུག འཆི་བ་མི་རྟག་པ་བསྒོམ་པ་འདི་ཆོས་ཉམས་ལེན་གྱི་རྨང་རྡོ་ལྟ་བུ་ཆགས་ཡོད། མི་རྟག་པའི་འདུ་ཤེས་ནི་འདུ་ཤེས་ཐམས་ཅད་ཀྱི་མཆོག་དང་བླ་ན་མེད་པ་མདོ་དུ་མ་ནས་གསུངས་ཤིང་། གཟུངས་འདུས་ཀྱི་འཕགས་པ་ལྗོན་ཤིང་གི་མདོ་ལས། བསམ་པ་མེད་པར་ཉལ་ཏེ་གཉིད་ལོག་ན།།འཇིག་རྟེན་འདི་ཡི་ཉི་མ་སྒོ་རུ་ནུབ།།རང་གིས་རང་ལ་བཞེངས་བསྐུལ་མ་བཏང་ན།།དེ་ལ་བཞེངས་བསྐུལ་འདེབས་པ་སུ་ཞིག་ཡོང་། །ཞེས་དང་། ལོ་བརྒྱ་ཐུབ་པའི་གོས་ཡོད་ཀྱང་།།ཤི་བའི་ནང་བར་གཅེར་བུར་འགྲོ།།ལོ་བརྒྱ་ཐུབ་པའི་ཟས་ཡོད་ཀྱང་།།ཤི་བའི་ནང་བར་ལྟོགས་པར་འགྲོ།།ཞེས་པ་སོགས་མི་རྟག་དྲན་སྐུལ་དང་ཆོས་ལ་འཇུག་ཚུལ་སོགས་གོ་སླ་བོར་གསུངས་འདུག ང་ལྟ་བུའི་གྲོང་ཆོག་པ་ཚོས་གཟུངས་འདུས་ཚར་མང་པོར་བཏོན་ཡོད་ཤག་ལ་གཟུངས་སྔགས་དེ་ཚོ་བྱིན་རླབས་ལོས་ཡོད་ཀྱང་དངོས་གནས་སེམས་ལ་ཕན་པོ་ནི་འཕགས་པ་ལྗོན་ཤིང་གི་མདོ་རང་རེད་འདུག མདོ་འདི་ཚར་གཅིག་ཀློག་དང་སེམས་ལ་ཏན་ཏན་ཕན་ངེས་ཡིན། སྤྱིར་བཏང་འཆི་བ་དྲན་པ་ཙམ་ནི་འཇིག་རྟེན་རང་ག་བ་ལ་ཡོང་ཆོག་པ་ཞིག་ཡིན་མོད། འཆི་བ་མི་རྟག་པ་དྲན་པའི་བློ་དེ་ལས་སླ་པོར་སྐྱེས་ཐུབ་པ་ཞིག་ག་ལ་ཡིན་ཏེ། དེའི་སྔོན་དུ་སྐྱེ་བ་སྔ་ཕྱི་རིགས་པས་གྲུབ་དགོས་པ་དང་། མངོན་མཐོ་དང་ངེས་ལེགས་ཀྱི་རྩ་བ་སྐྱེ་བ་སྔ་ཕྱི་ལ་ཡིད་ཆེས་མེད་ན་འཆི་བ་མི་རྟག་པ་བསྒོམ་པ་དོན་མེད་དུ་འགྱུར་བ་ནི་ལ་སྟོད་བུས་དཔེ་མཚོན་བགྲང་བ་དེས་ཤེས་ཐུབ། མགོ་སེར་ཚོ་ནི་སྐྱེ་བ་སྔ་ཕྱི་ལ་ཡིད་ཆེས་དེ་ཙམ་མེད་པ་ནི་ཁག་མེད་དོ།། ཁོ་ཚོའི་ཡིད་ཆེས་བྱེད་ས་གཙོ་བོ་ཚན་རིག་ཡིན་དུས་ཚན་རིག་པ་ཚོས་སྐྱེ་བ་སྔ་ཕྱི་འཇོག་ཐུབ་གི་ཡོད་པ་མ་རེད། མི་དང་རྩི་ཤིང་ལ་life ་ཡོད་པ་གཅིག་མཚུངས་སུ་ཁས་ལེན་པ་དང་སྲོག་ལྡན་ཞིག་ཡིན་ན་ཟས་ལ་བསྟེན་དགོས་པ་དང་ཁོར་ཡུག་ལ་བསྟེན་དགོས་པར་བཤད་ཀྱིན་ཡོད་པས་དང་པོར་སྐྱེས། བར་དུ་གནས། མཐའ་མར་ཤི་ཚར་ནས་སླར་སྐྱེ་བ་ལེན་རྒྱུ་མེད་པར་འདོད་དོ། མཁས་གྲུབ་ཆོས་རྗེས། ༼ཇི་སྲིད་སྐྱེ་བ་སྔ་ཕྱི་ཡོད་པར་རིག་སྟོབས་ཀྱིས་མ་ངེས་པ་དེ་སྲིད་དུ་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་སྒོ་འགེགས་ཏེ་འདུག་པ་ཡིན་ནོ།། ༽ཞེས་གསུངས་པ་ལྟར་ཡོན་ཏན་ཐམས་ཅད་སྐྱེ་བ་སྔ་ཕྱི་ཚད་མས་ངེས་པ་རྙེད་པའི་སྟེང་ནས་ཡོང་དགོས་པ་གསུངས་འདུག རྣམ་ཤེས་ཀྱི་རིགས་འདྲའི་རྒྱུན་ནི་ཆད་རྒྱུ་མེད་ལ་སྔ་མ་ནས་འདིར་འོངས་ཤིང་འདི་ནས་ཕྱི་མར་འགྲོ་མཁན་དེ་ཡིན་པས་ནམ་མཁའ་ཇི་སྲིད་པར་གནས་པ་ཡིན་པ་དང་།།གསང་སྔགས་ཀྱི་སྐབས་རྣམ་ཤེས་ཕྲ་རགས་མང་པོ་ཞིག་དབྱེ་བ་ཕྱེ་དགོས་པའི་གནད་དོན་ཡང་དེ་ལ་ཐུག་ཡོད་སྙམ། འོ་ན། ད་ལྟའི་བློ་ལུས་གཉིས་འཕེན་བྱེད་ལས་གཅིག་གིས་འཕངས་པ་མ་རེད་དམ་ཟེར་ན། སྒོ་ལྔའི་རྣམ་ཤེས་ནི་ལས་ཀྱི་འཕངས་འབྲས་ཡིན་ཀྱང་ཤིན་ཏུ་ཕྲ་བའི་སེམས་ནི་ལས་ཀྱི་འཕངས་འབྲས་མ་ཡིན་ཏེ།ཐོག་མ་མེད་པ་ནས་འོངས་མཁན་ཡིན་པས་སོ།།ད་ལྟའི་ཚེ་སྲོག་གི་ལས་ཀ་བྱེད་མཁན་ནི་སྒོ་ལྔའི་རྣམ་ཤེས་ཡིན་པ་ལས་གཉུག་སེམས་མ་ཡིན། ནམ་ཞིག་འཆི་བ་འོད་གསལ་འཆར་བའི་ཚེ་གཉུག་མའི་སེམས་མངོན་དུ་གྱུར་ཏེ་བྱ་བ་བྱེད་ཀྱི་ཡོད། དེས་ཚེ་ཀུན་རྫོབ་ཀྱི་སྣང་བ་རགས་པ་ལོག་ནས་སྟོང་སང་ངེ་བ་ཞིག་ཤར་བ་དེ་ལ་སྟོང་བ་བཞིའི་རྣམ་གཞག་བཤད་ཀྱི་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme