Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཇིག་རྟེན་འོད་ཀྱིས་ཁེངས་པའི་ཉིན་མོ།

Posted on 2011-06-152011-06-15 By ཁ་བརྡ་ 12 Comments on འཇིག་རྟེན་འོད་ཀྱིས་ཁེངས་པའི་ཉིན་མོ།

001
སེར་ཤུལ་རིན་ཆེན་དོན་གྲུབ།
གཅིག
དེ་རིང་ནི་འོད་ཀྱིས་འཇིག་རྟེན་ཁེངས་པའི་ཉིན་མོ་ཡིན་ལ་བལྟ་ན་སྡུག་པའི་མཛེས་པའི་མེ་ཏོག་བདུན་ཚར་གྱི་བཀྲག་མདངས་ཕྱི་རུ་མངོན་པའི་ཉིན་མོའང་ཡིན། དེ་རིང་ནི་རྟེན་འབྱུང་ལྟ་གྲུབ་ཀྱི་ལྐོག་གྱུར་གནས་ལུགས་དང་བྱམས་བརྩེའི་སྙིང་སྟོབས་ཀྱི་གཟི་འོད་གླིང་བཞིར་མཆེད་པའི་ཉིན་མོ་སྟེ་མི་ལོ་ཧྲིལ་བོ་ཉིས་སྟོང་ལྷག་གི་སྔ་རོལ་ཀྱི་དེ་རིང་ཉམས་རྟོགས་འབུམ་གྱིས་ཕྱུག་པའི་སྐྱེས་ཆེན་དམ་པ་ཞིག་གི་སྐུ་ཡི་མཚན་དཔེའི་མེ་ཏོག་འཛམ་གླིང་ཟླུམ་པོའི་དཀྱིལ་འཁོར་དུ་བཞད་ཅིང་དེ་ནས་བཟུང་སྐྱེ་བོ་ཁྲི་སྟོང་མང་པོའི་ཡིད་ཀྱི་ཞིང་སར་བྱམས་བརྩེ་དང་གཞན་གཅེས་ཀྱི་ནུས་པའི་རོ་བཅུད་སྨིན་པའི་འགོ་བརྩམས་པ་རེད།དུས་དེ་ནས་སྐྱེ་བོ་མཆོག་དམན་ཀུན་གྱི་སེམས་ཁམས་སུ་ཡང་དག་པའི་འོད་ཀྱི་ཞིང་ཁམས་སུ་བགྲོད་པའི་ནུས་སྟོབས་ཡོད་པའི་བདེན་དཔང་རྙེད་ཅིང་བདག་ཉིད་བདག་གི་མགོན་པོ་རུ་ལྟ་བའི་བློ་གྲོས་ཀྱི་མིག་ཟུང་ཐོབ། ཉིན་མོ་འདི་ནི་སྐྱེ་འགྲོ་སྤྱི་དང་ཁྱད་པར་དུ་ནང་པ་སངས་རྒྱས་པའི་རྗེས་འཇུག་པ་དག་གིས་ངེས་པར་དུ་དྲན་དགོས་པའི་ཉིན་མོ་ཞིག་དང་དགའ་སྤྲོའི་རྣམ་འགྱུར་དང་དགེ་སྒྲུབ་རྣམ་དཀར་གྱིས་བསུ་དགོས་པའི་རིན་ཐང་གྱི་ཉིན་མོ་གལ་ཆེན་རེད།
གཉིས།
གལ་ཏེ་དེ་རིང་སྟོན་ཡེ་མཆོག་གི་སྐུ་ཡི་འཁྲུངས་སྐར་ཡིན་ན་ཁོང་གི་རྗེས་འཇུག་པ་ས་ཡ་མང་པོས་ཉིན་མོ་འདིར་རང་གི་སྟོན་པའི་མཛད་རྣམ་ལ་ཡི་རང་གི་བསྔགས་བརྗོད་འཁྲོལ་བཞིན་འཁྲུངས་སྐར་འདི་དགའ་དད་སྤྲོ་གསུམ་གྱིས་བསུ་ངེས་ཤིང་། དེ་བཞིན་རྗེའུ་དང་། ཁ་ཆེ་སོགས་ཆོས་ལུགས་གང་ཡིན་ཡང་རང་གི་སྟོན་པའི་འཁྲུངས་སྐར་ནི་ཆེས་གལ་ཆེའི་ཉིན་མོར་སྲུང་བརྩི་བྱེད་ངེས། ང་ཚོ་སྟེ་འདྲེན་མཆོག་མཉམ་མེད་དཔལ་ཟས་གཙང་སྲ་ཕོའི་རྗེས་འཇུག་ཏུ་ཁས་འཆེས་པའི་ནང་བ་སངས་རྒྱས་པ་དག་གིས་འཛམ་གླིང་འདིར་གནས་འཆའ་བའི་ནང་པ་ཡོངས་རྫོགས་གཅིག་མཐུན་གྱིས་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་བལྟམས་པ་དང་སངས་རྒྱལ་པ་མྱ་ངན་ལས་འདས་པའི་གསུམ་འཛོམས་ཀྱི་དུས་ཆེན་འདིར་ཡོངས་ཁྱབ་རང་བཞིན་གྱི་སྲུང་བརྩི་རྒྱ་ཆེན་ཞིག་བྱེད་མ་ཐུབ་པ་འདི་ནི་ཅི་འདྲའི་བློ་ཕམ་གྱི་རང་བཞིན་ཞིག་རེད་ཨང་། ང་ཚོས་སྟོང་ཆ་འདི་བསྐང་ཆེད་དེ་རིང་བཟུང་དཔལ་མཉམ་མེད་ཤཱཀྱ་སེང་གེའི་སྐུ་ཡི་འཁྲུངས་སྐར་འདི་སྲུང་བརྩི་བྱེད་པའི་ཡོངས་ཁྱབ་ཀྱི་ལས་གཞི་འདི་ལྟར་བརྩམས་དགོས་པས་འཛམ་གླིང་གོ་ལའི་ས་ཕྱོགས་གང་སར་གནས་པའི་ནང་པ་ཡོངས་ཀྱིས་འཁྲུངས་སྐར་འདི་ལྟར་སྲུང་བརྩི་བྱེད་རོགས།
གསུམ།
གཅིག ཉིན་མོ་འདིར་རང་རང་གི་ཉེ་འཁོར་དུ་གནས་པའི་སྐྱེ་བོ་ཡོངས་ལ་རང་གི་སྟོན་པའི་མཛད་རྣམ་སྐོར་དང་རླབས་ཆེན་གྱི་སྟོན་པ་ཁོང་གིས་ང་ཚོར་བླང་དོར་གྱི་ལམ་སྟོན་གང་དང་གང་གནང་ཡོད་པའི་སྐོར་ལ་གོ་བསྡུར་དང་བགྲོ་གླེང་བྱ་རྒྱུ། གཉིས། སྟོན་མཆོག་ཁོང་གི་རྗེས་འཇུག་པ་ཞིག་ཡིན་པའི་ངོས་ནས་ཉིན་མོ་འདིར་སྐྱེས་ཆེན་ཁོང་གིས་ཉམས་བཞེས་སུ་བསྟར་བའི་གཞན་གཅེས་དང་བྱམས་སྙིང་རྗེའི་དགེ་ཕན་ལ་སོགས་ལ་བསམ་བློ་བཏང་སྟེ་གཞན་ལ་གནོད་གཞིའི་ལས་མི་བརྩམས་པར་གཞན་ཕན་གྱི་ལས་ཀ་གང་ཐུབ་བསྒྲུབ་རྒྱུ།
གསུམ། རང་གི་ནང་མི་དང་གྲོགས་པོ་ཕོ་མོ་ཚོར་རྒྱུད་ལམ་གང་རུང་ཐོག་དེ་རིང་གི་ཉིན་མོའི་གལ་ཆེའི་རང་བཞིན་ངོ་སྤྲོད་དང་སྦྲགས་ཉིན་མོ་འདིར་གཞན་ཕན་གྱི་ལས་སུ་འཇུག་དགོས་པའི་སྐུལ་དེད་བྱ་རྒྱུ། བཞི། དུས་དེབ་དང་། ཚགས་ཤོག དྲ་རྒྱ་སོགས་སུ་སྟོན་མཆོག་ཐུབ་པའི་དབང་པོའི་མཛད་བཟང་ལ་བསྔགས་བརྗོད་དང་དེ་འབྲེལ་གྱི་རྩོམ་བྲིས་སྤེལ་རྒྱུ། ལྔ། རང་ཉིད་ནང་པ་ཞིག་གི་ངོས་ནས་ཉིན་མོ་འདི་ཆེས་གལ་ཆེན་དུ་བརྩིས་ཏེ་་ཉིན་དེའི་དུས་ཚད་ཡོངས་རྫོགས་དགེ་སེམས་འབའ་ཞིག་གི་ངང་ནས་རྫོགས་པར་ཧུར་བརྩོན་བྱ་རྒྱུ། འདི་ནི་ནང་པའི་ཆོས་ཀྱི་རྗེས་འབྲང་པའི་གྲྭ་བ་ཞིག་གིས་ནང་པ་ཡོངས་ལ་ཕུལ་བའི་རེ་སྐུལ་ཡིན་པས་བདག་གི་རེ་བ་འདི་ཅིས་དང་ལེན་གནང་རོགས་ཞུ།།
བོད་ཟླ་བཞི་བའི་ཚེས་བཅོ་ལྔ་སྟེ་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུའི་འཁྲུང་སྐར་གྱི་ཉིན་མོར་དང་པ་ཆེན་པོས་བྲིས།

འཇིག་རྟེན་གྱི་མིག

རྟེན་འབྱུང་ང་རོ་ཐེངས་གཅིག་བསྒྲགས་པས་བློ་ལྡན་ཞི་བའི་ཐབས་ཀྱིས་བསླུས།།
གཅེས་འཛིན་དམིགས་པ་གཞན་ལ་གཏད་པས་རང་སེམས་བདེ་ཆེན་རོ་ཡིས་མྱོས།།
བདག་ཉིད་བདག་གི་མགོན་དུ་ལྟ་བའི་ཡང་དག་རིག་པའི་ལྟ་གྲུབ་ལས།།
བདེ་གཤེགས་ས་ལ་ཐབས་ཀྱིས་བགྲོད་པའི་ཤྭཀྱའི་རིགས་ཁྱེད་སྙིང་ནས་གུས།།

ཀླུ་སྒྲུབ་རིགས་པའི་བདུད་རྩི་ལ་དུང་ཐལ་ཕྱིར་སྒྲོག་པའི་རིག་སྨྲ་ང་།།
རྒྱལ་སྲས་ཆེན་པོའི་བློ་སྦྱོང་ལ་དད་སེམས་རྒོད་བརྟག་པའི་རྟོག་གེ་ང་།།
ནང་བསྟན་རིག་པའི་ལེགས་བྱང་ལ་དགའ་གནས་ལུགས་འཚོལ་བའི་ངལ་རྟེན་ང་།།
དེ་རིང་ཁྱེད་ཉིད་རྫོགས་སངས་རྒྱས་པའི་གནས་མཆོག་འདི་རུ་སྐལ་བས་ལྷགས།།

རྩོད་སྒོམ་ཟུང་འཇུག་ཉམས་སུ་བསྟར་བའི་གོམས་གཤིས་བཟང་པོ་བདག་ལ་མེད།།
ཐོས་དོན་རང་སེམས་ཞི་བའི་ཐབས་བསྟེན་བློ་སྦྱོང་སེམས་བསྐྱེད་བདག་ལ་མེད།།
རྩོད་ངག་དབྱངས་དང་འཆད་འཁྲིད་ལ་སོགས་གོམས་སྲོལ་ཙམ་གྱི་རྗེས་སུ་བསྙེགས།།
དེ་རིང་སྟོན་མཆོག་ཁྱེད་ཀྱི་མདུན་དུ་ལེགས་བྱས་མཆོད་པ་ཅི་ཡང་མེད།།

སྟོང་ཕྲག་བགྲང་བྱའི་ཡར་སྔོན་ཞིག་ཏུ་ལོ་མ་འཐོར་བའི་གནས་མཆོག་འདིར།།
མངོན་སངས་རྒྱས་པའི་ཁྱེད་ཀྱི་མཛད་བཟང་ཐོས་འཛིན་བུ་གར་སོན་པའི་མོད།།
དགའ་དད་འཆི་མས་མགྲིན་པ་མནོང་བཞིན་དམ་བཅའི་ཚིག་གི་མཇུག་སྣེ་ནས།།
ལྟ་སྤྱོད་ཕྲ་མོའི་ཟུར་ཆ་ཙམ་ཡང་ཁྱེད་ཀྱི་ཕྱོགས་སུ་འབྲང་ཞེས་སྨྲས།།

ཆེན་པོའི་ལྷ་དང་དྲག་པོའི་འདྲེ་སོགས་སྲོག་ལྡན་དབུགས་ཀྱིས་རྒྱུ་བ་ཀུན།།
ལྟོས་གྲུབ་ཟབ་མོའི་གནས་ལུགས་ལ་འབྲེལ་ལེགས་ཉེས་འབྱེད་པའི་མཁྱེན་རབ་ཆེ།།
ཚན་རྩལ་རིག་པས་ཡུལ་ལས་འགོངས་པའི་ཡང་དག་གདམས་པ་འདིར་བསམ་ཚེ།།
ཞི་བདེའི་དྲེན་མཆོག་སྟོན་པ་ཁྱེད་ལ་དགའ་དད་རླབས་རྒྱུན་སླར་ཡང་འཕྱུར།།

ཆོས་གོས་སེར་བོས་ཆོས་འཚོང་བརྒྱབ་ཀྱང་སྟོན་མཆོག་ཁྱེད་ལ་ལེ་བདའ་མེད།།
གསང་བསྔགས་ཟབ་མོས་འཆལ་སྤྱོད་བརྟེན་ཡང་ཁྱེད་ཀྱི་གསུང་ལ་ནོར་འཁྲུལ་མེད།།
ཆོས་པའི་གཟུགས་ཀྱིས་ཆོས་ཁྲིམས་བརླགས་ཀྱང་ཁྱེད་ལ་དད་པ་འགྱུར་བ་མེད།།
ཚེ་སྲོག་དབུགས་ཀྱི་ལྷག་མ་འདི་ཉིད་ཁྱེད་རྗེས་སྙེག་པའི་དམ་བཅའ་འཇོག།།

ངོ་མཚར་གསུང་གི་གསང་བ་རེ་ཡིས་དགའ་སྡུག་སྒྱུ་མའི་རང་གཤིས་སྟོན།།
རྨད་བྱུང་མཛད་བཟང་ཕྲ་མོ་རེས་ཀྱང་ཡང་དག་རིག་པའི་སྒོ་གླེགས་འབྱེད།།
རྒྱུ་མཚན་རིགས་པས་ཡང་ཡང་བརྟགས་པས་དད་འདུན་རྐང་གི་ཁུངས་ནས་འཕེལ།།
ལྷ་མའི་སྟོན་མཆོག་འཇིག་རྟེན་མིག་ཁྱེད་གུས་ཕྱག་དུང་པས་ཡང་ཡང་མཆོད།།

༢༠༡༠/ཟླ༡/༩ཉིན་གྱི་ཕྱི་དྲོ་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་དྲུང་དུ་སྙིང་ཁུངས་རུས་པའི་གཏིང་ནས་དད་པ་དང་བཅས་ཤར་མར་བྲིས།

རྩོམ་རིག

Post navigation

Previous Post: གུང་ཁྲན་ཏང་ཁ་འཐོར་དུ་འགྲོ་མི་ཐུབ་པའི་རྒྱུ་རྐྱེན་བཞི།
Next Post: གངས་སྐྱིད་དུ་གཞུང་ཞབས་བུད་མེད་ལས་བྱེད་ཀྱི་སྤོ་ལོ་འགྲན་བསྡུར།

Comments (12) on “འཇིག་རྟེན་འོད་ཀྱིས་ཁེངས་པའི་ཉིན་མོ།”

  1. ཚོགས་ཆེན་ says:
    2011-06-15 at 5:56 pm

    གསེར་གྱི་མདོག་ཅན་ས་གནོན་ཕྱག་རྒྱ་ཅན། །རྨད་བྱུང་ཐུགས་རྗེས་བརྩོན་འགྲུས་ཆེན་པོའི་མཐུས། །མི་མཇེད་འཇིག་རྟེན་ཁམས་ཀྱི་དཔལ་གྱུར་པའི། །འདྲེན་མཆོག་ཤྰཀྱའི་ཏོག་ལ་ཕྱག་འཚལ་ལོ།

  2. ཚོགས་ཆེན་ says:
    2011-06-15 at 6:04 pm

    གསེེར་གྱི་མདོག་ཅན་ས་གནོན་ཕྱག་རྒྱ་ཅན། །རྨད་བྱུང་ཐུགས་རྗེ་བརྩོན་འགྲུས་ཆེན་པོའི་མཐུས། །མི་མཇེད་འཇིག་རྟེན་ཁམས་ཀྱི་དཔལ་གྱུར་པའི། །འདྲེན་མཆོག་ཤྰཀྱའི་ཏོག་ལ་ཕྱག་འཚལ་ལོ།

  3. གཙུག་ལག་སློབ་དཔོན་ says:
    2011-06-15 at 9:49 pm

    གསེར་གྱི་སྟོན་པ།
    གསེར་ལས་ལྷག་པའི་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །
    གསེར་ལས་དཀོན་པའི་རྒྱལ་སྲས་ལག་ལེན་ལ་བརྩོནད་ནས། །
    གསེར་ལྟར་བཟང་བའི་དོན་གཉིས་བྱང་ཆུབ་ཆོས་གཟུགས་བརྙེས།
    གསེར་རྙེད་ལྷག་པའི་ཁྱོད་གསུང་བདུད་རྩི་གདུལ་བྱར་སྟོནད། །

  4. རྔ་བ་གཉན་རྒོད་ says:
    2011-06-15 at 11:56 pm

    གསེར་གྱི་མདོགས་ལྡན་ལ་ཕྱག་འཚལ་ལོ་་་་་ཁྱེད་ཀྱིས་ཐུགས་རྗེ་ལས་་་སྔོན་དུས་སུ་སྐྱེས་བུ་དམ་པ་མང་རབ་གོ་ལ་་་དེང་དུས་སུ་དངུལ་ལོ་མང་པོ་ཡོད་རབ་ཡང་གོ་་་་གང་ལྟར་ཁོང་ཚོ་ལ་ཁྱེད་ཉིད་མཁོ་ལ་ཁྱེད་ཉིད་བཟང་་་་་་་འོན་ཀྱང་ཁོང་ཚོ་ནས་ཁྱེད་ཉིད་ཀྱི་འཁྲུངས་སྐར་ལ་བརྟེན་ཞུས་ཡོད་དམ་་་་ཕར་ཆེར་དངུལ་ལོ་མེད་ན་ཁྱེད་ཉིད་ཡང་བརྗེད་་་་་དངུལ་ལོའི་ཁྱེད་དུ་ཁྱེད་ཉིད་ལ་བསྟོད་བསྔགས་མང་་་་གསེར་མདོགས་ཅན་ཐུགས་མ་ཕམ་རོགས་་་་

  5. སྐྱུ་རྩི་ནས། says:
    2011-06-16 at 12:17 am

    གསེར་གྱི་ལྷུན་པོ་ཉིན་བྱེད་འབུམ་གྱི་འོད།
    ཀུན་ནས་འཕྲོ་བ་བས་ཀྱང་མདངས་གསལ་ཞིང་།
    མཚན་དཔེའི་དཔལ་འབར་གཟི་བརྗིད་ཕུང་པོའི་སྐུ།
    ཐུབ་པའི་ཞབས་པད་བདག་གི་སྤྱི་བོས་མཆོད།

  6. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-06-16 at 4:15 am

    དགེ་སློང་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པ།
    སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ།
    སྐད་གྲགས་ཆེ་བས་འཇིག་རྟེན་སྐད་རིགས་མང་པོར་བསྒྱུར་ཡོད་པ་
    ལས་བཏུས་པ་ཚིགས་བཅད་འདི་དག་ཀློག་པར་མཛད་པའི་རེ་བས་ཕུལ།
    དེ་ནས་སྐར་མ་རྒྱལ་རབ་ལྡན་པར་གྱུར་པའི་ཚེ།
    བརྟུལ་ཞུགས་ལེགས་པར་འདུས་བྱས་ལྷ་མོ་དེ་ཡི་ནི།
    རྩིབ་ལོགས་དག་ནས་འཇིག་རྟེན་ཕན་ཕྱིར་སྲས་བལྟམས་ཏེ།
    ཚོར་བ་དང་ནི་བྲལ་ཞིང་ནད་དང་བྲལ་བ་ཉིད།། ༩ །།

    ཇི་ལྟར་བརླ་སྐྱེས་བརླ་ནས་རྒྱ་ཆེན་ལག་པ་ནས།
    དབང་པོ་དང་མཚུངས་ང་ལ་ནུ་ནི་སྤྱི་བོ་ནས།
    མཚན་ལྡན་ཉིད་ཀྱང་ལག་པའི་ཆ་ཤས་གསང་བ་ནས།
    རྣམ་པ་དེ་ལྟར་དེ་ཡི་སྐྱེ་བ་བྱུང་བར་གྱུར།། ༡༠ །།

    མངལ་ནས་མངོན་པར་ངེས་པར་བྱུང་བ་གཟུགས་མཛེས་ཏེ།
    ནམ་མཁའ་དག་ལས་འཕྲོས་འདྲེ་སྐྱེ་གནས་ལས་མ་སྐྱེས།
    བསྐལ་པ་གཅིག་མིན་རྣམས་སུ་བསྒོམས་པའི་བདག་ཉིད་ནི།
    གང་ཞིག་ཡང་དག་རབ་ཏུ་ཤེས་ན་སྐྱེས་གྱུར་བླུན་པོ་མིན།། ༡༡ །།

    ཉི་མ་གཞོན་ནུ་ས་ལ་མངོན་པར་བབས་པ་བཞིན།
    གསལ་བ་དང་ནི་བརྟན་པས་གང་ཞིག་མཛེས་པ་སྟེ།
    དེ་ལྟར་ཤིན་ཏུ་གསལ་ཡང་ངེས་པར་རྟོག་པ་ན།
    རི་བོང་གིས་མཚན་ཇི་ལྟར་མིག་དག་འཕྲོགས་པར་གྱུར།། ༡༢ །།

    དེ་ནི་རང་གི་ལུས་ཀྱི་འོད་རབ་འབར་བ་ཡིས།
    སྒྲོན་མའི་འོད་ཀྱང་གསལ་བར་བྱེད་པ་ལྟར་བཅོམ་སྟེ།
    རིན་ཐང་ཆེན་པོ་ཛམ་བུ་ཆུ་གསེར་མཛེས་པའི་མདོག
    ཕྱོགས་རྣམས་ཐམས་ཅད་རྣམ་པར་སྣང་ཞིང་གསལ་བར་མཛད།། ༡༣ །།

    འཁྲུགས་པ་མ་ཡིན་ཡོན་པོའི་སྐྱོན་དག་རབ་བསལ་ཞིང༌།
    ཤིན་ཏུ་བརྟན་པ་དང་ལྡན་རྣམ་པར་ཡངས་པའི་འགྲོས།
    དེ་ལྟར་མི་གཡོ་རབ་ཏུ་བརྟན་པའི་གོམ་པ་བདུན།
    དྲང་སྲོང་སྐར་མ་བདུན་དང་རབ་མཉམ་གཤེགས་པར་གྱུར།། ༡༤ །།
    ཞེས་སྐུ་བལྟམས་པའི་བསྔགས་པའོ།

    མི་ཡིས་སྤྱོད་དཀའ་རྣམས་མཛད་ཅིང༌། 
    ལས་ནི་ཐོབ་བཞེད་ལོ་དྲུག་ཏུ། 
    བདག་གི་སྐུ་ལུས་རིད་པར་མཛད། 
    ཕ་མཐའ་མེད་པའི་འཁོར་བ་ཡི།། ༩༥ །།
     
    ཕ་རོལ་ཐོབ་པར་འདོད་པ་ངེས། 
    བཟའ་བའི་དུས་སུ་ཏིལ་དང་འབྲུ།
    རབ་ཤ་རྣམས་ནི་རེ་རེ་གསོལ།། ༩༦ །།
    ཞེས་ལོ་དྲུག་དཀའ་སྤྱད་ལ་བསྔགས་པའོ།
     
    གང་ཚེ་དེ་སྐད་བརྗོད་ཀྱང་ཆགས་པ་དང་བྲལ་བའི། 
    ཤཱཀྱ་ཐུབ་པས་གདན་ནི་བཤིག་པ་མ་ཡིན་ཉིད། 
    དེ་ནས་འདི་ལ་བདུད་ཀྱིས་མདའ་ནི་འཕངས་པ་སྟེ། 
    བུ་མོ་རྣམས་དང་བུ་རྣམས་མདུན་ནས་བྱས་ནས་སོ།། ༡༤ །།

    དེར་ནི་དེ་ཡིས་མདའ་ནི་རབ་ཏུ་འཕངས་ན་ཡང༌། 
    ཆགས་པར་བྱས་པ་མེད་ཅིང་བརྟན་ལས་གཡོས་པ་མེད། 
    དེ་ལྟར་དེ་མཐོང་གྱུར་ནས་བདུད་ནི་ཡི་མུག་ཅིང༌། 
    བསམ་མནོ་ཡོངས་སུ་ལྡན་པ་དལ་བུས་སྨྲས་པར་འགྱུར།། ༡༥ །།

    རི་དབང་བུ་མོ་ལ་དམིགས་གང་གིས་ཕུག་པ་ཡི། 
    བདེ་འབྱུང་ལྷ་ཡང་ཡོངས་སུ་གཡོས་པར་གྱུར་པ་སྟེ། 
    འདིས་ནི་མདའ་དེ་ཉིད་ལ་སེམས་པར་མི་བྱེད་པ། 
    སེམས་མེད་ཡིན་ནམ་མདའ་འདི་དེ་མ་ཡིན་ནམ་ཅི།། ༡༦ །།
    བདུད་ལས་རྒྱལ་བ་ལ་བསྔགས་པའོ།

    ཐུན་ནི་བཞི་པའི་སྐྱ་རེངས་ཤར་བའི་ཡུད་ཙམ་ན། 
    རྒྱུ་དང་མི་རྒྱུའི་འབྱུང་པོ་རྣམས་ནི་ཞི་ བ་ན༑ 
    དྲང་སྲོང་མཆོག་གིས་འགྱུར་བ་མེད་པའི་གོ་འཕང་དང༌། 
    ཀུན་གྱི་མགོན་གྱིས་ཐམས་ཅད་མཁྱེན་པ་ཉིད་བརྙེས་སོ།། ༨༦ །།
    ཞེས་བླ་མེད་བྱངཆུབ་བརྙེས་པ་ལ་བསྔགས་པའོ།

    ཐུབ་པ་སྲིད་པའི་མཚོ་ལས་རང་ཉིད་རབ་བརྒལ་ནས། 
    འགྲོ་བ་སྡུག་བསྔལ་བྱིང་བ་རབ་ཏུ་དྲོངས་མཛོད་ཅིག
    ལེགས་པའི་དབང་ཕྱུག་གིས་ནི་ཕུན་སུམ་ཚོགས་པ་ཐོབ་ནས་བཞིན། 
    གཞན་རྣམས་ལ་ཡང་རང་གི་ཡོན་ཏན་གྱིས་སྦྱོར་མཛོད།། ༡༠༡ །།
    ཞེས་ཆོས་འཁོར་བསྐོར་བར་བསྐུལ་བ་ལ་བསྔགས་འོ།

    ཡང་དག་ལྟ་བའི་ཉི་མས་རབ་ཏུ་གསལ་བྱས་ཤིང༌། 
    རྣམ་དག་ཡང་དག་རྟོགས་པའི་ཤིང་རྟས་དྲངས་པ་སྟེ། །
    ཡང་དག་བརྗོད་པའི་ཡང་དག་དག་ནི་གཙུག་ལག་ཁང༌། 
    དགེ་བའི་བྱ་བའི་སྐྱེད་ཚལ་བརྒྱ་ཕྲག་མངོན་པར་དགའ།། ༣༥ །།
     
    སྨད་པ་མེད་པའི་འཚོ་བ་ལོ་ལེགས་ཆེན་པོ་སྟེ། 
    ཡང་དག་རྩོལ་བས་སྟོབས་རབ་རྗེས་སུ་འགྲོ་བ་ཅན། 
    ཀུན་དུ་ཡང་དག་དྲན་པའི་སྦས་པས་སྦས་པ་སྟེ། །
    ཏིང་འཛིན་གཟིམས་མལ་དང་ནི་གདན་གྱིས་བརྒྱན་པའོ།། ༣༦ །།
     
    དེ་ལྟར་མཆོག་གི་ཡན་ལག་བརྒྱད་འདིར་འདི་ལམ་སྟེ། 
    འཆི་དང་རྒ་དང་ན་བ་རྣམས་ལས་འདྲེན་པ་པོ།
    གང་ལ་དྲངས་ནས་བྱ་བ་ཐམས་ཅད་བྱས་པ་སྟེ། 
    འདི་དང་ཆེ་གེ་མོར་ནི་སླན་ཆད་འགྲོ་བ་མེད།། ༣༧ །།

    འདི་ནི་སྡུག་བསྔལ་མཐའ་དག་འདི་ནི་ཀུན་འབྱུང་སྟེ། 
    འདི་ནི་འགོག་པ་འདི་ཡི་ལམ་ནི་འདི་ཡིན་ཏེ། 
    དེ་ལྟར་མ་ཐོས་ཆོས་ཀྱི་ཆོ་ག་སྔར་མེད་པའི། 
    རྣམ་པར་མཐར་ཕྱིན་བདག་གི་སྤྱན་མིག་སྐྱེ་བའོ།། ༣༨ །།
    ཞེས་འཕགས་ལམ་བརྒྱད་དང་བདེན་བཞི་གསུངས་པ་ལ་བསྔགས་པའོ།།

    སྟོན་ཀའི་ཆུ་ཡིས་བཀྲུས་པ་ཡི། 
    གོས་ལ་ཚོན་ནི་བཀོད་པ་བཞིན། 
    དཀར་པོའི་བློ་ཡིས་དམ་པའི་ཆོས། 
    ཐོས་ནས་རབ་ཏུ་རྟོགས་པ་ཉིད༑།

  7. ཚེ་བསམ་ says:
    2011-06-16 at 6:25 am

    སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང།
    བསྟན་པ་ཉི་འོད་ཞིན་དུ་གསལ་བ་དང་།
    བསྟན་འཛིན་བ་སློབ་ཤིན་ཏུ་མཐུན་པ་དང་།
    བསྟན་པ་ཡུན་རིང་གནས་པའི་བཀྲ་ཤེས་ཤོག།

  8. སེ་ཤུལ་རིན་ཆེན་དོན་གྲུབ། says:
    2011-06-16 at 10:27 am

    དྲ་གྲོགས་ཚོ་ཕེབས་ནས་མཆན་སྤེལ་བར་བསུ་ཞུ། ཡིག་ནོར་ཁ་ཤས་ཤོར་འདུག་དགོངས་འགལ་མེད་པར་ཞུ། རྗེས་སུ་གཟབ་གཟབ་བྱ་ངེས་ཡིན།

  9. སེ་ཤུལ་རིན་ཆེན་དོན་གྲུབ། says:
    2011-06-16 at 10:28 am

    དགའ་ཆད་འདུག་པས་དགའ་བསུ་ཞེས་པར་བཅོས་རོགས།

  10. འཇིག་མེད་ says:
    2011-06-16 at 4:44 pm

    སངས་རྒྱས་ཀྱི་འཁྲུངས་སྐར་ལ་བཀྲིས་བདེ་ལིགས་ཞུ།

  11. འཇིག་མེད་ says:
    2011-06-16 at 4:53 pm

    ེས་ག་་ཞེས་པའི་དོན་གང་ཡིན་ནམ་

  12. མིག་བརྒྱད་པ། says:
    2011-06-18 at 5:47 pm

    སེར་ཤུལ་རིན་ཆེན་དོན་འགྲུབ་ལགས།
    ༼ཀླུ་སྒྲུབ་རིགས་པའི་བདུད་རྩི་ལ་དུང་ཐལ་ཕྱིར་སྒྲོག་པའི་རིག་སྨྲ་ང་།།
    རྒྱལ་སྲས་ཆེན་པོའི་བློ་སྦྱོང་ལ་དད་སེམས་རྒོད་བརྟག་པའི་རྟོག་གེ་ང་།།
    ནང་བསྟན་རིག་པའི་ལེགས་བྱང་ལ་དགའ་གནས་ལུགས་འཚོལ་བའི་ངལ་རྟེན་ང་།།
    དེ་རིང་ཁྱེད་ཉིད་རྫོགས་སངས་རྒྱས་པའི་གནས་མཆོག་འདི་རུ་སྐལ་བས་ལྷགས།།༽ ཚིག་སྦྱོར་ཅུང་ཟད་མི་བདེ་བ་དང་ཡིག་ནོར་ཕྲན་བུ་འདུག་ན་གཟབ་པར་འཚལ། འདིའི་༼ང༽ཞེས་པ་རྕོམ་པ་པོ་རང་ཉིད་ལ་གོ་ན་སངས་རྒྱས་ཀྱི་ཆེ་བ་བརྗོད་པའི་སྐབས་དོན་དང་མི་འཚམས་པས་སྤང་དགོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme