Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༅༅།། འཆི་ཡུལ་ནས་ཕྱིར་ལོག་པ། རྫུ་འཕྲུལ་གྱི་བུ། དངོས་མཐོང་བདེན་དཔང་། ལེའུ་བཅོ་ལྔ་བ།

Posted on 2013-07-262013-07-26 By རྔ་བ་རྒྱལ་ཁམས་པ 15 Comments on ༅༅།། འཆི་ཡུལ་ནས་ཕྱིར་ལོག་པ། རྫུ་འཕྲུལ་གྱི་བུ། དངོས་མཐོང་བདེན་དཔང་། ལེའུ་བཅོ་ལྔ་བ།

རྔ་བ་རྒྱལ་ཁམས་པ།

ཕྱི་ནང་གི་རྒྱུ་རྐྱེན་མང་བོ་ཞིག་ལ་བརྟེན་ནས། བུའི་ནད་གཞི་ཇེ་བཟང་དང་། རིག་པ་ཇེ་དྭངས་སུ་འགྲོ་བཞིན་འདུག་མོད། སྨན་ཁང་ཕྱོགས་གཉིས་ཀྱི་སྨན་པ་ཚོར་སེམས་ཁྲལ་དང་དྭོགས་པ་ཆེན་པོ་ཞིག་ཡོད་པ་ནི། ཛ་དྲག་ཉེན་སྐྱོབ་ལས་བུའི་དོན་ལྔ་སྣོད་དྲུག་དང་། ཀླད་པ་སོགས་ལུས་ཀྱི་ཆ་ཤས་གལ་ཆེན་ཞིག་ལ་གནོད་སྐྱོན་ཐེབས་ནས་འཕྲོ་བརླག་ཏུ་སོང་ཡོད་མེད་ཚོད་ཐུག་དཀའ་བ་དེ་ཡིན། སྨན་གཙོ་སྐུ་ཞབས་སྒུ་རིན་བལ་མཆོག་གིས་ཆེད་མངགས་ཐུགས་བཀོད་ལྟར། ནད་ཁང་གི་ནང་ལོགས་ན་ཡོད་པའི་སྨན་ཆས་དང་རྐུབ་སྟེགས་སོགས་བསལ་ནས་ཅུང་ཡངས་པོར་བཟོས་རྗེས། ཀླད་བརྟག་འཕྲུལ་ཆས་ཆེན་པོ་ཞིག་འདྲིད་ཡོང་སྟེ། ཕྱེད་སྔ་མ་ནད་ཁང་གི་ནང་དང་ཕྱེད་ཕྱི་མ་ནད་ཁང་གི་འཛུལ་སྒོར་བཞག ལས་བྱེད་ཁག་ཅིག་གིས་ནད་པའི་ཉལ་གདན་གྱི་ཕྱོགས་མཐའ་ནས་འཇུས་ཤིང་བཏེགས་ཏེ་ག་ལེར་འཕྲུལ་འཁོར་མདུན་ངོས་ཀྱི་བུ་ག་ཆེན་པོ་དེའི་ནང་དུ་དྲངས། པར་འདེབས་འཕྲུལ་འཁོར་ཞིག་གིས་པར་ལོག་རྒྱག་པ་ལྟར། ལྡིར་སྒྲ་ཟབ་ཅིང་དམའ་མོ་ཞིག་དང་བཅས་འོད་དཀར་ཟླུམ་པོ་ཞིག་བུའི་མགོ་ལྟག་ནས་མགུལ་བ་བར་ཡར་འོང་མར་འགྲོ་བྱེད་བཞིན་པ་མཐོང་། མཐོང་ཚོད་ལ་བུའི་མགོ་བོ་ཅུང་ཟད་ཅིག་མར་ཆུང་དུ་སོང་ཡོད་པའི་ཚོར་སྣང་སྐྱེས། སྨན་ཆུས་ཆུ་ལྒང་ལྟར་ལུས་ཧྲིལ་བོ་གང་ནས་ཡོད་པས། གལ་སྲིད་མགོ་ནང་དུ་སྨན་ཆུ་དེ་ཚོ་ཤོར་ནས་ཀླད་པ་འཕྲོ་བརླག་ཏུ་སོང་ཡོད་ན། ཚུར་གསོན་པའི་དབང་དུ་བཏང་ཡང་མིའི་མཚན་ཉིད་ཆ་ཚང་བ་ཞིག་ནི་ཡོང་ཐུབ་བམ། ཀླད་པར་གཤགས་བཅོས་འདྲ་བཏང་སྟེ་བཟོ་བཅོས་རྒྱག་དགོས་པ་ཞིག་གམ། ཡང་ན། མི་ཚེ་དབང་བོ་སྐྱོན་ཅན་ཞིག་གི་གནས་སྟངས་འོག་སྐྱེལ་དགོས་སྲིད་དམ། བརྟག་འབྲས་ཅི་འདྲ་ཞིག་སླེབས་ཡོང་ངམ། དཀོན་མཆོག་མཁྱེན། ཀླད་པར་སྐྱོན་མ་ཤོར་བའི་གསོལ་འདེབས་དང་སྨོན་ལམ་བྱེད། ཤིན་ཏུ་འཚུབ་སྣང་ཞིག་དང་བཅས་ངའི་སེམས་པ་དྲི་བ་སྣ་ཚོགས་ཀྱིས་གཅུན་ཅིང་སྙིང་ཡང་ལྷོག་ལྷོག་འཕར། སྐར་མ་ཉི་ཤུ་ཡས་མས་ཤིག་གི་འཕྲོར་བརྟག་པ་བྱེད་ཚར་སོང་། ལས་བྱེད་ལོ་ན་རྒན་པ་ཞིག་གིས་བརྟག་འབྲས་ཟིན་ཐོར་སྡེབ་བཞིན་འདུག ངས་ལས་བྱེད་དེར་སྐུ་ཞབས་ལགས། བརྟག་འབྲས་ག་འདྲ་བྱུང་འདུག་གམ། ཞེས་དྲིས་པར། ཁོང་གིས་ང་ཚོས་བརྟག་འབྲས་གསལ་བོར་འགྲེལ་བཤད་བརྒྱབ་ཐུབ་ཀྱི་མ་རེད། སྨན་པས་ཁྱེད་ལ་གསལ་བཤད་གནང་གི་རེད་ཅེས་ཟེར། ངས་ཡང་བསྐྱར་ཨུ་ཚུགས་ཀྱིས་ཁྱེད་ཀྱི་ཉམས་མྱོང་གི་ཐོག་ནས་བལྟས་ན། བརྟག་པ་བྱས་པའི་གྲུབ་དོན་དེ་བཟང་ངན་གང་གི་ཕྱོགས་སུ་མཐོང་གིན་འདུག ཅེས་དྲིས་པར། ངས་བཟང་ཕྱོགས་སུ་ངོས་འཛིན་བྱེད་བཞིན་ཡོད། ཁྱེད་ལ་གནས་ཚུལ་ཞིབ་ཕྲ་སྨན་པས་འགྲེལ་བཤད་རྒྱག་རྒྱུ་རེད། ཅེས་བཤད་སོང་མོད། སྨན་པས་ཅི་གསུང་ད་དུང་ཆ་མ་འཚལ་བས་ཀླད་བརྟག་གྲུབ་འབྲས་གསལ་ཐག་མ་ཆོད་པའི་དུས་ཡུན་དེ་ནི། ང་ལ་ལྟོས་ན་ངོ་མ་རྒྱུན་རིང་ཞིང་སྒུག་བཟོད་མི་ཐུབ་པའི་གནས་སྐབས་ཤིག་རེད། ཚན་རིག་པ་ཚོས་དུས་ནི་ལྟོས་བཏགས་ཤིག་ལས་ལོགས་ན་མེད་པར་བཤད་པ་དང་། སངས་རྒྱས་པས་སྐད་ཅིག་མའི་རྟེན་འབྲེལ་ལས་དུས་ཀྱི་རྣམ་བཞག་འཇོག་པ། ཁྱད་པར་ངན་འགྲོ་བའི་ཚེ་ཚད་འཇོག་ལུགས་དེ་ཚོ་ལས་ཀྱི་རྣམ་པར་སྨིན་པའི་ལྕི་ཡང་ལ་ལྟོས་པའི་མྱོང་སྣང་འབབ་ཞིག་ཡིན་པའི་ངེས་ཤེས་ཤིག་ཀྱང་སྐྱེ་རུ་བཅུགས། ཆུ་ཚོད་ཕྱེད་ཀ་ཡས་མས་ཤིག་གི་རྗེས་སྨན་གཙོས་བུའི་ཀླད་པར་སྨན་ཆུ་སོང་མེད་པ་དང་། ཀླད་པའི་བརྒྱུད་རིམ་གྱི་གྲུབ་ཆ་ལ་སྐྱོན་ཅིའང་མེད་པར་རྒྱུན་ལྡན་ཡིན་པའི་གསལ་བཤད་གནང་བས། ཕྲག་སྒང་དུ་ལྷུང་བའི་ཉི་ཟླ་གཟའ་སྐར་ཐང་དུ་ཕབ་པ་ལྟ་བུའི་ངལ་གསོ་དང་། ཤི་གསོན་ངོ་འཕྲད་པ་ལྟ་བུའི་དགའ་སྤྲོ་སྐྱེས། དེ་ནས་མུ་མཐུད་ལུས་ཀྱི་དོན་ལྔ་སྣོད་དྲུག་སོགས། རེ་རེ་བཞིན་བརྟག་དཔྱད་བྱས་པའི་འབྲས་བུར། ལུས་ཀྱི་ནང་ཆ་གང་ལའང་སྐྱོན་ཤོར་བའམ། འཕྲོ་བརླག་ཏུ་སོང་བའི་རིགས་གང་ཡང་མེད་པར་རྒྱུན་ལྡན་ཡིན་པ་ཡོངས་ཁྱབ་བྱས་ཤིང་། སྨན་པ་དང་སྨན་ཞབས་ཚང་མར་བློ་ཡུལ་ལས་འདས་པའི་ངོ་མཚར་ཆེན་པོ་སྐྱེས་ནས། འདི་ནི་དངོས་གནས་རྫུ་འཕྲུལ་རེད། ཅེས་དང་། ཁ་ཤས་ཀྱིས་དཀོན་མཆོག་གིས་བུ་འདི་ཚུལ་བཏང་བར་སྙིང་ནས་ཐུགས་རྗེ་ཞེས་རྗོད་ཀྱིན་པའང་ཐོས། ང་ཚོས་མུ་མཐུད་ཉིན་མཚན་གཉིས་ཀར་ཆོས་སྤྱོད་ཀྱི་བྱ་བ་རྒྱུན་འཁྱོངས་བྱེད་པ་དང་ཆབས་ཅིག ནད་གཡོག་ཚོ་དང་མཉམ་པོར་བུ་ལ་ལྟ་རྟོག་ཅི་ཤེས་བྱས་པ་ཡིན། སྤྱིར་བཏང་བྱས་ན་ནད་པ་དག་ལ་སྨན་ཁང་རང་ཉིད་ཀྱི་སྨན་གཡོག་ཚོས་ཉིན་མཚན་དུས་བཅད་ཀྱིས་ལྟ་སྐྱོང་བྱེད་པ་ལས། ཕ་མའམ། ནད་བདག་ཅིག་གིས་ནད་གཡོག་གི་ལས་འགན་ལྟ་བུ་སྒྲུབ་མཁན་ཤིན་ཏུ་དཀོན་པོ་རེད། ངེད་གཉིས་ཀྱིས་ཕྱར་གྲུ་མཉམ་འདེགས་ལྟ་བུས་ནད་གཡོག་ཚོ་དང་ལྷན་དུ་བུ་ལ་ནད་གཡོག་གང་ཐུབ་བྱས་པས། ནད་གཡོག་བུ་མོ་དག་ཀྱང་ང་ཚོ་ལ་ཡིད་འགུལ་ཐེབས་ནས། ང་ཚོ་ཕ་མ་ཞིག་ཡིན་པའི་ཆ་ནས་ང་ཚོའི་རེ་སྐུལ་དང་གྲོས་སྟོན་གང་ཞུས་ལ་ཡིད་ཆེས་གདེང་འཇོག་གནང་། བུ་ལ་སྤྱིར་བཏང་གི་ནད་པ་ཞིག་ལས་ཤ་ཚ་གཅེས་སྐྱོང་ལྷག་པོ་ཞིག་གནང་བཞིན་པའི་ཚོར་བ་སྐྱེས། རིམ་པས་བུའི་རྣམ་རིག་ཇེ་དྭངས་ཇེ་གསལ་དུ་ཕྱིན་ཅིང་། ལྟ་རྟོག་ཏུ་ཕེབས་མཁན་དག་ལའང་གུས་ལན་གྱི་སྐད་ཆ་ཅུང་ཟད་རེ་ཤོད་ཐུབ། སྤྱིར་སྨན་གཙོ་སྐུ་ཞབས་སྒི་རིན་བོལ་འདི་ཕར་བལྟས་ཚོད་ལ། མི་རྫིག་མདོག་དོད་པོ། ཤེས་ཡོན་གྱི་ཚད་མཐོ་ཞིང་། ང་རྒྱལ་དང་ཁེངས་དྲེགས་ཅན་གྱི་ཉམ་དོད་པ། ཆོས་ཞེས་པ་ཡེ་ནས་ཁས་མི་ལེན་མཁན་ཞིག་ལོས་ཡིན་སྙམ་པ་ཞིག་ཡོད་ཀྱང་། མཚམས་འདི་འདྲ་ཞིག་ནས། ངས་ཞོགས་པའི་ཁ་ཏོན་མཇུག་མ་གྲུབ་སྔོན། འཆར་ཅན་སྨན་པ་དང་སྨན་གཡོག་མཉམ་སྡེབ་ཀྱི་ཞོགས་པའི་དྲི་སྐོར་སྡེ་ཚན་དེ། སྔོན་མ་ལྟར་ནད་ཁང་དུ་ཧོབ་སྟེ་མི་ཡོང་བར་འཛུལ་མཆན་ཞུ། ཐེངས་གཅིག་སྒོ་ཕྱེས་ཡོད་ཀྱང་། སྒོ་འགྲམ་དུ་ཐག་ཐག་རྡུང་བཞིན། སྨན་གཙོ་སྒུ་རེན་བེལ་མཆོག་གིས། ང་ཚོ་ནང་དུ་ཡོང་ན་འགྲིགས་སམ་ཞེས་དྲིས་ཤིང་། བརྟག་པ་ཚར་རྗེས་ཁོང་གིས་ང་ལ་སྐུ་ཞབས་ལགས། ཁྱེད་ཀྱི་བུའི་གནས་སྟངས་ཡར་བསྐྱེད་ཆེན་པོ་འབྱུང་གི་འདུག ཅེས་མགོ་སྒུར་ཐལ་སྦྱར་ལྟ་བུའི་གུས་ཞབས་ཀྱི་རྣམ་པ་ཞིག་ཀྱང་བསྟན་པ་དྲན། གང་ལྟར་ཡང་། བུ་ཚུར་གསོན་པ་དང་། དྲག་བསྐྱེད་ཀྱི་རྣམ་པ་ཆེས་ཤིན་ཏུ་མྱུར་བ། ལུས་ཀྱི་དོན་ལྔ་སྣོད་དྲུག་ཀླད་པ་དང་བཅས་པར་གནོད་སྐྱོད་ཅིའང་མ་བྱུང་བ་ནི། ངའི་ཆོས་སྤྱོད་ཀྱི་བྱ་བའི་ནུས་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་འདྲ། ངའི་མཐོང་སྣང་ལ། སྨན་གཙོ་དང་སྨན་གཡོག་དག་གིས་ང་ཚོར་སྟོན་པའི་རྣམ་འགྱུར་རྦད་དེ་མི་འདྲ་བ་ཞིག་ཏུ་གྱུར་སོང་བའི་ཚོར་སྣང་སྐྱེས། དོན་དངོས་ཐོག་རྒྱ་གར་དང་། བལ་ཡུལ། བོད། ཨ་རི། ཐེ་ཝན་སོགས་ནས་བླ་སྤྲུལ་རིག་པ་འཛིན་པ་དང་། ཆོས་སྡེ་ཆེ་ཆུང་མང་བོས་ངའི་བུའི་བདེ་ཐང་ལ། ཐུགས་དམ་སྐྱབས་འཇུག་དང་། འཕྲིན་བཅོལ་བསྔོ་སྨོན་གཞི་རྒྱ་ཆེ་བ་རེ་སྒྲུབ་བཞིན་ཡོད་པ་དང་། ང་ཚོའི་གྲོགས་པོ་ཡུ་ཤིའི་ཆོས་དད་མཁན་དང་། ཡ་ཧི་དྰ་བའི་གནའ་ཆོས་རྗེས་འབྲིང་བ། ཧིན་དྷིའི་ཆོས་པ། རྒྱ་ནག་ཏོ་ལུགས་པ། བོན་ཆོས་ཉམས་ལེན་པ་སོགས། ཆོས་བརྒྱུད་མི་འདྲ་བ་མང་བོ་ཞིག་གིས་ཀྱང་། རང་རང་གི་གཙུག་ལག་ཁང་དང་། རང་ཁྱིམ། ཐ་ན་ལས་ཁུངས་ཚུན་ཆོད་ཀྱི་ནང་དུ་འང་། ཁ་ཏོན་སྐྱབས་སྨོན་རྒྱུན་མར་གནང་བཞིན་ཡོད་པ་ཁོང་ཚོར་བཤད་ཡོད་པ་མ་རེད་ལ། བཤད་དགོས་ངེས་ཤིག་ཀྱང་མ་ཡིན། འོན་ཀྱང་། ངས་གྲོགས་པོ་ཚོར་ད་རེབ་ངའི་བུ་འཆི་ཡུལ་ནས་ཕྱིར་ལོག་པ་ནི། གཞི་རྒྱ་བའི་ཆོས་ལུགས་དང་། གསོ་རིག་མཉམ་འབྲེལ་ལས་བྱུང་བའི་ཡ་མཚན་པའི་སྣང་ཚུལ་ཞིག་རེད་ཅེས་ཤོད་བཞིན་ཡོད་ལ། དེ་ལྟར་དུ་འདོད་ཀྱང་འདོད་བཞིན་ཡོད། སྨན་ཁང་འདིར་བསྡད་ནས་ཉི་མ་ལྔ་ཡས་མས་ཤིག་ནས། བུའི་ལུས་ཀྱི་ཆུ་སྐྲངས་ཕལ་ཆེར་ཞུ་ནས་ལུས་པོ་སྔར་བཞིན་རྒྱུན་ལྡན་ལྟ་བུར་སོང་བ་མ་ཟད། གདོང་དབྱིབས་ཀྱང་ལོ་ན་བདུན་བརྒྱད་སྐབས་ཀྱི་རྣམ་པ་དང་གཅིག་མཚུངས་སུ་གྱུར་པའི་ཚོར་སྣང་བྱུང་། སྨན་མ་ཁོལ་མན་མཆོག་གིས་ད་ནི་ནད་གཞི་འདིར་སྟངས་འཛིན་ཆ་ཚང་བྱེད་ཐུབ་སོང་། ཁོ་ནད་ཁང་གཞན་པའི་ནང་ནད་པ་སྤྱིར་བཏང་བ་དང་ལྷན་དུ་བསྡད་ན་འགྲིགས་ཞེས་གསུངས་སོང་། སྐབས་དེ་ནི་ཏག་ཏག་ཡི་ཤུ་མ་ཤི་ཀའི་སྐྱེས་སྐར་སླེབས་ལ་ཉེ་བས། སྨན་ཁང་གི་ཕྱི་ནང་གང་སར་ཤིས་ཤོག་རྒྱ་མདུན་ཅན་དང་། ཚོན་མདངས་རྣམ་པར་བཀྲ་བའི་ལྗོན་ཤིང་། མངར་རྫས་ཀྱིས་བཟོས་པའི་རྒན་པོ་སིན་ཏྲའི་ཕྱག་འཁར་ཆེ་ཆུང་། འཆག་ལྷམ་ཡ་ཆེན། ཡུ་ཤི་སྐྱེས་སྐར་དང་འབྲེལ་བའི་དངོས་པོ་སྣ་མང་བཤམ་སྟོན་བྱེད་ཀྱིན་ཡོད་པ་མ་ཟད། གནའ་བོའི་ཡོ་རོབ་ལུང་བའི་ལྷ་ཆོས་རྒྱུན་ཆས་དང་། རྒོད་བྲོའི་ཆས་གོས་གྱོན་པའི་བུ་མོ་མཛེས་མ་ལྔ་ཕེབས་ནས། ནད་ཁང་རེ་རེའི་སྒོ་འགྲམ་ནས་ཡུ་ཤིའི་སྐྱེས་སྐར་གྱི་རྟེན་འབྲེལ་ཤིས་གླུ་ལེན། ཁོང་ཚོ་ངའི་བུ་ཆུང་གི་སྒོ་འགྲམ་དུ་སླེབས་ཉེར། ཁོང་ཚོའི་གྲས་ནས་གཅིག་ནི་ཛ་དྲག་ཉེན་སྐྱོབ་ནང་། སྨན་མ་ན་གཞོན་ཡིད་འཕྲོག་མ་ཞིག་ཡོད་པ་དེ་ཡིན་པ་ཤེས། སྨན་མ་དེ་ནི་ནམ་རྒྱུན་ངོ་མདངས་འཛུམ་གྱིས་གང་ཞིང་། ངག་ནས་གུས་ཞབས་ཀྱི་ཚིག་དང་། ལུས་ནས་གུས་ཞབས་ཀྱི་རྣམ་འགྱུར་ཡང་ཡང་སྟོན་མཁན་གྱི་ཤར་ཕྱོགས་བུ་མོ་ཞིག་རེད། བལྟས་ཚོད་ལ་མོ་ཧྥེ་ལེ་ཕན་གྱི་བུ་མོ་ཞིག་ཡིན་པ་འདྲ། བུད་མེད་དེ་མྱུར་སྟབས་ཀྱིས་ཁོང་ཚོའི་སྔོན་དུ་བུད་ནས་ཅིག་བཤད་ཀྱིན་འདུག་མོད། རྒྱང་ཐག་ཅུང་རིང་བས་སྐད་ཆ་ཅི་བཤད་མ་ཐོས། དེ་ནས་མོ་ངའི་འཁྲིས་སུ་སླེབས་ནས། ཁྱེད་ཀྱི་བུ་ལ་ཡུ་ཤིའི་འཁྲུངས་སྐར་གྱི་གླུའམ། ཡང་ན། དཀོན་མཆོག་གི་ཐུགས་རྗེ་སྐུལ་བའི་གླུ་དབྱངས་གང་རུང་ཞི་བླངས་ན་འགྲིགས་སམ། ཞེས་དྲི་བ་གཏོང་བཞིན་འདུག ངས་ལོས་འགྲིགས་དཀོན་མཆོག་གི་ཐུགས་རྗེ་སྐུལ་བའི་གླུ་དབྱངས་ཤིག་ལེན་རོགས་གནང་ཞུས་པ་ཡིན། མོས་གླུ་ཚིག་དང་རྟ་དབྱངས་སྤྲགས་པའི་ཤོག་ལེ་ཞིག་ངའི་ལག་ཏུ་བཞག་སྟེ། ང་ཚོ་མཉམ་པོར་ཡིན་ད་ཞེས་གསུངས་སོང་། སྟབས་མ་ལེགས་པ་ཞིག་ལ། ངས་རོལ་དབྱངས་སྐོར་འགངས་ནས་སློབ་སྦྱོང་བྱེད་མ་མྱོང་བས། གླུ་འདི་གྱེར་མི་ཤེས་དགོངས་དག་ཞུ། ཁྱེད་ཚོས་ལེན་རོགས་གནང་ཞེས་ཞུ་དགོས་བྱུང་། ཤེས་རིག་གི་སློབ་རྒྱ་ཆུང་དྲགས་པ་ནི། ཐབས་སྐྱོ་བོ་འདྲ་ཞིག་རེད། སྐབས་དེར་ངས་སེམས་ལ། རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན།། འཕགས་མཆོག་གིས་ཐམས་ཅད་མཁྱེད་ཉིད་མི་འགྱུར་ཏེ། གཞན་དག་རྩད་གཅོད་རྗེས་སུ་གཟུང་བར་བྱ་ཕྱིར་དང་། རང་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད།། ཅེས་པའི་ཚིགས་བཅད་དེ་ཡང་ཡང་ངག་ནས་ཟློ་དགོས་བྱུང་། དེ་ནས་ཁོང་ཚོས་ཤིན་ཏུ་འཇམ་མཉེན་ལྡན་པའི་རོལ་མོ་ཞིག་གི་རམ་འདེགས་བརྒྱུད། གླུ་དབྱངས་སྙན་པ་ལ་ཚད་མེད་པ་ཞིག་བླངས་སོང་། དད་པ་ཟེར་ན་མི་ཤེས་ཏེ། ཡིད་གཡོ་ནུས་པ་ཞིག་འདུག གླུ་དབྱངས་ཀྱི་མགོ་བཟུང་མ་ཐག ངའི་སེམས་ན་རྟོག་འཆར་གྱི་འདྲ་གཟུགས་འདི་འདྲ་ཞིག་དབང་མེད་དུ་ཤར། སྤྲིན་དཀར་གྱི་འདབ་མ་གྱ་གྱུར་འཁྱིལ་བའི་དབུས་སུ། ཀ་ཆེན་ཟླུམ་པོ་ཀ་རྟིང་གྲུབ་བཞི། ཀ་མགོ་ཟླུམ་པོ་དབྱིབས་ལེབ་མོ་ཅན་གྱིས་བཏེགས་པའི་ཁང་བཟང་ཤིན་ཏུ་རྒྱ་ཆེན་པོ་ཅན་ཞིག་གི་མདུན། བཞུགས་སྟེགས་དམར་བོ་རྒྱབ་ཡོལ་ཤིན་ཏུ་རྒྱ་ཆེན་པོ། དེའང་རྒྱབ་ཡོལ་གྱི་ངོས་སུ་སྲིད་པ་ཆགས་འཇིག་གི་རི་མོ་རང་འགུལ་གྱིས་འཁྱུགས་འགྲོས་རྒྱག་པ། བཞུགས་སྟེགས་དེའི་ཐོག་འཇིག་རྟེན་གྱི་བྱེད་པོའམ། དཀོན་མཆོག་ཅེས་པ་སྐུ་གཟུགས་རིང་ཞིང་སྐུ་ཤ་ཅུང་སྐམ་པོ། ཤིན་ཏུ་བགྲེས་ཉམས་ཅན། དབུ་སྐྲ་དང་། སྨ་ར། ཨག་ཚོམ་རིང་བོ་ཡོད་པ། ཟླ་གམ་སྨུག་པོ་ཤིག་བསྣབས་ནས་བཞེངས་སྟབས་སུ་བཞུགས་པ། གཡས་ཕྱོགས་སུ་ཁོང་གི་མདུན་གཡོག་མི་སྟོབས་ཆེན་ཁྲབ་རྨོག་གྱོན་མཁན་ཞིག་ཡར་བཞེངས་ནས་ཁོང་གཉིས་ཀས། འཇིག་རྟེན་ཁམས་ལ་རྒྱང་ལྟ་བྱེད་བཞིན་པ་ཞིག་ཡིད་ངོར་དྲངས། ཡུ་ཤི་ལྗོས་རེའི་སི་ལིམ་དུ་སྐུ་འཁྲུངས་པ་ནས། བདེན་དོན་དང་། གནས་ལུགས་ཀྱི་ཆེད་ཡ་ཧི་དྰ་བའི་གནས་ཆོས་སོགས། སྐབས་དེར་དར་སོ་ཆེ་བའི་ཆོས་ལུགས་ཁག་ལ་ཐུགས་སྦྱོང་ཤུགས་ཆེ་གནང་རུང་། ཁོང་གིས་དཀོན་མཆོག་གི་རྒྱལ་གཞིས་འཛུགས་སྐྲུན་བྱེད་པའི་མ་གདན་འཇོག་པའི་ཆ་རྐྱེན་མ་ཚང་བར་གཟིགས་ནས། རི་ཆུ་བྱེ་ཀླུང་མང་བོ་དཀའ་བས་བཅད་ནས་གནའ་བོའི་རྒྱ་གར་དུ་ཕེབས། སངས་རྒྱས་ཆོས་ལུགས་ཀྱི་བྱམས་བརྩེ་དང་། སྙིང་རྗེ། བྱང་སེམས་ལ་བློ་སྦྱོང་གནད་དུ་ཐེངས་པ་ཞིག་མཛད་པས། གྲུབ་པའི་གོ་འཕང་མཐོན་པོར་སླེབས། རང་ཡུལ་དུ་ལོག་ནས་སློབ་མ་མང་བོ་རྗེས་སུ་བཟུང་སྟེ། ཤི་བ་གསོ་བ་དང་། བཏུང་བ་འཛད་མེད་དུ་བསྩལ་བ་སོགས་རྫུ་འཕྲུལ་སྣ་ཚོགས་ཤིག་བསྟན་པར་གྲགས་མོད། རོམ་གྱི་བློན་ཆེན་གྱིས་ཁོང་ལ་རྫུ་འཕྲུལ་ཡོད་མེད་ཀྱི་བརྟག་པ་བྱས་རྗེས། སྲོག་ཆད་ཕོག་སྟེ་སྐུ་ལུས་རྒྱང་ཤིང་ཐོག་འཛེར་གནོན་བྱས་ནས་དཀའ་སྡུག་ཆེན་པོ་མྱངས་པའི་ལོ་རྒྱུས་དང་། ཁོང་གི་རླབས་ཆེན་གྱི་ཕུགས་འདུན་དང་། སྙིང་སྟོབས། འགྱུར་མེད་ཀྱི་ཆོད་སེམས། མཐའ་མེད་ཀྱི་ཐུགས་སྨོན་ལས། འཛམ་བུའི་གླིང་འདིའི་མི་གྲངས་མེད་ཅིག་ལ་རེ་བ་དང་། ཡིད་ཆེས། སྙིང་སྟོབས། བྱམས་བརྩེའི་འཚོ་ལམ་སོགས། གལ་འགངས་ཆེ་བའི་ཆོས་ལུགས་ཤིག་འཛུགས་སྐྲུན་ཞུས་པའི་དཀའ་སྡུག་གི་བརྒྱུད་རིམ་དང་། མངོན་གྱུར་གྱི་གྲུབ་འབྲས་རྒྱ་ཆེན་པོ་དེ་དག་ལ་རྒྱང་སྐོར་ཕྱིར་དྲན་ཐེངས་གཅིག་བྱེད་དགོས་བྱུང་།

རྩོམ་རིག

Post navigation

Previous Post: ང་ཚོས་རང་ཉིད་སྲུང་སྐྱོབ་བྱེད་དགོས།
Next Post: དེ་རིང་གི་སྒྲུང་། (གཉིས་པ)

Comments (15) on “༅༅།། འཆི་ཡུལ་ནས་ཕྱིར་ལོག་པ། རྫུ་འཕྲུལ་གྱི་བུ། དངོས་མཐོང་བདེན་དཔང་། ལེའུ་བཅོ་ལྔ་བ།”

  1. རྒྱང་མིག says:
    2013-07-26 at 11:57 am

    ཁྱེད་ཀྱི་དགའ་སྤྲོ་དེ་ང་ཚོའི་དགའ་སྤྲོའང་ཡིན། གཏམ་སྙན་ཐོས་པས་ཤིན་ཏུ་དགའ་ཡོད།

  2. རང་དབང་ཨ་རྡུ་མན says:
    2013-07-26 at 2:23 pm

    ད་ངས་གཞི་ནས་དབུག་རིང་གཏོང་མཚམས་གཞག་འགོ་རྩམ་ཐུབ་སོང་།
    ད་རེས་ནི་དཔེ་སྐྱིད་པོའི་ངང་ནས་ཀླགས་རྒྱུ་བྱུང་སོང་ཐུགས་རྗེ་གནང་།
    རང་གི་གཅེས་ཕྲུག་དང་དྲ་གྲོགས་ཡོངས་ཀྱི་རེ་སྒུགས་བྱ་ས་རྫུ་འཕྲུལ་གྱི་བུ་ལ་སླར་ཡང་འཇིག་རྟེན་མི་ཡུལ་འདིར་ཕེབས་པ་དེར་དགའ་བསུ་འབྲེལ་མཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཡོད།
    དེ་ནས་ཁྱེད་མ་བུ་ལྷན་རྒྱལ་མགྱོགས་མྱུར་བདེ་ཐང་ངང་རང་ཁྱིམ་དུ་འབྱོར་ནས་བདེ་སྐྱིད་ཀྱི་འཚོ་བ་ལ་རོལ་སྟངས་ཀྱི་སྐོར་ལོ་རྒྱུས་གཏིང་ཇི་ཟབ་དང་རྒྱ་ཇི་ཆེ་རུ་འགྲོ་ཡག་གི་རེ་འདུན་ཆེ།

  3. ཀླུ་སྨྱོན། says:
    2013-07-26 at 2:31 pm

    དེ་རིང་བཟུང་སྟེ་ངའི་ལུས་སེམས་ལྷོད་ལ་བབས་སོང་།

  4. བན་དེ་བ། says:
    2013-07-26 at 2:41 pm

    གཏམ་སྙན་གོ་བར་དགའ་བོ་བྱུང།

  5. ཀརྡོ་གཉེར་ཕྱག་པ་ says:
    2013-07-26 at 3:07 pm

    ་་་་་་་་ ཡུ་ཤི་ལྗོས་རེའི་སི་ལིམ་དུ་སྐུ་འཁྲུངས་པ་ནས། བདེན་དོན་དང་། གནས་ལུགས་ཀྱི་ཆེད་ཡ་ཧི་དྰ་བའི་གནས་ཆོས་སོགས། སྐབས་དེར་དར་སོ་ཆེ་བའི་ཆོས་ལུགས་ཁག་ལ་ཐུགས་སྦྱོང་ཤུགས་ཆེ་གནང་རུང་། ཁོང་གིས་དཀོན་མཆོག་གི་རྒྱལ་གཞིས་འཛུགས་སྐྲུན་བྱེད་པའི་མ་གདན་འཇོག་པའི་ཆ་རྐྱེན་མ་ཚང་བར་གཟིགས་ནས། རི་ཆུ་བྱེ་ཀླུང་མང་བོ་དཀའ་བས་བཅད་ནས་གནའ་བོའི་རྒྱ་གར་དུ་ཕེབས། སངས་རྒྱས་ཆོས་ལུགས་ཀྱི་བྱམས་བརྩེ་དང་། སྙིང་རྗེ། བྱང་སེམས་ལ་བློ་སྦྱོང་གནད་དུ་ཐེངས་པ་ཞིག་མཛད་པས། གྲུབ་པའི་གོ་འཕང་མཐོན་པོར་སླེབས། རང་ཡུལ་དུ་ལོག་ནས་སློབ་མ་མང་བོ་རྗེས་སུ་བཟུང་སྟེ། ཤི་བ་གསོ་བ་དང་། བཏུང་བ་འཛད་མེད་དུ་བསྩལ་བ་སོགས་རྫུ་འཕྲུལ་སྣ་ཚོགས་ཤིག་བསྟན་པར་གྲགས་མོད། ་་་་་་་་་་་་་

  6. ཀརྡོ་གཉེར་ཕྱག་པ་ says:
    2013-07-26 at 3:16 pm

    ་་་་་ གང་ལྟར་ཡང་། བུ་ཚུར་གསོན་པ་དང་། དྲག་བསྐྱེད་ཀྱི་རྣམ་པ་ཆེས་ཤིན་ཏུ་མྱུར་བ། ལུས་ཀྱི་དོན་ལྔ་སྣོད་དྲུག་ཀླད་པ་དང་བཅས་པར་གནོད་སྐྱོད་ཅིའང་མ་བྱུང་བ་ནི། ངའི་ཆོས་སྤྱོད་ཀྱི་བྱ་བའི་ནུས་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་འདྲ། ངའི་མཐོང་སྣང་ལ། སྨན་གཙོ་དང་སྨན་གཡོག་དག་གིས་ང་ཚོར་སྟོན་པའི་རྣམ་འགྱུར་རྦད་དེ་མི་འདྲ་བ་ཞིག་ཏུ་གྱུར་སོང་བའི་ཚོར་སྣང་སྐྱེས། དོན་དངོས་ཐོག་རྒྱ་གར་དང་། བལ་ཡུལ། བོད། ཨ་རི། ཐེ་ཝན་སོགས་ནས་བླ་སྤྲུལ་རིག་པ་འཛིན་པ་དང་། ཆོས་སྡེ་ཆེ་ཆུང་མང་བོས་ངའི་བུའི་བདེ་ཐང་ལ། ཐུགས་དམ་སྐྱབས་འཇུག་དང་། འཕྲིན་བཅོལ་བསྔོ་སྨོན་གཞི་རྒྱ་ཆེ་བ་རེ་སྒྲུབ་བཞིན་ཡོད་པ་དང་།
    ང་ཚོའི་གྲོགས་པོ་ཡུ་ཤིའི་ཆོས་དད་མཁན་དང་། ཡ་ཧི་དྰ་བའི་གནའ་ཆོས་རྗེས་འབྲིང་བ། ཧིན་དྷིའི་ཆོས་པ། རྒྱ་ནག་ཏོ་ལུགས་པ། བོན་ཆོས་ཉམས་ལེན་པ་སོགས། ཆོས་བརྒྱུད་མི་འདྲ་བ་མང་བོ་ཞིག་གིས་ཀྱང་། རང་རང་གི་གཙུག་ལག་ཁང་དང་། རང་ཁྱིམ། ཐ་ན་ལས་ཁུངས་ཚུན་ཆོད་ཀྱི་ནང་དུ་འང་། ཁ་ཏོན་སྐྱབས་སྨོན་རྒྱུན་མར་གནང་བཞིན་ཡོད་པ་ཁོང་ཚོར་བཤད་ཡོད་པ་མ་རེད་ལ། བཤད་དགོས་ངེས་ཤིག་ཀྱང་མ་ཡིན། འོན་ཀྱང་། ངས་གྲོགས་པོ་ཚོར་ད་རེབ་ངའི་བུ་འཆི་ཡུལ་ནས་ཕྱིར་ལོག་པ་ནི། གཞི་རྒྱ་བའི་ཆོས་ལུགས་དང་། གསོ་རིག་མཉམ་འབྲེལ་ལས་བྱུང་བའི་ཡ་མཚན་པའི་སྣང་ཚུལ་ཞིག་རེད་ཅེས་ཤོད་བཞིན་ཡོད་ལ། དེ་ལྟར་དུ་འདོད་ཀྱང་འདོད་བཞིན་ཡོད། ་་་་་་

  7. ཀརྡོ་གཉེར་ཕྱག་པ་ says:
    2013-07-26 at 4:14 pm

    བུ་མྱུར་དུ་དྲག་བསྐྱེད་འོངས་བའི་རེ་བ་དང་། སྨོན་འདུན་བྱེད་བཞིན་ཡོད་ལགས།

  8. བོད་ཞེན་པ says:
    2013-07-26 at 6:55 pm

    བུ་དྲག་ངོ་བལྟས་པར་ཧ་ཅང་དགའ། བཀྲ་ཤིས་བདེ་ལེགས

  9. གནམ says:
    2013-07-26 at 9:41 pm

    དཀོན་མཆོག་གསུམ་པོ་མཁྱེན། སངས་རྒྱས་སྨན་བླ་མཁྱེན། ད་ནས་བཟུང་སྟེ་ཚེ་རིང་ནད་མེད་བདེ་སྐྱིད་འབྱུང་བའི་གསོལ་བ་འདེབས།

  10. མེ་ཏོག་དཀར་པོ says:
    2013-07-26 at 10:04 pm

    བཀྲ་ཤིས་བདེ་ལེགས། ཁྱེད་ཀྱིས་བྲིས་པའི་རང་གི་བུ་ཆུང་གི་དངོས་བྱུང་ལོ་རྒྱུས་འདི་ཚིག་དོན་གྱི་ཆ་ལ་ཞུ་དག་དང་བཅས་དེབ་གཟུགས་སུ་བསྐྲུན་པར་ཞུ།

  11. འདྲེ་རྐང་ཐོ། says:
    2013-07-26 at 10:33 pm

    འོ་་ཁ་དྲོ་་་ཞ་ཡས་ན་ཚ་སངས་དྲག་ཏུ་འགྲོ་བཞིན་པར་ཐོས་པས་དགའ་བྱུང་་་་

  12. གཡང་ཀླུང་གེ་ཁོད། says:
    2013-07-27 at 3:33 am

    སྡུག་བསྔལ་རྒྱ་མཚོར་ལྷུང་བ་རྣམས།།
    སྡུག་བསྔལ་རྒྱུ་དང་བཅས་པ་རྣམས།།
    སེལ་བའི་ཐབས་ལ་ད་ལྟར་འཇུག །
    འཕྲལ་ཡུན་བདེ་སྐྱིད་ལྡན་པར་ཤོག།ཨཱོཾ་རུ་ཏི་པདྨོ་ཧཱུཾ།།

  13. སྙེ་ལྷའི་ཐུགས་སྲས། says:
    2013-07-27 at 4:04 am

    ད་ནི་གླུ་སྙན་མོ་ཞིག་ཕུལ་གྱི་ཡིན་ད།

  14. ཤར་མདའ། says:
    2013-07-29 at 9:45 am

    ངས་དེ་རིང་བར་ཉིན་གྲངས་བདུན་བརྒྱད་རིང་ལ་ཁ་བརྡ་དྲ་བ་གོ་ཕྱེ་མ་ཐུབ་པར་སེམས་མི་སྐྱེད་པ་ཞིག་བྱུང་གང་ལྟར་ལག་འཛིན་ཁ་པར་ལས་སྒོ་ཕྱེས་ནས་ལེའུ་བཅུ་བཞི་བཅོ་ལྔ་གཉིས་ལ་ལྟས་པ་ཡིན་རེ་བ་དང་ཡིད་ཆས་ཀྱི་གང་ནས་སེམས་ལ་བརྗོད་མི་ཤེས་པའི་དགའ་སྤྲོས་གང་ནས་ཡོད་དོན་དམ་བུ་ཆུང་ལྷ་བུ་དེ་མྱུར་དྲག་རྒྱུ་ཡིན་པ་ཧ་གོ་སོང་བཀྲིན་ཆེ་ཁྱེད་གཉིས་ལྟ་བུའི་ཕ་མ་བཟུང་ཞིག་གི་བུ་ལ་སྐྱེས་པ་ནི་རིན་ཐང་མེད་པ་ཞིག་རེད།  མ་ཟད་རྐྱེན་ངན་ཐོག་ཏུ་བབ་ན་བློ་རྩེ་གཅིག་ཏུ་གཏད་ནས་འཆི་བ་མི་རྟགས་པ་ལས་འབྲས་སོགས་ལ་ཐུགས་བསམ་གཏོང་ཐུབ་རིན་ཐང་གཞན་ན་མེད་པ་ཞིག་རེད། གུས་ཞབས་ཡོད་དོན་ངོ་མ་བོད་མི་ཚང་མ་ཁྱེད་ལྟ་བུ་ཆོས་ཀྱི་གོ་རྟོགས་ཡོད་པ་ཞིག་ཡིན་ན་བསམ་ནས་འཁྲིང་བཞིན་ཡོད། གང་ལྟར་བཀྲིན་ཆེ།

  15. ཀ་ཉག་ཚེ་རིང་། says:
    2013-08-01 at 8:14 am

    མིག་ཆུས་བརླན་པའི་གདོང་བ་ལག་པས་འཕྱི་བཞིན་ཀློག་གིན་ཀློག་གིན་དགའ་སྤྲོའི་སྣང་བ་འཛད་མཐའ་མེད་པ་ཞིག་སྟེར་བྱུང་བར་སྐུ་ཉིད་དང་སྐུ་ཉིད་ཀྱི་མཛའ་ན་མོ། ལྷག་པར་དུ་དཀའ་སྡུག་ཁྲི་མ་འབུམ་གྱི་ཀློང་ནས་རང་དབང་ཐོབ་པའི་ཁྱོད་ཀྱི་བུ་ལ་བཀའ་དྲིན་དང་། བཀྲ་ཤིས་བདེ་ལེགས་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme