Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཆི་གསོན་བར་གྱི་འབྲེལ་བ། ༼མུ་འགོད།༽

Posted on 2022-03-29 By ཁ་བརྡ 2 Comments on འཆི་གསོན་བར་གྱི་འབྲེལ་བ། ༼མུ་འགོད།༽

ཡི་གེ་པ་མི་གསོན་པོ། 

(མཚན་མཐུན་ཆགས་སྤྱོད་མཁན་གྱི་བུད་མེད་ཅིག་རང་གི་མཛའ་གྲོགས་ཤི་རྗེས་སུ་ནང་པའི་ཉམས་ལེན་པ་ཞིག་གྱུར་པའི་དངོས་སྒྲུང་། སྒྲུང་འདིའི་ནང་དུ་ཆགས་སྲེད་དང་ཞེ་སྣང་ཆེ་བའི་ཤི་འདྲེ་སོགས་ཀྱི་གནས་ཚུལ་འཁོད་ཡོད་པས་དེ་དག་གཟིགས་འདོད་མེད་པ་དག་གིས་མ་བཀླག་ན་བཟང་།) 

ངས་རང་ཉིད་ནང་ཆོས་ལ་དོ་སྣང་དང་དད་འདུན་སླེབས་པའི་བརྒྱུད་རིམ་དེ་བཤད་ཆོག། སྐད་ཆ་འདིར་ཡིད་ཆེས་མཁན་ཡང་ནང་ཆོས་ལ་ཡིད་ཆེས་ཡོད་མཁན་ཁོ་ན་ཡིན་ངེས། ཁྱོད་ཀྱིས་ངའི་མིང་དངོས་སུ་མ་བྲིས་ན་ལེགས། རྒྱུ་མཚན་ནི་ངའི་ཉེ་འཁོར་གྱི་མི་མང་པོ་སླར་ཡང་ཕོ་ཐུག་གཏོང་འདོད་མེད། འོན་ཏེ་ངས་རང་ཉིད་ཀྱི་ནོར་འཁྲུལ་དང་གདུག་རྩུབ་ཆེ་བའི་བྱ་སྤྱོད་དེ་ཡིག་ཐོག་ཏུ་འཁོད་ཐུབ་ན་བསམ། འདི་ནི་ངས་ལན་ཆགས་དང་བུ་ལོན་ཆད་ཟིན་པའི་ངའི་མཛའ་གྲོགས་ལ་བཤགས་སྡོམ་དང་། ངའི་ཚེ་སྲོག་ཉེན་ཁ་ལས་བསྐྱབས་ཤིང་འཇིགས་སྣང་ལས་བསྒྲོལ་བའི་ནང་ཆོས་ལ་རྗེས་དྲན་ཞིག་ཀྱང་ཡིན། ཁྱེད་ཀྱིས་ཤེས་སམ། ངའི་ཆུང་དུས་ཀྱི་འཚོ་བ་ནི་ཧ་ཅང་སྤྲོ་སྣང་ལྡན་ལ་ཡིད་དུ་འོང་བ་ཞིག་ཡིན། ང་སྐྱེས་པའི་གྲོང་ཁྱེར་ནི་ཨ་རི་ཤར་ཕྱོགས་སུ་སྐད་གྲགས་དང་ལོ་རྒྱུས་རང་བཞིན་ཅན་གྱི་བྷོ་སི་ཊོན་རེད། ཁྱེད་ཀྱང་ཐེངས་མང་དེར་འགྲོ་མྱོང་ཡོད་ངེས་རེད། གྲོང་ཁྱེར་དེ་དགུན་དུས་གནམ་གཤིས་ཅུང་གྲང་བ་ཙམ་ལས་གཞན་ཡོད་ཚད་ལྟ་བ་སྡུག་པ་ཞིག་རེད། ད་དུང་གྲོང་ཁྱེར་ནང་ཧར་བྷ་ཌི་གཙུག་ལག་སློབ་ཆེན་སོགས་ཤེས་ཡོན་གྱི་བསྟི་གནས་དང་། འགྲེམ་སྟོན་ཁང་། སྤྱི་གླིང་སོགས་ཤིན་ཏུ་མང་ལ་ཡོད་ཚད་བརྗིད་ཆགས་དང་མཛེས་སྡུག་ལྡན་པ་ཤ་སྟག་རེད། ད་དུང་རླབས་ཆེན་གྱི་ཨ་རི་མང་སྡེ་ཆིག་སྒྲིལ་གྱི་རྒྱལ་ཁབ་ཀྱང་གྲོང་ཁྱེར་འདི་ནས་དབུ་བརྙེས་པ་རེད། ངས་རྟག་ཏུ་རང་ཉིད་གྲོང་ཁྱེར་འདི་ཡི་ནང་དུ་སྐྱེས་པ་ལ་སྤོབས་པ་བྱེད་ཀྱི་ཡོད། ངའི་ཕ་མ་གཉིས་ཀྱང་འབྱོར་བ་ལྡན་ཞིང་ལས་གནས་མཐོ་བ་སོགས་ཀྱིས་ཁྱིམ་ཚང་གི་ཆ་རྐྱེན་ཧ་ཅང་ལེགས། ངའི་གཅེན་པོས་ཀྱང་ང་ལ་བརྩེ་ཞིང་རྟག་ཏུ་བལྟ་སྐྱོང་གང་ལེགས་བྱེད་ཀྱི་ཡོད། དེས་ན་ངས་ཆུང་དུས་ཀྱི་འཚོ་བའི་ནང་དུ་དཀའ་ཁག་ཅི་ཡང་བྱུང་མ་མྱོང་ཞེས་བཤད་ན་རྫུན་ཡིན་སྲིད་མོད་དཀའ་སྡུག་ཆེན་པོ་ཞིག་མྱོང་བ་ངོ་མ་སེམས་ནས་མི་དྲན། 

འོན་ཏེ་ལོ་ན་བཅུ་གཉིས་ཙམ་ལ་སོན་སྐབས་ངས་རང་ཉིད་ལ་དམིགས་བསལ་གྱི་དཀའ་ངལ་ཞིག་ཡོད་པ་ཤེས། དེ་ནི་རང་ཉིད་ན་ཚོད་རྒྱས་བཞིན་པའི་གཞོན་ནུ་མ་ཞིག་ཡིན་མོད། ངའི་སེམས་གཏིང་ནས་སྐྱེས་པ་བུ་ལ་ཆགས་སེམས་ཀྱི་ཚོར་བ་གང་ཡང་མེད་ཅིང་། དེ་ལས་བཟློག་ཏེ་བུ་མོ་ལ་ཆགས་སེམས་ཀྱི་ཚོར་བ་མངོན་དུ་གྱུར། སྤྱིར་ང་རང་ཆུང་དུས་ནས་ཕྲུ་གུ་བུ་ལས་བུ་མོ་རྣམས་དང་མཐུན་ཆེ་ཞིང་རྟག་ཏུ་བུ་མོ་རྣམས་དང་འགྲོགས་པ་དགའ། ད་དུང་བུ་ཆས་སྤྲས་པ་དང་བུ་ཡིན་མདོག་བྱེད་རྒྱུ་ལ་ཧ་ཅང་སྤྲོ་སྣང་ཡོད། དེ་ལྟར་རང་ཉིད་ལུས་རྟེན་བུད་མེད་དུ་གྲུབ་ཀྱང་སེམས་ཁམས་དང་ཚོར་བ་བུ་དང་འདྲ་བའི་གནས་སྟངས་ཇེ་གསལ་དུ་གྱུར་པ་ལ་ཕ་མ་དང་གཅེན་པོས་སེམས་ཁྲལ་བྱེད་མགོ་བརྩམས། དེའི་རྒྱུ་མཚན་ཡང་ངའི་ཕ་མ་ནི་ཡེ་ཤུའི་ཆོས་དད་པ་ཞིག་ཡིན་སྟབས་མཚན་མཐུན་གྱི་ཆགས་སྤྱོད་དང་གཉེན་སྒྲིག་ནི་ཁོང་ཚོས་དཀོན་མཆོག་ལ་ངོ་ལོག་པའི་བྱ་སྤྱོད་གཅིག་ཏུ་བརྩི། འོན་ཏེ་ངའི་སེམས་ཁམས་ཀྱི་མྱོང་ཚོར་ནི་ང་རང་ཁོ་ནས་མྱོང་བ་ལས་གཞན་གྱིས་བྱ་ཐབས་ཅི་ཡང་མེད། སྐབས་རེ་ངས་རང་ཉིད་ཀྱི་མྱོང་ཚོར་ལ་སྤོབས་པ་བྱེད་ཀྱི་ཡོད། འདི་ནི་ངའི་སེམས་ཁམས་ཀྱི་གྲུབ་ཆ་ཞིག་ཡིན་པ་ལས་གཞན་སུ་གང་ལ་ཡང་དབང་བ་ཞིག་མིན་སྙམ་གྱི་ཡོད། དུས་སྐབས་དེ་དག་རྣམས་སུ་ངས་ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་སོགས་ཀྱི་གནས་སྟངས་གང་ཡང་མི་ཤེས། ངས་རང་ཉིད་མཚན་མཐུན་ཆགས་སྤྱོད་ལ་དགའ་མཁན་ཞིག་ཡིན་པ་འདི་ནི་ངའི་རང་བཞིན་རེད་སྙམ་གྱི་ཡོད། རྒྱུ་མཚན་དེས་ངས་རང་གི་ཕ་མ་དང་སྤྱི་ཚོགས་སུ་ལའང་མི་བསྟུན་རྒྱུར་རང་ཐག་བཅད། དུས་དེ་ནས་ཕ་མ་དང་ནང་མི་གཉེན་ཉེ་སོགས་དང་རྒྱང་ཐག་རིང་དུ་འགྲོ་སོང་ཡང་དེ་དག་ལ་ངས་དོ་སྣང་དེ་ཙམ་བྱས་མེད། འོན་ཏེ་དུས་སྐབས་དེ་དག་ཏུ་རང་ཉིད་བུ་མོ་ལ་དགའ་བའི་སེམས་ཚོར་ལྕི་མོ་ཞིག་ཁུར་ཡོད་པ་ཙམ་ལས་ང་ལ་དམིགས་བསལ་གྱི་དགའ་རོགས་མེད། 

བསམ་ཡུལ་ལས་འདས་པ་ཞིག་ལ་མཐོ་འབྲིང་འགྲོ་བཞིན་པའི་དུས་སུ་ངས་བུ་མོ་ཞིག་ངོ་ཤེས་སོང་ལ་མོ་ནི་ངའི་མི་ཚེ་ལ་འགྱུར་བ་གཏོང་མཁན་གྱི་བུད་མེད་དེ་རེད། ངས་མོའི་མིང་དངོས་སུ་བརྗོད་རྒྱུ་མིན། ཁྱེད་ཀྱིས་མིང་ཚབ་གང་ཞིག་བེད་སྤྱོད་བྱས་ཀྱང་ཆོག འོ་རེད། ཁྱོད་ཀྱིས་མོའི་མིང་ཚབ་ལ་སྒྲོལ་མ་ཞེས་བརྗོད་ན་འགྲིགས། ད་ལྟ་ངའི་ཆོས་མིང་ནང་དུ་སྒྲོལ་མ་ཟེར་བ་འདི་ཡོད། ང་མིང་འདི་ལ་ཧ་ཅང་དགའ། ང་མཐོ་འབྲིང་སླེབས་དུས་ངའི་ཕ་མ་གཉིས་ང་ལ་དེ་ཙམ་མཉེས་པོ་མེད་ཀྱང་། ངའི་སློབ་སྦྱོང་གི་གྲུབ་འབྲས་ལ་ཡིད་ཚིམ་ནས་དམིགས་བསལ་བྱས་ཏེ་སློབ་གྲྭ་ལ་གཏན་སྡོད་བྱེད་ཆོག་པའི་ཆ་རྐྱེན་བསྐྲུན་ཡོད་ལ་ངའི་ཉལ་ཁང་གྷེ་རེན་ཝི་ཆི་ཞེས་པའི་ཁང་ཆེན་བཀོད་པ་དང་མཐུན་རྐྱེན་ལེགས་ཤོས་དེའི་ནང་དུ་ཡོད། ལོ་རྒྱུས་ཀྱི་སློབ་ཚན་ཁང་གི་ཁ་སྤྲོད་དུ་སློབ་ཚན་གཞན་ཞིག་གི་འཛིན་ཁང་ནང་ནས་བུ་མོ་ཞིག་རྟག་པར་མཐོང་གི་འདུག ངས་མོ་ལ་ལྟ་ཙམ་བྱེད་ཀྱི་ཡོད་ལ་མོས་ཀྱང་རྟག་ཏུ་ང་ལ་ཡ་ལན་གྱི་ཚུལ་དུ་འཛུམ་མདངས་རེ་བསྟན་གྱི་འདུག  ངས་འགྲེལ་བཤད་རྒྱག་མི་ཐུབ་པའི་ཚོར་སྣང་ཞིག་གིས་ཉིན་ལྟར་མོ་མ་མཐོང་ན་མི་འགྲིག་པའི་ཚོར་སྣང་ཞིག་སླེབས་ཀྱི་འདུག འོན་ཏེ་དུས་ཡུན་རིང་པོར་དངོས་སུ་སྐད་ཆ་བཤད་རྒྱུ་དང་འབྲེལ་བ་བྱེད་རྒྱུ་གང་ཡང་མ་བྱུང་། ཏག་ཏག་རེད། ཟླ་བ་བཅུ་གཅིག་པའི་ནང་དུ་རེད། དར་སྲོལ་ཆེ་བའི་ཧ་ལོ་ཝེན་ཞེས་པའི་འདྲེ་ཡི་དུས་ཆེན་ལ་ཉིན་ཤས་ལས་མེད་པའི་སྐབས་ཤིག་ཡིན། ཉིན་དེར་གནམ་གཤིས་ཅུང་གྲང་ལ་ཆར་པ་ཆུང་ཆུང་ཞིག་འབབ་ཀྱི་འདུག ང་སློབ་ཚན་གྲོལ་ཏེ་ནང་དུ་ལོག་བཞིན་པའི་ལམ་བར་བསམ་ཡུལ་ལས་འདས་པ་ཞིག་ལ་མོས་ཆར་གདུགས་ཤིག་ཁྱེར་ཏེ་ངའི་རྗེས་སུ་རྒྱུགས་བྱུང་། མོས་ཆར་གདུགས་དེ་ང་དང་མཉམ་ཕུབ་བྱས་ཏེ”ཁྱོད་ཀྱི་ཉལ་ཁང་གྷེ་རེན་ཝི་ཆི་ནང་དུ་རེད་དམ་ང་ཡང་དེ་འགྲོ་རྒྱུ་ཡིན་”ཟེར། ངས་ཁྱོད་ཀྱི་ཉལ་ཁང་ཡང་གྷེ་རེན་ཝི་ཆི་ནང་དུ་རེད་དམ་ཞེས་མོ་ལ་དྲིས། ”མ་རེད། ང་གྲོགས་མོ་ཞིག་གི་ནང་དུ་འགྲོ་དགོས་ཡོད”ཟེར། ངས་རང་གི་མིང་བརྗོད་དེ་རང་ཉིད་ངོ་སྤྲོད་བྱས་པ་ལྟར་མོས་ང་ལ་མོ་རང་ངོ་སྤྲོད་བྱས་སོང་། 

ཆར་གདུགས་ཀྱི་འོག་ནས་མོའི་ལག་པས་ངའི་ཕྲག་གོང་ནས་བཟུང་བྱུང་བས་ང་ལ་མེ་ལྕེ་མཆེད་པ་ལྟ་བུའི་ཚོར་སྣང་ཞིག་སྐྱེས་བྱུང་། ད་དུང་སྐྲ་ལོའི་ཐོག་ཏུ་ཡོད་པའི་ཆར་ཐིག་དང་ཚ་བ་འཕར་བའི་དངུལ་ཆུ་ལྷན་དུ་འདྲེས་ཏེ་ངའི་ངོ་གདོང་ནས་བཞུར་བྱུང་། དུས་དེར་ངེད་གཉིས་ལམ་དུ་འགྲོ་བའི་རྡོག་སྒྲ་དང་། ལམ་བར་གྱི་སློབ་ཕྲུག་གཞན་གྱི་སྐད་ཅོར་སོགས་ཇི་ལྟར་ཡོད་ཀྱང་ངས་ཐོས་པ་ནིི་རང་ཉིད་ཀྱི་སྙིང་གི་འཕར་སྒྲ་ཁོ་ན་རེད། ད་ལྟར་ང་ཡིད་ཆེས་པ་ལ་ངེད་གཉིས་ཀྱི་བར་དུ་ཚེ་སྔོན་མའི་ལས་ཀྱི་འབྲེལ་བ་ཆེན་པོ་ཞིག་ཡོད་ངེས་ཅན་རེད། ཉིན་དེའི་ཚོར་སྣང་དེ་ངས་ནམ་ཡང་བརྗེད་མི་སྲིད། ངའི་ཚ་ག་ཚི་གེ་རྣམ་འགྱུར་ལ་མོ་རང་ཡང་ཅུང་ཡ་མཚན་སོང་། ཉལ་ཁང་གི་སྒོ་ཆེན་དུ་སླེབས་དུས་མོས་ཆར་གདུགས་བསྡུས་ཏེ་སྨོན་ཚིག་དང་ལྷན་’’རྗེས་སུ་མཇལ་ཡོང’’་ཟེར་ནས་འགྲོ་གྲབ་བྱས་སོང་། ངས་རང་དབང་མེད་པར་མོའི་ལག་པ་ནས་འཇུས་ཏེ། དུས་ཚོད་ཡོད་ན་ངའི་ནང་དུ་འགྲོ་ཙམ་བྱས་ན་ཆོག་གམ་ཞེས་དྲིས། མོས་ད་ལྟར་སློབ་གྲོགས་གཞན་ཞིག་དང་འཛོམས་དུས་ཀྱི་ཁ་ཆད་བྱས་པ་ལྟར་དེར་འགྲོ་དགོས། དེའི་རྗེས་སུ་ཁྱོད་ཀྱི་ནང་དུ་ཡོང་ཆོག། ཁྱོད་ཀྱི་ཁང་མིག་ཨང་གྲངས་གང་རེད་ཟེར། ༢༠༥ ཉིས་བརྒྱ་ལྔ་ཞེས་ངས་ཡི་གེ་རེ་རེ་བཞིན་ག་ལེར་ལབ་ཡིན། མོས་’’ངས་ཤེས་སོང’’་ཟེར་ནས་འཛུམ་ཙམ་བྱས་ཏེ་ལམ་དུ་ཆས་སོང་། མོས་ངའི་ཁང་མིག་ཨང་གྲངས་བརྗེད་པར་དོགས་ནས་ཉིས་བརྒྱ་ལྔ་ཞེས་ངས་སྐྱར་འབོད་ཅིག་ལན་གཅིག་བྱས། མོའི་སྐྲ་ལོ་གདུགས་འཁོར་བ་ལྟར་ཉིལ་ལེ་ངང་ཕྱི་མིག་གཅིག་བལྟས་བྱུང་། དཀོན་མཆོག་མཁྱེན། མོ་ཡི་སྐར་ཆེན་ལྟར་ཤར་བའི་མིག་གིས་ང་ལ་ཅེར་རེ་བལྟས་ཤིང་ཡིད་དུ་འོང་བའི་གདོོང་གི་འཛུམ་མདངས་དང་ལྷན་”ངས་ཤེས་སོང་”ཟེར་ནས་རྒྱུགས་མ་འདུར་གྱིས་འགྲོ་སོང་། དུས་ད་ལྟའང་ངས་རྣམ་འགྱུར་དེ་ཡིད་ལ་ཤར་གྱི་འདུག རྣམ་འགྱུར་དེ་ཡིད་ལ་ཤར་ཐེངས་རེ་ང་རང་ཉིད་ལ་ཁོང་ཁྲོ་ལངས་ཀྱི་འདུག་ལ་རང་ཉིད་ལ་མནར་གཅོད་བཏང་གི་ཡོད། ངས་རྒྱུ་མཚན་ཅིའི་ཕྱིར་དུ་མོ་ལ་མགྲོན་འབོད་བྱས་པ་ཡིན་ནམ། ང་ལ་ཚོར་བ་དེ་ལྟར་ཡོང་དོན་ཅི་ནམ་སྙམ་ནས་རང་ལ་དྲི་བ་བྱས། ངས་རང་ཉིད་ཀྱི་དྲི་བ་དེ་དག་ལ་ལན་འོས་འཚམས་ཤིག་མ་རྙེད་ལ་རྙེད་དགོས་དོན་ཡང་མི་འདུག 

ངས་ཧ་གོ་བ་ནི་ང་མོ་ལ་དགའ་སོང་བ་འདྲ། ཆུ་ཚོད་ཁ་ཤས་རྗེས་སུ་མོ་ངའི་ཉལ་ཁང་དུ་ཡོང་རྒྱུ་ཡིན་སྟབས་ང་བྲེལ་འཚབ་ཀྱིས་ནང་དུ་རྒྱུགས། ནང་གི་ཉལ་ཆས་རྣམས་བཀོད་སྒྲིག་བསྐྱར་དུ་བྱས། སོ་ཁྲུས་ཐོག་ཏུ་སོ་སྨན་སྦྱར་ཏེ་ཉེ་འགྲམ་གྱི་ཁྲུས་ཁང་དུ་སོང་ནས་གདོང་དང་སོ་གཙང་མར་བཀྲུས། ནང་དུ་ལོག་ཏེ་མོ་ལ་སྒུག ངའི་ཉལ་ཁང་ནང་གི་ཆུ་ཚོད་འཁོར་བསྐྱོད་ཀྱི་སྐར་ཆའི་སྒྲ་དང་ངའི་སྙིང་གི་འཕར་སྒྲ་གཉིས་འགྲན་བསྡུར་བཞིན་ངའི་རྣ་ལམ་དུ་གྲགས་ཀྱི་འདུག ངས་མོ་ལ་གང་ཞིག་བཤད་དགོས། རྣམ་འགྱུར་ཇི་ལྟ་བུ་ཞིག་བསྟན་དགོས། སྣེ་ལེན་ཇི་འདྲ་བྱེད་དགོས། ང་ངོ་མ་སྡོད་མི་ཚུགས་པ་ལྟ་བུར་གྱུར་ཏེ་རང་ཉིད་ཀྱི་ཉལ་ཁང་ནང་ནས་ཕར་འགྲོ་ཚུར་འགྲོ་བྱས། སྟབས་ལེགས་ཤོས་ནི་ངའི་ཉལ་ཁང་ནི་ཁེར་རྐྱང་གི་ཉལ་ཁང་ཏེ་ང་གཅིག་པུ་ལས་ཉལ་རོགས་གཞན་མེད། གལ་སྲིད་རོགས་པ་གཞན་ཞིག་ཡོད་ན་ང་སྨྱོས་འདུག་དྲན་ངེས་རེད། ངས་མགོ་འཇུག་མི་ཚང་བའི་གླུ་གཞས་ཁ་ཤས་དབྱངས་སུ་གྱེར། འདི་ནི་ང་རང་སེམས་ཉོབ་དུས་དང་འཚབ་དུས་སོགས་སུ་རྒྱུན་ལྡན་གྱི་ངའི་གོམས་གཤིས་ཤིག་ཀྱང་ཡིན། མོས་ངའི་ཁང་པའི་ཨང་གྲངས་ནོར་བ་མིན་ནམ་སྙམ་ཏེ་ཕྱི་ལ་ལྐོག་བལྟ་ཡང་ལན་མང་བྱས། ཆུ་ཚོད་གཉིས་ལྷག་གི་དུས་ཡུན་དེ་ནི་ངོ་མ་ལོ་ལས་རིང་བའི་ཚོར་སྣང་སྐྱེས་བྱུང་། ཆུ་ཚོད་འཁོར་ལོའི་འཁོར་བསྐྱོད་མདེལ་རྩེ་ཏག་ཏག་ཨང་ཀི་གསུམ་པའི་ཐོག་ཏུ་སླེབས་པ་དང་མཉམ་དུ་ངའི་སྒོ་བརྡུང་བྱུང་། ———མུ་འགོད། 

བརྩམས་སྒྲུང་།

Post navigation

Previous Post: བལ་ཡུལ་ནས་རྒྱ་གར་དུ་ལོག་ཡོང་བའི་ཟིན་ཐོ།
Next Post: ཁ་བའི་མེ་ལྕེ།

Comments (2) on “འཆི་གསོན་བར་གྱི་འབྲེལ་བ། ༼མུ་འགོད།༽”

  1. གསལ་ལེ་རྒྱལ། says:
    2022-03-29 at 10:53 am

    མུུ་མཐུད་དུ་འབྲི་རོགས།

  2. རང་བྱུང་རིག་པའི་རྡོ་རྗེ says:
    2022-03-29 at 11:29 pm

    ད་ཡིན་ན་སྒུག་མི་ཐུབ་པའི་ཚོར་བ་ཞིག་བྱུང་སོང་། དེའི་རྗེས་སུ་ག་རེས་ཡོད་དམ་སྙམ་ནས། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (61)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme